རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནས་ནང་ཆོས་སླར་གསོའི་བར།

སྐད་ཡིག་གཞན།

བོད་རྒྱའི་འབྲེལ་བའི་ཐད་བསྐྱར་ཞིབ།

བོད་རྒྱ་གཉིས་དབར་གྱི་རྒྱལ་འབྲེལ་ཐབས་བྱུས་དེ་ཐོག་མར་ཕྱི་ལོ་ ༦༠༨ ལོར་རྒྱལ་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སློན་བཙན་གྱིས་སུའི་རྒྱལ་རྒྱུད་ (Sui Dynasty ༥༨༡-༦༡༨) ཀྱི་དུས་སུ་རྒྱ་ནག་གོང་མའི་ཕོ་བྲང་དུ་བོད་ཀྱི་གཞུང་འབྲེལ་མི་སྣ་དང་པོ་བཏང་བའི་སྐབས་འགོ་ཚུགས། དེའི་ཚབ་ལ་རྒྱལ་པོ་སྲོང་བཙན་སྒམ་པོས་ཕྱི་ལོ་ ༦༣༤ ལོར་ཐང་གི་ཕོ་བྲང་དུ་ཕོ་ཉ་ཞིག་བཏང་ནས་ཕྱི་ལོ་ ༦༤༡ ལོར་ཧན་རྒྱའི་སྲས་མོ་ཝེན་ཁྲེང་ (Wencheng) དང་གཉེན་སྒྲིག་བྱས། ལོ་བཞིའི་རྗེས་སུ་ཁོང་གིས་པེ་ཅིང་གི་ལྷོ་ནུབ་ཕྱོགས་སུ་ཡོད་པའི་རྒྱ་ནག་ནང་པའི་རྩ་ཆེ་བའི་རི་བོ་རྩེ་ལྔར་བོད་ཀྱི་ལྷ་ཁང་དང་པོ་བསྐོ་འཛུགས་གནང་། དེ་ནས་བཟུང་སྟེ། རྒྱལ་ཁམས་གཉིས་ཀྱི་དབར་ཕན་ཚུན་དམག་འཁྲུག་ཡང་སེ་བྱུང་མིན་ལ་མ་ལྟོས་པར། བོད་ཀྱིས་ཐང་གོང་མའི་ཕོ་བྲང་དུ་མུ་མཐུད་དུས་ནས་དུས་སུ་སྐུ་ཚབ་བཏང་ཡོད།

དུས་རབས་གཅིག་གི་རྗེས་སུ་རྒྱལ་པོ་མེས་ཨག་ཚོམས་དམིགས་བསལ་ཧན་རྒྱ་ནག་གི་ནང་ཆོས་ལ་དོ་སྣང་བྱུང་བ་རེད། དེ་ནི་ཁོང་གི་བཙུན་མོ་ཧན་རྒྱ་ནག་གི་ནང་པའི་བཙུན་མོ་ཇིན་ཁྲེང་གི་ཤུགས་རྐྱེན་གྱིས་ཡིན་པ་ཐེ་ཚོམ་བྲལ་བ་རེད། ཕྱི་ལོ་ ༧༤༠ ལོར་རྒྱ་ནག་གོང་མ་ཤུའན་ཙུང་གིས་དེ་དག་གི་སྟེང་དུ་དམ་བསྒྲགས་དཀྲི་བའི་རྗེས་ཀྱི་ནང་ཆོས་ཀྱི་གནས་བབས་ཞན་པོ་ཡོད་པ་ལ་མ་ལྟོས་པར། མེས་ཨག་ཚོམས་ཀྱིས་ཆོས་ལུགས་ཀྱི་ཐད་ལ་མང་ཙམ་ཤེས་པའི་ཆེད་དུ་ཕྱི་ལོ་ ༧༥༡ ལོར་དེར་གཞུང་འབྲེལ་མི་སྣ་ཞིག་བཏང་བ་རེད། ནང་ཆོས་ལ་སྤྲོ་བ་ཡོད་པ་དེ་ཁོང་གི་སྲས་གཞོན་གཞོན་ཡིན་པ་མ་འོངས་བོད་ཀྱི་རྒྱལ་པོ་ཁྲོ་སྲོང་ལྡེ་བཙན་ (༧༤༢-༧༩༨) གྱིས་བསྟན་པ་དེས་ཀྱང་ཁོང་གི་གཞུང་འབྲེལ་མི་སྣའི་གྲོས་མོལ་ལ་རྒྱུད་སྐུལ་བྱས་པ་ལྟར་སྣང་། དེ་ནི་དེའི་སྔོན་དུ་ཐང་རྒྱ་ནག་ལ་བོད་ཀྱི་སྐུ་ཚབ་བཏང་བ་དེའི་སྲས་སྦ་སང་ཤིས་ཀྱིས་འགོ་ཁྲིད་བྱས་ཡོད།

ཕྱི་ལོ་ ༧༥༥ ལོར་རྙིང་ཞེན་ཅན་གྱི་རྒྱབ་འགལ་བློན་པོ་ཚོས་རྒྱལ་པོ་མེས་ཨག་ཚོམས་ལྐོག་གསོད་བྱས་ནས་བཀྲོངས། འདི་ནི་ལོ་ངོ་བཅུ་དྲུག་གོང་དུ་ཧན་རྒྱ་རིགས་ཀྱི་བཙུན་མོ་ཇིན་ཁྲེང་གིས་གདན་འདྲེན་ཞུས་པའི་ཧན་རྒྱ་མི་དང་ལི་ཡུལ་གྱི་གྲྭ་པ་རྣམས་བོད་ནས་ཕྱིར་འབུད་བཏང་བའི་ཤོག་ཁག་དང་གཅིག་པ་རེད། རྒྱལ་པོ་ལྐོག་གསོད་གཏོང་བ་དེའང་ལོ་དེ་རང་གི་ནང་བྱུང་ཡོད་པ་དང་། དེ་ཡང་ཨན་ལུ་ཤན་ (An Lushan) གྱི་གྱེན་ལོག་དང་སྔར་བཞིན་རྒྱལ་པོ་ནང་ཆོས་དང་ཐང་རྒྱ་ནག་ལ་བློ་ཁ་ཕྱོགས་པ་དེས་བོད་ལ་བཀྲ་མི་ཤིས་པ་ཡོང་ཉེན་ཡོད་ཅེས་བློན་པོ་ཚོར་ཞེད་སྣང་བྱུང་ཡོད་ཚོད་འདུག ཡང་ཨབྦ་སི་དས་ (Abbasid) ཕྱི་ལོ་ ༧༥༠ ལོར་ཨུ་མེ་ཡ་ད་ཁ་ལི་ཧྥེ་ (Umayyad Caliphate) གནས་དབྱུང་བཏང་བ་དང་ཨན་ལུ་ཤན་གྱེན་ལོག་པས་ཁོང་ཚོའི་སྙིང་སྟོབས་ཀྱི་སྐུལ་སློང་ལ་སེམས་ཤུགས་ཀྱང་སྤར་ཡོད་སྲིད་པ་རེད། ཨན་ལུ་ཤན་གྱིས་ཁྲིམས་འགལ་བྱས་པའི་ཧན་རྒྱ་ནག་ནང་པའི་ཁ་གཏད་དུ་འཐབ་རྒོལ་བྱེད་པའི་འདྲ་མཚུངས་སུ་རྙིང་ཞེན་ཅན་གྱི་བློན་པོ་ཚོས་བོད་ནང་ལོ་ངོ་དྲུག་གི་བར་དུ་གནས་པའི་ནང་ཆོས་ལ་དྲག་གནོན་ཞིག་རྒྱུད་སྐུལ་བྱས་པ་རེད། འོན་ཀྱང་། དེའི་དམིགས་ཡུལ་ནི་ཕལ་ཆེར་ཕོ་བྲང་ནང་ཐང་ཤོག་ཁག་གི་ཉེ་ཕྱོགས་ཡིན་ངེས་པ་རེད།

མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ། 

སྦ་སང་ཤིས་སྣེ་ཁྲིད་པའི་རྒྱ་ནག་ཏུ་སྐུ་ཚབ་བཏང་བ་དེ་ཕྱི་ལོ་ ༧༥༦ ལོར་བོད་ལ་ལོག་པ་དང་ཁོང་ཚོས་ནང་པའི་དཔེ་ཆ་རྣམས་གདན་དྲངས། སྦ་སང་ཤིས་གནས་སྐབས་རིང་དཔེ་ཆ་དེ་དག་སྦས་ནས་བཞག་པ་རེད། གང་ཡིན་ཞེ་ན། དེའི་སྐབས་སུ་ནང་པར་རྒྱབ་འགལ་གྱི་ཁོར་ཡུག་གནས་སྟངས་ཡོད་པའི་རྐྱེན་གྱིས་རེད། ཡི་ནའང་། ནང་ཆོས་ཀྱི་ཁ་ཕྱོགས་ནང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་བློ་སྟོབས་སྤེལ་བ་ནི་དེའི་ཚེ་ཁོང་ན་ཚོད་མ་ལོན་པ་རེད།  

ཕྱི་ལོ་ ༧༦༡ ལོར་ཁྲི་སྲོང་ལྡེ་བཙན་ནར་སོན་པ་དང་ཁྲིར་འཁོད་པའི་སྐབས། གཞུང་འབྲེལ་གྱི་ཐོག་ནས་ཁོང་ཉིད་ནང་པ་ཞིག་ཡིན་པའི་ཁྱབ་བསྒྲགས་བྱས། དེ་ནས་ཁོང་གིས་ཉེ་ཆར་རྒྱ་གར་བྱང་ཕྱོགས་སུ་གསར་འཛུགས་བྱས་པའི་པཱ་ལའི་རྒྱལ་རྒྱུད་ (༧༥༠ ནས་དུས་རབས་ ༡༢ པའི་མཇུག་) ལ་སྐུ་ཚབ་ཅིག་བཏང་བ་རེད། ཁོང་གིས་རྒྱ་གར་ནཱ་ལནྜཱའི་མཁན་པོ་ཞི་བ་འཚོ་བོད་དུ་ཐེངས་དང་པོ་གདན་འདྲེན་ཞུ་ཆེད་གསལ་སྣང་གིས་སྣེ་ཁྲིད་པའི་ལས་འགུལ་དེ་ལ་འགན་བསྐུར་བ་རེད།

མཁན་ཆེན་བོད་དུ་འབྱོར་བའི་རྗེས་ཙམ་ནས་བོད་ནང་འབྲུམ་གྱི་ནད་ཡམས་ཤིག་ཁྱབ་གདལ་བྱུང་བ་རེད། ཕོ་བྲང་ནང་གི་རྙིང་ཞེན་ཅན་ཀྱི་ཤོག་ཁག་གིས་ཕྱི་མིའི་གྲྭ་པ་དེ་ལ་སྐྱོན་བརྗོད་དང་བཅས་བོད་ནས་ཕྱིར་འབུད་བཏང་བ་རེད། དེ་ནི་སྔོན་ཕྱི་ལོ་ ༧༣༩ ལོར་དེ་དང་འདྲ་བའི་ནད་ཡམས་ཤིག་ཁྱབ་པའི་སྐབས། བོད་ནང་ཡོད་པའི་ཧན་རྒྱ་རིགས་དང་ལི་ཡུལ་པ་རྣམས་ལ་བྱས་པ་ནང་བཞིན་རེད།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་འགོག་རྐྱེན་བྱ་རྒྱུ་མེད། འོན་ཀྱང་། ཁོང་གི་རྒྱལ་ཁམས་སུ་ནང་ཆོས་ཀྱི་གནས་བབས་དེ་ཤུགས་ཆེ་རུ་གཏོང་བའི་དམིགས་དོན་ལ་འགོག་རྐྱེན་བྱ་རྒྱུ་དེ་རེད། ཁོང་ནི་དངོས་གནས་སྟོབས་ཤུགས་ཆེ་ལ་མངོན་འདོད་ཅན་གྱི་འགོ་ཁྲིད་ཅིག་ཡིན་པ་རེད། ཁོང་གི་སྲིད་དབང་བཟུང་བའི་དུས་སྐབས་སུ་བོད་ཀྱིས་དྲག་ཤུལ་ཅན་གྱི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཤིག་གི་རྗེས་སུ་འབྲངས་ཡོད། ཨན་ལུ་ཤན་གྱི་གྱེན་ལོག་རྗེས་སུ་ཐང་ལ་སྟོབས་མེད་པའི་ཞན་ཆ་ལས་ཁེ་བཟང་བླངས་ཏེ། ཁོང་གིས་སྔོན་ཐང་རྒྱ་ནག་གིས་དབང་སྒྱུར་བྱས་པའི་བོད་བྱང་ཤར་གྱི་སའི་ཆ་ཤས་ཆེན་པོ་ཤིག་སླར་ཡང་བདག་བཟུང་བྱས་པ་རེད། ཐ་ན་ཕྱི་ལོ་ ༧༦༣ ལོ་སྟེ། ཡུ་གུར་ཁ་གྷན་བོ་གུའི་ (Uighur qaghan, Bogu) མེ་ནི་ཁིའི་ཆོས་ལུགས་སུ་བསྒྱུར་བའི་རྗེས་ཀྱི་ལོར་ཁོང་གིས་ཐང་གི་རྒྱལ་ས་ཁྲང་འན་ (Chang’an) ཟེར་བ་དེའང་ཁྱུག་ཙམ་རིང་བདག་བཟུང་བྱས་རེད། 

དུས་རབས་དགུ་པའི་འགོ་སྟོད་ནང་གི་བོད།
དུས་རབས་དགུ་པའི་འགོ་སྟོད་ནང་གི་བོད།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དེ་ནས་ཀན་སུའུའི་སྐམ་རྒྱུད་སྲང་ལམ་ནང་གནས་སྤོས་ཏེ། ཐང་རྒྱ་ནག་གི་དར་སྐུད་ཚོང་ལམ་ལ་ཐད་ཀར་འགྲོ་ས་དེ་བཀག་འགོག་བྱས་པ་རེད། དེ་ནི་ཏུར་ཧྥན་ (Turfan) ཁུ་ཆའི་ (Kucha) ནང་ཐང་གི་ས་མཚམས་སྲུང་ཁང་གི་བར་དུ་ཆགས་པའི་བྱང་ཕྱོགས་ཀྱི་ཡན་ལག་གཙོ་བོ་དེ་ཡིན་པ་རེད། འདིས་ནང་སོག་ལ་ཡོད་པའི་ཡུ་གུར་གྱི་ས་ཆ་ནས་བརྒྱུད་དེ་བོད་ཀྱིས་བཟུང་བའི་ས་ཁོངས་ལ་ཐབས་ཀྱིས་བསླུ་དགོས་ཞེས་རྒྱ་ནག་གི་ཚོང་ལས་ལ་བཙན་སྐུལ་བྱས་པ་རེད། བོད་ཀྱིས་ཐང་སྲིད་གཞུང་ནས་མིང་ཙམ་གྱི་རིན་འབབ་རྒྱུན་སྐྱོང་བྱས་པའི་ཏུར་ཧྥན་དང་བེཤ་བ་ལིག་ (Beshbaliq) དབང་སྒྱུར་བྱེད་པའི་ཕྱིར། ཡུ་གུར་དང་ཐང་རྒྱ་ནག་གི་ཁ་གཏད་དུ་ཡུན་སྲིང་བའི་ཐབས་ལམ་གསུམ་གྱི་དམག་འཁྲུག་ཅིག་གི་ནང་འཛུལ་བཞུགས་བྱས་པ་རེད། རྒྱ་ནག་གི་ཚོང་ལས་དེ་ནང་སོག་བརྒྱུད་ནས་ཁ་ཕྱོགས་བསྒྱུར་བ་དང་གཙོ་བོ་བྱང་དར་སྐུད་ཚོང་ལམ་དུ་འབྱོར་བར་གྲོང་ཁྱེར་འདི་གཉིས་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད།

དམག་ལས་རྒྱལ་ཁ་ཐོབ་པ་དེས་ནུས་ཤུགས་ཆེ་རུ་བཏང་བའི་གདེང་དང་སྟོབས་ཀྱིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་བོད་དུ་ཡང་བསྐྱར་གདན་ཞུའི་ཆེད་དུ་བློན་པོ་གསལ་སྣང་སླར་ཡང་ཆེད་དུ་མངགས་པ་རེད། སྐབས་དེར་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོས་ཁོང་དང་མཉམ་དུ་གུ་རུ་རིན་པོ་ཆེའམ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གདན་དྲངས་ཤིང་། དེ་ནི་གཙོ་བོ་བོད་དུ་ནང་ཆོས་དར་རྒྱས་ལ་སྡང་ཟུག་ཅན་གྱི་ལྷ་སྲིན་གདུག་པ་ཅན་རྣམས་འདུལ་བའི་ཆེད་དུ་ཡིན་པ་རེད།

བསམ་ཡས་དགོན་པ་བཞེངས་ཚུལ།

རྒྱ་གར་བི་ཧཱར་མངའ་སྡེར་ཡོད་པའི་རྒྱ་གར་གྱི་ནང་པའི་གཙུག་ལག་སློབ་ཁང་ཆེན་མོ་ནཱ་ལནྜཱ་ལྟ་བུ་ནི་མཁན་ཆེན་ཞི་བ་འཚོའི་གཙུག་ལག་རིག་པའི་སློབ་གཉེར་ཁང་གཙོ་བོ་དེ་ཡིན་པ་དང་། དེ་ཡང་ཐ་ན་ཆབ་སྲིད་ཀྱི་རྒྱལ་རྒྱུད་འགྱུར་ལྡོག་དང་བཅས་དུས་རབས་ཁ་ཤས་རིང་བརྒྱུད་པ་ཟམ་མ་ཆད་པའི་གནས་སྟངས་ལ་ལོངས་སུ་སྤྱད་ཡོད། གུཔྟའི་རྒྱལ་རྒྱུད་གོང་མའི་རྒྱལ་པོ་ཧརྵ་ལྟ་བུ་མཚོན་ན། ཁོང་གིས་ཕོ་བྲང་དུ་དཔལ་ནཱ་ལནྜཱའི་གྲྭ་པ་སྟོང་ཕྲག་ལ་རོགས་སྐྱོར་བྱས་ཡོད་པ་དང་། ཐ་ན་གུས་ཞབས་ཀྱི་རྟགས་སུ་ཧན་རྒྱའི་བཙུན་པ་ཤུའན་ཙང་ (Xuanzang) གི་ཞབས་ལའང་གཏུགས་ཡོད།

ད་ལྟའི་པཱ་ལའི་རྒྱལ་རྒྱུད་ཀྱི་ནང་ཆོས་དེ་སྔར་ལས་རྒྱ་ཆེ་བར་སྐྱོང་བཞིན་ཡོད། དེའི་རྒྱལ་པོ་དང་པོ་གོ་པཱ་ལས་ (༧༥༠-༧༧༠) ཨོ་ཏནྟ་པཱུ་རིའམ་འཕུར་བྱེད་ཀྱི་གྲོང་ཞེས་པའི་ནང་པའི་གཙུག་ལག་ཁང་ཕྱག་བཏབ་པ་དང་། དེའི་རྒྱལ་པོ་གཉིས་པ་དྷརྨ་པཱ་ལས་ (༧༧༠-༨༡༠) བིཀྲ་མ་ཤཱི་ལའམ་རྣམ་གནོན་ངང་ཚུལ་དང་སོ་མ་པཱུ་ར་བཞེངས་མཛད།  དྷརྨ་པཱ་ལས་རང་གི་རྒྱལ་རྒྱུད་དེ་ནུབ་ཕྱོགས་གན་དྷ་རའི་ས་མཚམས་དང་ཤར་བྷང་གལ་བར་དུ་རྒྱ་སྐྱེད་བཏང་ཤིང་། ཁོང་གིས་ནང་པའི་དགོན་པ་རྣམས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དམག་གི་འགྱུར་ལྡོག་གི་ནང་ནམ་ཡང་གཏོགས་པར་བྱས་མེད་ལ། དེ་དག་ལ་སྟངས་འཛིན་བྱ་རྒྱུའི་ཐབས་ཤེས་ཀྱང་བྱས་མེད། རྒྱ་གར་བྱང་དུ་ཡོད་པའི་དགོན་པ་ཁག་གིས་ཆོས་ཕྱོགས་ཀྱི་སྦྱོང་བརྡར་ལ་འབད་པར་རང་དབང་ཆ་ཚང་བ་ལོངས་སུ་སྤྱད་ཡོད།

ཕྱི་ལོ་ ༧༦༦ ལོར་ཇི་ལྟར་རྒྱ་གར་གྱི་རྒྱལ་པོ་གོ་པཱ་ལའི་དཔེས་སེམས་སྐུལ་བྱས་པར་བརྟེན་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་མཛད་དེ་བསམ་ཡས་གཙུག་ལག་ཁང་བཞེངས་རྒྱུའི་བཀོད་མངགས་གནང་། དེ་ནི་གཙོ་བོ་བོད་མི་ཚོས་བེད་སྤྱོད་བྱེད་པར་ཡོངས་སུ་དམིགས་པའི་བོད་ཀྱི་ནང་པའི་དགོན་པ་དང་པོ་དེ་ཆགས་ཀྱི་ཡོད། བསམ་ཡས་བཞེངས་པའི་རྒྱུད་རིམ་གྱི་ནང་། བོད་རང་གི་མི་བདུན་རབ་ཏུ་བྱུང་ཞིང་དེ་དག་ལ་སད་མི་མི་བདུན་ཞེས་ཟེར་བ་དང་ཕྱི་ལོ་ ༧༧༥ ལོར་བསམ་ཡས་བཞེངས་གྲུབ་པའི་མཚམས་སུ་བོད་ཀྱི་ཡུལ་མི་སུམ་བརྒྱ་ (༣༠༠) ལྷག་ཙམ་རབ་བྱུང་གི་སྡེར་བཞུགས་པ་རེད། དེའི་སྔོན་ལ་བོད་ནང་ནང་པའི་ལྷ་ཁང་དང་ཕྱི་ལོ་ ༧༢༠ ལོའི་ལི་ཡུལ་དང་ཧན་རྒྱ་རིགས་སྐྱབས་བཅོལ་བ་ལྟ་བུ་ཕྱི་མི་གྲྭ་པ་ཚོའི་ཆེད་དུ་བཞེངས་པའི་རབ་བྱུང་གི་སྡེའི་མཐུན་རྐྱེན་ཆུང་ངུ་འགའ་ཞིག་ལས་མེད།

བོད་ཀྱི་གྲྭ་པ་ཚོ་རྒྱ་གར་གྱི་ལུགས་ལྟར་རབ་ཏུ་བྱུང་ནའང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རིག་གཞུང་གི་བསྲེ་སྦྱོར་གྱི་སྲིད་བྱུས་ཤིག་ལ་འབད་བརྩོན་གནང་བ་རེད། འོན་ཀྱང་། སྲིད་བྱུས་འདིའི་དགོངས་པའི་ཆ་ཤས་ནི་ཆབ་སྲིད་ཀྱི་ཁེ་ཕན་ཞིག་ཡིན་སྲིད་པ་རེད། ཁོང་གི་ཕོ་བྲང་ནང་ཕན་ཚུན་འགྲན་སེམས་བྱེད་པའི་ཤོག་ཁག་གསུམ་གྱི་དགོས་འདུན་ལ་ཆ་སྙོམས་བཟོ་དགོས་ཀྱི་ཡོད། དེ་གསུམ་ནི་བོད་རང་གི་མི་དང་། རྒྱ་གར་གྱི་ཉེ་ཕྱོགས། རྒྱ་ནག་གི་ཉེ་ཕྱོགས་བཅས་རེད། དེར་བརྟེན་ཁོང་གིས་བསམ་ཡས་སུ་ལྷ་ཁང་གི་གཙོ་བོར་ཐོག་རྩེག་གསུམ་བཞེངས་ཤིང་། ཐོག་རྩེག་རེ་རེ་བཞིན་ཁང་པའི་བཟོ་བཀོད་དེ་བོད་བཟོའི་ལུགས་དང་། རྒྱ་གར་བྱང་གི་ལུགས། ཧན་རྒྱ་ནག་གི་ལུགས་བཅས་ཀྱི་བཟོ་བཀོད་དང་ལྡན་ཡོད། དེ་དག་ལས་གཅིག་ནི་ཁོང་གི་རྒྱལ་རྒྱུད་སྲོལ་གཏོད་པོ་བཙན་པོ་རྒྱལ་སྲོང་བཙན་སྒམ་པོས་ཆབ་སྲིད་ཀྱི་དགོས་དོན་ལ་དམིགས་ནས་ཞང་ཞུང་དང་། བལ་ཡུལ། ཐང་རྒྱ་ནག་གི་སྲས་མོ་ཁབ་ཏུ་བཞེས་པའི་ཐོག་ནས་ཆ་སྙོམས་གཅིག་མཚུངས་ཤིག་བསྐྲུན་པ་དེ་དྲན་སྐུལ་བྱས་ཡོད།

རྒྱ་ནག་དང་མཉམ་དུ་རིག་གཞུང་གི་འབྲེལ་ལམ།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་དར་སྐུད་ཚོང་ལམ་གྱི་ནུབ་མཐར་དབང་སྒྱུར་བྱེད་ཕྱིར་རྒྱ་ནག་གི་ཁ་གཏད་དུ་འཐབ་ནའང་། ཁོང་ལ་ཧན་རྒྱ་རིགས་ཀྱི་ཁ་གཏད་དུ་རིག་གཞུང་གི་ཕྱོགས་རིས་མེད་པ་ལྟར་སྣང་། དམིགས་བསལ་ནང་ཆོས་དང་འབྲེལ་བའི་ཐད་ལ་ཕྱོགས་རིས་བྲལ་བ་ལྟ་བུར་སྣང་། ཁོང་གི་དམག་གི་ཀུན་སློང་ནི་གཙོ་བོ་ཆབ་སྲིད་དང་དཔལ་འབྱོར་ཆེད་དུ་ཡིན་པ་རེད།

ཨན་ལུ་ཤན་གྱེན་ལོག་ལ་བཙན་གནོན་བྱས་པ་དང་རྒྱལ་པོའི་དབང་སྒྱུར་སླར་གསོ་བྱས་པའི་རྗེས་ཀྱི་ཐང་གོང་མ་ཤུའན་ཙུང་གིས་ནང་ཆོས་ལ་བཙན་ཤེད་བྱས་པའི་དམ་བསྒྲགས་དེ་དག་ཡར་འདེགས་བྱས་པ་ཙམ་དུ་མ་ཟད། ཆོས་ལུགས་ལ་རོགས་མགོན་ཀྱང་བྱས་ཡོད། ཡིན་ནའང་། རྒྱ་གར་གྱི་པཱ་ལའི་རྒྱལ་རྒྱུད་ཀྱི་གནས་སྟངས་དང་མི་འདྲ་བར། ཧན་རྒྱ་ནག་ནང་པ་ཚོས་དེ་བཞིན་དུ་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་པ་རེད། འདི་ནི་ནང་པ་རང་གིས་ཐོག་མར་འགོ་འཛུགས་བྱེད་པ་ལས་བྱུང་བ་ཡིན་དང་ཡང་ན་སྲིད་དབང་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་བའི་ཆེད་ནང་ཆོས་ཀྱི་དར་སྲོལ་ལ་བཤུ་གཞོག་བྱེད་པའི་རྒྱལ་ཁབ་ཀྱི་སྲིད་བྱུས་ཤིག་ཡིན་གསལ་པོ་མི་འདུག སུའི་རྒྱལ་རྒྱུད་ (Sui Dynasty) ཀྱི་སྲོལ་གཏོད་པ་པོས་རང་ཉིད་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་པ་དང་ཐང་གི་བཙུན་མོ་ཝུ་ཡིས་རང་ཉིད་མ་འོངས་སངས་རྒྱས་བྱམས་པ་མགོན་པོ་ཡིན་ཞེས་ཁྱབ་བསྒྲགས་བྱས་པའི་མཚན་གཞི་ལྟར་ན། ཕྱི་མ་དེ་ཡིན་ཤས་ཆེ་བར་སྣང་།

ཕྱི་ལོ་ ༧༦༦ ལོར་ཏའི་ཙོང་ (༧༦༣-༧༨༠) རྒྱ་ནག་རི་བོ་རྩེ་ལྔར་ “གདོན་བགེགས་ལས་སྐྱོབ་པ་དང་རྒྱལ་ཁབ་སྲུང་བའི་གསེར་གུར་ལྷ་ཁང་” ཞེས་པའི་དགོན་པ་གསར་པ་ཞིག་བཞེངས་པ་རེད། རྒྱལ་པོ་བྱང་ཆུབ་སེམས་དཔའ་རྒྱལ་ཁབ་སྲུང་བའི་མདོ་ཞེས་བྱ་བའི་ཧན་རྒྱ་ནག་གི་ནང་པའི་དཔེ་ཆ་སྐད་གྲགས་ཅན་གསར་པ་ཞིག་བྱུང་བ་རེད། ཐང་གོང་མས་ཕྱི་ལོ་ ༧༦༨ དང་ ༧༧༡ ལོར་མེ་ནི་ཁཱིན་ཆོས་ཀྱི་རྗེས་འབྲང་བ་ཚོའི་ཁ་གཏད་དུ་མུ་མཐུད་ནས་སླར་ཡང་སྡུག་སྦྱོང་གི་བཙན་གནོན་བྱས་ཤིང་། དེ་ནི་ནང་ཆོས་དེ་ལད་ཟློས་ནོར་བ་ཞིག་རྟགས་སུ་བཀོད་པའི་མེ་ནི་ཁཱིན་ཆོས་ལུགས་ལས་ནང་ཆོས་དེ་དག་པ་ཡིན་པར་སྲུང་སྐྱོབ་ཕྱིར་དུ་ཡིན་པ་རེད།

ཡར་རྒྱས་དེའི་རིགས་ཀྱིས་རྒྱལ་རྒྱུད་དྲུག་གི་དུས་སྐབས་ (༢༨༠-༥༨༩) སུ་བྱང་རྒྱ་ནག་གི་ནང་ཆོས་ཀྱི་འགྲོས་ཀྱི་རྗེས་སུ་འབྲངས་ཡོད། དེའི་སྐབས་བྱང་རྒྱ་ནག་གི་ཧན་མིན་པའི་དབང་སྒྱུར་བ་ཚོས་ནང་པའི་དགོན་པ་རྣམས་དམ་པོར་སྟངས་འཛིན་བྱས་པ་དང་ཁོང་ཚོའི་དམག་དོན་ལམ་ལྷོང་དང་འདོད་དོན་འགྲུབ་པའི་ཆེད་དུ་ཆོ་གའི་རིགས་བསྒྲུབ་པར་སྦྱིན་བདག་བྱས་ཡོད། གྲྭ་པ་ཚོས་དུས་གཉན་འཕྲང་ཅན་གྱི་སྐབས་གསོན་པོར་འཚོ་བའི་ཕྱིར་རྒྱལ་པོའི་སྲུང་སྐྱོབ་ངེས་པར་དུ་དགོས་ཀྱི་ཡོད། དབང་སྒྱུར་བ་དེ་དག་སངས་རྒྱས་ལྟར་ངོས་ལེན་མི་བྱེད་ཀ་མེད་ཡིན་པ་དང་། ཁོང་ཚོའི་གཞུང་ལ་ཞབས་འདེགས་སྒྲུབ་པ། འགོ་ཁྲིད་པ་ཚོའི་ཛ་དྲག་གི་སྲིད་བྱུས་ལ་གནང་བ་སྦྱིན་པའི་ཕྱིར་ནང་པའི་ཆོས་ཀྱི་དག་པའི་རང་བཞིན་ལ་གཅིག་མཐུན་བཟོ་གི་ཡོད།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རྒྱ་ནག་ཏུ་ཉེ་ཆར་ཡར་རྒྱས་བྱུང་བ་དེ་དག་གི་སྐོར་ལ་མང་ཙམ་སྦྱོང་རྒྱུར་ཐུགས་སྣང་གནང་གི་ཡོད་པ་དང་། དེ་ཡང་བོད་དང་། རྒྱ་གར། རྒྱ་ནག་བཅས་ཀྱི་ལུགས་སྲོལ་གྱི་རིག་གཞུང་བསྲེ་སྦྱོར་ལ་འབད་པའི་ཁོང་གི་སྲིད་བྱུས་དང་བསྟུན་ནས་ཐུགས་སྣང་མཛད་ཡོད། དེར་བརྟེན་ཕྱི་ལོ་ ༧༦༠ ལོའི་སྨད་ཆར་ཁོང་གིས་སྦ་སང་ཤི་ཙམ་དུ་མ་ཟད། གསལ་སྣང་དང་བཅས་ཐང་རྒྱ་ནག་ཏུ་གཞུང་འབྲེལ་མི་སྣ་ཐེངས་གཉིས་པ་དེ་བཏང་། ཁོང་ཚོ་ཚུར་ལོག་པའི་སྐབས། རྒྱལ་པོས་བྲག་དམར་ལ་ནང་པའི་ལྷ་ཁང་བཞེངས། ས་ཆ་དེ་ནི་རྒྱལ་པོའི་ཕོ་བྲང་གི་ཉེ་འདབས་བསམ་ཡས་དགོན་པའི་འཁྲིས་སུ་ཡོད་པ་དང་དེ་ནི་ད་དུང་ཡང་འཛུགས་སྐྲུན་འགྲོ་མུས་ཡིན་པ་རེད། ལྷ་ཁང་དེ་ནི་གསར་དུ་རྒྱག་པའི་གདོན་བགེགས་ལས་སྐྱོབ་པ་དང་རྒྱལ་ཁབ་སྲུང་བའི་གསེར་གུར་ལྷ་ཁང་ལ་དཔེ་བྱས་ཡོད། དེའི་བསྟན་དོན་ནི་ཧན་རྒྱ་ནག་གི་ནང་དུ་བྱུང་བ་ལྟར། ནང་ཆོས་ཀྱིས་རྒྱལ་ཁབ་ལ་གནས་རིམ་གཉིས་པ་དེ་ལེན་ངེས་པ་དང་རྒྱུན་ཆད་མེད་པར་འཕེལ་བཞིན་པའི་བོད་བཙན་པོའི་དབང་ཤུགས་ཀྱི་ཁེ་ཕན་ལ་ཞབས་འདེགས་མ་བསྒྲུབ་ཀ་མེད་ཆགས་ཡོད།

བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་པ།

བསམ་ཡས་གཙུག་ལག་ཁང་ཕྱི་ལོ་ ༧༧༥ ལོར་བཞེངས་གྲུབ་པ་དང་རྒྱལ་པོས་མཁན་ཆེན་ཞི་བ་འཚོ་གཙུག་ལག་ཁང་གི་མཁན་པོ་དང་པོར་བསྐོ་བཞག་མཛད། འོན་ཀྱང་། གུ་རུ་པདྨ་འབྱུང་གནས་བསམ་ཡས་བཞེངས་མ་གྲུབ་པའི་དུས་ཚོད་ཏོག་ཙམ་གོང་རོལ་ནས་ཕེབས་པ་རེད། ཁོང་གིས་བོད་མི་ཚོ་ད་དུང་ཡང་ནང་པའི་ཆོས་གཏིང་ཟབ་ཤོས་ཆེད་དུ་གྲ་སྒྲིག་མེད་པ་དང་ལྷག་དོན་དུ་རྫོགས་པ་ཆེན་པོའི་ཆོས་ལ་གྲ་སྒྲིག་མེད་པ་ཚོར་ཡོད། དེར་བརྟེན་ཁོངས་བསམ་ཡས་ཀྱི་རྩིག་པ་དང་ཀ་བ་བཅས་ཀྱི་ནང་དཔེ་ཆ་རྣམས་སྦས་ཤིང་། དེ་ནི་དུས་ཕྱིས་སུ་དུས་ལ་བབས་པ་དང་གང་ཟག་ཁྱད་པར་ཅན་གྱིས་གཏེར་ལས་འདོན་པའི་ཆེད་དུ་ཡིན། 

རྒྱ་གར་བྱང་ཕྱོགས་དང་ཧན་རྒྱ་ནག་གི་དགེ་རྒན་གཉིས་ཀ་བསམ་ཡས་སུ་གདན་དྲངས་ཏེ། ནང་པའི་གཞུང་ལུགས་ཡིག་སྒྱུར་དང་སློབ་ཁྲིད་ཆེད་རོགས་སྐྱོར་བྱས་ཡོད། འོན་ཀྱང་། ཐོག་མར་བསམ་ཡས་ནི་ནང་ཆོས་ཁོ་ནར་དད་གུས་ཡོད་པ་ཞིག་མ་རེད། དེའི་ནང་གི་བྱེད་སྒོ་ཁག་ནི་རིག་གཞུང་གི་རྒྱ་ཁྱོན་ཆེ་བདང་བོད་ཡུལ་རང་གི་སློབ་དཔོན་རྣམས་ཏེ། བོད་ཡོངས་ཁྱབ་ཀྱི་སྲོལ་རྒྱུན་རྣམས་ཀྱང་དེར་ཡོད་པ་དང་དེ་དག་གིས་ཞང་ཞུང་སྐད་ནས་བོད་སྐད་དུ་གཞུང་རྣམས་སྒྱུར་གྱི་ཡོད། གནས་སྟངས་འདིའི་ནང་དུའང་བསམ་ཡས་ཀྱིས་རིག་གཞུང་བསྲེ་སྦྱོར་གྱི་བཙན་པོའི་སྲིད་བྱུས་ལ་བསམ་ཞིབ་བྱས་ཡོད།

ཕྱི་ལོ་ ༧༧༩ ལོར་རྒྱལ་པོས་ནང་ཆོས་ནི་བོད་རྒྱལ་ཁབ་ཀྱི་ཆོས་ལུགས་ཡིན་ཞེས་ཁྱབ་བསྒྲགས་མཛད། ཁོང་གིས་ནང་མི་ཁྱིམ་ཚང་ཕྱུག་པ་འགའ་ཞིག་ལ་ཁྲལ་གྱི་ཆག་ཡང་བཏང་ནས་དེ་དག་ཧ་ཅང་མྱུར་པོར་འཕེལ་རྒྱས་འགྲོ་བཞིན་པའི་དགེ་འདུན་གྱི་སྡེ་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་དགོས་པའི་འགན་འཁུར་སྤྲད་པ་རེད། ནང་མི་ཉིས་བརྒྱས་ (༢༠༠) ལྷ་སར་ཡོད་པའི་ལྷ་ཁང་གཙོ་བོའི་མཆོད་འབུལ་གྱི་འབྱུང་ཁུངས་མཁོ་སྤྲོད་བྱེད་སྲོལ་ཡོད་པ་དང་ནང་མི་གསུམ་གྱིས་གྲྭ་པ་རེ་རེ་ལ་རྒྱབ་སྐྱོར་གྱི་ཆེད་དུ་མཁོ་ཆས་ཞལ་འདེབས་རྒྱག་སྲོལ་ཡོད།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་ལས་འགུལ་འདི་སྤེལ་བ་ནི་ཕལ་ཆེར་བལ་ཡུལ་ལི་ཆ་ཝིའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་ཤཱི་ཝ་དེ་ཝ་གཉིས་པ་ (༧༠༤-༧༥༠) ལས་སེམས་སྐུལ་ཐེབས་ཡོད། ཕྱི་ལོ་ ༧༤༩ ལོར་སྤྱིར་བཏང་ཁོང་ཚོའི་རྒྱལ་ཁབ་ཀྱི་ཆོས་ལུགས་དེ་ནང་ཆོས་སུ་ཁྱབ་བསྒྲགས་བྱེད་ཀྱིན་མེད་ནའང་། བལ་པོའི་རྒྱལ་པོ་འདིས་གྲོང་སྡེ་གཅིག་ཆ་ཚང་གིས་ཁོང་སྒེར་གྱི་དགོན་པ་ཤཱི་ཝ་དེ་ཝ་བི་ཧཱར་ཟེར་བ་དེ་ལ་རྒྱབ་སྐྱོར་བྱ་རྒྱུའི་འགན་འཁུར་སྤྲད་ཡོད། སཽ་རཱཥྚྲའི་ (Saurashtra) རྒྱལ་པོ་མཻ་ཏྲ་ཀ་ (Maitraka) དང་རཱཥྚྲ་ཀུ་ཊ་ (Rashtrakuta) ལའང་དེ་དང་གཅིག་མཚུངས་ཀྱི་ཝ་ལ་བྷིར་ (Valabhi) ཡོད་པའི་དགོན་པ་ཁག་ལ་རྒྱབ་སྐྱོར་བྱེད་པའི་སྲིད་བྱུས་ཤིག་ཡོད་ནའང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བྱེད་སྲོལ་འདི་མཁྱེན་རྟོགས་བྱུང་མེད་པ་འདྲ།

རྒྱ་ནག་དང་མཉམ་དུ་ཞི་བདེ་དང་བོད་ཀྱི་ཆོས་ཀྱི་ལྷན་ཁང་གསར་འཛུགས།

བོད་ཀྱི་རྒྱལ་པོས་ད་དུང་ཡང་རིག་གཞུང་བསྲེ་སྦྱོར་ལ་འབད་བཞིན་ཡོད་པ་དང་ཁོང་གིས་ཐང་གོང་མ་གསར་པ་ཏེ་ཙུང་ (༧༨༠-༨༠༥) ལ་ཕྱི་ལོ་ ༧༨༡ ལོར་ཧན་རྒྱ་ནག་ནས་བསམ་ཡས་སུ་ལོ་ལྟར་གྲྭ་པ་གཉིས་བོད་མི་ཚོར་ལམ་སྟོན་ཆེད་གཏོང་རོགས་ཞེས་འབོད་སྐུལ་ཞུས། ལོ་གཉིས་ཀྱི་རྗེས་ཏེ། ཕྱི་ལོ་ ༧༨༣ ལོར་ཐང་རྒྱ་ནག་དང་བོད་གཉིས་ཏུར་ཧྥན་དང་བེཤ་བ་ལིག་ལ་དམག་འཁྲུག་ལོ་ངོ་བཅུ་ཕྲག་འགའི་རིང་གི་རྗེས་སུ་ཞི་བའི་ཆིངས་ཡིག་བཞག་སྟེ། ཤར་ཏུར་ཀིའི་གྲོང་ཁྱེར་གཉིས་ཀྱི་སྟངས་འཛིན་དེ་ཐང་དམག་དཔུང་ལ་བཞག་པ་རེད།
 
བསམ་ཡས་ཀྱི་རྒྱ་གར་མཁན་པོ་ཞི་བ་འཚོ་ཕྱི་ལོ་ ༧༨༣ ལོ་དེ་གའི་ནང་དེའི་རྗེས་ཀྱི་དུས་ཚོད་ཏོག་ཙམ་ལ་སྐུ་གཤེགས་པ་རེད། ཁོང་སྐུ་མ་གཤེགས་གོང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ། མ་འོངས་པར་ཧན་རྒྱ་ནག་གི་ཤུགས་རྐྱེན་ལ་བརྟེན་ནས་ནང་ཆོས་བོད་ནང་ཉམས་རྒུད་འགྲོ་ངེས་རེད་ཅེས་ཉེན་བརྡ་བཏང་ཡོད། ཁོང་གིས་རྒྱལ་པོར། དེའི་ཚེ་དཀའ་ངལ་སེལ་བའི་ཆེད་རྒྱ་གར་ནས་ཁོང་གི་སློབ་མ་ཀ་མ་ལ་ཤཱི་ལའམ་སློབ་དཔོན་པདྨའི་ངང་ཚུལ་བོད་དུ་གདན་འདྲེན་ཞུ་དགོས་ཞེས་བསླབ་བྱ་གནང་ཡོད།
 
ཁྲི་སྲོང་ལྡེ་བཙན་གྱིས་དེའི་རྗེས་སུ་བློན་པོ་གསལ་སྣང་མཁན་ཆེན་ཞི་བ་འཚོའི་རྒྱུད་འཛིན་པའི་ཚུལ་དུ་བསམ་ཡས་ཀྱི་བོད་པ་མཁན་པོ་དང་པོར་བསྐོ་བཞག་མཛད། ལོ་དེ་གའི་ཕྱི་ལོ་ ༧༨༣ ལོར་བསམ་ཡས་ཀྱི་མཁན་པོས་དབུ་ཁྲིད་འོག་རྒྱལ་པོས་ཆོས་ཀྱི་ལྷན་ཁང་གསར་འཛུགས་གནང་བ་དང་། ལྷན་ཚོགས་དེས་ཆོས་ཕྱོགས་ཀྱི་གནད་དོན་ཡོངས་སུ་རྫོགས་པ་ཐག་གཅོད་བྱེད་ཀྱི་ཡོད། འདི་ནི་བོད་ཀྱི་གཞུང་གི་རྣམ་པའི་འགོ་འཛུགས་དེ་ཆགས་ཀྱི་ཡོད་པ་དང་དེར་རིམ་པས་སྐྱ་སེར་གཉིས་ཀའི་བློན་པོ་ཡོད་པ་རེད།

བོད་ཀྱི་ཆོས་ཀྱི་ལྷན་ཁང་གི་སྲིད་བྱུས་ལ་དཔྱད་པ།

དེའི་སྐབས་སུ་བོད་བཙན་པོའི་ཕོ་བྲང་དུ་ཤོག་ཁག་གཙོ་བོ་གསུམ་ཡོད་པ་ནི། རྒྱ་གར་གྱི་ཉེ་ཕྱོགས་ཤོག་ཁག་དང་། ཐང་རྒྱ་ནག་གི་ཉེ་ཕྱོགས་ཤོག་ཁག རྙིང་ཞེན་ཅན་གྱི་ཤོག་ཁག་བཅས་རེད། དེ་དག་རེ་རེ་ལ་རིགས་བྱེ་བྲག་པས་རྒྱབ་སྐྱོར་བྱེད་ཀྱི་ཡོད། གསལ་སྣང་ནི་རྒྱ་གར་གྱི་ཉེ་ཕྱོགས་ཤོག་ཁག་སྣེ་ཁྲིད་པའི་རིགས་ཀྱི་གྲས་ཤིག་ཡིན་པ་རེད། རྒྱ་གར་པཱ་ལ་དང་ཐང་རྒྱ་ནག་གཉིས་ཀར་རྒྱལ་པོའི་རྟོགས་ཞིབ་ལས་འགུལ་བསྐྱོད་པ་སོང་ཙང་། ཁོང་གིས་ནང་ཆོས་ཀྱི་གནས་བབས་སྔ་མ་དང་ཕྱི་མ་བསྡུར་ན་སྔ་མ་དེ་ག་ཚོད་ཀྱི་ཡག་ག་ཡོད་པ་དེ་མཁྱེན་གྱི་ཡོད། རྒྱ་གར་པཱ་ལ་ལ་ཆ་བཞག་ན། དགོན་པ་ཁག་ལ་སྲིད་གཞུང་ནས་སྦྱིན་བདག་ཐོབ་པ་དང་སྲིད་གཞུང་ལ་འགན་འཁྲི་མེད་པའི་སྒོ་ནས་རང་སྐྱོང་གཙང་མའི་ངང་གནས་ཀྱི་ཡོད། ཕན་ཚུན་གཉིས་ཀ་གཅིག་གིས་གཅིག་ལ་ཐེ་བྱུས་མི་བྱེད་པ་དང་ལས་དོན་ལ་ཞུགས་ཀྱི་མེད། དེར་མ་ཟད། གསལ་སྣང་བསླེབས་པ་ནས་བཟུང་སྟེ། འགྲེལ་བརྗོད་འདི་ནི་ཚོང་ལས་ཀྱི་སྐུ་ཚབ་ཚོགས་པ་གཏོང་བའི་ཆེད་ངག་འཇམ་དང་ཚིག་སྙན་ཞིག་ཡིན་སྲིད་ནའང་། པཱ་ལ་རྒྱལ་པོ་ཚོས་བོད་ཀྱི་ཕོ་བྲང་དུ་རྟེན་འབུལ་གཏོང་སྲོལ་ཡོད་པ་རེད། འོན་ཀྱང་། པཱ་ལའི་སྲིད་གཞུང་གིས་བོད་ནང་གི་ནང་པའི་སློབ་གཉེར་ཁང་རྣམས་ལ་རྒྱབ་སྐྱོར་བྱེད་ངེས་པའི་རེ་བ་ཞིག་ཡོད་སྲིད། ཕྱོགས་གཞན་ཞིག་ནས་ཐང་རྒྱ་ནག་ལ་ནང་པའི་དགོན་པ་ཁག་ལ་སྲིད་གཞུང་གི་རོགས་སྐྱོར་དེ་གཞུང་གི་སྟངས་འཛིན་ཁོ་ན་ལ་བརྟེན་ནས་ཐོབ་ཀྱི་ཡོད།

ནང་ཆོས་ནི་ཡང་ནས་ཡང་དུ་གཞུང་ཟུང་སྦྲེལ་གྱི་སྦྱིན་བདག་དང་ཧན་རྒྱ་ནག་གི་སྟངས་འཛིན་འོག་ཏུ་གནས་པ་དང་དེ་ཡང་དམིགས་བསལ་བྱང་གི་ཕྱོགས་སུ་དེ་ལྟར་གནས་པ་རེད། འོན་ཀྱང་། དབང་སྒྱུར་ལྷན་ཚོགས་རྣམས་ཡང་ནས་ཡང་དུ་འགྲན་བསྡུར་དང་གོ་དབང་ནས་གནས་དབྱུང་བཏང་བ་སོང་ཙང་། ཆོས་ལུགས་ནི་ཡང་སེ་བརྟན་ཆ་མེད་པའི་གཞི་ཞིག་གི་ཐོག་གནས་ཀྱི་ཡོད། དཔེར་ན། ཏོ་བྷ་ (Toba) བྱང་ཕྱོགས་ཝེའི་རྒྱལ་རྒྱུད་ (༣༨༦-༥༣༥) ལ་ཁུལ་དེར་ནང་པའི་དགོན་པ་ཚོར་འཛིན་སྐྱོང་བྱེད་ཆེད་འགོ་འཛིན་གྲྭ་པ་རྒྱལ་པོ་རང་གིས་འདེམ་བསྐོ་བྱས་པའི་གཞུང་ལས་ཁང་ཞིག་ཡོད་པ་རེད། དགོན་པའི་ནང་གི་གྲྭ་པ་སྐྱོན་ཅན་རབ་བྱུང་གི་ཚུལ་ཁྲིམས་འཕྱར་ངོམ་བྱེད་པ་དང་གོ་གནས་ལ་ལོག་སྤྱོད་བྱེད་མཁན་རྣམས་དགོན་པ་ནས་ཕྱིར་འབུད་གཏོང་བའི་དབང་ཆ་དེ་གཞུང་ལས་ཁང་ལ་ཡོད་པ་རེད། གཞུང་ལས་ཁང་གིས་ནམ་རྒྱུན་ཁྲིམས་དང་དང་མཐུན་པར་སྟངས་འཛིན་གྱི་བྱེད་ལས་ཁག་ལག་བསྟར་བྱེད་ཀྱི་ཡོད། ཡིན་ནའང་། བཙན་པོའི་ནང་ཆོས་ལ་རྒྱབ་སྐྱོར་བྱེད་པ་དེར་ཕྲག་དོག་བྱེད་མཁན་གྱི་བློན་པོ་ཚོའི་སྟངས་འཛིན་གྱི་འོག་ཏུ་གཞུང་ཚུད་པའི་སྐབས། ཇི་ལྟར་ཕྱི་ལོ་ ༤༤༦ ལོར་བྱུང་བ་ལྟར། གཞུང་ལས་ཁང་དེ་རྩ་གྲོལ་བཏང་བ་དང་ནང་པ་ཚོའི་ཁ་གཏད་དུ་ཆོས་ལུགས་ཀྱི་སྡུག་སྦྱོང་ཆ་ཚང་བ་བཏང་ཡོད།
 
ཆོས་ཀྱི་ལྷན་ཁང་གསར་འཛུགས་གནང་བའི་ནང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཕལ་ཆེར་ཧན་རྒྱ་ནག་གི་དཔེའི་རྗེས་སུ་འབྲངས་ཡོད་སྲིད་ཀྱང་། ཁོང་གིས་དེ་དང་མཉམ་དུ་རྒྱ་གར་དང་བོད་ཀྱི་རྒྱུ་ཆ་ཁག་གཅིག་ཀྱང་མཉམ་བསྲེ་བཏང་ཡོད་པ་རེད། རྒྱ་གར་དང་བལ་པོའི་བྱེད་སྲོལ་དང་བསྟུན་ནས་སྲིད་གཞུང་ནས་ནང་མི་ཁག་གཅིག་ལ་ཁྲལ་ཆག་ཡང་གཏོང་བ་དང་དེའི་ཚབ་ལ་ཁོང་ཚོས་དགོན་པ་དང་གྲྭ་པ་ཚོར་མཁོ་ཆས་མཐུན་སྦྱོར་བྱ་རྒྱུའི་འགན་སྤྲད་པའི་སྒོ་ནས་དགོན་པ་ཁག་ལ་རོགས་སྐྱོར་བྱེད་ཀྱི་ཡོད། ཧན་རྒྱ་ནག་ཏུ་ཡོད་པ་ནང་བཞིན་དགོན་པ་དེ་དག་གིས་རྒྱལ་ཁབ་ཀྱི་བདེ་དོན་ཆེད་ཆོ་གའི་རིགས་བསྒྲུབ་ཀྱི་ཡོད། དེ་ཡང་བོད་རང་གི་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྔོན་དུ་ཡོད་པའི་གཤེན་རྣམས་ཀྱིས་བཙན་པོའི་ཕོ་བྲང་དུ་ཞབས་ཏོག་བྱེད་པ་དང་ཆོ་གའི་རིགས་སྒྲུབ་སྲོལ་ཡོད་པའི་བོད་ཀྱི་ལུགས་སྲོལ་དུས་ཡུན་རིང་པོ་ནས་ཡོད་པ་དེ་དང་ཡང་བསྟུན་གྱི་ཡོད། ཇི་ལྟར་ཧན་རྒྱ་ནག་གི་ལུགས་ལྟར་བྱས་ན། གཞུང་ལས་ཁང་གིས་ནང་ཁུལ་གྱི་ནང་པའི་གནད་དོན་ཁག་ལ་སྟངས་འཛིན་བྱེད་ཀྱི་ཡོད་ནའང་། རྒྱ་གར་གྱི་ལུགས་ལྟར་བྱས་ན། དེས་གཞུང་གི་སྟངས་འཛིན་ལས་རང་སྐྱོང་ལ་ལོངས་སུ་སྤྱོད་ཀྱི་ཡོད།
 
བོད་ཀྱི་ཕོ་བྲང་ནང་གསལ་སྣང་ནི་རྒྱ་གར་གྱི་ཉེ་ཕྱོགས་རིགས་ཀྱི་ཚོགས་མི་གཙོ་བོ་དེ་ཡིན་པ་དང་ཆོས་ཀྱི་ལྷན་ཁང་གི་འགོ་ཁྲིད་དང་པོ་དེ་ཡིན་པའི་ཆ་ནས་རང་བཞིན་གྱིས་རྒྱ་གར་དང་མཉམ་དུ་འབྲེལ་ཐག་ཉེ་བའི་གཟིགས་སྐྱོང་ཡོད་པ་དང་ཐང་རྒྱ་ནག་དང་མཉམ་དུ་འབྲེལ་བ་སྐྱོ་བ་ཡོད་པ་རེད། གཞན་ཡང་ཁོང་དམིགས་བསལ་ཧན་རྒྱ་ནག་གི་ལུགས་ཀྱི་གཞུང་གི་སྟངས་འཛིན་ནམ་ནང་ཆོས་ལ་སྡུག་སྦྱོང་སྤོང་རྒྱུའི་ཐད་ལ་སེམས་འཁུར་ཡོད་པ་རེད། འོན་ཀྱང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དོན་གྱི་འཐབ་ཕྱོགས་ཐད་ཐང་རྒྱ་ནག་ལ་གུས་འདུད་བྱས་པ་ཙམ་རེད། འདིས་བོད་ཀྱི་རྒྱལ་པོའི་ཕོ་བྲང་ནང་རྒྱ་ནག་གི་ཉེ་ཕྱོགས་ཀྱི་ཤོག་ཁག་གི་ལག་རོགས་ཤུགས་ཆེ་རུ་བཏང་ཡོད། གཞུང་གི་དགོན་པ་ཁག་ལ་སྟངས་འཛིན་དེ་ཧན་རྒྱ་ནག་ལུགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་པར། བཙན་པོ་ལ་ནན་སྐུལ་བྱེད་པའི་གནས་སྟངས་ཤོག་ཁག་འདི་ལ་བསླེབ་ཡོད། དེ་ག་ནང་བཞིན་ཕོ་བྲང་དུ་ཡོད་པའི་རྙིང་ཞེན་ཅན་རྣམས་ཀྱིས་ཐང་རྒྱ་ནག་དང་མཉམ་དུ་བཀོད་སྒྲིག་བྱས་པའི་འབྲེལ་བ་བརྟན་པོ་དེའི་ཁ་གཏད་དུ་ཡ་ལན་བསློག་པའི་གནས་སྟངས་ཀྱང་བསླེབ་ཡོད་པ་དང་། ནང་ཆོས་ཚུད་པའི་དེ་རང་གི་ཕྱི་རོལ་ཤུགས་གནོན་གྱི་ཕྱིར་འབུད་དེ་བསྐྱར་གསོ་བྱ་རྒྱུ་དེ་རེད།
 
གསལ་སྣང་དང་ཆོས་ཀྱི་ལྷན་ཁང་གིས་ལས་དོན་མགྱོགས་པོ་དང་ཐག་ཆོད་པོའི་སྒོ་ནས་བྱེད་དགོས་ཀྱི་ཡོད། དེའི་ཐབས་ནི་ལྷན་ཚོགས་ཀྱི་གོ་གནས་སྲ་བརྟན་བཟོ་རྒྱུ་དེ་རེད། དེ་ལྟར་བྱུང་ན་དེ་ནི་རང་སྐྱོང་ལྡན་པ་ཞིག་ཆགས་པ་ཙམ་དུ་མ་ཟད། དེ་ལ་གཞུང་གི་ཐད་ཤུགས་གནོན་ཆེན་པོ་ཞིག་ཀྱང་ཡོད་པ་རེད། དེར་བརྟེན་གསལ་སྣང་གིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་ཡིད་ཆེས་རྙེད་པར་བྱས་ཏེ། ཆོས་ཕྱོགས་ལྷན་ཚོགས་ཀྱི་ཚོགས་མི་རྣམས་བློན་ཆེན་སྡེ་ཚན་གྱི་ཚོགས་འདུ་ཚང་མར་བཞུགས་ཆོག་པ་དང་ཁོང་གི་བློན་པོ་རྣམས་ལ་བཀག་འགོག་བྱེད་པའི་དབང་ཆ་དང་ལྡན་པ་བཟོས་པ་རེད། བོད་ཀྱི་མཁན་པོའི་ཐོག་མའི་ལམ་སྟོན་འོག་ཆོས་ཕྱོགས་ལྷན་ཚོགས་དེ་གང་མྱུར་རྒྱལ་པོའི་བློན་ཆེན་ལྷན་ཚོགས་ལས་ཀྱང་དབང་ཆ་ཆེ་བ་ཆགས་པ་རེད།

ཕྱི་མིར་འཇིགས་མཁན་རྣམས་ཕྱིར་འབུད།

ལས་འགུལ་དང་པོ་ཡིན་པའི་ཆ་ནས་ཕྱི་ལོ་ ༧༨༤ ལོར་ཆོས་ཀྱི་ལྷན་ཁང་གིས་རྙིང་ཞེན་ཅན་གྱི་ཕྱི་མིར་འཇིགས་མཁན་རྣམས་ཕྱིར་འབུད་འགོ་བརྩམས་པ་དང་། དེའི་འགོ་ཁྲིད་རྣམས་དེང་སང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ནུབ་བྱང་ཡུ་ནན་ཞིང་ཆེན་ཡོད་པའི་གིལ་གིཏ་ (Gilgit) དང་ནན་ཀྲའོ་ (Nanzhao) ལ་བཙན་བྱོལ་དུ་བཏང་བ་རེད། ཤོག་ཁག་འདིས་ལོ་ངོ་ཉི་ཤུ་རྩ་དགུའི་གོང་དུ་རྒྱལ་པོའི་ཡབ་ལྐོག་གསོད་བཏང་ནས་བཀྲོངས་པ་དང་ལོ་དྲུག་གི་རིང་ནང་ཆོས་ལ་སྡུག་སྦྱོང་གཏོང་བར་རྒྱུད་སྐུལ་བྱས་པ་སོང་ཙང་། ཁོང་ཚོས་གསལ་པོའི་སྒོ་ནས་འཇིགས་སྐུལ་ཆེ་ཤོས་དེ་བྱས་ཡོད།
 
དུས་རབས་ ༡༢ པའི་ནང་གི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དེབ་ཐེར་ཁག་ནས་བྱུང་རྐྱེན་དེ་ནི་ནང་ཆོས་ཀྱི་འགལ་ཟླར་ལངས་མཁན་བོན་གྱི་གཤེན་རྣམས་ལ་སྡུག་སྦྱོང་གཏོང་བ་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད། དུས་ཕྱིས་སུ་གིལ་གིཏ་དང་ནན་ཀྲའོ་ལ་ཡོད་པའི་གཡུང་དྲུང་བོན་གྱི་རྗེས་འབྲང་བ་རྣམས་ཡོད་པ་དེས་རྒྱང་འབུད་བཏང་བའི་ནང་ནས་མང་པོ་ཞིག་གིས་ནང་ཆོས་སྔོན་གྱི་བོད་ཀྱི་བོན་ལུགས་ཀྱི་རྗེས་སུ་འབྲངས་ཡོད་པ་སྟོན་གྱི་ཡོད་ནའང་། ཕྱིར་འབུད་དེ་ནི་གཞི་རྩའི་ཆ་ནས་བཤད་ན་ཆབ་སྲིད་ཀྱི་རང་བཞིན་རེད། དེ་ནི་ཆོས་ལུགས་དང་གྲུབ་མཐའི་ཁྱད་པར་ལ་གཞི་བྱས་མེད། དུས་རབས་ ༡༡ པ་མཇུག་མ་སྒྲིལ་གོང་དུ་གང་ལྟར་ཡང་གཡུང་དྲུང་བོན་གྱི་ཆོས་ལུགས་ཤིག་མིན་པ་དང་བོན་ཞེས་པའི་ཐ་སྙད་དེ་ནི་བཙན་པོའི་ཕོ་བྲང་ནང་གི་ཕྱི་མིར་འཇིགས་པའི་འགལ་ཟླའི་ཤོག་ཁག་དེ་ཙམ་ལ་གོ་བ་ཡིན།
 
ནང་ཆོས་ཀྱི་སློབ་དཔོན་དང་བོད་རང་གི་སྲོལ་རྒྱུན་བར་ཕན་ཚུན་མཉམ་རུབ་ཐོག་ད་བར་བསམ་ཡས་གཙུག་ལག་ཁང་དུ་དེ་དག་སོ་སོའི་གཞུང་ལུགས་རྣམས་ཡིག་སྒྱུར་བྱས་ཡོད། འོན་ཀྱང་། དེའི་སྐབས་ཆབ་སྲིད་ཀྱི་གནས་སྟངས་དེ་ཧ་ཅང་བརྟན་པོ་མེད་པའི་རྐྱེན་གྱིས་དྲན་པ་ནམ་མཁའ་ཞེས་བྱ་བ་བསམམ་ཡས་སུ་བཞུགས་པའི་བོད་རང་གི་སྲོལ་རྒྱུན་ལམ་ལུགས་འཛིན་མཁན་གྱི་དབུ་འཛིན་གཙོ་བོ་ཡིན་པ་ཁོང་གིས་གཞུང་མང་ཆེ་བའི་ངོ་བཤུས་སྲུང་སྐྱོབ་ཆེད་དུ་བསམ་ཡས་གཙུག་ལག་ཁང་གི་རྩིག་པ་སེར་ཀ་གས་པའི་ནང་སྦས་པ་རེད། ཕྱིས་སུ་བོད་ཀྱི་བོན་པོའི་ལོ་རྒྱུས་ཁག་གི་ནང་གསལ་བ་ལྟར་ན། ཆོས་ཕྱོགས་ཀྱི་སྡུག་སྦྱོང་ལ་རྒྱབ་སྐྱོར་བྱེད་བཞིན་དུ་ཁོས་བསམ་ཡས་སུ་མུ་མཐུད་གནས་པ་དང་དཔེ་ཆ་དེ་དག་སྲུང་སྐྱོབ་ཀྱི་ཆེད་དུ་ནང་ཆོས་ངོས་ལེན་ཁུལ་གྱི་ཟོག་རྫུ་བྱས་པ་རེད་ཅེས་ཤོད་ཀྱི་ཡོད། ཡིན་ནའང་། ཁོང་གི་ཀུན་སློང་ལ་མ་ལྟོས་པར། བོད་རང་གི་སློབ་དཔོན་དྲན་པ་ནམ་མཁའ་བསམ་ཡས་སུ་བཞུགས་ཡོད་པ་ནི་གསལ་པོ་རེད། ཕྱིར་འབུད་ཀྱི་རྗེས་སུ་ཁོང་གིས་རང་གི་སྲོལ་རྒྱུན་བོན་གྱི་ལུགས་དང་ནང་ཆོས་འདྲེས་མ་ཞིག་སྐད་གྲགས་ཆེ་བའི་བོད་ཀྱི་མཁས་པ་ལོ་ཆེན་བཻ་རོ་ཙ་ན་ལྟ་བུར་གསུངས་ཡོད་པ་རེད།
 
བོད་ཀྱི་བོན་དང་ནང་ཆོས་ཀྱི་ཆོས་འབྱུང་ཁག་གི་ནང་བྱུང་རྐྱེན་ཁག་ཡང་སེ་སོ་སོའི་ཆབ་སྲིད་ཀྱི་གྲོས་གཞི་ལ་གཞིགས་ནས་བཤད་པ་རྒྱག་གི་ཡོད། འོན་ཀྱང་། བོད་ཀྱི་ལོ་རྒྱུས་འབྱུང་ཁུངས་ཁག་ནས་བོད་རང་གི་ཉམས་ལེན་པ་དྲན་པ་ནམ་མཁའ་དང་ཁོང་གི་རྗེས་འབྲང་པ་སུ་གཅིག་ལའང་སོ་སོའི་ལམ་ལུགས་དང་དད་པ་སྤངས་ནས་ནང་ཆོས་སུ་སྒྱུར་དགོས་ཞེས་བརྗོད་ཀྱི་མེད། བོད་རང་གི་ཆེས་ཐོག་མའི་སྲོལ་རྒྱུན་ལམ་ལུགས་དང་ནང་ཆོས་གཉིས་མ་མཐར་ཡང་རྒྱལ་པོ་སྲོང་བཅན་སྒམ་པོའི་སྐུ་དུས་ནས་བཟུང་སྟེ། ཕན་ཚུན་འདྲེས་ནས་ཡོད་ཤས་ཆེ། བོད་ཀྱི་རྒྱལ་པོ་དང་པོས་སྲོལ་རྒྱུན་ལམ་ལུགས་གཉིས་ཀའི་ཆོ་གའི་རིགས་བསྒྲུབ་དགོས་པའི་བཀའ་མངགས་གནང་ཡོད་པ་དང་དྲན་པ་ནམ་མཁས་དེ་མུ་མཐུད་པ་དང་ད་དུང་འཕེལ་ཕྱོགས་འདི་ལ་མཐུན་རྐྱེན་ཀྱང་སྦྱོར་ཡོད་སྲིད་པ་རེད། ཆོས་ལུགས་ཕན་ཚུན་གྱི་ཤུགས་རྐྱེན་དེ་གཅིག་གིས་གཞན་ལ་ཐེབས་ཡོད་པ་ནི་རང་བཞིན་གྱིས་བྱུང་ཡོད་པ་དང་བསམ་ཡས་སུ་ཆོས་ལུགས་གཉིས་ཀའི་སློབ་དཔོན་རྣམས་མཉམ་འཛོམས་ཡོད་པའི་རྐྱེན་གྱིས་ཡར་རྒྱས་ཕྱིན་ཡོད།

བཙན་པོའི་ཕོ་བྲང་ནས་ཕྱིར་འབུད་བཏང་བའི་ཕྱི་མིར་འཇིགས་པའི་ཆབ་སྲིད་ཀྱི་ཤོག་ཁག་ཚང་མ་མིན་ནའང་མང་ཆེ་བས་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་སྲོལ་རྒྱུན་གྱི་རྗེས་སུ་འབྲངས་ཡོད། ཡིན་ནའང་། ཇི་ལྟར་ཆོས་འབྱུང་ཁག་ནས་ང་ཚོས་ཡིད་ཆེས་བྱེད་དུ་འཇུག་ངེས་པ་ལྟར། དེ་ནི་ཆོ་གའི་ཉམས་ལེན་པ་ཚང་མའམ་ཡང་ན་དེའི་ལམ་ལུགས་ཀྱི་ཆ་རྐྱེན་ཚང་མ་བོད་ནས་མཐར་སྐྲོད་བཏང་ཡོད་པའི་དོན་ཡིན་དགོས་ངེས་མིན། ཕྱི་ལོ་ ༨༢༡ ལོར་དམར་མཆོད་ཚུད་པའི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་སྲོལ་རྒྱུན་གྱི་ལུགས་ལྟར་ཆོ་གའི་རིགས་ཆ་ཚང་བ་བསྒྲུབས་པའི་སྒོ་ནས་ཐང་རྒྱ་ནག་དང་མཉམ་དུ་ཞི་བའི་ཆིངས་ཡིག་གཉིས་པ་དེ་མཇུག་སྒྲིལ་བ་རེད། གཡུང་དྲུང་བོན་གྱི་སྲོལ་གཏོད་པ་པོ་དང་རིས་མེད་བོན་ནམ་ནང་པའི་སློབ་དཔོན་རྣམས་དུས་རབས་ ༡༡ པའི་འགོ་སྟོད་ལ་དྲན་པ་ནམ་མཁས་སྦས་པའི་དཔེ་ཆ་དེ་དག་གཏེར་ལས་བཏོན་པ་རེད། བདེན་དོན་དེ་གཉིས་ཀྱིས་བོད་ཀྱི་ཆོས་ཕྱོགས་ལྷན་ཚོགས་ཀྱིས་ནང་ཆོས་སུ་བཙན་ཤེད་ཀྱི་སྒྱུར་བའི་སྲིད་བྱུས་ཤིག་ལག་བསྟར་བྱས་མེད་པ་དེ་གསལ་པོའི་སྒོ་ནས་སྟོན་གྱི་ཡོད། དེ་དག་གིས་ཐ་ན་ཕྱི་ལོ་ ༧༨༤ ལོའི་ཕྱིར་འབུད་ཀྱི་རྗེས་སུ་ས་སྐྱེས་རྡོ་སྐྱེས་ཀྱི་དད་པའི་ལམ་ལུགས་དེས་མུ་མཐུད་ནས་བོད་དབུས་སུ་བཟོད་སྒོམ་བྱས་ཡོད་པ་དེའང་སྟོན་གྱི་ཡོད།

ཐང་རྒྱ་ནག་གི་ཉེ་ཕྱོགས་ནུས་མེད་བཟོ་བ།

ཕྱི་ལོ་ ༧༨༤ ལོའི་དག་ཐེར་གྱི་རྗེས་སུ་བོད་གཞུང་དེ་འགལ་ཟླའི་ཤོག་ཁག་གཉིས་ཀྱི་ནང་ལྷག་པ་རེད། བློན་པོ་འགའ་ཞིག་ནི་ཐང་རྒྱ་ནག་གི་ཕྱོགས་གཏོགས་བྱེད་མཁན་བོད་བྱང་ཤར་ཁུལ་ནས་ཡིན་པའི་དབང་ཤུགས་ཅན་གྱི་རིགས་དང་ཤུལ་འཛིན་བུད་མེད་བཙུན་མོ་ཁྲི་མ་ལོད་ཡོང་ས་ནས་བསླེབས་ཡོད་པ་རེད། བློན་པོ་གསལ་སྣང་གི་ཁོངས་གཏོགས་ཤོག་ཁག་གཞན་དེ་ནི་ཐང་གི་ཕོ་བྲང་ལ་ཡིད་ཆེས་མེད་མཁན་བོད་དབུས་ནས་ཡིན་པའི་ཁ་གཏད་ཅན་གྱི་རུས་རྒྱུད་ནས་བསླེབས་པ་དང་། དེའི་ཁ་གཏད་དུ་མུ་མཐུད་ནས་དམག་འཁྲུག་རྒྱག་པར་སེམས་ཤུགས་སྤར་བ་དང་རྒྱ་གར་པཱ་ལ་དང་མཉམ་དུ་འབྲེལ་བ་ཉེ་རུ་དང་ཆོས་ཀྱི་ལྷན་ཁང་ཤུགས་ཆེ་བ་ཞིག་བཙལ་བ་རེད།
 
ཕྱི་ལོ་ ༧༨༦ ལོར་ལོ་གསུམ་རིང་གི་ཐང་རྒྱ་ནག་དང་མཉམ་དུ་ཞི་བའི་གྲོས་མཐུན་དེ་མཇུག་རྫོགས་པ་རེད། ཡུ་གུར་ཚོས་ཐང་དབང་སྒྱུར་ལྷན་ཚོགས་ཀྱི་ཁ་གཏད་དུ་ཆུ་ཆུའི་ (༧༨༣-༧༨༤) གྱེན་ལོག་ལ་རོགས་སྐྱོར་བྱས་པ་དང་བོད་མི་ཚོས་ཐང་དམག་དཔུང་གིས་ཁོང་ཚོར་ཕམ་པར་བྱེད་པར་རོགས་སྐྱོར་བྱས། ཐང་ཕོ་བྲང་ནས་རོགས་སྐྱོར་གྱི་གསོལ་རས་ཚུལ་དུ་ཏུར་ཧྥན་དང་བེཤ་བ་ལིག་གཉིས་བོད་ལག་ཏུ་སྤྲོད་རྒྱུར་དམ་བཅའ་བྱས་ཀྱང་། ཐང་གོང་མས་གྲོས་མཐུན་དེ་ལ་སྣང་མེད་བཏང་བ་སོང་ཙང་། བོད་མི་ཚོས་ཐང་རྒྱ་ནག་ལ་འཐབ་རྒོལ་བྱས་པ་རེད།
 
དེའི་རྗེས་ཀྱི་ལོ་ལྔའི་ནང་བོད་ཀྱིས་ཐང་རྒྱ་ནག་ལས་ཏུན་ཧོང་དབང་སྒྱུར་བྱས་ཤིང་། ཏུར་ཧྥན་དང་བེཤ་བ་ལིག་གཉིས་ཀྱི་ཆེད་དུ་ཡུ་གུར་དང་མཉམ་དུ་འགྲན་སྡུར་བྱེད་པ་ལས་ཐང་རྒྱ་ནག་གི་དམག་དཔུང་ཕྱིར་འབུད་བཏང་ནས་དམིགས་བསལ་ལི་ཡུལ་དང་བཅས་ལྷོ་ཏ་རིམ་བྷ་སིན་མངའ་ཁུལ་ལ་དབང་སྒྱུར་ཤུགས་ཆེན་བྱ་རྒྱུར་སླར་ཡང་དམ་བཅའ་བཞག་ཡོད། ཡུ་གུར་ཚོས་གནས་སྟངས་ལ་ཁེ་ཕན་བླངས་ནས་ཁོང་ཚོའི་མིང་ཙམ་གྱི་མངའ་འབངས་གར་ལོག་རྣམས་ཇུན་གར་དང་ནུབ་བྱང་ཏུར་ཀིའི་ཆ་ཤས་ཁག་གི་ནང་བཙན་འབུད་བཏང་བ་དང་ཐང་རྒྱ་ནག་ནས་ཀུ་ཆ་བླངས་པ་རེད། འོན་ཀྱང་། ཐང་རྒྱ་ནག་དམག་དཔུང་གིས་བོད་ཀྱིས་ཀན་སུའུའི་སྐམ་རྒྱུད་སྲང་ལམ་དབང་སྒྱུར་ལ་རྩོད་ལེན་མུ་མཐུད་ནས་བྱས་པ་ཡོད།
 
གཉན་འཕྲང་གི་གནས་སྐབས་འདིའི་བོད་རྒྱའི་འབྲེལ་བའི་ནང་། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་སུ་རྩོད་པ་སྐད་གྲགས་ཅན་དེ་འདུ་སྐོང་གནང་ཤིང་། དེ་ལ་བསམ་ཡས་རྩོད་པ་ཞེས་ཕྱི་ལོ་ ༧༩༢ ནས་ ༧༩༤ བར་བྱུང་། དེའི་སྐབས་ཀྱི་བྱང་རྒྱ་གར་གྱི་ནང་པའི་སྐུ་ཚབ་ཚོས་ཧན་རྒྱ་ནག་གི་ནང་པའི་གྲྭ་པ་ཚོ་ཕམ་པར་བྱས། དེ་ལྟར་མཐར་ཐུག་བོད་དུ་ནང་ཆོས་ཉམས་ལེན་གཙོ་བོ་དེ་ནི་རྒྱ་གར་བྱང་གི་ལུགས་དེ་ཡིན་པ་ལས་རྒྱ་ནག་ཧན་གྱི་ལུགས་དེ་མིན་པར་ཐག་གཅོད་བྱས་ཡོད། སྨན་གྱི་ལུགས་དང་ལེན་བྱེད་དགོས་མིན་ཐད་ལ་དེ་དང་འདྲ་བའི་རྩོད་གླེང་དང་འགྲུབ་འབྲས་ཤིག་ཀྱང་བྱུང་ཡོད། ཡར་རྒྱས་དེ་ནི་གང་ལྟར་ཡང་རྒྱ་གར་ནང་པའི་གྲུབ་མཐའ་དང་སྨན་གྱི་ཉམས་ལེན་ཡིན་པ་ནང་བཞིན་འདི་ནི་ཐང་རྒྱ་ནག་གི་ཤོག་ཁག་ལ་རྒྱབ་འགལ་དུ་གྱུར་བའི་ཆབ་སྲིད་ཀྱི་ལྟ་བའི་རྒྱལ་ཁ་ལྟ་བུ་ཞིག་ཡིན་པ་རེད། ཆོས་ཀྱི་ལྷན་ཁང་གིས་ཐེ་ཚོམ་མེད་པའི་སྒོ་ནས་ཐང་རྒྱ་ནག་ཤོག་ཁག་གི་ཉེ་ཕྱོགས་ཀྱི་ཁ་གཏད་དུ་རྒྱ་གར་གྱི་ཉེ་ཕྱོགས་ལ་རྒྱབ་སྐྱོར་བྱས་ཡོད། དེར་མ་ཟད། གསལ་སྣང་ནི་རྩོད་གླེང་མང་ཆེ་བའི་སྐད་སྒྱུར་བ་ཡིན་པ་སོང་ཙང་། འགྲུབ་འབྲས་ལ་ཤུགས་རྐྱེན་སྤྲོད་པའི་གོ་སྐབས་དེ་ཁོང་ལ་ཡོད་པ་སྟོན་གྱི་ཡོད།

སོག་ཌི་ཡའི་ (Sogdia) ནང་བོད་ཀྱི་སྲིད་བྱུས་ཕྱོགས་བསྡོམས།

ཕྱི་ལོ་ ༧༩༧ ལོར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལས་ཡོལ་ཞུས་ཤིང་། དེའི་ལོ་རྗེས་མར་ཁོང་དགོངས་པ་རྫོགས་པ་དང་། ཁོང་གི་སྲས་མུ་ནེ་བཙན་པོས་ (སྲིད་བསྐྱངས་ལོ། ༧༩༧-༨༠༠) རྒྱུད་འཛིན་བྱས། ཁོང་གི་རྗེས་སུ་སྲས་གཉིས་པ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་ (སྲིད་བསྐྱངས་ལོ། ༨༠༠-༨༡༥) ཀྱིས་རྒྱུད་འཛིན་བྱས། ཁྲི་ལྡེ་སྲོང་བཙན་སད་ལ་ལེགས་ཀྱི་སྐུ་དུས་སུ་ཁ་ལིཧྥ་ ཨལ་མ་མུན་ (Caliph al-Ma’mun) གྱིས་བོད་དེ་འཇིགས་སྐུལ་བྱེད་པའི་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་མཐོང་བ་དེ་ནི་མཐའ་གཅིག་ཏུ་ཁུངས་སྐྱེལ་བྱས་ཡོད། དམིགས་བསལ་བོད་དང་དེའི་མནའ་འབྲེལ་རྣམས་སོག་ཌི་ཡ་ལ་སྡིགས་ར་སྐུལ་བ་དང་གྱེན་ལངས་ལ་རྒྱབ་སྐྱོར་བྱེད་པའི་སྐབས་སྟོབས་ཤུགས་ཅན་དུ་མཐོང་གི་ཡོད། འོན་ཀྱང་། ཁོང་གི་བོད་ཀྱི་ཀུན་སློང་ལ་དཔྱད་པ་དང་དེའི་རྗེས་སུ་ཁོང་གིས་རྩོད་རྙོག་དེ་ཆོས་དམག་ཏུ་ཁྱབ་བསྒྲགས་བྱེད་པ་ནི་ནོར་བ་ཞིག་རེད།

དེས་ཤར་ཏུར་ཀི་ལ་དབང་སྒྱུར་དེ་སླར་ཡང་རྩ་འཛུགས་བྱས་པ་དང་བོད་ཀྱིས་ས་ཁོངས་དེ་ནུབ་ཏུར་ཀིའི་ནང་དུ་རྒྱ་སྐྱེད་གཏོང་རྒྱུར་འབད་ཀྱིན་ཡོད་ངེས་རེད་ལ། དེ་ལ་བརྟེན་ནས་དགྲ་བོའི་དབང་སྒྱུར་སྲ་བརྟན་མེད་པ་བཟོ་ཐབས་བྱེད་ངེས་རེད། ཡིན་ནའང་། བོད་ནི་དེའི་དགྲ་བོའི་ཆོས་ལུགས་ལ་སྣང་ཆུང་བྱེད་པའི་ཐད་ལ་སེམས་ཁུར་མེད་པ་རེད། གྲྭ་པ་ཚོའི་ཆོས་ཀྱི་ལྷན་ཁང་ནི་རྒྱལ་ཁབ་ནང་ལ་ནང་ཆོས་འཕེལ་རྒྱས་འགྲོ་བར་ངེས་བརྟན་བཟོ་བའི་ཕྱིར། བོད་ནང་ལོགས་ཀྱི་རྩོད་མེད་དབང་ཆ་ཐོབ་པར་ཧ་ཅང་ཞེན་ཅིང་ཆགས་ནས་ཡོད། དེས་ནམ་ཞིག་དེ་ལ་རྒྱབ་འགལ་བྱེད་པའམ་སྟངས་འཛིན་བྱེད་ཐབས་བྱེད་སྲིད་པའི་ཤོག་ཁག་གི་གཞུང་དེ་མེད་པ་བཟོས་ནས་དེའི་བྱེད་སྒོ་གཙོ་བོ་ནི། ལེགས་སྦྱར་སྐད་ནས་བོད་སྐད་དུ་ཚད་ལྡན་གྱི་ཡིག་སྒྱུར་ཚིག་མཛོད་ཅིག་ཕྱོགས་བཏུས་བྱ་རྒྱུ་དང་དཔེ་ཆ་གང་ཞིག་སྒྱུར་དགོས་པའི་ཐད་ལ་སྒྲིག་སྲོལ་ལྟར་གཏན་འབེབས་བཟོ་རྒྱུ་དེ་རེད། དེ་ལྟར་བྱུང་ན། ནང་ཆོས་དེ་གོ་བ་ཡག་ཤོས་ལེན་ཐུབ་པ་དང་ཡང་དག་པ་གནས་ཀྱི་རེད། དེ་ནི་ཆོས་ལུགས་གཞན་དག་གམ་ཡང་ན་ནང་ཆོས་དེ་བོད་ཕྱི་ནང་གང་རུང་དུ་དར་ཁྱབ་འགྲོ་བཞིན་པར་སེམས་འཁུར་མེད་པ་རེད།

དེར་མ་ཟད། ཁོང་ཚོའི་ཨབྦ་སི་དའི་རྒྱབ་འགལ་གྱི་གྱེན་ལོག་པའི་ནང་མུ་ས་ལེ་མི་ཡ་ (Musalemiyya Islam) ཁ་ཆེ་དང་མེ་ནི་ཁེན་ཤི་ཡའི་ (Manichaean Shia) ཆོས་ལུགས་ཀྱི་རྗེས་སུ་འབྲང་མཁན་སོག་ཌི་ཡའི་མི་རིགས་ལ་རྒྱབ་སྐྱོར་ཆེད་བོད་ཀྱིས་ཁོང་ཚོའི་ཆོས་བརྒྱུད་ལ་མཐུན་འགྱུར་རྩ་བ་ནས་བྱེད་ཀྱིན་མེད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་གྱི་ནང་ཆོས་བོད་ཀྱི་རྟེན་ས་གཙོ་བོར་འདེམ་སྒྲུག་གནང་བ་དེས་མེ་ནི་ཁིའི་ཆོས་ལུགས་ཀྱང་ངོས་བཞེས་གནང་མེད་པ་གསལ་པོ་རེད། ཁོང་ཚོས་མེ་ནི་ཁིའི་ཆོས་ལུགས་ནི་ནང་ཆོས་ཀྱི་གཏིང་ཐུང་བའི་ལད་ཟློས་ཤིག་ཡིན་པ་དང་དེ་ནི་རྫུན་ལ་གཞི་བྱས་ཡོད་ཅེས་ཐང་རྒྱ་ནག་གོང་མ་ཤུའན་ཙུང་གི་དཔྱད་ཞིབ་དེ་བསྐྱར་ཟློས་བྱེད་ཀྱི་ཡོད།

རྒྱལ་པོ་ཁྲི་རལ་པ་ཅན།

ཕྱི་ལོ་ ༨༡༥ ལོར་ཨབྦ་སི་དས་བོད་ཀྱི་མངའ་འབངས་ཀ་བུལ་གྱི་ཤཱ་ (Shah of Kabul) ཕམ་ཉེས་བཏང་ཐུབ་པ་དང་། དེའི་རྗེས་ཀྱི་ལོའི་ནང་བོད་ཀྱིས་དབང་སྒྱུར་བྱེད་པའི་གིལ་གིཏ་ནང་གློ་བུར་བཙན་འཛུལ་བྱེད་པའི་རྒྱུ་མཚན་གཙོ་བོའི་ནང་གི་གཅིག་ནི་ལོ་དེའི་ནང་བོད་ཀྱི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སྐུ་གཤེགས་པ་ཡིན་པ་གོར་མ་ཆག བོད་ཀྱི་བཙན་པོ་གསར་པ་ཁོང་གི་སྲས་ཁྲི་རལ་པ་ཅན (སྲིད་བསྐྱངས་ལོ། ༨༡༥-༨༣༦) སྐུ་ན་ཆུང་ངུ་ནས་རྒྱལ་སྲིད་བཟུང་བ་དང་དེའི་སྐབས་བོད་ལ་འགོ་ཁྲིད་ཀྱི་གོ་དབང་བརྟན་པོ་ཞིག་མེད་པ་རེད། འོན་ཀྱང་། དེའི་རྗེས་ནས་མི་རིང་བར་ཁྲི་རལ་པ་ཅན་ན་ཚོད་ལོངས་པ་དང་ཁོང་ཧ་ཅང་སྟོབས་ཤུགས་ཅན་ཆགས་ནས་ནང་ཆོས་ཀྱི་གོ་གནས་དེ་སྔར་ལས་རྒྱ་ཆེ་བ་དང་ཤུགས་ཆེ་རུ་བཏང་མཛད།

ཏ་ཧི་རི་དའི་མངའ་སྡེ་ (Tahirid state) གསར་འཛུགས་ལ་བརྟེན་ནས་ཕྱི་ལོ་ ༨༡༩ ལོར་ཨབྦ་སི་ད་ (Abbasids) ཀ་བུལ་དང་གིལ་གིཏ་ནས་ཕྱིར་ལོག་བྱས་པ་རེད། ཕྱི་ལོ་ ༨༢༡ ལོར་བོད་ཀྱིས་ཐང་རྒྱ་ནག་དང་མཉམ་དུ་ཞི་བའི་ཆིངས་ཡིག་གཉིས་པ་དེ་བཞག་པ་དང་ལོ་རྗེས་མའི་ནང་ཡུ་གུར་དང་མཉམ་དུ་གྲོས་མཐུན་གཅིག་པ་ཞིག་བཞག་པ་རེད། བོད་ཀྱིས་ཀན་སུའུའི་སྐམ་རྒྱུད་སྲང་ལམ་དང་ཏུན་ཧོང་། དེ་ག་ནང་བཞིན་ཏུར་ཧྥན་དང་བེཤ་བ་ལིག་ཀྱང་ཉར་བ་རེད། གྲོང་ཁྱེར་ཕྱི་མ་གཉིས་ནི་སྔོན་གྱི་ལོ་ངོ་བཅུ་ཕྲག་གསུམ་ཀྱི་ནང་བོད་དང་ཡུ་གུར་དབར་ལ་བདག་པོ་བརྗེ་པོ་ཐེངས་མ་ཁ་ཤས་རྒྱག་པ་རེད།

ཁོང་གི་རྒྱལ་ཁའི་ཡར་འདེགས་ལ་བརྟེན་ནས་རྒྱལ་པོ་ཁྲོ་རལ་པ་ཅན་གྱིས་ཞི་བདེའི་དགའ་སྟོན་གྱི་ཆེད་དུ་ནང་པའི་ལྷ་ཁང་མང་པོ་བཞེངས་པ་དང་ཁོང་གི་རྒྱལ་ས་ཡར་ཀླུངས་ནས་ལྷ་སར་སྤོས་པ་རེད། དེ་ནི་བོད་ནང་གི་ནང་པའི་གནས་ཡུལ་གཙོ་བོ་ཡོད་ས་དེ་རེད། བོད་ཀྱི་ཆོས་འབྱུང་ཁག་ལྟར་ན། ཁྲི་རལ་པ་ཅན་གྱིས་ལེགས་སྦྱར་དང་བོད་སྐད་ཤན་སྦྱར་གྱི་ཚིག་མཛོད་ཕྱོགས་བསྒྲིགས་དང་ཐ་སྙད་གཏན་འབེབས་ནང་པའི་གཞུང་ལུགས་སྒྱུར་སྟངས་ཀྱི་ཆེད་དུ་ཡིག་སྒྱུར་གྱི་གཞུང་ལས་ཁང་ཞིག་ཀྱང་གསར་འཛུགས་གནང་ཡོད་འདུག དོན་ངོ་མར་ལས་གཞི་དེ་དག་ཁོང་གི་ཡབ་ཁྲི་ལྡེ་སྲོང་བཙན་གྱི་ལམ་སྟོན་འོག་ཏུ་འགོ་འཛུགས་གནང་ཡོད། ཡིན་ནའང་། ཆོས་འབྱུང་ཁག་གི་ནང་དེ་དག་ཁོང་ལ་ཁྱད་ཆོས་བརྗོད་ཡོད་པ་དང་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན། ཁྲི་རལ་པ་ཅན་གསུམ་ནི་དེའི་སྐབས་སུ་ནང་ཆོས་ཀྱི་བཙན་པོའི་སྦྱིན་བདག་གཙོ་བོ་གསུམ་ཡིན་པ་དང་ཁོང་གསུམ་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་སུ་གྲགས་པ་ཡིན། དེར་བརྟེན་ཁོང་གསུམ་ནི་སྤྱན་རས་གཟིགས་དང་། འཇམ་དཔལ་དབྱངས། ཕྱག་ན་རྡོ་རྗེ་བཅས་ཀྱི་སྤྲུལ་པ་ཡིན་པ་རེད། འདིས་ལོ་རྒྱུས་ཁག་གི་ནང་ཡི་དམ་གྱི་ལྷ་གསུམ་པོ་ནི་བོད་དང་། རྒྱ་ནག མན་ཇུ། སོག་པོ་བཅས་ཀྱི་མགོན་སྐྱབས་སངས་རྒྱས་ལྟ་བུ་ཡིན་པར་ནན་བརྗོད་བྱེད་ཀྱི་ཡོད་པ་དང་། དགེ་ལུགས་པའི་སྲོལ་གཏོད་པ་པོ་རྗེ་བླ་མ་ཙོང་ཁ་པ་ (༡༣༥༧-༡༤༡༩) ནི་དེ་གསུམ་ཀའི་རྣམ་སྤྲུལ་ཡིན་ལུགས་བརྗོད་ཀྱི་ཡོད།
 
འོན་ཀྱང་། ཡི་དམ་གྱི་ལྷ་དྲག་པོ་ཕྱག་ན་རྡོ་རྗེ་དང་འདྲ་བར་རྒྱལ་པོ་ཁྲི་རལ་པ་ཅན་ནི་ཁོང་གི་ཆོས་ཕྱོགས་ཀྱི་འཁུར་ཞེན་ལ་ཏོག་ཙམ་རྨོངས་ཞེན་ཅན་ཆགས་ཀྱི་ཡོད། ཁོང་གིས་གྲྭ་པ་གསུམ་ནས་བདུན་བར་དུ་རེ་རེ་ལ་རྒྱབ་སྐྱོར་གྱི་འགན་སྤྲད་པའི་ནང་མིའི་གྲངས་འབོར་མང་དུ་བཏང་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ཐད་ངལ་དུབ་ཆེན་པོ་མཛད་ཡོད་པ་ཙམ་དུ་མ་ཟད། སུས་ཀྱང་གྲྭ་པ་ཞིག་ལ་ཁྲེལ་དགོད་ཀྱི་མཛུབ་མོ་བཙུགས་ནའང་དེའི་མཛུབ་མོ་གཏུབ་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་རེད། ནང་ཆོས་ལ་བརྟེན་ནས་དེ་འདྲའི་གོ་གནས་ཤུགས་ཆེན་པོའི་ནང་ཨབྦ་སི་དའི་དོ་སྣང་དེ་གཞན་ཞིག་ཏུ་ཁ་ཕྱོགས་བསྒྱུར་བ་དང་། ཀ་བུལ་གྱི་ཤཱ་ཁ་ཆེར་འགྱུར་ཚུལ་དེ་ལ་བོད་དང་དེའི་མངའ་ཞབས་ཀྱི་རྒྱལ་ཁབ་ཀ་བུལ་དང་གིལ་གིཏ་ནང་ཁ་ཆེའི་ཆོས་ལུགས་དར་ཁྱབ་ཐད་དུས་ཡུན་ཏོག་ཙམ་ལས་མི་གནས་པའི་ཤུགས་རྐྱེན་སྤྲད་ཡོད།

བོད་བཙན་པོའི་རྒྱལ་རྒྱུད་སིལ་བུར་འཐོར་བ།

ཕྱི་ལོ་ ༨༣༦ ལོར་བོད་ཀྱི་བཙན་པོ་ཁྲི་རལ་པ་ཅན་ལྐོག་གསོད་ཀྱིས་བཀྲོངས་པ་དང་ཁོང་གི་གཅེན་པོ་གླང་དར་མས་ (༨༣༦-༨༤༢) སྲིད་དབང་བསྐྱངས་ཤིང་། གླང་དར་མས་བོད་ཁྱོན་ཡོངས་ལ་ནང་ཆོས་ཐད་དྲག་གནོན་ཚབས་ཆེན་བཏང་བ་རེད། ཆོས་ཀྱི་ལྷན་ཁང་གི་ཆབ་སྲིད་ཐད་ལ་ཐེ་བྱུས་བྱ་རྒྱུ་དང་དགོན་སྡེ་ཁག་ལ་ཡིད་ལ་འཐད་ཆེ་བའི་མང་ཚོགས་ཀྱི་རོགས་སྐྱོར་དགོས་པའི་བཙན་པོ་ཁྲི་རལ་པ་ཅན་གྱི་ཁྲིམས་སྲོལ་སྲིད་བྱུས་ཀྱི་སྐྱེད་ཀ་མེད་པའི་དཔལ་འབྱོར་ལ་མཇུག་རྫོགས་རྒྱུར་དམིགས་ཡོད། བཙན་པོ་གླང་དར་མས་དགོན་པ་ཚང་མ་སྒོ་རྒྱག་པ་དང་གྲྭ་པ་རྣམས་བཙན་ཤེད་ཀྱིས་སྐྱ་སར་ཕབ་པ་རེད། འོན་ཀྱང་། ཁོང་གིས་སྐུ་དངོས་སུ་དགོན་ཁང་དང་དཔེ་མཛོད་ཁང་དེ་དག་ཐམས་ཅད་གཏོར་བཤིག་བཏང་མེད། ཐ་ན་གཞུང་ལུགས་དང་རྩོམ་རིག་སོགས་ཀྱི་ཆ་རྐྱེན་མེད་ནའང་། ནང་ཆོས་དེ་སྐྱ་བོ་མི་ནག་ཉམས་ལེན་པ་མང་པོའི་ཁྲོད་དུ་མུ་མཐུད་ནས་གནས་ཡོད།

ཕྱི་ལོ་ ༨༤༢ ལོར་གླང་དར་མ་གྲྭ་པ་ཞིག་གིས་བཀྲོངས། མཁས་གཅིག་གི་བཞེད་པ་ལྟར་ན། གྲྭ་པ་དེ་ནི་སྔོན་ཀྱི་ཆོས་ཀྱི་ལྷན་ཁང་གི་གནས་དབྱུང་བཏང་བའི་འགོ་ཁྲིད་པ་ཞིག་དང་བསམ་ཡས་ཀྱི་མཁན་པོ་གོང་མ་ཡིན་པ་རེད། དེའི་རྗེས་སུ་སྲིད་དབང་ཤུལ་འཛིན་གྱི་ཐོབ་ཐང་ཐད་ནང་འཁྲུག་མུ་མཐུད་བྱུང་ཞིང་། དེའི་འབྲས་བུར་བོད་བཙན་པོའི་རྒྱལ་རྒྱུད་སིལ་བུར་འཐོར་བ་རེད། དེའི་རྗེས་ཀྱི་ལོ་ངོ་བཅུ་ཕྲག་གཉིས་ཀྱི་རིང་བོད་ཀྱིས་རིམ་པས་ཀན་སུའུ་དང་ཤར་ཏུར་ཀིར་དབང་སྒྱུར་ལས་ཕྱིར་འཐེན་བྱས་པ་རེད། དེ་དག་འགའ་ཞིག་ནི་རང་དབང་ཅན་གྱི་ཆབ་སྲིད་ངོ་བོར་གྱུར་བ་རེད། དང་པོ་ཏུན་ཧོང་ལ་ཀུའི་ཡི་ཅུན་ (Guiyijun) (༨༤༨-༨༩༠) གྱི་ཞིང་ཆེན་ཞེས་སུ་གྲགས་པ་དང་། དེ་ནི་ས་ཁུལ་དེའི་ཧན་རྒྱ་རིགས་ཀྱིས་དབང་སྒྱུར་བྱས་ཡོད་པ་རེད། དེ་ནས་ལི་ཡུལ་ (༨༥༡-༡༠༠༦) ནི་དེ་རང་གི་རྒྱུན་མ་ཆད་པའི་རྒྱལ་རྒྱུད་ཀྱིས་དབང་སྒྱུར་བྱས་ཡོད། ས་ཁུལ་གཞན་དག་གི་ནང་ཡུལ་དེའི་ཧན་རྒྱ་ནག་གིས་ཐོག་མར་དབང་སྒྱུར་བྱས་ཀྱང་། དབང་སྒྱུར་བརྟན་པོ་ཞིག་སྐྲུན་མེད། དཔེར་ན། ཏུར་ཧྥན་ལྟ་བུ་ཕྱི་ལོ་ ༨༥༡ ནས་འགོ་ཚུགས་ཡོད། ཡིན་ནའང་། ཕྱི་ལོ་ ༨༦༦ ལོར་སྔོན་བོད་ཀྱིས་བཟུང་བའི་ས་ཁུལ་ཁག་གི་ནང་ཡུ་གུར་གྱི་གནས་སྤོ་བའི་མི་སྡེ་རྣམས་ཀྱིས་སོ་སོ་རང་གི་དབང་སྒྱུར་འཛུགས་སྐྲུན་བྱེད་ཐུབ་པའི་ནུས་པ་འདང་ངེས་ཆགས་པ་རེད།

བོད་ཀྱི་ས་ཁུལ་ཁག་ནང་གི་གནས་བབས།

དེའི་སྐབས་བོད་དབུས་སུ་ཕྱི་ལོ་ ༨༤༢ ལོར་གླང་དར་མ་བཀྲོངས་པའི་རྗེས་ཀྱི་ནང་ཁུལ་འཐབ་རྩོད་དེ་རིམ་པས་དྲག་ཏུ་འགྲོ་བཞིན་ཡོད། བཙན་པོ་མཐའ་མའི་བུ་ཚབ་དང་དེའི་རྒྱུད་འཛིན་པ་རྣམས་ཀྱི་རྒྱལ་སྲིད་ཐབས་སྐྱོ་པོ་འགའ་ཞིག་གི་རྗེས་ཀྱི་ཕྱི་ལོ་ ༩༢༩ ལོར་བོད་དེ་རྒྱལ་ཁམས་གཉིས་སུ་གྱེས་པ་རེད། གཅིག་ནི་བོད་དབུས་སུ་ཆབ་སྲིད་ཀྱི་རིམ་པ་སྐྱོ་པོའི་ཐོག་མུ་མཐུད་པ་དང་གཞན་མངའ་རིས་རྒྱལ་རྒྱུད་ནི་ནུབ་ཕྱོགས་སུ་གནའ་བོའི་ཞང་ཞུང་གི་ཕ་ཡུལ་རང་གི་ནང་རྩ་འཛུགས་བྱས་ཡོད། མཐར་རྒྱལ་ཁམས་གཉིས་ཀས་བོད་བྱང་ཤར་ཙོང་ཁའི་ཡུལ་གྱི་གྲྭ་པ་ལས་ནང་པའི་རབ་བྱུང་གི་སྡེ་བསྐྱར་གསོ་བྱ་རྒྱུར་དོ་སྣང་བྱུང་ཡོད།

ཙོང་ཁའི་ཡུལ་དུ་གླང་དར་མའི་སྡུག་སྦྱོང་གིས་གནོད་སྐྱོན་བྱུང་མེད་པ་སོང་ཙང་། དེར་ནང་ཆོས་མུ་མཐུད་ནས་གོང་འཕེལ་ཕྱིན་ཡོད། ཕྱི་ལོ་ ༩༣༠ ལོར་ས་ཁུལ་དེའི་བོད་མི་ཚོས་ནང་པའི་དཔེ་ཆ་རྣམས་ཁོང་ཚོའི་སྐད་ཡིག་ནས་ཡུ་གུར་གྱི་སྐད་དུ་སྒྱུར་བར་རོགས་རམ་བྱེད་འགོ་ཚུགས་པ་རེད། འདི་ནི་ཁི་ཏན་ (Khitans) ཚོས་ཡུ་གུར་གྱི་འབྲི་གཟུགས་དེ་ཁོང་ཚོའི་འབྲི་གཟུགས་ཀྱི་ལམ་ལུགས་གཉིས་པར་དང་ལེན་བྱས་པའི་ལོ་ལྔའི་རྗེས་སུ་ཡིན་པས། དེ་ནི་ཡུ་གུར་གྱི་རིག་གཞུང་གིས་ཁི་ཏན་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་སྤྲད་པའི་དུས་སྐབས་ཡིན་པ་རེད། ཙོང་ཁ་བོད་རིགས་དང་ཡུ་གུར་གཉིས་ཆོས་ཕྱོགས་ཀྱི་མཉམ་སྦྲེལ་ནི་དེ་དག་གི་འཕྲལ་གྱི་ཁྱིམ་མཚེས་བྱང་ཕྱོགས་སུ་ཡོད་པའི་ཡུ་གུར་སེར་པོ་རྣམས་ལ་ལོགས་སུ་ཡིན་པའམ། ཡང་ན་ད་དུང་ནུབ་ཕྱོགས་སུ་ཁོ་ཆོ་ཡུ་གུར་ (Qocho Uighurs) རྣམས་ཡིན་གྱི་གསལ་ཁ་མི་འདུག ཏུར་ཀིའི་སྡེ་ཁག་གཉིས་ཀྱིས་སྐད་ཡིག་དང་རིག་གཞུང་གཅིག་པ་མཉམ་སྤྱོད་བྱས་ཡོད།  

བོད་དང་ཡུ་གུར་དབར་གྱི་ཆོས་ཕྱོགས་ཀྱི་འབྲེལ་བ་དང་ཡིག་སྒྱུར་གྱི་ལས་དོན་ནི་དུས་རབས་ ༡༠ པའི་ཕྱེད་གཉིས་པའི་སྐབས་སུ་འཕེལ་རྒྱས་ཕྱིན་ཡོད་པ་དང་། དེ་ནི་དམིགས་བསལ་བོད་དང་ཡུ་གུར་སེར་པོ་རྣམས་མི་ཉག་གི་ཁ་གཏད་དུ་དམག་འཁྲུག་གི་མནའ་འབྲེལ་བྱས་པའི་སྐབས་སུ་རེད། ཧན་རྒྱ་ནག་གི་གནས་སྐོར་བ་ཝང་ཡན་ཏེ་ (Wang Yande) ཡུ་གུར་སེར་པོའི་རྒྱལ་སར་ཕྱི་ལོ་ ༩༨༢ ལོར་ཕྱིན་པ་དང་། ལོ་དེ་ནི་མི་ཉག་རྒྱལ་རྒྱུད་སྲོལ་གཏོད་པའི་སྐབས་ཡིན་པ་དང་དེའི་སྐབས་དགོན་པ་ལྔ་བཅུ་ (༥༠) ལས་མང་བ་ཡོད་ལུགས་བརྗོད་ཡོད།

བོད་བྱང་ཁུལ་དུ་རྒྱལ་པོ་ཡེ་ཤེས་འོད་ཀྱིས་ནང་ཆོས་སླར་གསོའི་འབད་རྩོལ།

དུས་རབས་ ༡༠ པའི་དཀྱིལ་དུ་བོད་དབུས་ཀྱི་གྲྭ་པ་ཚོ་ཙོང་ཁའི་ཡུལ་དུ་བྲོས་ཕྱིན་པ་དང་དེ་ནས་ཁམས་ཕྱོགས་སུ་ཕྱིན་པ་དེ་དག་ལ་བརྟེན་ནས་ནང་པའི་རབ་བྱུང་གི་སྡོམ་རྒྱུན་དེ་བོད་དབུས་སུ་བསྐྱར་གསོ་བྱུང་བ་རེད།
 
དེའི་རྗེས་སུ་བོད་བྱང་ཕྱོགས་ཀྱི་མངའ་རིས་རྒྱལ་པོ་རྣམས་ཀྱིས་ནང་ཆོས་སླར་གསོའི་ཆེད་དུ་སྔར་ལས་ལྷག་པའི་འབད་རྩོལ་ཆེན་པོ་གནང་ཡོད། ཕྱི་ལོ་ ༩༧༡ ལོར་རྒྱལ་པོ་ཡེ་ཤེས་འོད་ཀྱིས་ལོ་ཆེན་རིན་ཆེན་བཟང་པོ་ (༩༥༨-༡༠༥༥) གཙོས་གཞོན་སྐྱེས་ཉི་ཤུ་རྩ་གཅིག་ཆོས་དང་སྐད་ཡིག་གི་གདམས་པ་ཐོབ་ཕྱིར་ཀཥྨིར་ལ་བཏང་གནང་བ་རེད། ཁོང་ཚོས་རྒྱ་གར་བྱང་གི་དབུས་སུ་ཆགས་པའི་བི་ཀྲམ་ཤཱི་ལའི་གཙུག་ལག་ཁང་དུའང་ཕྱིན་པ་རེད།

དེའི་སྐབས་ཀཥྨིར་ནི་ཨུཏྤ་ལའི་རྒྱལ་རྒྱུད་ (༨༥༦-༡༠༠༣) ཀྱི་དུས་སྐབས་མཐའ་མའི་ནང་ཡོད་པ་དང་དེའི་རྗེས་སུ་ཀརྐོ་ཏའི་ (Karkota) དབང་སྒྱུར་བསླེབས་པ་རེད། ཨུཏྤ་ལའི་དུས་སྐབས་ཀྱིས་ཀཥྨིར་ནང་ལ་ནང་འཁྲུག་དང་འཚེ་བ་ཆེན་པོ་བྱུང་ཡོད། ནང་ཆོས་ཀྱི་རྣམ་པ་འགའ་ཞིག་ནི་ཧིནྡུའི་ཤཻ་ཝི་ཏའི་ (Shaivite) ལུགས་དང་མཉམ་བསྲེས་ཆགས་ཡོད། འོན་ཀྱང་། དུས་རབས་ ༡༠ པའི་འགོ་སྟོད་ནས་བཟུང་སྟེ། རྒྱ་གར་བྱང་གི་གཙུག་ལག་ཁང་ཁག་ནས་ནང་པའི་གཏན་ཚིགས་རིག་པ་བསྐྱར་གསོ་ལ་བརྟེན་ནས་ཀཥྨིར་གྱི་ནང་ཆོས་ལ་སྐུལ་སྟོབས་གསར་པ་ཞིག་ཐོབ་པ་རེད། རྒྱལ་པོ་ཥེ་མ་གུཔྟའི་ (༩༥༠-༩༥༨) དབང་སྒྱུར་སྐབས་སུ་ཧིནྡུའི་དབང་སྒྱུར་བ་དང་ཞེན་ཅན་འདིས་དགོན་པ་མང་པོ་གཏོར་བཤིག་བཏང་བའི་སྐབས་དེར་འཐུས་ཤོར་ཏོག་ཙམ་བྱུང་ཡོད། གང་ལྟར་ཡང་། ལོ་ཆེན་རིན་ཆེན་བཟང་པོ་རྒྱ་གར་དུ་ཕེབས་པའི་དུས་སྐབས་ནས་ནང་ཆོས་དེ་རིམ་པས་སླར་ཡང་དར་འགོ་ཚུགས་ཡོད།

ཉེ་བའི་ཆར་ལི་ཡུལ་དུ་ནང་ཆོས་ནི་ཡར་རྒྱས་ཀྱི་རྩེ་མོར་སོན་ཡོད་པ་དང་དེ་ནི་དུས་རབས་མང་པོའི་རིང་བོད་ནུབ་ཕྱོགས་དང་ཧ་ཅང་འབྲེལ་བ་ཉེ་པོར་གནས་ཡོད་ནའང་། ལོ་ཆེན་རིན་ཆེན་བཟང་པོའི་ཕེབས་ཐོན་གྱི་ལོ་དེའི་ནང་ཀཤ་གར་ལ་ལི་ཡུལ་དང་ཁ་ར་ཁ་ནི་དའི་ (Qarakhanids) དབར་གྱི་གོ་མཚོན་འཐོགས་པའི་འཐབ་རྩོད་དེ་འགོ་ཚུགས་པ་རེད། ལི་ཡུལ་ནི་ནང་ཆོས་སློབ་གཉེར་ཐོག་ལ་བདེ་འཇགས་དང་ཉེན་སྲུང་ལྡན་པའི་ཡུལ་ཞིག་ཆགས་མེད། དེར་མ་ཟད། བོད་མི་ཚོས་རྒྱ་གར་གྱི་གླིང་ཕྲན་ནང་འབྱུང་ཁུངས་ལེགས་སྦྱར་གྱི་སྐད་སྦྱོང་འདོད་སྐྱེས་པ་དང་དེ་དག་ཕ་སྐད་ངོ་མའི་ནང་སྒྱུར་འདོད་བྱུང་བ་རེད། ལི་ཡུལ་སྐད་དུ་ཕབ་སྒྱུར་བྱས་པའི་ལེགས་སྦྱར་སྐད་དུ་ཡོད་པའི་ནང་པའི་གཞུང་ལུགས་ཁག་ནི་ཡང་སེ་ཚིག་འགྲེལ་བྱེད་ཀྱི་ཡོད་པ་དང་། བོད་མི་ཚོས་ནང་པའི་ཆོས་ཀྱི་སྐོར་ལ་རྨོངས་པའི་རྐྱེན་གྱིས་ཞེ་བསུན་དང་བཅས་སྒྱུར་འཁྲུལ་བྲལ་ཏག་ཏག་ལ་འདུན་སེམས་བསྐྱངས་ཡོད། དེར་བརྟེན་ཀཥྨིར་ལ་ནང་ཆོས་ཀྱི་གནས་སྟངས་ཉེན་ཚབས་ཡོད་པ་ལ་མ་ལྟོས་པར། དེ་ནི་ལྟོས་ས་ལྟོས་ཕྱོགས་ཀྱི་ཆ་ནས་ཉེན་ཁ་མེད་པ་དང་ཉེ་འཁྲིས་སུ་བོད་མི་ཚོར་ཡིད་རྟོན་རུང་བའི་གདམས་ངག་ཐོབ་སྲིད་པ་རེད།
 
རིན་ཆེན་བཟང་པོ་དང་ལེགས་པའི་ཤེས་རབ་གཉིས་ཁོ་ན་འགྲུལ་བཞུད་དེ་ལས་གསོན་པོར་གནས་ཐུབ་པར་བྱུང་ཞིང་། ཀཥྨིར་དང་རྒྱ་གར་གྱི་ཆུ་མོ་གངྒཱའི་བྱང་གི་རྒྱ་ཐང་ནས་སྦྱོང་བརྡར་ཐོབ་ཡོད་པ་རེད། ཕྱི་ལོ་ ༩༨༨ ལོར་ཁོང་བོད་དུ་ཕྱིར་ལོག་ཕེབས་པའི་སྐབས་སུ་རིན་ཆེན་བཟང་པོ་ཁོང་གིས་བོད་དུ་གཞུང་ལུགས་མང་པོ་དང་མཉམ་དུ་བཏང་བའི་ཀཥྨིར་དང་རྒྱ་གར་གྱི་དགེ་འདུན་པ་མཁས་པ་དེ་དག་ལ་བརྟེན་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ནང་པའི་སྒྲ་སྒྱུར་གྱི་བསྟི་གནས་ཁང་འགའ་ཞིག་རྩ་འཛུགས་གནང་ཟིན་པ་རེད། བིཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནས་གདན་དྲངས་པའི་གྲྭ་པ་ཚོས་རབ་བྱུང་གི་སྡོམ་རྒྱུན་གཉིས་པ་ཞིག་འགོ་འཛུགས་བྱས་པ་རེད།
 
དུས་རབས་ ༡༠ པའི་ལོ་མཇུག་ཏུ་རིན་ཆེན་བཟང་པོས་བོད་བྱང་ཁུལ་དུ་དགོན་པ་འགའ་ཞིག་བཞེངས་གནང་བ་དང་། དེའི་སྐབས་སུ་ལ་དྭགས་དང་སྤི་ཏི་ལྟ་བུ་དེང་སང་ཧི་མ་ལ་ཡའི་རི་རྒྱུད་བརྒལ་བའི་རྒྱ་གར་གྱི་ས་ཆའི་ཆ་ཤས་ཀྱང་གཏོགས་ཡོད་པ་རེད། བོད་མི་ཐུན་མོང་གི་དད་གུས་ཡིད་དབང་འཕྲོག་པའི་ཕྱིར། དགོན་པ་དེ་དག་རྒྱན་གྱིས་སྤྲས་པའི་ཆེད་ཁོང་ད་དུང་ཀཥྨིར་ལ་ཐེངས་གཉིས་ཕེབས་ནས་སྒྱུ་རྩལ་མཁས་པ་གདན་ཞུ་གནང་ཡོད། འདི་ནི་ཀཥྨིར་ལ་རྒྱལ་རྒྱུད་འགྱུར་བ་ཕྱིན་པ་དང་ལོ་ཧ་རའི་རྒྱུད་པ་དང་པོ་ (First Lohara line) (༡༠༠༣-༡༡༠༡) སྲོལ་གཏོད་པ་ལ་མ་ལྟོས་པ་རེད། རྒྱལ་རྒྱུད་འཕོ་འགྱུར་གྱི་གནས་སྐབས་དེ་ཞི་བདེ་དང་ཀཥྨིར་གྱི་ནང་ཆོས་ཀྱི་གནས་སྟངས་ལ་བར་ཆད་བཏང་མེད།

ལི་ཡུལ་གྱི་ཁ་ར་ཁ་ནི་དའི་གཤིན་པོའི་རྒྱལ་གཞིས་དེ་རིན་ཆེན་བཟང་པོ་ཕྱིར་ལོག་མ་ཕེབས་གོང་གི་ལོ་དྲུག་གི་སྔོན་ཏེ། ཕྱི་ལོ་ ༩༨༢ ལོར་འགོ་ཚུགས་པ་རེད། ཁོང་ཕེབས་འབྱོར་སྐབས། ནང་པ་མང་པོ་ཞིག་སྔོན་ཚུད་བོད་བྱང་ཁུལ་དུ་གཅིག་ཏུ་འདུས་ཏེ་སྐྱབས་བཅོལ་མཁན་དུ་ཕྱིན་ཡོད་པ་དང་། དེ་ལ་བརྟེན་ནས་དེར་ནང་ཆོས་སླར་གསོ་ལ་ཕན་ཐོགས་ཡོད་ཤག་རེད། ཁོང་ཚོ་ཕལ་ཆེར་ཀཥ་གར་དང་རྒྱགས་ཆས་ཀྱི་ཁ་ར་ཁ་ནི་དའི་རྒྱུད་པའི་ས་ཁུལ་དང་ལི་ཡུལ་དབར་གྱི་ས་ཆ་ནས་ཡིན་ཤས་ཆེ། བྲོས་མཁན་མང་ཆེ་བ་ནི་ལ་དྭགས་བརྒལ་ནས་བོད་དུ་ཕྱིན་ཡོད་ནའང་། ཁོང་ཚོས་ནུབ་ཕྱོགས་སུ་ཁ་མ་བསྒྱུར་བར་དེ་ལས་རྦད་དེ་དཀའ་ངལ་ཆུང་བ་དང་འགྲུལ་བཞུད་ཐུང་བ་ཀཥྨིར་ཉེ་འཁྲིས་སུ་གཞིས་ཆགས་པ་རེད། འདི་ནི་མངའ་རིས་རྒྱལ་ཁམས་དེ་ཡེ་ཤེས་འོད་ཀྱི་དབང་སྒྱུར་ཤུགས་ཆེན་དང་རོགས་མགོན་གྱི་ངོར་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་ཐོག་ནས་བརྟན་པ་ཡོད། ཆ་རྐྱེན་གཞན་ཞིག་ནི་ས་ཁུལ་དེ་དང་བོད་ཀྱི་དབར་ལ་རིག་གཞུང་གི་འབྲེལ་བ་རིང་པོ་ཞིག་ཡོད་པ་དེ་ཡིན་སྲིད། ཕྱི་ལོ་ ༨༢༡ ལོར་ལི་ཡུལ་གྱི་གྲྭ་པ་ཚོའང་བོད་བྱང་ཁུལ་དུ་བྲོས་པ་དང་སྡུག་སྦྱོང་ལས་ཐར་ནས་སྐྱབས་བཅོལ་འཚོལ་བཞིན་ཡོད།

ལི་ཡུལ་ལ་བོད་དམག་རོགས་སྐྱོར།

ཕྱི་ལོ་ ༩༣༠ ཡས་མས་སུ་ཀཥ་གར་གྱི་ཁ་ར་ཁ་ནི་ད་ནང་ཆོས་ནས་ཁ་ཆེར་བསྒྱུར་བའི་སྐབས། བོད་བྱང་ཕྱོགས་མངའ་རིས་ཀྱི་རྒྱལ་ཁམས་ནི་ལོ་འགའ་ཙམ་གྱི་རྙིང་བ་རེད། བོད་དབུས་དང་ཁ་གྱེས་པ་ལས་ཆབ་སྲིད་ཀྱི་ངོ་བོར་ཕྱི་ལོ་ ༩༢༩ ལོར་ཤུལ་འཛིན་ཐོབ་ཐང་གི་གནད་དོན་ཞིག་ལ་བརྟེན་ནས་མངའ་རིས་ནི་ཐོག་མར་དམག་གི་ཆ་ནས་སྐྱོ་པོ་ཡོད། ཆོས་ལུགས་ཀྱི་ཁྱད་པར་རྒྱུ་མཚན་དུ་བྱས་ནས་དེས་ཁ་ར་ཁ་ད་དང་མཉམ་དུ་འཁོན་འཛིན་གྱི་ཉེན་ཁར་ཇི་མི་སྙམ་པ་བྱ་རྒྱུ་དེ་ཁག་པོ་ཆགས་ཡོད། འཚོ་གནས་བྱེད་པར་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་དུ་གྲོགས་འདྲིས་དང་འཆམ་མཐུན་གྱི་འབྲེལ་བ་ཞིག་གི་ཐོག་གནས་དགོས་ངེས་རེད།
 
ཕྱིས་བྱུང་བོད་ཀྱི་ནང་པའི་ལོ་རྒྱུས་ཁག་ལྟར་ན། མངའ་རིས་རྒྱལ་པོ་ཡེ་ཤེས་འོད་དུས་རབས་ ༡༡ པའི་ཡས་མས་སུ་ལི་ཡུལ་གྱི་མཐའ་བསྐོར་བར་རོགས་སྐྱོར་ཆེད་ཕྱིན་པ་རེད། འདི་ནི་ནང་ཆོས་ལ་སྲུང་སྐྱོབ་ཀྱི་སེམས་འཁུར་ཞིག་ཡིན་པ་སོང་ཙང་། ཁུ་ར་ཁ་ནི་དའི་ཆབ་སྲིད་ཀྱི་རྒྱ་སྐྱེད་ཆེ་རུ་འགྲོ་བར་འཇིགས་སྣང་གི་རྐྱེན་པས་ཡིན་པ་གོར་མ་ཆག བོད་པ་དང་གར་ལོག་ཚོ་ནི་དུས་རབས་མང་པོའི་རིང་མནའ་འབྲེལ་ཡོད་ནའང་། ཁོང་ཚོས་ཕན་ཚུན་སོ་སོའི་ས་ཁུལ་ཁག་ལ་འཇིགས་སྐུལ་ནམ་ཡང་བྱས་མེད། དེར་མ་ཟད། ནམ་ཞིག་གར་ལོག་གིས་ས་མཚམས་འདི་ནས་བརྒལ་བའི་སྐབས། རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་དེ་འགྱུར་བ་ཕྱིན་པ་རེད།
 
སྲོལ་རྒྱུན་ནང་པའི་ལོ་རྒྱུས་ལྟར་བྱས་ན། གར་ལོག་ཚོས་རྒྱལ་པོ་ཡེ་ཤེས་འོད་མི་གཏེ་རུ་འཛིན་བཟུང་བྱས་ཀྱང་། ཁོང་གི་འབངས་མི་སེར་ལ་ཁོང་གློད་པའི་ཕྱིར་མིའི་བླུ་ཡོན་སྤྲོད་བཅུག་གི་མེད། ཁོང་གིས་འབངས་མི་མང་ལ་ཁོང་བཙོན་དུ་གྲོངས་བཅུག་ནས་དེའི་ཚབ་མ་དངུལ་དེས་རྒྱ་གར་བྱང་ཕྱོགས་སུ་དམིགས་བསལ་བིཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཤི་ཏ་སོགས་ནང་པའི་དགེ་བའི་བཤེས་གཉེན་མང་ཙམ་གདན་འདྲེན་ཞུ་དགོས་ཞེས་ལམ་སྟོན་གནང་། དུས་རབས་ ༡༡ པའི་འགོ་སྟོད་ནས་བཟུང་སྟེ། བོད་བྱང་ཁུལ་དུ་ཀཥྨིར་གྱི་མཁས་པ་མང་པོ་ཕེབས་ཡོད་པ་དང་འགའ་ཞིག་གིས་བོད་ནང་བསྲེ་ལྷད་ཀྱི་ནང་ཆོས་ཉསམ་ལེན་ཁྱབ་སྤེལ་གཏོང་བཞིན་ཡོད། འདི་ནི་གླང་དར་མའི་དུས་སུ་དགེ་འདུན་གྱི་སྡེ་དང་བསླབ་པ་སློབ་གཉེར་ཁང་མང་པོ་གཏོར་བཤིག་བཏང་བའི་རྐྱེན་གྱིས་བོད་ནང་སྔོན་ཚུད་ནས་ནང་ཆོས་ཀྱི་གོ་རྟོགས་ཞན་པོ་ཡོད་པ་དེ་ལ་བསྲེ་སྦྱོར་བྱེད་བཞིན་ཡོད་པ་དང་ཡེ་ཤེས་འོད་ཀྱིས་མགོ་རྙོག་འདི་སེལ་འདུན་ཡོད་པ་རེད།

ཡེ་ཤེས་འོད་ཀྱི་བློས་གཏོང་མཛད་པའི་ཆོས་སེམས་ལྡན་པའི་སྐུ་ཚེའི་ལོ་རྒྱུས་འདི་ལ་ལོ་རྒྱུས་མི་མཐུན་པ་མང་པོ་ཞིག་ཡོད། ལི་ཡུལ་གྱི་གཤིན་པོའི་རྒྱལ་གཞིས་དེ་ཕྱི་ལོ་ ༡༠༠༦ ལོར་མཇུག་རྫོགས་པ་དང་། དེའི་སྐབས་སུ་ཡེ་ཤེས་འོད་ཀྱིས་ཕྱི་ལོ་ ༡༠༢༧ ལོར་ནང་པའི་གཞུང་ལུགས་ཁག་གི་ཡིག་སྒྱུར་དེ་སྒྲིག་སྲོལ་ལྟར་གཏན་འབེབས་དང་ཚད་གཞི་ངེས་ཅན་ཞིག་བཟོ་བའི་ཆེད་དུ་ཁོང་གི་ཕོ་བྲང་ནས་བཀའ་ཤོག་མཐའ་མ་ཞིག་འགྲེམས་སྤེལ་གནང་བ་རེད། དེར་བརྟེན་ཁོང་དམག་འཁྲུག་སྐབས་སུ་བཙོན་ཁང་དུ་སྐུ་གྲོངས་མེད། ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་ལྟར་ན། རྒྱལ་པོ་ནི་ཁོང་གི་རྒྱལ་སར་སྙུང་གཞིའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཞེས་གསལ།

འོན་ཀྱང་། བཅོས་མའི་ལོ་རྒྱུས་འདིས་བོད་བྱང་ཕྱོགས་པ་རྣམས་དེའི་སྐབས་སུ་དམག་གི་སྟོབས་ཤུགས་དེ་ཆེན་པོ་ཞིག་མིན་པར་ཤུགས་ཀྱིས་སྟོན་གྱི་ཡོད། ཁོང་ཚོས་ལི་ཡུལ་གྱི་གཤིན་པོའི་རྒྱལ་གཞིས་ལ་རོགས་རམ་བྱེད་པར་ནུས་པ་དང་མི་ལྡན་པ་དང་མ་འོངས་པར་གར་ལོག་རྒྱ་སྐྱེད་དང་བཅས་དར་སྐུད་ཚོང་ལམ་གྱི་ལྷོ་ཏ་རིམ་བྷ་སིན་གྱི་ཡན་ལག་ལ་ཚབས་ཆེན་གྱི་སྡིགས་སྐུལ་བྱས་མེད། ཁོང་ཚོས་དེར་གནས་སྡོད་བྱེད་བཞིན་པའི་བོད་ཀྱི་འབྲོག་པ་ཚོ་ལ་སྲུང་སྐྱོབ་བྱེད་ཐུབ་ངེས་མ་རེད།

ལི་ཡུལ་དུ་ནང་ཆོས་ཡལ་བའི་སྐབས།

གར་ལོག་གིས་ལི་ཡུལ་བཙན་འཛུལ་བྱས་པའི་ལོ་རྒྱུས་ཁག་གི་ནང་། གཤིན་པོའི་རྒྱལ་གཞིས་ཀྱི་རྗེས་དང་དེའི་རྗེས་ཀྱི་གྱེན་ལངས་ནི་ཡུལ་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་འབོར་དང་འབྲེལ་བའི་ཁུ་སིམ་ཞིག་གི་ཐོག་ནས་ངོས་བཟུང་ཡོད། འབངས་གྱེན་ལོག་བྱུང་བའི་ལོ་གཅིག་གི་རྗེས་སུ་ལི་ཡུལ་གྱི་ཚོང་དང་རྟེན་འབུལ་རུ་ཁག་ཧན་རྒྱ་ནག་ཏུ་བཏང་བ་དེའི་ནང་ཏུར་ཀིའི་ཁ་ཆེ་གཅིག་པུ་ལས་མེད། གར་ལོག་གི་ཏུར་ཀིའི་སྐད་ཡིག་དེ་ནི་ལི་ཡུལ་གྱི་སྐད་དང་རྦད་དེ་བརྗེ་ཚབ་བྱས་ཤིང་། རྒྱལ་ཁབ་ཡོངས་སུ་རྫོགས་པ་ཁ་ཆེར་གྱུར་བ་རེད། ནང་ཆོས་རྦད་དེ་རྩ་མེད་དུ་ཡལ་ཕྱིན་པ་རེད།
 
བོད་མི་ཚོ་ཁོང་ཚོའི་བདག་དངོས་སྔོན་མ་རྣམས་དང་འབྲེལ་བ་ཆད་ནས་བོད་སྐད་ནང་ཁོ་ཏན་ལ་ལི་ཡུལ་ཞེས་བརྗོད་པའི་ལི་ཟེར་བ་དེའི་དོན་དག་ངོ་མ་བརླགས་ཏེ། དེའི་སྔོན་གྱི་དབང་སྒྱུར་བྱེད་པའི་རྒྱལ་རྒྱུད་ལི་ཆ་ཝི་ (༣༨༦-༧༥༠) ཞེས་པའི་བསྡུས་མིང་ལྟ་བུར་བལ་ཡུལ་གྱི་ལུང་གཤོངས་ཀཐ་མནྜུ་ལ་གོ་བར་བྱས་ཡོད། ལི་ཡུལ་དང་འབྲེལ་བའི་ནང་པའི་རྟོག་སྒྲུང་ཐམས་ཅད་ཀྱང་ཀཐ་མནྜུ་ལ་འགྱུར་བཅོས་བཏང་ཡོད་པ་དཔེར་ན། དེའི་སྲོལ་གཏོད་པ་པོ་འཇམ་དཔལ་དབྱངས་ཀྱིས་རལ་གྲིས་རི་བོ་ཞིག་གཤག་པའི་སྒོ་ནས་མཚོ་ཞིག་ནས་ཆུ་འཐེན་པ་ལྟ་བུ་རེད། དུས་རབས་ ༡༢ དང་ ༡༣ པ་ནས་བཟུང་སྟེ། རྟོག་སྒྲུང་དེ་དག་ལི་ཡུལ་དང་དུས་ནམ་ཡང་འབྲེལ་བ་ཡོད་པའི་ཐད་བསམ་ཞིབ་བྱ་རྒྱུ་བྱུང་མེད། དེར་བརྟེན་བོད་ཀྱི་ནང་པའི་ཆོས་འབྱུང་ཁག་གི་ནང་རྒྱལ་པོ་ཡེ་ཤེས་འོད་ཀྱིས་བློས་གཏོང་མཛད་པ་ནི་གར་ལོག་ཚོས་ཁོང་བཙོན་དུ་བཅུག་པ་དང་། དེ་ནི་སྤྱི་དང་མི་མཐུན་པའི་ཐོག་ནས་བལ་ཡུལ་དུ་འབྱུང་བཞིན་པའི་ཁ་ར་ཁ་ནི་ད་གར་ལོག་ (Qarakhanid Qarluqs) ཟེར་བ་དེ་ཡིན་པ་རེད།

བོད་དབུས་སུ་ནང་ཆོས་བསྐྱར་གསོ།

དུས་རབས་ ༡༡ སྔ་ཕྱི་བར་གསུམ་དུ་བོད་མི་མང་པོ་ཞིག་རྒྱུན་ཆད་མེད་པར་སྙིང་རུས་དང་བཅས་ཀཥྨིར་དང་རྒྱ་གར་བྱང་ཕྱོགས་སུ་ནང་ཆོས་སློབ་གཉེར་ཆེད་ཕྱིན་པ་རེད། ཁོང་ཚོ་མང་པོ་ཞིག་བོད་ལོག་སྐབས་ས་ཁུལ་དེ་དག་ནས་མཁས་པ་དང་སློབ་དཔོན་རྣམས་གདན་དྲངས་ཤིང་། དེ་དག་ལ་བརྟེན་ནས་དགོན་པ་གསར་རྒྱག་དང་བསྟན་པའི་མེ་རོ་བསྐྱར་གསོ་ལ་རོགས་སྐྱོར་གནང་ཡོད། ཁ་ཕྱོགས་འདིའི་ཆེས་ཐོག་མའི་བྱེད་སྒོ་ནི་བོད་བྱང་ཕྱོགས་མངའ་རིས་རྒྱལ་ཁམས་ནས་དར་ཁྱབ་བྱུང་བ་དང་མི་རིང་བར་བོད་དབུས་ཕྱོགས་སུའང་དར་ཁྱབ་བྱུང་བ་རེད། དེ་ཡང་ཕྱི་ལོ་ ༡༠༤༠ ལོར་ཞ་ལུ་དགོན་པ་ཕྱག་བཏབ་ནས་དར་འགོ་ཚུགས་པ་རེད།

རྒྱ་གར་གྱི་སློབ་དཔོན་རེ་རེའམ་ཡང་ན་ཕྱིར་ལོག་མཁན་གྱི་བོད་པའི་སློབ་ཕྲུག་ཚོས་ནང་པའི་ཉམས་ལེན་གྱི་བརྒྱུད་པ་ངེས་ཅན་ཞིག་བོད་དུ་དར་བར་བྱས་ཡོད། ཁོང་ཚོ་མང་པོས་དགོན་པ་བཞེངས་པ་དང་དེའི་ཉེ་འཁོར་དུ་ཆོས་ཕྱོགས་ཀྱི་མི་སྡེ་སྲ་བརྟན་བཟོས་པ་ཙམ་དུ་མ་ཟད། ཆོས་ལུགས་རིས་མེད་ཀྱི་སྤྱི་ཚོགས་ཀྱང་སྲ་བརྟན་བཟོས་པ་རེད། དུས་རབས་ ༡༣ བར་དུ་བརྒྱུད་པའི་ཚོགས་དེ་དག་ཆོས་བརྒྱུད་སྣ་ཚོགས་པའི་ནང་གཅིག་ཏུ་སྒྲིལ་བ་དང་དེ་ལ་བོད་བརྒྱུད་ནང་བསྟན་གྱི་གསར་མའི་དུས་ཞེས་བརྗོད་པ་རེད། དེ་དག་ནི་བཀའ་གདམས་དང་། ས་སྐྱ། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོགས་པ་ལྟ་བུ་རེད།
 
དུས་རབས་ ༡༡ པའི་ནང་བོད་ཀྱི་བླ་མ་གཞན་དག་གིས་སྔོན་དུས་རབས་བརྒྱད་པའི་སྨད་དང་དགུ་པའི་སྟོད་ཙམ་ལ་ཞི་ལྷིང་མེད་པའི་ལོའི་ནང་བོད་དབུས་དང་འབྲུག་ཡུལ་དུ་སྲུང་སྐྱོབ་ཆེད་དུ་སྦས་པའི་དཔེ་ཆ་རྣམས་གསར་དུ་རྙེད་འགོ་ཚུགས། ནང་པའི་དཔེ་ཆ་རྙེད་པ་དེ་དག་ནི་རྙིང་མའི་གཏེར་ཆོས་ཀྱི་གཞི་རྩར་གྱུར་བ་དང་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་སྲོལ་རྒྱུན་གྱི་དཔེ་ཆ་དེ་དག་ནི་ཏོག་ཙམ་སྔ་བ་རྙེད་སོན་བྱུང་ཡོད་པ་དང་། དེ་དག་གཡུང་དྲུང་བོན་གྱི་ཆོས་ལུགས་ཀྱི་གཞི་རྟེན་དུ་གྱུར་བ་རེད། གཏེར་སྟོན་དང་བླ་མ་འགའ་ཞིག་གིས་རྙིང་མ་དང་བོན་པོ་གཉིས་ཀའི་དཔེ་ཆའང་རྙེད་སོན་བྱུང་ཡོད་པ་དང་དེ་དག་ཕན་ཚུན་ཧ་ཅང་འདྲ་པོ་ཡོད། དོན་ངོ་མར་གཡུང་དྲུང་བོན་གྱིས་ནང་པའི་གསར་མ་དང་རྙིང་མ་གཉིས་ཀའི་ཆོས་བརྒྱུད་དང་ཐུན་མོང་གྱི་ཁྱད་ཆོས་མང་པོ་མཉམ་སྤྱོད་བྱེད་ཀྱི་ཡོད། དེའི་རྗེས་ཀྱི་ཆོས་ལུགས་དེ་དག་རེ་རེའི་བླ་མ་དང་མཁས་པ་ཚོས་གཅིག་གིས་གཅིག་ལ་དཔེ་ཟོབ་རྐུ་བཤུས་བྱས་ཡོད་ཚུལ་ཕན་ཚུན་བརྗོད་རེས་ཀྱི་ཡོད།
 
མངའ་རིས་རྒྱལ་རྒྱུད་ཀྱིས་མུ་མཐུད་དེ་ཀཥྨིར་དང་བྱང་རྒྱ་གར་ནས་གསར་དུ་གདན་དྲངས་པའི་ནང་པའི་གཞུང་ལུགས་རྣམས་བོད་སྐད་དུ་བསྒྱུར་བར་སྦྱིན་བདག་བྱེད་པ་ཙམ་དུ་མ་ཟད། སྔོན་བསྒྱུར་ཟིན་པའི་གོ་བ་ལོག་པ་དང་། དཀའ་གནད། བསྒྱུར་ནོར་བ་བཅས་ལ་བསྐྱར་ཞིབ་ཀྱིས་ཞུ་དག་དང་བཅས་གཏན་ལ་ཕབ་པར་མཛད་པ་སོགས་ལས་འགན་ཧ་ཅང་གལ་ཆེན་པོ་བསྒྲུབས་ཡོད། ཕྱི་ལོ་ ༡༠༧༦ ལོར་རྒྱལ་པོ་རྩེ་ལྡེས་ཐོ་ལིང་དགོན་དུ་ཐོ་ལིང་གི་ལྷན་ཚོགས་འདུ་སྐོང་གནང་སྟེ། བོད་ནུབ་དང་། དབུས། ཤར་བཅས་ཀྱི་ས་ཁུལ་ནས་མཁས་པ་དང་ལོ་ཙཱ་བ་རྣམས་དང་དེ་བཞིན་ཀཥྨིར་གྱི་པནྜི་ཏ་དང་རྒྱ་གར་བྱང་ནས་པནྜི་ཏ་འགའ་ཞིག་ལྷན་འཛོམས་བྱུང་ཞིང་། དེ་ནི་ལས་གཞི་འབྲེལ་མཐུད་ཀྱི་བྱེད་པོ་གཙོ་བོར་གྱུར་བ་རེད། ཕྱི་ལོ་ ༡༠༩༢ ལོར་རྒྱལ་སྲས་ཞི་བ་འོད་ཀྱི་བཀའ་ཤོག་ལ་བརྟེན་ནས་གཞུང་ལུགས་བསྟན་བཅོས་གང་དང་གང་ཚད་ལྡན་དང་ཡིད་རྟོན་རུང་བ་ཡིན་པའི་ཚད་གཞི་གཏན་ལ་ཕབ་པ་རེད།།

Top