རྒྱལ་པོ་སྲོང་བཙན་སྒམ་པོ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བར།

སྐད་ཡིག་གཞན།

གཡུང་དྲུང་བོན་དང་བོད་ནང་དང་པོ་ནས་ཡོད་པའི་སྲོལ་རྒྱུན།

བོད་ཀྱི་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་གཙོ་བོ་གཉིས་ནི་བོན་དང་ནང་ཆོས་རེད། སྔ་མ་བོན་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་དད་པའི་ལམ་ལུགས་ཐོག་མ་དེ་ཡིན་པ་དང་ཕྱི་མ་ནང་ཆོས་ནི་བོད་ཀྱི་བཙན་པོའི་ཐོག་མ་སྲོང་བཙན་སྒམ་པོས་ (སྲིད་དབང་། ༦༡༧-༦༤༩) ངོ་སྤྲོད་གནང་བ་ཞིག་རེད། བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་ལྟར་ན། དེ་གཉིས་ཀྱི་བར་ལ་ཕན་ཚུན་འགྲན་རྩོད་གང་འཚམས་བྱུང་ཡོད། འོན་ཀྱང་། དེང་དུས་ཀྱི་མཁས་པ་ཚོས་དེ་ལས་ཀྱང་མགོ་རྙོག་ཆེ་བའི་གནས་སྟངས་ཤིག་བཤད་ཀྱི་ཡོད།

གང་ལྟར་ཡང་། བོན་ནི་དུས་རབས་ ༡༡ པའི་རྗེས་ཀྱི་བར་དུ་མ་གཏོགས་གཡུང་དྲུང་བོན་གྱི་ཆོས་ལུགས་ཤིག་ཆགས་མེད། དེའི་སྐབས་སུ་བོན་དང་ནང་ཆོས་གཉིས་ཕན་ཚུན་ཐུན་མོང་གི་ཁྱད་ཆོས་མང་དག་ཅིག་མཉམ་སྤྱོད་བྱས་ཡོད། དེའི་སྔོན་ལ་ནང་པ་མ་དར་གོང་བོད་རང་གི་སྲོལ་རྒྱུན་ལམ་ལུགས་ལ་སྐབས་འགར་མགོ་རྨོངས་པའི་ཐོག་བོན་ཞེས་ཀྱང་བརྗོད་ཀྱི་ཡོད། དེ་ལ་གཙོ་བོ་བཙན་པོའི་གསོལ་མཆོད་བྱེད་སྲོལ་ལ་རྒྱབ་རྟེན་ཆེད་ཆོ་གའི་རིགས་ཡོད་པ་སྟེ། དཔེར་ན། བཙན་པོའི་ཕུང་པོ་འདོན་ལས་སམ་གཤིན་ཆོག་དང་ཆིངས་ཡིག་ལ་མིང་རྟགས་འགོད་པའི་ཆེད་དུ་དམར་མཆོད་རྒྱས་པོ་བྱེད་སྲོལ་ཡོད་པ་ལྟ་བུ་རེད། སྲོལ་རྒྱུན་དེའི་ནང་ད་དུང་མོ་རྒྱག་སྲོལ་དང་། རྩིས་སྐོར་སྲོལ། གནོད་འཚེ་ཅན་གྱི་གདོན་དང་སྲིན་པོའི་རིགས་ཞི་ཐབས་དང་གསོ་ཐབས། དེ་བཞིན་སྨན་རྩྭའི་ལམ་ལུགས་བཅས་ཡོད།
 
དེའི་ལོ་རྒྱུས་ཀྱི་རྩོམ་རིག་ནང་། གཡུང་དྲུང་བོན་གྱི་འབྱུང་ཁུངས་ནི་སྟོན་པ་གཤེན་རབ་ལ་ཐུག་གི་ཡོད། ཁོང་ནི་ཤར་སྣེ་སྟག་གཟིག་གི་ཡུལ་སྒྲུང་གཏམ་དུ་གྲགས་པའི་འོལ་མོ་ལུང་རིང་གི་ས་ཆ་ནས་ཡིན་པ་དང་བོན་གྱི་སྲོལ་རྒྱུན་དེ་ཁོང་གིས་རྒྱང་ཐག་རིང་བའི་ཞང་ཞུང་གི་ཡུལ་དུ་གདན་དྲངས་བ་རེད། ཞང་ཞུང་ནི་གནའ་བོའི་རྒྱལ་རྒྱུད་ཅིག་ཡིན་པ་དང་དེའི་རྒྱལ་ས་ནི་བོད་བྱང་ཕྱོགས་ཀྱི་རྩ་ཆེ་བའི་གངས་དཀར་ཏི་སེའི་ཉེ་འདབས་སུ་ཡོད། དེང་དུས་ཨུ་རུ་སུའི་མཁས་པ་འགའ་ཞིག་གིས་སྐད་བརྡ་རིག་པའི་བརྟག་དཔྱད་ལ་གཞི་བྱས་ཏེ། འོལ་མོ་ལུང་རིང་དེ་ཨེ་ལམ་ (Elam) ཞེས་པ་གནའ་བོའི་བྱང་ཨི་རཱན་དང་གཅིག་ཏུ་ངོས་འཛིན་པ་དང་སྟག་གཟིག་དེ་ཏ་ཇིག་ (Tajik) དང་གཅིག་ཏུ་ངོས་འཛིན་བྱེད་ཅིང་། དེ་ནི་བེག་ཊྲི་ཡ་ (Bactria) ལ་གོ་བར་བྱེད་ཀྱིན་ཡོད། བོན་གྱི་བཞེད་ལུགས་ལ་ངོས་ལེན་དང་བཅས་དེའི་ནང་པ་དང་འདྲ་བའི་ཁྱད་རྣམ་དེ་དག་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་རོལ་ཏུ་བྱུང་ཞིང་། མཁས་པ་དེ་དག་གིས་ལམ་ལུགས་ཀྱི་ཆེས་ཐོག་མའི་སྐུལ་སྟོབས་དེ་ནི་བེག་ཊྲི་ཡ་ནས་ཡིན་པའི་ནང་པའི་སློབ་དཔོན་ཞིག་ཞང་ཞུང་ཡུལ་དུ་ཕེབས་པ་ནས་བྱུང་བར་ཆ་འཇོག་བྱེད་ཀྱི་ཡོད། དེ་ནི་ཕལ་ཆེར་སྟོང་ལོ་དང་པོའི་འགོ་སྟོད་ཀྱི་དུས་སྐབས་ནས་ལི་ཡུལ་ལམ་ཁོ་ཏན་ (Khotan) ཡང་ན་གིལ་གིཏ་ (Gilgit) དང་ཀཥྨིར་བརྒྱུད་ནས་ཡོང་བ་ཡིན་སྲིད། ཞང་ཞུང་ནི་སྲོལ་རྒྱུན་ནས་ཁྱིམ་མཚེས་ས་ཁུལ་དེ་གཉིས་ཀ་དང་དཔལ་འབྱོར་དང་རིག་གཞུང་གི་ཐོག་ནས་འབྲེལ་བ་ཡོད་པ་རེད། བོན་གྱི་ལོ་རྒྱུས་ལ་མོས་མཐུན་བྱས་ཏེ། ཁོང་ཚོས་སློབ་དཔོན་འདི་ནི་ཐེངས་ཤིག་ཞང་ཞུང་ལ་ནང་ཆོས་དང་འདྲ་བའི་ཁྱད་རྣམ་མང་པོ་ཞིག་ཡུལ་དེའི་ས་སྐྱེས་རྡོ་རྐྱེས་ཀྱི་ཆོ་གའི་ཉམས་ལེན་གྱི་རིགས་དང་མཉམ་སྡེབ་བྱས་ཡོད་འདུག 

ས་ཁྲ། ༩། སྔ་དུས་ཀྱི་བོད།
ས་ཁྲ། ༩། སྔ་དུས་ཀྱི་བོད།
Top