བོན་དང་བོད་བརྒྱུད་ནང་བསྟན།

ངོ་སྤྲོད།

དོ་དགོང་ང་རང་ལ་བོན་གྱི་སྲོལ་རྒྱུན་དང་། དེ་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་སྐོར་གཏམ་བཤད་བྱེད་རོགས་གསུངས་སོང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་སྲོལ་རྒྱུན་སྐོར་གསུངས་པའི་སྐབས། ཁོང་གིས་ཡང་ནས་ཡང་དུ་བོད་ཀྱི་སྲོལ་རྒྱུན་ཆོས་བརྒྱུད་ལྔ་ཞེས་གསུངས་གནང་གི་འདུག །དེ་དག་ཀྱང་། རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། བོན་བཅས་ལྔ་རེད། ༧གོང་ས་མཆོག་གི་དགོངས་གཞི་ལྟར་ན། བོན་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གོ་གནས་མཉམ་པ་རེད། ༧གོང་ས་མཆོག་ནི་ཐུགས་བསམ་ཧ་ཅང་རྒྱ་ཆེ་ལ་གུ་ཡངས་པོ་བཞེས་གནང་མཁན་ཞིག་རེད། གདོངས་གཞི་དེའི་ཐད་ཚང་མས་མོས་མཐུན་བྱས་མེད། ནང་པའི་བླ་མ་དང་སློབ་དཔོན་གྱི་ཁྲོད་དུ་བོན་གྱི་ཐད་བསམ་ཚུལ་ཁྱད་མཚར་བཟུང་ཡོད་ལ་ད་དུང་ཡང་འཛིན་མུས་ལགས། ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པའི་ལྟ་ཚུལ་ལྟར་བྱས་ན། མི་རྣམས་ཀྱིས་གནད་དོན་གང་ཞིག་གི་ཐད་དངོས་སུ་རྟོག་ཞིམ་གཏིང་ཟབ་པོ་མ་བྱས་གོང་སོ་སོའི་གཤིས་སྤྱོད་དེ་བཟང་པོ་ཡིན་པའི་ནན་བཤད་བྱ་རྒྱུའི་ཧ་ཅང་འབད་བརྩོན་བྱེད་པའི་སྐབས། དེའི་གྲིབ་གཟུགས་ཀྱི་ཕྱོགས་དེ་དགྲ་བོའི་རྣམ་པར་འཆར་གྱི་ཡོད། དེ་ཡང་། “ང་ཚོ་ནི་ལམ་ཡང་དག་པར་འགྲིམ་མཁན་གྱི་མི་བཟང་པོ་རྣམས་ཡིན། ཁོང་ཚོ་ནི་མི་ངན་བདུད་འདྲ་རེད།” ཅེས་ཟེར་གྱི་ཡོད། སྟབས་མ་ལེགས་པ་ཞིག་ལ། བོན་པོ་རྣམས་བོད་ཀྱི་ལོ་རྒྱུས་ཁྲོད་སྲོལ་རྒྱུན་གྱི་འགལ་ཟླའི་ལྟ་ཚུལ་དེ་ལྟར་བཟུང་ཡོད། ང་ཚོས་འདིའི་ཐད་ལོ་རྒྱུས་ཀྱི་ཐོག་ནས་རྒྱུ་མཚན་ཁག་ལ་ལྟ་རྒྱུ་ཡིན། དེ་ཡང་བོད་ཀྱི་ཆབ་སྲིད་ལོ་རྒྱུས་ཀྱི་སྐབས་དོན་ནང་ནས་རྟོགས་དགོས་ངེས་ཤིག་ཡིན།

བོད་ནང་ཁུལ་ལ་བོན་གྱི་ཐད་ངན་ཕྱོགས་ཀྱི་ཁྱབ་བསྒྲགས་མང་དག་དང་མཐོང་སྣང་སྡུག་ཅག་ཅིག་བསྐྲུན་ཡོད་པ་ནི་དངོས་ཡོད་རེད། ནུབ་ཕྱོགས་པ་རྣམས་ནམ་རྒྱུན་རྩོད་རྙོག་ཅན་གྱི་གནད་དོན་ཐད་དོ་དབྱིངས་དང་ཡིད་དབང་འཕྲོག་གི་ཡོད། ད་དུང་མཐོང་སྣང་ངན་པ་ཡོད་པའི་ཐད་དེ་ལས་ཀྱང་དོ་སྣང་བྱེད་འོས་པ་ལྟ་བུར་མཐོང་གི་ཡོད། སྲོལ་རྒྱུན་གཞན་རྣམས་ནི་ཉོབ་ཏོ་དང་ཀྱག་ཀྱོག་མེད་པར་མཐོང་གི་ཡོད། དེ་དང་གཅིག་མཚུངས་སུ་ཡ་མཚན་ཅན་གྱི་བསམ་ཚུལ་ནི། བོན་ནི་བོད་ཀྱི་ནང་ཆོས་ལས་ཀྱང་ཡ་མཚན་ཆེ་བ་ཡོད་པའི་མཐོང་སྣང་དེ་རེད། ནུབ་ཕྱོགས་པ་འགས་དེའི་ཐད་ལྟ་ཚུལ་ནི། བོན་ནི་རྫུ་འཕྲུལ་འཐོབ་ཡུལ་གྱི་གནས་ལྟ་བུར་བལྟས་ཡོད། དཔེར་ན། བློ་བཟང་རམ་པ་ལྟ་བུ་མི་ཁ་ཤས་ཀྱིས་མི་རྣམས་ཀྱིས་ཐོད་པའི་སྟེང་ཨི་ཁུང་འབིགས་ཏེ་མིག་གསུམ་པ་ཞིག་ཁ་ཕྱེ་ཐབས་བྱས་པ་ལྟ་བུ་རེད། ལྟ་ཚུལ་དེ་གཉིས་ཀ་ཡང་དག་པ་ཞིག་མ་རེད། ང་ཚོས་༧གོང་ས་མཆོག་གི་དགོངས་གཞི་དང་གནང་སྟངས་ལྟར། ལྟ་ཚུལ་དེ་ལས་ཆ་སྙོམ་པ་དང་བོན་ལ་གུས་ཞབས་ལྡན་པའི་སྒོ་ནས་ལྟ་ཚུལ་འཛིན་ཐབས་བྱེད་དགོས། བོན་གྱི་ཐད་ལྟ་སྟངས་ངན་པ་ཇི་ལྟར་བཟུང་ཡོད་པའི་སྐོར་ལ་ང་ཚོས་ངེས་པར་དུ་བོད་ཀྱི་ལོ་རྒྱུས་ལ་གོ་རྟོགས་དགོས་ཤིང་། དེའི་ཆོས་ཕྱོགས་ཀྱི་ཡར་རྒྱས་ཐད་ལངས་ཕྱོགས་དང་ཐབས་ཚུལ་དེ་བོད་ཀྱི་ནང་ཆོས་དང་འབྲེལ་བ་ཇི་ལྟར་ཡོད་པའི་སྐོར་བལྟ་དགོས་གལ་ཆེ།

བོན་གྱི་ཐོག་མའི་འབྱུང་ཁུངས་འཚོལ་བ། གཤེན་རབ་མི་བོ་ཆེ།

བོན་གྱི་སྲོལ་རྒྱུན་རང་གི་ནང་གསལ་བར་གཞིགས་ན། ཐོག་མར་སྲོལ་གཏོད་མཁན་དེ་གཤེན་རབ་མི་བོ་ཡིན་པ་རེད། ཁོང་བྱོན་ནས་ལོ་ངོ་སྟོང་ཕྲག་སུམ་ཅུ་ཕྱིན་ཡོད། དེ་ནི་རྡོའི་དུས་རབས་ཀྱི་སྐབས་ཤིག་དང་འཁེལ་གྱི་ཡོད། དེའི་དོན་ནི་ཁོང་གནའ་དུས་བྲག་ཕུག་ཏུ་གནས་བཅའ་བའི་མི་བྲག་ཕུག་པ་ཞིག་རེད་བསམ་གྱི་མི་འདུག །སྲོལ་རྒྱུན་འདི་ནི་གནའ་སྔ་མོའི་སྲོལ་རྒྱུན་ཞིག་ཡིན་པའི་ཆ་ནས་ཐུན་མོང་གི་གུས་ཞབས་ཆེན་པོ་བྱེད་ཚུལ་ཞིག་ཡིན། གང་ལྟར་ཡང་། བོན་སྟོན་གཤེན་རབ་ཀྱི་སྐུ་ཚེའི་དུས་ཡུན་ཟླ་ཚེས་སོགས་ཁུངས་སྐྱེལ་ཐུབ་པ་ཞིག་རྙེད་མི་ཐུབ་ཀྱང་། ཁོང་བཞུགས་ཡུལ་དེ་ནི་འོལ་མོ་ལུང་རིང་ལ་ཡིན་པ་རེད། ས་ཆ་འདིའི་འགྲེལ་བརྗོད་ནི་ཤམ་བྷ་ལ་དང་། རི་རྒྱལ་ལྷུན་པོ། གངས་ཏི་སེ་བཅས་དང་འདྲེས་ནས་ཡོད་པ་ལྟར་སྣང་། དེ་ཡང་ཆོས་ཕྱོགས་ཀྱི་ཡུལ་དངོས་ཤིག་ཏུ་འགྲེལ་བརྗོད་བྱས་ཡོད། དེ་ཡང་དེ་ལས་རྒྱ་ཆེ་བའི་ཏ་ཟིག་གི་ཡུལ་ཟེར་བའི་ནང་ཡོད་པར་བཤད། ཏ་ཟིག་ཅེས་པའི་ཚིག་དེ་པར་སིག་ ༼དེང་སང་དབྱི་ལང་ཟེར་༽ དང་ཨེ་རབ་གཉིས་ཀའི་ནང་ཡོད། དེ་ནི་པར་ཤི་ཡ་དང་ཨེ་རབྷྱ་གཉིས་གང་རུང་ལ་གོ་བ་ཡིན། ཡང་སྐབས་དོན་གཞན་གྱི་ནང་། འདི་ནི་འབྲོག་པའི་རུས་རྒྱུད་ལ་གོ་བ་ཡོད། བོན་གྱི་སྲོལ་རྒྱུན་ལྟར་ན། ཏ་ཟིག་ནི་ཞང་ཞུང་རྒྱལ་ཁམས་ཀྱི་ནུབ་ཕྱོགས་སུ་ཡོད་པ་དང་། དེ་ནི་བོད་ཀྱི་ནུབ་ཕྱོགས་སུ་ཡིན་པ་རེད།

འདིས་བོན་ནི་དབུས་ཨེ་ཤ་ཡ་ནས་བྱུང་བ་སྟོན་གྱི་ཡོད། དེ་ཡང་ཕལ་ཆེར་ཨི་ར་ནི་ཡན་ Iranian གྱི་རིག་གཞུང་ས་ཁུལ་ནས་ཡིན་སྲིད། བྱས་ཙང་། གཤེན་རབ་མི་བོ་གནའ་བོའི་ཨི་རཱན་གྱི་རིག་གཞུང་ནང་གནས་ཡོད་པ་དང་། དེ་ནས་ཞང་ཞུང་དུ་སླེབས་ཡོད་སྲིད། འགྲེལ་ཚུལ་ཁ་ཤས་ཀྱི་ནང་། ཁོང་ཕལ་ཆེར་ཡེ་ཤུའི་སྔོན་གྱི་དུས་རབས་བདུན་པ་ནས་བཅུ་གཅིག་བར་བྱུང་བར་གྲགས། དེ་ལྟར་ན། ཁོང་ཕེབས་ནས་ཧ་ཅང་དུས་ཡུན་རིང་པོ་ཕྱིན་ཡོད། སླར་ཡང་དེ་དང་གཞན་གང་ལའང་བདེན་པ་དག་སྐྱེལ་བྱེད་ཚུལ་མེད། གསལ་པོ་ཞིག་གང་ཡོད་ཅེ་ན། ཕྱི་ལོ་སྔོན་གྱི་ལོ་ ༡༢༧ ནང་བོད་དབུས་ཁུལ་དུ་ཡར་ལུང་རྒྱལ་རྒྱུད་ཐོག་མར་གསར་དུ་བྱུང་བའི་མཚམས་སུ་དེར་གདོད་མ་ནས་ཡོད་པའི་སྲོལ་རྒྱུན་ཞིག་སྔ་ས་ནས་ཡོད་པ་རེད། དེའི་ཚེ་དེའི་དུས་སུ་དེ་ལ་མིང་ག་རེ་ཟེར་མིན་ང་ཚོས་ཀྱང་ཤེས་ཀྱི་མེད།

ཨི་རཱ་ནི་ཡན་དང་འབྲེལ་ཚུལ།

ཨི་རཱ་ནི་ཡན་གྱི་རིག་གཞུང་དང་འབྲེལ་བའི་སྐོར་དེ་དངོས་གནས་ཡིད་འཕྲོག་དགོས་པ་ཞིག་ཡོད། དེའི་ཐད་ལ་ཚོད་དཔག་གི་རྟོག་ཞིབ་མང་པོ་བྱས་དང་བྱེད་མུས་རེད། དེའི་ཐད་བོན་གྱི་ལྟ་ཚུལ་ཁོ་ན་ཙམ་མིན་པར། ནང་པའི་ལྟ་ཚུལ་ནས་ཀྱང་ཞིབ་དཔྱོད་དགོས་ངེས་རེད། བོན་དང་ནང་ཆོས་གཉིས་གྱི་དབར་ལ་ཐུན་མོང་གི་ཁྱད་ཆོས་སམ་མཐུན་པའི་ཆ་ཧ་ཅང་མང་པོ་ཡོད། བོན་པོ་ཚོས་ནང་པས་དེ་དག་ཐམས་ཅད་བོན་ནས་བླངས་ཞེས་བརྗོད་པ་དང་། ནང་པས་དེ་དག་ཐམས་ཅད་ནང་ཆོས་ནས་བླངས་ཡོད་ཚུལ་བརྗོད་ཀྱི་ཡོད། ཕྱོགས་གཉིས་ཀ་འབྱུང་ཁུངས་ཡིན་པའི་ར་སྤྲོད་བྱེད་ཀྱི་ཡོད། དེའི་ཐད་ཐག་གཅོད་བྱ་རྒྱུ་ཧ་ཅང་ཁག་པོ་རེད། ང་ཚོས་ཇི་ལྟར་ཤེས་སམ།

ནང་ཆོས་དེ་རྒྱ་གར་ནས་ཨཧྥ་གྷ་ནི་སི་ཐཱན་ལ་སྔ་ས་ནས་དར་ཡོད། དོན་ངོ་མར་སངས་རྒྱས་ཀྱི་སློབ་མ་གཉིས་ཨཧྥ་གྷ་ནིསྠཱན་ནས་སླེབས་ནས་ཕྱིས་སུ་ནང་ཆོས་ཨཧྥ་གྷ་ནིསྠཱན་ལ་ཁྱབ་སྤེལ་གནང་བར་གྲགས། ཕྱི་ལོ་སྔོན་གྱི་དུས་རབས་དང་པོ་དང་གཉིས་པའི་ནང་། ནང་ཆོས་ཨི་རཱན་ནང་དང་དབུས་ཨེ་ཤི་ཡའི་ནང་དར་བའི་སྐོར་ང་ཚོས་ཤེས། ནང་ཆོས་དར་ཡོད། གལ་ཏེ་བོན་པོ་རྣམས་ཀྱིས་སངས་རྒྱས་ཀྱིས་གང་གསུངས་པའི་ཆོས་དང་ཧ་ཅང་འདྲ་ཆོས་སུ་ཡོད་པའི་ལྟ་ཚུལ་རྣམས་ནང་ཆོས་རྒྱ་གར་ནས་ཐད་ཀར་བོད་ནང་དར་བའི་དུས་ཡུན་རིང་པོའི་གོང་ནས་པར་སིག་གི་ས་ཁུལ་ནས་བོད་ནུབ་ཕྱོགས་སུ་དར་བར་བརྗོད་ན། དེ་ནས་ནང་ཆོས་དང་ཨི་རཱན་གྱི་ས་ཁུལ་གྱི་དེ་གའི་ནང་ཡོད་པའི་རིག་གཞུང་གཉིས་འདྲེས་ཏེ་དར་ཡོད་སྲིད་པ་རེད། ལི་ཡུལ་ Khotan ནི་ཨི་རཱན་གྱི་ནང་པའི་ལྟ་ཚུལ་གྱི་ཐོག་ནས་ཁུངས་ལུང་དང་རྒྱུ་མཚན་ཆེ་ཤོས་ཀྱི་ས་ཁུལ་ལྟ་བུར་ཆགས་ཡོད།

ལི་ཡུལ། Khotan

ལི་ཡུལ་ནི་བོད་ཀྱི་ནུབ་ཕྱོགས་སུ་ཆགས་ཡོད། ཁྱེད་ཀྱིས་ཤེས་གསལ་ལྟར། བོད་ནི་ས་མཐོ་ཞིང་རི་རྒྱུད་ཧ་ཅང་མང་བ་ཞིག་ཡིན། བོད་བྱང་གི་ཕྱོགས་ཀྱི་མཐའི་བར་ཕྱིན་ན། དེར་རི་རྒྱུད་གཞན་ཞིག་ཡོད་པ་དེ་རྒྱ་མཚོའི་ངོས་ནས་ཤར་ཏུར་ཀི་སི་ཐཱན་གྱི་བྱེ་ཐང་ཞིག་གི་བར་དུ་རྒྱུད་ནས་ཡོད། དེ་ལ་ད་ལྟའི་ཆར་རྒྱ་ནག་གི་ཤིང་ཅང་མངའ་ཁུལ་ཟེར། ལི་ཡུལ་ནི་ང་ཚོས་བྱེ་ཐང་དེའི་ནང་འཛུལ་བ་དང་རི་བོ་དེ་དག་གི་ཉེ་འདབས་སུ་ཆགས་ཡོད། དེ་ནི་ཨི་རཱན་གྱི་རིག་གཞུང་ས་ཁུལ་ཞིག་ཡིན་པ་དང་། ཡུལ་མི་རྣམས་ཨི་རཱན་རྒྱལ་ཁབ་ནས་སླེབས་ཡོད། དེ་ནི་ནང་ཆོས་དང་ཚོང་འབྲེལ་གྱི་ས་ཆ་ལྟེ་གནས་ཤིག་ཆགས་ཡོད། བོད་མི་ཚོས་དེ་ལ་གལ་གནད་ཆུང་ཆུང་དུ་བརྩིས་ནས་ཆོས་དང་རིག་གཞུང་ཐམས་ཅད་རྒྱ་གར་ཡང་ན་རྒྱ་ནག་ནས་དར་བར་བརྗོད་ཀྱི་ཡོད་ནའང་། ཨི་རཱན་གྱིས་བོད་ལ་དོན་གནད་ཆེ་བའི་རིག་གཞུང་གི་ཤུགས་རྐྱེན་སྤྲད་ཡོད།

ཐ་ན་བོད་ཀྱི་ཡི་གེའི་འབྲི་གཟུགས་ལམ་ལུགས་དེ་ཡང་ལི་ཡུལ་གྱི་དབྱང་གསལ་ནས་བྱུང་ཡོད། བོད་ཀྱི་སྐད་ཡིག་ལ་འབྲི་གཟུགས་ཀྱི་ལམ་ལུགས་གསར་གཏོད་ཆེད་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལི་ཡུལ་ལ་བློན་པོ་ཞིག་མངགས་གཏོང་མཛད་ཡོད། ལི་ཡུལ་ཕྱོགས་སུ་ཚོང་ལམ་དེ་ཀཥྨིར་བརྒྱུད་ནས་ཕྱིན་པ་དང་། ལི་ཡུལ་ནས་ཡིན་པའི་སློབ་དཔོན་ཆེན་པོ་དང་མཇལ་འཕྲད་ཀྱི་རེ་བ་ཡོད་པ་ལྟར་དེར་མཇལ་འཕྲད་བྱུང་ཡོད། དེར་བརྟེན་བོད་ཀྱི་འབྲི་གཟུགས་དེ་སློབ་དཔོན་དེའི་མདུན་ནས་ཀཥྨིར་ནས་ཐོབ་ཡོད། ཀཥྨིར་ནས་བོད་ཡིག་འབྲི་གཟུགས་ཐོབ་ཚུལ་གྱི་ལོ་རྒྱུས་དེ་ལྟར་ཆགས་པ་རེད། གལ་ཏེ་ང་ཚོས་བོད་ཡིག་འབྲི་གཟུགས་རང་ལ་བརྟག་དཔྱད་བྱས་ན། དེ་ནི་ལི་ཡུལ་ནས་དར་ཡོད་པ་ཤེས་ཐུབ། བཤད་མི་དགོས་པ་ལྟར། ལི་ཡུལ་གྱི་ཡི་གེ་དེ་ཐོག་མར་རྒྱ་གར་ནས་དར་ཡོད། གནད་དོན་གཙོ་བོ་དེ་གང་རེད་ཅེ་ན། ལི་ཡུལ་དང་མཉམ་དུ་རིག་གཞུང་གི་འབྲེལ་མཐུད་ཧ་ཅང་མང་པོ་བྱུང་ཡོད།

ང་ཚོས་བོན་གྱི་འགྲེལ་བརྗོད་བྱེད་སྟངས་དེ་ཧ་ཅང་ཡིན་མདོག་ཁ་པོ་མཐོང་ཐུབ། དེ་ནི་ལི་ཡུལ་ནས་དར་ཡོད་སྲིད་པ་ཞིག་ཡིན་ངེས། ལྟ་ཚུལ་འདིའི་སྟེང་ནས་ང་ཚོས་ནང་ཆོས་དེ་བོད་ནང་ཕྱོགས་གཉིས་ནས་དར་ཡོད་ཅེས་བཤད་ཐུབ། དེ་ཡང་ལི་ཡུལ་ནས་དར་བའམ། ཡང་ན་ཨི་རཱན་གྱི་རིག་གཞུང་ནས་བོད་ནུབ་ཕྱོགས་སུ་དར་བ་དང་། དེནས་ཕྱིས་སུ་རྒྱ་གར་ནས་དར་བ་གཉིས་ཡིན། སྔ་མ་ལི་ཡུལ་ནས་དར་བར་གཞིགས་ན། དེ་ནི་ཐོག་མར་གནའ་བོའི་བོན་གྱི་རྣམ་པར་དར་ཡོད་སྲིད་པ་དང་། ནང་ཆོས་དང་ལྷག་པར་དུ་རྫོགས་ཆེན་གྱི་ཆོས་རྣམས་ཕྱོགས་གཉིས་ཀ་ནས་དར་ཡོད་པ་དང་ཕྱོགས་རེ་རེས་ཕར་ཚར་གཡར་ལེན་བྱས་ཡོད་སྲིད་པ་ཞིག་རེད། དེ་ནི་ཕལ་ཆེར་དོན་དངོས་དང་མཐུན་ཆེ་བ་ཡོད།

སྣོད་ཀྱི་འཇིག་རྟེན་དང་སྐྱེ་བ་ཕྱི་མའི་འགྲེལ་བ།

ཨི་རཱན་རིག་གཞུང་གི་དད་པ་ལས་བྱུང་བའི་བོན་གྱི་ཁྱད་ཆོས་གཅིག་ནི། སྣོད་ཀྱི་འཇིག་རྟེན་ཇི་ལྟར་གྲུབ་ཚུལ་སྐོར་དེ་རེད། ནང་ཆོས་ནས་མངོན་པ་མཛོད་ཀྱི་ནང་གསུངས་པའི་རིའི་རྒྱལ་པོ་རི་རབ་སོགས་ཀྱི་སྐོར་ཡོད་ཀྱང་། འགྲེལ་བ་དེ་གཅིག་པུ་མ་རེད། དེ་ག་ནང་བཞིན་དུས་འཁོར་ལུགས་ཀྱི་འགྲེལ་བའང་ཡོད། དེ་ཡང་ཏོག་ཙམ་མི་འདྲ་བ་ཡོད། བོན་གྱི་གཞུང་ནང་དུའང་ནང་ཆོས་ནང་བཞིན་མངོན་པ་མཛོད་ཀྱི་འགྲེལ་བ་ཡོད། འོན་ཀྱང་བོན་གྱི་ཐུན་མོང་མ་ཡིན་པའི་འགྲེལ་བའི་ནང་ཨི་རཱན་གྱི་ལུགས་དང་འདྲ་བའི་ཁྱད་རྣམ་ཁ་ཤས་ཡོད། དཔེར་ན། འོད་དང་མུན་པ་གཉིས་དབར་གྱི་གཉིས་སྣང་ལྟ་བུ། ཨུ་རུ་སུའི་མཁས་པ་ཁ་ཤས་ཀྱིས་བོད་དང་གནའ་བོའི་པར་སིག་དབར་ཡི་དམ་གྱི་ལྷའི་རིཌ་འདྲ་མིན་གྱི་མཚན་ལ་མཚུངས་ཆོས་ཡོད་པར་ཤེས་རྟོགས་བྱུང་ཡོད། ཨི་རཱན་གྱི་འབྲེལ་བ་འདི་ཁོང་ཚོས་གང་མཛུབ་སྟོན་བྱེད་བཞིན་པ་དེ་རེད།

གནའ་བོའི་བོན་ལ་ཐུན་མིན་གྱི་ཁྱད་ཆོས་ཡོད་པ་ནི། སྐྱེ་བ་ཕྱི་མའི་སྐོར་ལ་ནན་བཤད་དང་། ལྷག་དོན་དུ་བར་དོའི་སྐོར་ནན་བརྗོད་བྱས་ཡོད། དཔེར་ན། རྒྱལ་པོ་འདས་གྲོངས་སུ་གྱུར་སྐབས། ཁོང་རྣམས་སྐྱེ་བ་ཕྱི་མ་ཞིག་ལ་ཕྱིན་པ་རེད། གང་ལགས་ཞེ་ན། ཁོང་ཚོར་སྐྱེ་བ་ཕྱི་མར་འགྲིམ་པར་ཆ་རྐྱེན་ཁ་ཤས་དགོས་ཀྱི་ཡོད་པས། དེར་དུད་འགྲོ་དམར་མཆོད་བྱེད་སྲོལ་དང་ཐ་ན་མིའི་དམར་མཆོད་འབུལ་བའང་ཡོད་སྲིད། ཡིན་ནའང་དེ་ནི་རྩོད་གཞི་ཅན་ཞིག་ཡིན། ཁོང་ཚོས་སྐྱེ་བ་ཕྱི་མར་འགྲོ་མཁན་གྱི་གང་ཟག་ལ་དགོས་ངེས་ཀྱི་འདྲ་པར་དང་། ཁ་ཟས། དངོས་པོའི་ཆ་རྐྱེན་ཡོད་དོ་ཅོག་སྦས་པའི་སྲོལ་ཡོད་ངེས་པ་རེད། 

འདིར་དོ་སྣང་བྱེད་འོས་པ་ཞིག་ནི། བོད་ཀྱི་ནང་ཆོས་ཀྱིས་དེའི་རིགས་རྣམས་བར་དོའི་སྐབས་སུ་དགོས་ངེས་ཐོག་ནས་དང་ལེན་བྱས་ཡོད། རྒྱ་གར་གྱི་ནང་ཆོས་ནང་བར་དོ་ཟེར་བ་ཞིག་གསལ་ཡོད་ཀྱང་། དེ་ལ་ནན་བརྗོད་ཉུང་ཉུང་ལས་མེད། བོད་ཀྱི་ནང་ཆོས་ནང་བར་དོ་དང་འབྲེལ་བའི་ཆོ་ག་སོགས་ཧ་ཅང་རྒྱས་པོ་ཡོད་པ་རེད། ང་ཚོས་གནའ་བོའི་པར་སིག་གི་རིག་གཞུང་ནང་དུའང་སྐྱེ་བ་ཕྱི་མའི་གྲ་སྒྲིག་ཐད་ནན་བརྗོད་བྱེད་པ་ཤེས་ཐུབ། གནའ་བོའི་བོན་གྱི་རྣམ་པ་ང་ཚོས་དངོས་སུ་གདེང་ཚོད་ངང་ནས་ཤོད་ཐུབ་པ་གཅིག་པུ་ནི། ཕུང་པོ་སྦེད་པའི་ཆོ་གའི་ཉམས་ལེན་དང་། བང་སོའི་ནང་གང་རྙེད་སོན་བྱུང་བ་དེས་སྐྱེ་བ་ཕྱི་མར་ཡིད་ཆེས་ཡོད་པ་སྟོན་གྱི་ཡོད། དེ་ལས་གཞན་ཚོད་དཔག་ཙམ་དུ་ཟད། ང་ཚོས་གནའ་བོའི་རྒྱལ་པོ་རྣམས་ཀྱི་ཕུང་པོ་སྦེད་པའི་གདུང་རྟེན་བང་སོ་ལ་དངོས་སུ་བརྟག་དཔྱད་བྱེད་ཆོག་པ་ཡིན།

ཞང་ཞུང་རྒྱལ་རྒྱུད་ཀྱི་ནུས་ཤུགས་དེ་བོད་དབུས་ཀྱི་ཡར་ལུང་ས་ཁུལ་དུ་དར་ཁྱབ་བྱུང་བ་དང་། དེ་ཡང་ཆེས་གནའ་བོ་ནས་བཟུང་མཐར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་རྒྱལ་ཁམས་ཐོག་མར་གསར་འཛུགས་གནང་བའི་བར་དུ་རྒྱུན་གནས་བྱུང་ཡོད། ཁོང་གིས་རྒྱ་ནག་དང་བལ་ཡུལ་ནས་བཙུན་མོ་ཁབ་ཏུ་བཞེས་ཏེ་མནའ་འབྲེལ་བཟོས་ཡོད། དེར་མ་ཟད། ཁོང་གིས་ཞང་ཞུང་ནས་ཀྱང་བཙུན་མོ་བཞེས་ཡོད། དེ་རྗེས་བོད་བཙན་པོའི་རྒྱལ་རྒྱུད་དང་པོའི་བཙུན་མོ་བཞེས་ཡུལ་གྱི་རྒྱལ་ཁབ་རེ་རེའི་རིག་གཞུང་གིས་ཤུགས་རྐྱེན་སྤྲད་ཡོད། 

ནང་བསྟན་ཡོངས་སུ་རྫོགས་པ་ཆེས་གནའ་བོའི་དུས་དེའི་རིང་བོད་དུ་དར་ཁྱབ་བྱུང་མེད་པ་དང་དེའི་ཤུགས་རྐྱེན་ཀྱང་ཧ་ཅང་ཆུང་ཆུང་ཡིན། གང་ལྟར་ཡང་། རྒྱལ་པོས་ལུས་གནད་འདྲ་མིན་གྱི་ཐོག་ཏུ་ལྷ་ཁང་རྣམས་བཞེངས་ཡོད། གང་ཡིན་ཞེ་ན། བོད་ཀྱི་ས་དཔྱད་དེ་ཡང་སྲིན་མོ་གྱན་རྐྱལ་དུ་འགྱེལ་འདྲའི་དབྱིབས་ལྟ་བུར་ཆགས་ཡོད་པ་དང་། ལུས་ཀྱི་གནད་འདྲ་མིན་ཐོག་ལྷ་ཁང་བཞེངས་པ་དེས་མི་སྲུན་གདོན་བགེགས་འབྱུང་པོ་རྣམས་འདུལ་བར་དགོངས་ཡོད། ལུས་ཀྱི་གནད་ལ་དགོངས་པ་དང་བདུད་རྣམས་འདུལ་བ་སོགས་ལ་བལྟས་ན། དངོས་གནས་རྒྱ་ནག་གི་ལུགས་ཤས་ཆེ་ཡོད། དེའི་སྐབས་སུ་བོད་ནང་གི་ནང་ཆོས་ཀྱི་རྣམ་པ་དེ་འདྲ་ཞིག་ཡོད། སྐབས་དོན་འབྲེལ་བ་གང་ཡོད་ཅེ་ན། ཆོས་རྒྱལ་སྲོང་བཙན་སྒམ་པོས་ནང་ཆོས་དང་ལེན་གནང་བའི་ནང་། དེའི་སྔོན་ནས་ཡར་ལུང་ཁུལ་དུ་ལག་བསྟར་ཡོད་པའི་བོན་གྱི་བང་སོ་སྦེད་པཔའི་ཆོ་ག་དེ་རྒྱུན་སྲིང་གནང་ཡོད། དེ་ནི་ཞང་ཞུང་ནས་བླངས་པའི་བཙུན་མོས་ཤུཌ་སྣོན་སྤྲད་པ་གསལ་པོ་ཡིན། བྱས་ཙང་། ཕུང་པོ་སྦེད་པའི་ཆོ་ག་དང་མཉམ་དུ་དམར་མཆོད་ལ་སོགས་པ་ནི་སྔ་རབས་ནས་བོད་དུ་དར་བའི་ནང་ཆོས་ཀྱི་དུས་སྐབས་ནས་མུ་མཐུད་དེ་སླེབས་པ་ཞིག་ཡིན།

བོན་པོའི་ཡུལ་གྱར།

ཕལ་ཆེར་ཕྱི་ལོ་སྔོན་གྱི་ལོ་ ༧༦༠ ཡས་མས་སུ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་རྒྱ་གར་ནས་བོད་དུ་གདན་དྲངས། བོད་ཀྱི་དགོན་པའི་ཐོག་མ་བསམ་ཡས་གཙུག་ལག་ཁང་གསར་བཞེངས་མཛད་པ་དང་། རབ་བྱུང་གི་སྡེ་ཐོག་མར་འགོ་ཚུགས། བསམ་ཡས་སུ་སྒྲ་བསྒྱུར་གྱི་སྡེ་ཚན་ཞིག་ཡོད་པ་དེའི་ནང་རྒྱ་དཀར་ནག་གཉིས་ཀྱི་སྐད་ནས་བོད་སྐད་དུ་ནང་བསྟན་བསྒྱུར་བཞིན་ཡོད་པ་མ་ཟད། ཞང་ཞུང་སྐད་ནས་བོད་སྐད་དུའང་བསྒྱུར་ཡོད། དེར་བརྟེན་ཞང་ཞུང་སྐད་དེ་དེའི་ཚེ་བྲིས་གཟུགས་སུ་གཏན་ལ་ཕབ་ཟིན་པ་ལྟར་རེད། བོད་ཡིག་ལའང་བྲིས་གཟུཌ་མི་འདྲ་བ་གཉིས་ཡོད་དེ། པར་མའི་ལུགས་དེ་ནི་སྲོང་བཙན་སྒམ་པོས་ལི་ཡུལ་ནས་གང་ཐོབ་པ་དེ་རེད། ཆོས་རྒྱལ་ནམ་མཁའི་ནོར་བུ་ལྟ་བུ་མཁས་པ་ཁ་ཤས་ཀྱིས་ཉམས་ཞིབ་ལྟར་བྱས་ན། ཞང་ཞུང་ལ་དེ་སྔོན་ནས་བྲིས་གཟུགས་ཀྱི་ལམ་ལུགས་ཡོད་པ་དང་། དེ་ནི་བོད་ཡིག་གི་བྲིས་གཟུགས་ཀྱི་གཞི་རྟེན་དེ་ཡིན་ཞེས་གསུངས། བསམ་ཡས་གཙུག་ལག་ཁང་དུ་ཁོང་ཚོས་བོན་གྱི་གཞུང་རྣམས་བསྒྱུར་ཡོད། ཚོད་དཔག་ལྟར་བྱས་ན། ཕལ་ཆེར་ཕུང་པོ་སྦེད་པའི་ཆོ་གའི་རིགས་སོགས་གྱི་གཞུང་རྣམས་ཞང་ཞུང་སྐད་ནས་བོད་སྐད་དུ་ཚུར་བསྒྱུར་ཡོད་སྲིད།

བསམ་ཡས་གཙུག་ལག་ཁང་དུ་རྒྱ་གར་དང་རྒྱ་ནག་དབར་གྱི་རྩོད་པ་སྐད་གྲགས་ཅན་དེ་བྱུང་ཡོད། དེ་ནས་ཕྱི་ལོ་སྔོན་གྱི་ལོ་ ༧༧༩ ལོར་ཆོས་ཕྱོགས་དང་འབྲེལ་བའི་ལྷན་ཚོགས་ཤིག་ཀྱང་གསར་འཛུགས་བྱས་ཤིང་། ནང་པ་སངས་རྒྱས་པའི་ཆོས་དེ་བོད་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་ཁྱབ་བསྒྲགས་བྱས་ཤིང་། དེའི་སྐབས་སུ་ཆབ་སྲིད་ཀྱི་བསམ་ཚུལ་ཧ་ཅང་མང་པོ་བྱུང་ཡོད་པ་ནི་སྨྲོས་ཅི་དགོས། དེ་རྗེས་དུས་ཡུན་རིང་མོ་མ་སོང་བར་ཕྱི་ལོ་སྔོན་གྱི་ལོ་ ༧༨༤ ལོར་བོན་གྱི་ཤོག་ཁག་ལ་སྡུག་སྦྱོང་གཏོང་བའི་གནས་སྟངས་བྱུང་ཞིང་། དེ་ནས་བཟུང་སྟེ་བསམ་ངན་གྱི་གནས་སྟངས་དེ་འགོ་ཚུགས་པ་རེད། དེའི་སྐབས་དོན་ངོ་མར་གནས་སྟངས་ཅི་འདྲ་ཞིག་ཡོད་དམ། དེའི་ཐད་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་རེད།

བཙན་པོའི་མངའ་འོག་ཏུ་རྒྱ་ནག་ལ་ཉེ་ཕྱོགས་འཛིན་པའི་ཤོག་ཁག་དང་། རྒྱ་གར་ལ་ཉེ་ཕྱོགས་འཛིན་པའི་ཤོག་ཁག །དེ་བཞིན་ཕྱི་མིར་སྡང་བའི་རྙིང་ཞེན་ཅན་གྱི་གདོད་མའི་ཤོག་ཁག་བཅས་ཡོད་པ་རེད། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཡབ་རྗེ་དེས་རྒྱ་ནག་གི་བཙུན་མོ་ཞིག་ཁབ་ཏུ་བཞེས་པ་དང་། བཙུན་མོ་དེར་དབང་ཤུགས་ཧ་ཅང་ཆེན་པོ་ཡོད་པ་དང་། དེ་ལ་བརྟེན་ནས་ཡབ་རྗེ་དེ་སྲིད་བྱུས་མང་པོ་ཐོག་ནས་རྒྱ་ནག་ལ་ཉེ་ཕྱོགས་འཛིན་མཁན་དུ་གྱུར། རྙི་ཞེན་ཅན་གྱི་ཤོག་ཁག་ཚོས་ཡབ་རྗེ་ལྐོག་གསོད་བྱས་པ་རེད། ངས་བསམ་པར་། རྒྱ་ནག་རྩོད་པ་དེ་ཤོར་དགོས་པའི་རྒྱུ་མཚན་གཅིག་དེ་རེད་བསམ་གྱི་འདུག །ཁོང་ཚོས་རྩོད་གླེང་དེ་ཐོབ་པའི་རེ་བ་མེད་པ་རེད། གང་ཡིན་ཟེར་ན།  རྒྱ་མི་ཚོར་རྩོད་གླེང་གི་སྲོལ་རྒྱུན་མེད་པ་དང་ཁོང་ཚོ་རྒྱ་གར་གྱི་རྩོད་གླེང་མཁས་ཤོས་དང་མཉམ་དུ་འགྲན་དགོས་ཀྱི་ཡོད། ཡང་དྲི་བ་ཞིག་ཡོད་པ་ནི། ཁོང་ཚོར་ཐུན་མོང་དུ་སྤྱོད་ཐུབ་པའི་སྐད་ཡིག་ཅིག་མེད། བྱས་ཙང་། སྐད་ཡིག་གང་གི་ནང་རྩོད་གླེང་བྱས་སམ། དེ་དག་ཐམས་ཅད་སྐད་བསྒྱུར་བྱས་ཡོད། རྒྱ་ནག་གི་ཤོག་ཁག་རྣམས་ཕྱིར་འབུད་གཏོང་དགོས་པ་དེ་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན་པ་གསལ་པོ་རེད། རྒྱ་མི་ལ་བརྟེན་ནས་རྒྱལ་པོའི་ཡབ་བཀྲོངས་པ་རེད། དེའི་སྒང་ལ་རྒྱལ་པོར་ཕྱི་རྒྱལ་ལ་རྒྱབ་འགལ་ཅན་གྱི་ཤོག་ཁག་རྣམས་ཀྱང་ཕྱིར་འབུད་གཏོང་འདོད་ཡོད་པ་རེད། རྒྱ་གར་གྱི་ཤོག་ཁག་རྣམས་རྒྱལ་པོའི་ཆབ་སྲིད་ཀྱི་དབང་ཐང་ཐད་འཇིགས་སྐུལ་ཉུང་ཤོས་ཡོད་པ་རེད། དེར་བརྟེན་རྙིང་ཞེན་ཅན་གྱི་ཆབ་སྲིད་ཤོག་ཁག་དེ་ཡུལ་གྱར་དུ་བཏང་ཡོད། དེ་དག་ནི་བོན་པོ་རྣམས་རེད། 

འདིར་མགོ་རྙོག་ཅན་ཞིག་ནི། མི་རྣམས་ཀྱིས་བོན་པོས་ཕོ་བྲང་དུ་ཕུང་པོ་སྦེད་པའི་ཆོ་ག་སྒྲུབ་ཀྱིན་ཡོད་སྐོར་བརྗོད་པ་དེ་རེད། དེ་དག་ནི་ཡུལ་གྱར་དུ་བཏང་བའི་བོན་པོ་ཚོ་མ་རེད། ཡུལ་གྱར་དུ་བཏང་བའི་བོན་པོ་རྣམས་ནི་ཕྱིར་འབུད་བཏང་བའི་རྙིང་ཞེན་ཅན་གྱི་བློན་པོ་དང་ཆབ་སྲིད་ཀྱི་མི་སྣ་ཁག་ཡིན་པ་རེད། དོ་སྣང་བྱེད་འོས་པ་ཞིག་ལ། ཕུང་པོ་སྦེད་པའི་ཆོ་ག་དང་དམར་མཆོད་ཀྱི་རིགས་དེ་དག་ཡུལ་གྱར་བཏང་བའི་རྗེས་སུའང་ཕོ་བྲང་མུ་མཐུད་ནས་གནས་ཡོད། རྒྱ་ནག་དང་མཉམ་དུ་ཕྱི་ལོ་སྔོན་གྱི་ལོ་ ༨༢༡ ལོར་བཞག་པའི་ཆིངས་ཡིག་ལ་རྗེས་དྲན་བྱེད་ཆེད་རྡོ་རིང་ཞིག་བཞེངས་ཡོད་པ་དེའི་ནང་ཆོ་གའི་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད། ཁོང་ཚོས་དུད་འགྲོ་སེམས་ཅན་དམར་མཆོད་བྱེད་ཀྱི་ཡོད། ཁོང་ཚོར་བཙན་པོའི་གདུང་རྒྱུད་ཀྱི་བང་སོ་མེད་ཀྱང་། དེས་ཤུགས་རྐྱེན་མི་ཉུང་བ་ཡོད། ང་རང་གི་བསམ་པར། ནང་པ་དང་བོན་པོའི་དབར་གྱི་རྩོད་རྙོག་དང་ཕན་ཚུན་དབར་གྱི་བསམ་བློ་དང་ཚོར་བ་ངན་པ་ཡོད་དེ་རིགས་དོན་ངོ་མར་ཆབ་སྲིད་ཀྱི་རྩོད་རྙོག་ཅིག་ཡིན་པ་རྟོགས་དགོས་རྒྱུ་གལ་ཆེན་པོ་རེད། དེ་ནི་ཆོས་དང་ཆོ་ག་དང་འབྲེལ་བའི་སྐོར་མ་རེད། 

རྙིང་ཞེན་ཅན་གྱི་ཤོག་ཁག་དེ་ཡང་ས་ཁུལ་གཉིས་ལ་ཡུལ་གྱར་བཏང་ཡོད། གཅིག་ནི་ཡུ་ནན་ཞིང་ཆེན་གྱི་ཁྱབ་ཁོངས་ཏེ། ད་ལྟའི་ཆར་རྒྱ་ནག་ལྷོ་ནུབ་ཀྱི་ས་ཁུལ་དང་། འབར་མའི་བྱང་ཕྱོགས་སུ་ཡིན་པ་རེད། གཞན་དེ་ནི་པ་ཀི་སི་ཐཱན་གྱི་ནུབ་བྱང་གྷིལ་གིཏ་ Gilgit ས་ཁུལ་ཏེ། གུ་རུ་པདྨ་འབྱུང་གནས་ཀྱི་འཁྲུངས་ས་དང་ཐག་ཧ་ཅང་ཉེ་ས་དེར་ཡིན། གུ་རུ་རིན་པོ་ཆེ་ནས་ཆོས་ཐོབ་སའི་ས་ཁུལ་དེ་ནས་བོན་པོ་རྣམས་ཀྱིས་ཀྱང་རྫོགས་ཆེན་གྱི་ཆོས་འགའ་ཤས་ཐོབ་ཡོད་པ་ང་ཚོས་རྗེས་སུ་དཔོག་ཐུབ། དེ་རྗེས་བོན་པོ་ཚོས་གུ་རུ་རིན་པོ་ཆེ་ལ་མ་བརྟེན་པར་ལོགས་ཆོས་རྣམས་བོད་དུ་གདན་དྲངས་ཡོད་སྲིད། བོན་པོ་རྣམས་ལ་གུ་རུ་རིན་པོ་ཆེ་ནས་བྱུང་བའི་ནང་པའི་རྫོགས་ཆེན་གྱི་སྲོལ་རྒྱུན་ལས་ལོགས་སུ་བོན་པོའི་རྫོགས་ཆེན་གྱི་སྲོལ་ཞིག་ཡོད་པའི་འགྲེལ་ཚུལ་ཧ་ཅང་མང་། དེ་ནི་མི་ཁ་གཅིག་གིས་བཤད་པ་ཙམ་གྱིས་དེ་བདེན་པ་ཡིན་པའི་གནད་དོན་ཞིག་མ་ཡིན། ང་ཚོས་ལོ་རྒྱུས་ལ་ངེས་པར་དུ་བལྟ་དགོས་ཀྱི་ཡོད།

བོན་པོ་རྣམས་ཀྱིས་གཏེར་ཆོས་སྦས་ཡོད།

ཞང་ཞུང་གི་ཕྱག་དཔེ་མང་དག་ཅིག་ཡུལ་གྱར་དུ་བཏང་བའི་སྐབས་གཏེར་དུ་སྦས་ཤིང་། མཁས་གྲུབ་ཆེན་པོ་དྲན་པ་ནམ་མཁས་དེ་དག་ཐམས་ཅད་བསམ་ཡས་གཙུག་ལག་ཁང་གི་འདམ་གྱི་རྩིག་གྱང་ནང་དུ་སྦས་ཡོད། གུ་རུ་རིན་པོ་ཆེས་ཀྱང་དེ་དང་དུས་མཉམ་དུ་གཏེར་ཆོས་མང་པོ་སྦེད་བཞིན་ཡོད། གང་ལགས་ཞེ་ན། ཁོང་གིས་དུས་ལ་བབས་མེད་པ་དང་མི་རྣམས་ཀྱིས་གཏེར་མ་དེ་དག་གོ་ཚོད་པའི་སྣོད་ལྡན་དུ་གྱུར་མེད། ཁོང་གིས་རྫོགས་ཆེན་གྱི་དཔེ་ཆ་གཅིག་པུ་སྦས་གནང་བ་རེད། བོན་པོ་རྣམས་ཀྱིས་རྫོགས་ཆེན་ཐེ་བའི་བོན་གྱི་དཔེ་ཆ་ཚང་མ་སྦས་པ་རེད། བྱས་ཙང་། བོན་པོ་དང་རྙིང་མ་གཉིས་ཀས་ཕྱག་དཔེ་རྣམས་གཏེར་དུ་དུས་གཅིག་ཏུ་སྦས་པའི་སྐབས། སྦས་དགོས་པའི་རྒྱུ་མཚན་དང་གཏེར་མ་རྣམས་གང་ལ་གང་འཚམ་གྱི་ཁྱད་པར་ཡོད། 

དེ་ནས་བོད་ཀྱི་ཆོས་རྒྱལ་ཁྲི་རལ་པ་ཅན་བྱོན། ཁོང་ནི་རྨོངས་ཞེན་ཅན་ཞིག་ཡིན་པ་རེད། ཁོང་གིས་ཁྱིམ་པ་བདུན་གྱིས་དགེ་འདུན་པ་རེ་རེར་འཚོ་བའི་རྒྱབ་སྐྱོར་དགོས་པའི་བཀའ་ཁྱབ་གནང་། ཁྲལ་མང་དག་ཅིག་ནི་དགོན་སྡེ་ཁག་ལ་རྒྱབ་སྐྱོར་ཆེད་དུ་ཁ་ཕྱོགས་བསྒྱུར། ཆོས་ཕྱོགས་ཀྱི་ལྷན་ཚོགས་ནང་ཡོད་པའི་དགེ་འདུན་པ་རྣམས་ལ་ཆབ་སྲིད་ཀྱི་དབང་ཆ་ཤུཌ་ཆེན་ཡོད་པ་རེད། དེ་རྗེས་ཀྱི་རྒྱལ་པོ་ནི་གླང་དར་མ་རེད། ལོ་རྒྱུས་ནང་ཁོང་ནི་བདུད་ལྟར་འགྲེལ་བརྗོད་བྱས་ཡོད། གང་ཡིན་ཞེ་ན། ཁོང་གིས་ཆོས་ཕྱོགས་ཀྱི་ལྷན་ཚོགས་ལ་སྡུག་སྦྱོང་བཏང་བ་དང་། དགོན་སྡེ་ཁག་ནང་ཁྲལ་གྱི་རྒྱབ་སྐྱོར་ཡོད་དོ་ཅོག་མཚམས་འཇོག་བྱས་པ་རེད། གླང་དར་མས་དགོན་སྡེ་རྣམས་ཁ་གཏོར་བཏང་ཡོད་ཀྱང་། དཔེ་མཛོད་རྣམས་རྩ་མེད་བཏང་མེད། ང་ཚོས་དེ་ཇི་ལྟར་ཤེས་ཐུབ་ཅེ་ན། དུས་རབས་བཅུ་གཅིག་པའི་ནང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་དྲངས་སྐབས། ཁོང་གིས་དཔེ་མཛོད་རྣམས་ཧ་ཅང་གི་ཡག་པོ་དང་ཚད་ལྡན་ཡོད་སྐོར་གསུངས་ཡོད། གླང་དར་མས་གཞི་རྩའི་ཆ་ནས་དགོན་སྡེའི་སྒྲིག་འཛུགས་མཚམས་འཇོག་བྱས་ཡོད། གང་ཡིན་ཞེ་ན། དེ་དག་ཆབ་སྲིད་ཀྱི་དབང་ཆའི་ཐོག་ནས་ཧ་ཅང་སྟོབས་ཤུགས་ཆེན་པོ་ཆགས་ཀྱི་ཡོད། བྱས་ཙང་། དགོན་སྡེ་རྣམས་དོར་བའི་དུས་ཚོད་ཅིག་བྱུང་ཡོད། 

བོན་གྱི་དཔེ་ཆ་བསམ་ཡས་གཙུག་ལག་ཁང་དུ་སྦས་པ་རྣམས་ཐོག་མར་ཕྱི་ལོ་སྔོན་གྱི་ལོ་ ༩༡༣ ལོར་གཏེར་ལས་བཏོན་ཡོད། དེའི་སྐབས་རྫི་བོ་ཁ་ཤས་དགོན་པའི་ནང་བསྡད་ཡོད་པ་དང་། ཁོང་ཚོས་རྩིག་ངོས་སུ་བསྙེས་པའི་སྐབས་རྩིག་པ་ཉིལ་ནས་དཔེ་ཆ་འགའ་ཞིག་ཐོན་པ་རེད། འོན་ཀྱང་བོན་གྱི་དཔེ་ཆ་ཕོན་ཆེ་བ་ནི་དུས་རབས་གཅིག་གི་རྗེས་སུ་བོན་གྱི་གཏེར་སྟོན་ཆེན་པོ་གཤེན་ཆེན་ཀླུ་དགས་གཏེར་ལས་བཏོན་ཡོད། ཕྱི་ལོ་ ༡༠༡༧ ལོར་གཏེར་སྟོན་གཤེན་ཆེན་གྱིས་སྒྲིག་བཀོད་དང་བཅས་གཏན་ལ་ཕབ། དེ་དག་མང་ཆེ་བ་ནི་རྫོགས་ཆེན་མ་ཡིན་པའི་ཕྱག་དཔེ་ཁག་ཡིན་པ་རེད། དེ་དག་གི་ཁོངས་སུ་བོད་ཀྱི་ནང་ཆོས་དང་འདྲ་མཚུངས་ཡོད་པའི་གཞུང་རྣམས་ཡོད་པ་རེད། དེའི་རྗེས་སུ་གཞི་ནས་རྙིང་མ་པ་རྣམས་ཀྱིས་བསམ་ཡས་དང་དགོན་སྡེ་གཞན་ནས་གཏེར་ཆོས་རྣམས་བཏོན་འགོ་ཚུགས་ཡོད། བླ་ཆེན་ཁག་མང་པོས་བོན་དང་རྙིང་མའི་དཔེ་ཆ་གཉིས་ཀ་རྙེད་སོན་བྱུང་ཡོད། དེ་ཡང་ས་ཆ་གཅིག་ནས་རྙེད་ཡོད། རྙིང་མའི་དཔེ་ཆ་མང་ཆེ་བ་ནི་རྫོགས་ཆེན་གྱི་ཆོས་སྐོར་རྣམས་ཡིན། བོན་གྱི་བསྟན་པ་ཕྱི་དར་རམ་དར་གསར་མ་དེ་བོན་གྱི་བསྟན་པ་སྔ་དར་སྐབས་ཀྱི་ཡུལ་གྱར་དུ་མ་བཏང་གོང་དང་དཔེ་ཆ་རྣམས་གཏེར་དུ་མ་སྦས་གོང་ཡིན་པའི་ཐོག་ལ་བསམ་ཞིབ་བྱེད་སྐབས། ང་ཚོ་ལོ་རྒྱུས་ཀྱི་གཞི་རྩ་བརྟན་པོའི་སྒང་ལ་ཡོད་པ་རེད།

བོན་དང་བོད་རྒྱུད་ནང་བསྟན་གཉིས་ཀྱི་དབར་ཞིབ་སྡུར།

བོན་དང་བོད་བརྒྱུད་ནང་བསྟན་དབར་ཐུན་མོང་གི་མཚུངས་ཆོས་ཧ་ཅང་མང་པོ་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་༧གོང་ས་མཆོག་གིས་བོན་དེ་བོད་ཀྱི་ཆོས་བརྒྱུད་ལྔ་པའི་ཁོངས་སུ་ཡིན་པར་གསུང་གི་ཡོད། བོན་པོ་དེ་ལ་མི་དགའ་ནའང་། ང་ཚོས་བོན་ལ་བོད་བརྒྱུད་ནང་བསྟན་གྱི་རྣམ་པ་གཞན་ཞིག་ཡིན་ཞེས་བརྗོད་ཆོག །དེ་ནི་ང་ཚོས་ནང་ཆོས་ཇི་ལྟར་འགྲེལ་བརྗོད་བྱེད་མིན་ལ་རག་ལུས་ཡོད། ཐ་སྙད་མང་ཆེ་བ་གཅིག་པ་རེད། བོན་པོའི་གཞུང་ནང་སངས་རྒྱས་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་ཚུལ་སོགས་གསུང་གི་ཡོད། ཡི་དམ་གྱི་ལྷ་འདྲ་མིན་སོགས་ཀྱི་མཚན་ཁ་ཤས་མི་འདྲ་བའི་ཁྱད་པར་ཡོད། ཡིན་ནའང་གཞི་རྩའི་ཆོས་རྣམ་མཚུངས་པ་ཡིན། སྐོར་བ་ནང་སྐོར་གྱི་ཚབ་ལ་ཕྱི་སྐོར་རྒྱག་པ་ལྟ་བུའི་ཁྱད་པར་ཆུང་ཙག་རིགས་ཡོད། དེ་ག་ནང་བཞིན་ཆོ་གའི་སྐབས་ཀྱི་དབུ་ཞྭ་མི་འདྲ་བ་ཡོད། དགེ་འདུན་བཙུན་མ་རྣམས་ཀྱི་ན་བཟའ་རྣམས་ཀྱི་སྟོད་སྒག་གི་ཁ་དོག་སེར་པོ་དང་དམར་པོའི་ཚབ་ལ་སྔོན་པོ་ཡིན་པ་ཙམ་ལས་གཞན་གཅིག་པ་རེད།

བོན་ལ་བོད་བརྒྱུད་ནང་བསྟན་ལ་ཡོད་པ་ནང་བཞིན་སྲོལ་རྒྱུན་གྱི་མཚན་ཉིད་བགྲོ་གླེང་ ༼རྟགས་གསལ་གཏོང་སྲོལ་༽ གཅིག་པ་གཅིག་རྐྱང་ཡོད། ཁོང་ཚོས་མཚན་ཉིད་བགྲོ་གླེང་གི་སྲོལ་རྒྱུན་དེ་ཡང་ཧ་ཅང་ཐག་རིང་ལ་ཁུངས་གཏུགས་བྱེད་ཀྱི་ཡོད་པས། སླར་ཡང་ཐོག་མ་སུས་གསར་གཏོད་བྱེད་པའི་ཐོག་ལ་བསམ་ཞིབ་བྱ་ཡུལ་ཞིག་ཆགས་ཡོད། བོད་དུ་མ་དར་གོང་ནས་རྒྱ་གར་གྱི་དགོན་སྡེ་ཁག་གི་ནང་དར་ཡོད་ངེས་རེད། ཡང་ན་བོད་བརྒྱུད་ནང་བསྟན་གྱི་ནང་བོན་ནས་དར་ཡོད་སྲིད། ཕྱོགས་གཞན་ཞིག་ནས་གཅིག་གིས་གཞན་ནས་དཔེ་བླངས་ཡོད་པའི་ངེས་པ་མེད། 

ཡང་སྐབས་འདིར་དོ་སྣང་བྱེད་འོས་པ་ཞིག་ནི། བོན་པོའི་བགྲོ་གླེང་དང་རྟགས་གསལ་བྱེད་ཕྱོགས་དེ་དགེ་ལུགས་ཀྱི་མཚན་ཉིད་བགྲོ་གླེང་བྱེད་སྟངས་དང་ཧ་ཅང་ཐག་ཉེ་པོའི་རྗེས་སུ་འབྲང་གི་ཡོད། བོན་པོའི་དགེ་འདུན་པ་མང་དག་ཅིག་མཚན་ཉིད་བགྲོ་གླེང་གི་སྦྱོང་བརྡར་དེ་དགེ་ལུགས་ཀྱི་དགོན་སྡེ་ཁག་གི་ནང་བྱས་ཤིང་། དགེ་བཤེས་ཀྱི་གོ་གནས་ཕྱག་ཁྱེར་ཐོབ་པ་ཡོད། དེའི་གང་སྟོན་གྱི་ཡོད་ཅེ་ན། བོན་ལ་རྫོགས་ཆེན་ཡོད་ཀྱང་། ད་དུང་དབུ་མའི་འགྲེལ་ཚུལ་དེ་རྙིང་མ་ལས་ཀྱང་དགེ་ལུགས་དང་ཐག་ཉེ་བ་ཡོད་པ་གསལ་པོ་རེད། དེ་མིན་ཁོང་ཚོ་དགེ་ལུགས་རྩོད་གླེང་ནང་འཛུལ་ཞུགས་བྱེད་མི་ཐུབ། བོན་དང་བོད་བརྒྱུད་ནང་བསྟན་དབར་གྱི་འདྲ་བའི་ཆ་རྣམས་རྙིང་མ་ཁོ་ན་དང་འབྲེལ་བ་ཞིག་མ་ཡིན་པར། ཐ་སྙད་མི་འདྲ་བའི་རྙིང་མའི་འདྲ་ཆོས་ཙམ་མིན་པར། དེ་ལས་ཀྱང་རྙོག་འཛིངས་ཆེ་བ་ཞིག་ཡིན།

བོན་གྱིས་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་མང་དག་ཅིག་ལ་ནན་བཤད་བྱེད་ཀྱི་ཡོད། དེ་ལ་ཁོང་ཚོས་ནང་པའི་དགོན་སྡེ་ཁག་གི་ནང་སློབ་གཉེར་བྱེད་པ་ལས་ཀྱང་གཟབ་ནན་ཆེ་བའི་སྒོ་ནས་སློབ་གཉེར་བྱེད་ཀྱི་ཡོད། དཔེར་ན། གསོ་བ་རིག་པ་དང། རྩིས་རིག་པ། སྙན་ངག་ལ་སོགས་པའོ། །ནང་པའི་དགོན་སྡེའི་ནང་སློབ་ཚན་དེའི་རིགས་བོད་དབུས་ཕྱོགས་ལས་ཀྱང་བོད་ཤར་ཕྱོགས་ཨ་མདོའི་ཁུལ་དུ་མང་བ་དོ་ནན་བྱེད་ཀྱི་ཡོད། 

བོན་དང་བོད་བརྒྱུད་ནང་བསྟན་གཉིས་ཀའི་ནང་དགོན་སྡེ་དང་རབ་བྱུང་གི་སྡོམ་པ་ཡོད། སྡོམ་པ་མང་དག་ཅིག་ནི་གཅིག་པ་ཡིན་ནའང་། ནང་པ་ལ་ཡོད་རེ་བྱེད་ངེས་ཀྱི་སྡོམ་པ་ཁ་ཤས་བོན་ལ་ཡོད་ཀྱང་ནང་པར་མེད་པ་དེ་ནི་དོ་སྣང་བྱེད་འོས་པ་ཞིག་ཡིན། དཔེར་ན། བོན་པོ་རྣམས་ལ་དཀར་ཟས་བསྟེན་དགོས་པའི་སྡོམ་པ་ཡོད་པ་ལྟ་བུ་རེད། དེ་ལྟའི་སྡོམ་པ་དེ་ནང་པར་མེད། བོན་གྱི་ཀུན་སྤྱོད་ཀྱི་རྣམ་གཞག་དེ་ནང་པ་ལས་ཏོག་ཙམ་དམ་བསྒྲགས་ཆེ་བ་ཡོད། 

གཞན་ཡང་བོན་ལུགས་ལ་སྤྲུལ་སྐུའི་ལམ་ལུགས་ཡོད། དེ་ཡང་ནང་པའི་དགོན་སྡེའི་ཁག་གི་ནང་ཡོད་པ་དང་གཅིག་མཚུངས་ཡིན། དགེ་བཤེས་ཀྱང་ཡོད། དེ་བཞིན་ཤེར་ཕྱིན་དང་། དབུ་མ། མངོན་པ་སོགས་ནང་པའི་གཞུང་ཆེན་པོ་ཏི་ལྔ་ལ་སོགས་པ་ཚང་མ་ཡོད། གཞུང་ལུགས་དེ་དག་གི་ནང་མིང་ཚིག་དང་གཞུང་ལུགས་ངོ་སྤྲོད་བྱེད་ཕྱོགས་རྣམས་ཏོག་ཙམ་མི་འདྲ་བ་ཡོད་ཀྱང་། མི་འདྲ་བའི་ཆ་རྣམས་ནང་པའི་ཆོས་བརྒྱུད་ནང་ཁུལ་གྱི་ཁྱད་པར་ལས་ཀྱང་མངོན་གསལ་དོད་པ་ཞིག་གང་ཡང་མེད། དཔེར་ན། བོན་ལུགས་རང་གི་ནང་འཇིག་རྟེན་ཆགས་ཚུལ་གྱི་འགྲེལ་བ་ཡོད། འོན་ཀྱང་། ང་ཚོས་དུས་འཁོར་གྱི་ནང་ཐུན་མིན་གྱི་འགྲེལ་ཚུལ་ཞིག་ཀྱང་རྙེད་ཐུབ། འདི་ནི་སྤྱི་ཡོངས་ཀྱི་ཆ་ནས་ལྟ་ཕྱོགས་ཤིག་ཡིན་པ་ལས་བོན་ཟེར་དུས་ཁྱད་མཚར་པོ་དེ་འདྲ་གང་ཡང་མེད། 

བོད་ཀྱི་རིག་གཞུང་དང་གལ་གནད་ཆེ་བའི་ཆོས།

ངའི་བསམ་པར། བོད་ཀྱི་རིག་གཞུང་དང་གལ་གནད་ཆེ་བའི་ཆོས་གང་ཡིན་པའི་ཐད་གོ་རྟོགས་གསལ་པོ་ཞིག་ཡོང་ཕྱིར། བོན་ལུགས་ནས་བླངས་པའི་བོད་ཀྱི་གདོད་མའི་སྲོལ་རྒྱུན་གྱི་ལངས་ཕྱོགས་ཀྱི་ཁྱད་རྣམ་ཁག་ལ་དཔྱད་ཞིབ་བྱ་རྒྱུའི་ཐབས་ཤེས་བྱེད་དགོས་གལ་མཐོང་། དེ་ག་ནང་བཞིན་བོན་གྱི་གལ་གནད་ཆེ་བའི་བསྟན་པ་ལས་རིག་གཞུང་གི་རྣམ་པ་གང་བྱུང་བའི་སྐོར་ལའང་དཔྱད་ཞིབ་བྱ་གལ་དུ་མཐོང་། 

ནད་གསོ་བའི་རྒྱུད་རིམ་བཞི་ཡོངས་སུ་རྫོགས་པ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཚང་མས་བླངས་ཡོད། མི་ཞིག་ནད་ཀྱིས་མནར་ནས་ཡོད་སྐབས། ཐོག་མར་ཕྱྭ་མོ་ཞུ་སྲོལ་ཡོད། དེ་ནི་བོན་ནས་བྱུང་བ་ཞིག་ཡིན། གནའ་སྔ་མོའི་དུས་སུ་དེང་དུས་ནང་བཞིན་མོ་རྒྱག་དུས་ཤོ་བེད་སྤྱོད་མི་བྱེད་པར། ཐག་པར་མདུད་པ་སྣ་ཚོགས་རྒྱག་པ་ཞིག་བེད་སྤྱོད་བྱེད་སྲོལ་ཡོད། མོ་ལ་བརྟེན་ནས་གནོད་བྱེད་ཀྱི་སྲིན་པོ་སོགས་ཀྱིས་ན་ཚ་དེའི་རྒྱུ་བྱེད་ཀྱི་ཡོད་མེད་གསལ་སྟོན་བྱེད་ཀྱི་ཡོད། གལ་ཏེ་སྲིན་པོ་དང་འབྱུང་སོགས་ཀྱིས་གནོད་པ་ཡིན་ན། དེ་དག་གསོལ་མཆོད་ཕྱིར་ཆོ་ག་དང་རིམ་གྲོ་གང་སྒྲུབ་དགོས་པའང་སྟོན་གྱི་ཡོད། དེ་ནས་གཉིས་པ། རྩིས་སྐོར་མཁན་ཞིག་ལ་བསྟེན་ནས་རིམ་གྲོ་སྒྲུབ་པའི་དུས་བཟང་ཤོས་དང་ནུས་པ་ཆེ་ཤོས་ག་དུས་ཡིན་མིན་བརྟག་གི་ཡོད། རྩིས་སྐོར་སྟངས་དེ་ཡང་རྒྱ་ནག་གི་ལུགས་ལྟར། ས་དང་། ཆུ། མེ། རླུང་བཅས་འབྱུང་བ་དང་ལྕགས་སོགས་ཁམས་བ་བརྟེན་ནས་རྩིས་སྐོར་གྱི་ཡོད། གསུམ་པ། རིམ་གྲོ་དེ་དག་ནི་ཕྱིའི་གནོད་པ་དང་བར་ཆད་རྣམས་བཟློག་ཕྱིར་སྒྲུབ་ཀྱི་ཡོད། བཞི་པ། དེ་རྗེས་སྨན་ཟ་གི་ཡོད། 

ཆོ་གའི་རིམ་གྲོ་སྒྲུབ་པའི་རྣམ་གཞག་ཐད་བོན་དང་ནང་པའི་དབར་ཏོག་ཙམ་མི་འདྲ་བ་ཡོད། ནང་པའི་ལྟ་ཚུལ་ལ། ང་ཚོས་ཕྱིའི་གནས་སྟངས་རྣམས་གཞི་རྩའི་ཆ་ནས་སོ་སོའི་ལས་ཀྱི་སྣང་བརྙན་ལྟ་བུར་ལྟ་བ་དང་། ཆོ་གའི་རིམ་གྲོ་སྒྲུབ་པ་དེས་ལས་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་གསོག་པར་ཕན་གྱི་ཡོད། བོན་ལུགས་ནས་ཀྱང་དེ་དང་མཚུངས་པར། ཕྱིའི་གནོད་པའི་ནུས་མཐུ་དང་ནང་སེམས་ཀྱི་ལས་གཉིས་ཞི་མཐུན་བཟོ་གི་ཡོད།

དེ་གཉིས་ཀའི་ནང་། དེ་ལྟར་གསོ་བྱེད་ཀྱི་ཆོ་གའམ་རིམ་གྲོ་སྒྲུབ་སྐབས་གཏོར་མ་བེད་སྤྱོད་བྱེད་ཀྱི་ཡོད། གཏོར་མ་དེ་དག་ཀྱང་གནའ་བོའི་དམར་མཆོད་ཀྱི་ཚབ་མཚོན་པར་བྱས་ཡོད། གཏོར་མ་ནི་གྲོ་ཞིབ་ལས་བཟོས་ཤིང་། དེའི་དབྱིབས་དུད་འགྲོ་ཆུང་ངུ་གཟུགས་སུ་བེད་སྤྱོད་བྱེད་པ་ནི་བོན་ལུགས་ནས་དར་བ་ཡིན་པ་སྨྲོ་མི་དགོས་པ་རེད། གཏོར་མ་དེ་དག་གནོད་བྱེད་ཀྱི་གདོན་དང་སྲིན་པོ་རྣམས་ལ་ཕུལ་ནས། “གཏོར་མ་འདི་བཞེས་ནས་ནད་པ་རྣམས་ལ་གནོད་མ་སྐྱེལ།” ཞེས་འདོན་གྱི་ཡོད།

དམར་མཆོད་ཀྱི་གནད་དོན་ཆ་ཚང་ཧ་ཅང་དོ་སྣང་བྱེད་འོས་པ་ཞིག་ཡོད། བོན་པོ་ཚོས། “ང་ཚོས་དེ་ལྟར་བྱས་མེད། དེ་ནི་བོད་ཀྱི་གནའ་སྔ་མོའི་ལུགས་སྲོལ་རེད།” ཅེས་ཟེར། ནང་པ་ཚོས། “དེ་དག་བྱེད་མཁན་ནི་བོན་པོ་ཚོ་རེད། ང་ཚོས་བྱས་མེད།” ཅེས་ཟེར་གྱི་ཡོད། ཚང་མས་དམར་མཆོད་བྱས་ཡོད་ཅེས་ངོས་ལེན་བྱེད་ཀྱི་མེད་པ་གསལ་པོ་རེད་ལ་དམར་མཆོད་བྱེད་སྲོལ་ཡོད་པའང་གསལ་པོ་རེད། རྗེ་བཙུན་མི་ལ་རས་པས། ཁོང་གི་སྐུ་དུས་སུ་དེ་ལྟར་བྱེད་སྲོལ་ཡོད་ཅེས་གསུངས། ཐ་ན་ད་ནས་བཟུང་དུས་ཚོད་ཉེ་ཤོས་ཕྱི་ལོ་ ༡༩༧༤ ལོར་༧གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་སྐབས། བོད་ཀྱི་ས་མཚམས་ཁག་ནས་ཡོང་བའི་མི་རྣམས་ལ་ཧ་ཅང་ནན་པོའི་སྒོ་ནས་དམར་མཆོད་མཚམས་འཇོག་བྱེད་དགོས་པའི་བཀའ་སློབ་གནང་ཡོད། བྱས་ཙང་། དམར་མཆོད་ནི་དུས་ཡུན་རིང་མོ་ཞིག་ནས་དེར་ཡོད་པ་ཞིག་རེད། 

ཡི་དམ་གྱི་ལྷ་འདྲ་མིན་གྱི་རི་མོ་བོན་ལུགས་ཀྱི་བར་དོའི་ཆོ་གའི་ནང་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། ནང་པའི་བར་དོའི་ཆོ་ག་མང་པོ་ནང་དུའང་བེད་སྤྱོད་བྱེད་ཀྱི་ཡོད། དེ་ཡང་ཁུངས་དེད་ན་གནའ་བོའི་ཨི་རཱན་ནམ་བོན་གྱི་ལུགས་སུ་ཕུང་པོ་སྦེད་པའི་ཆོ་ག་བྱེད་སྲོལ་ལ་ཐུག་གི་ཡོད། ཁོང་ཚོས་དངོས་པོ་རྣམས་བང་སོའི་ནང་ཕུང་པོ་དང་མཉམ་དུ་བླུགས་སྲོལ་ཡོད། 

བོད་བརྒྱུད་ནང་བསྟན་གྱིས་བོན་ནས་བླངས་པའི་རིག་གཞུང་གཞན་ཞིག་ནི། ནམ་མཁའ་ཡང་ན་མདོས་ཟེར་བ་དེ་རེད། དེ་ཡང་སྡོམ་ཐག་འདྲ་བའི་ཚོན་མདོག་སྣ་ཚོགས་ཀྱིས་འབྱུང་བ་ལྔ་མཚོན་པར་བྱེད་ཀྱི་ཡོད། དེ་ནི་བོན་ལུཌ་ལྟར་ན། ནང་གི་འབྱུང་བའམ་ལས་ཀྱི་ཐད་ལས་ཀ་མ་བྱས་གོང་ཕྱིའི་འབྱུང་བ་ཞི་མཐུན་བཟོ་བསམ་ཚུལ་ལས་བྱུང་བ་ཡིན། ཐག་པ་དེ་ཡང་མོ་རྒྱག་སྟངས་དང་བསྟུན་ནས་བཟོ་བཀོད་བྱས་ཤིང་། དེ་ཕྱི་ལོགས་སུ་བཏགས་ནས་བཞག་ཡོད། སྐབས་རེ་དེ་དག་ལ་སྲིན་པོ་འཛིན་བྱེད་ཅེས་ཟེར། འོན་ཀྱང་དེ་དག་གི་བྱེད་ལས་ངོ་མ་དེ་མ་རེད། དེ་དག་ནི་འབྱུང་བ་རྣམས་ཞི་མཐུན་བཟོས་ནས་གདོན་དང་སྲིན་པོ་རྣམས་རང་སར་འགྲོ་རོགས་ཞེས་ཟེར་གྱི་ཡོད། དེ་ནི་བོད་ཀྱི་འབྲེལ་བའི་ཡུལ་སྲོལ་ཞིག་ཡིན།

བླ་ཞེས་པའི་གོ་དོན་དེ་བོན་དང་ནང་པ་གཉིས་ཀའི་ནང་ཡོད། དེ་ཡང་དབུས་ཨེ་ཤི་ཡའི་ཏུར་ཀིའི་ལུགས་ལ་ཁུཊ་ qut ཟེར་བ་ནས་བྱུང་བ་ཡིན། དེའི་དོན་ནི་རིའི་བླའམ་བླ་རི་ཞེས་པ་དེ་ཡིན། རི་བོ་བྱེ་བྲག་པ་རྩ་ཆེན་པོའི་གཡས་གཡོན་ལ་སུས་བདག་བཟུང་བྱས་ཀྱང་དེ་ལ་ཁཱན་ Khan ཟེར། དེ་དག་ནི་ཏུར་ཀིའི་རྒྱལ་པོའམ་དབང་སྒྱུར་བྱེད་པོ་དང་། དུས་ཕྱིས་སུ་སོག་པོའི་རྒྱལ་པོར་ཆགས་པ་རེད། རྒྱལ་པོ་དེ་ནི་བླའི་བདག་ཉིད་ཅན་ཡིན་པ་དང་། ཁོང་ལ་ཡིད་དབང་འཕྲོག་ནུས་ཀྱི་ཁྱད་ཆོས་རྣམས་ཡོད་པས་དབང་བསྒྱུར་བྱེད་ཐུབ་ཀྱི་ཡོད། 

མི་ཁ་གཅིག་གི་བླ་དེ་གནོད་བྱེད་གདོན་གྱིས་ཁྱེར་སྲིད་པ་ཡིན། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཚང་མའི་ནང་མིའི་བླ་གནོད་བྱེད་ཀྱི་གདོན་གེགས་ཀྱིས་འཕྲོགས་དེ་སླར་ཐོབ་ཕྱིར་ཆོ་ག་སྒྲུབ་རྒྱུ་ཡོད། དེའི་ཆོ་གའི་ནང་སྲོག་བླུ་ཡོད་དེ། གཏོར་མ་འདི་བཞེས་ནས་ངའི་བླ་ཚུར་ཁྱེར་ཤོག །ཅེས་པའི་ཆོ་ག་ཡོད། ཁྱེད་ཀྱི་བླ་འཕྲོག་ཟིན་པ་ཁྱེད་ཀྱིས་ཇི་ལྟར་ཤེས་སམ། ནུབ་ཕྱོགས་པའི་ལྟ་ཚུལ་ལ་གཞིགས་ན། ང་ཚོས་དེ་ལ་དབང་རྩ་ཉམས་ཆག་ཕྱིན་པ་ལྟ་བུ་སོ་སོའི་མི་ཚེར་གདོང་ལེན་བྱེད་མི་ཐུབ་པ་ཟེར་སྲིད། བླ་འཕྲོགས་ཟིན་པའི་གང་ཟག་དེས་རང་གི་མི་ཚེ་གྲ་འགྲིག་པོ་བཟོ་ཐུབ་ཀྱི་མེད། ཁཱན་གྱིས་རྒྱལ་ཁབ་དབང་སྒྱུར་བྱེད་པ་བཞིན་བླ་འདིས་ང་ཚོའི་མི་ཚེ་དབང་སྒྱུར་བྱེད་ཀྱི་ཡོད། བོད་སྐད་དུ་བླ་ཞེས་པ་དེ་བླ་མ་ཞེས་པར་བེད་སྤྱོད་བྱས་ཡོད། བླ་མ་ལ་དངོས་གནས་དྲང་གནས་བླ་ཞིག་ཡོད་མཁན་དེ་ཡིན། སྐབས་འགར་བླ་ཞེས་པ་དེ་བྱང་སེམས་དཀར་པོར་སྐད་དོད་དུ་བེད་སྤྱོད་བྱས་ཡོད། དེར་བརྟེན་བླ་ནི་ང་ཚོའི་ལུས་ནང་གི་ནུས་ཤུགས་སམ་སྙིང་པོ་ཧ་ཅང་སྟོབས་ཆེན་ཞིག་ཡིན། 

དེ་ནས་ཡང་གཡང་ཟེར་བ་ཞིག་ཡོད། གལ་ཏེ་དེ་ཤུགས་ཆེན་ཡོད་ན། གནས་སྟངས་ཐམས་ཅད་ཡག་པོ་ཡོང་བ་དང་སྐྱིད་པོ་ཡོང་གི་ཡོད། བོད་ཀྱི་ཚིག་གཡང་ཞེས་པ་དེ་རྒྱ་མིའི་སྐད་ཀྱི་ལུག་ཅེས་པ་དེ་ཡིན། བོད་ཀྱི་ལོ་གསར་པའི་སྐབས་ལུག་མགོ་གཅིག་བཟའ་སྲོལ་ཡོད། དེ་ཡང་རྩམ་པ་ལས་གྲུབ་པའི་ལུག་མགོའི་འབུར་གཟུགས་བཟོ་སྲོལ་ཡོད། དེས་གཡང་ཡིན་པར་མཚོན་གྱི་ཡོད། དེ་ནི་གནའ་བོའི་བོན་གྱི་སྲོལ་རྒྱུན་ལས་བྱུང་བ་གསལ་པོ་རེད། 

དེ་ག་ནང་བཞིན་རླུང་རྟའམ་དར་ལྕོག་དེ་ཡང་བོན་ནས་བྱུང་ཡོད། རླུང་རྟའི་ནང་འབྱུང་བ་ལྔའི་ཚོན་དོག་ཡོད་པ་དང་། རླུང་རྟ་བཏགས་དགོས་པའི་རྒྱུ་མཚན་ནི་ཕྱིའི་འབྱུང་བ་ཞི་མཐུན་བཟོ་ཕྱིར་དང་། དེ་ལ་བརྟེན་ནས་གནས་སྟངས་ཆ་སྙོམ་ཡོང་གི་ཡོད། དེ་ལ་བརྟེན་ནས་ང་ཚོས་ནང་གི་ལས་དོན་རྣམས་སྒྲུབ་ཐུབ། དར་ལྕོག་མང་པོ་ལ་རླུང་རྟའི་རི་མོ་ཡོད། དེ་ནི་རྟ་བཟང་པོའམ་གཡང་རྟ་དང་འབྲེལ་བ་ཡོད། རྒྱ་ནག་ནི་སྦྲག་ཡིག་གི་ལམ་ལུགས་བཟོ་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཡིན་པ་དང་། དེའི་ནང་ཁོ་ཚོས་སྦྲག་མི་དེས་རྟ་བཞོན་ཡོད། རྟ་བཀག་ནས་བརྗེ་པོ་རྒྱག་སའི་ས་ཆ་འགའ་ཤས་ཡོད། སྦྲག་ཡིག་གི་རྟ་རྣམས་ནི་རླུང་རྟ་ཡིན་པ་རེད། རྒྱ་ནག་སྐད་དུའང་གཅིག་པ་ཟེར། དེའི་དགོས་དོན་གྱི་བསམ་བློ་ནི། དཔེར་ན། སྦྲག་མིས་དངོས་པོ་དང་། འཕྲིན་ཡིག །དངུལ་སོགས་ཁྱེར་ཡོང་གི་ཡོད་པ་ནང་བཞིན་རླུང་རྟ་ཡག་པོའམ་བསོད་བདེ་བསོད་ནམས་རྟའི་སྒང་ལ་ཁྱེར་ནས་ཡོང་བར་མཚོན་གྱི་ཡོད། བྱས་ཙང། དེ་ནི་བོད་དང་རྒྱ་ནག་གི་རིང་གཞུང་རང་ཡིན་པ་རེད།

ཡང་བོན་གྱི་ནད་གསོ་བའི་ཐབས་འགའ་ཞིག་ནི་ནང་ཆོས་ནས་བྱུང་བའང་ཡོད། དཔེར་ན། བྱ་སྒྲོས་ཆུ་གཏོར་གྱི་རབ་གནས་བྱེད་སྲོལ་ལྟ་བུ། ནང་པའི་སྲོལ་རྒྱུན་གྱི་དབང་གི་ཆོ་གའི་རིགས་ཚང་མའི་ནང་། བུམ་པའི་ནང་རྨ་བྱའི་སྒྲོ་ཞིག་ཡོད་པ་རེད། དེ་ག་ནང་བཞིན་མི་རྣམས་བསུ་ལེན་ཆེད་རི་རྩེར་ཤིང་ཤུག་པའི་ཡལ་ག་དང་ལོ་མས་བསང་མཆོད་འབུལ་བ། དཔེར་ན། ༧གོང་ས་མཆོག་བཞུགས་སྒར་རྡ་རམ་ས་ལར་ཚུར་ཕེབས་པའི་སྐབས་ལམ་གྱི་གཡས་གཡོན་དུ་དེ་ལྟར་བསང་གཏོང་སྲོལ་ཡོད་པ་ལྟ་བུ་རེད། དེ་ནི་ཡུལ་ལྷ་གཞི་བདག་ལ་མཆོད་པ་དང་འབྲེལ་ནས་ཡོད། 

ནང་ཆོས་ནང་གི་སྲུང་མ་བསྟེན་ཕྱོགས་ཐད་ནན་བརྗོད་བྱེད་པ་དེ་ཤ་མན་ཆོས་ལུགས་ཀྱི་ལུགས་སྲོལ་དང་ཡང་སེ་ནོར་གྱི་ཡོད། འོན་ཀྱང་ནང་པའི་ཆོས་སྐྱོང་སྲུང་མ་དང་ཤ་མན་གྱི་ལུགས་སྲོལ་གཉིས་ཀྱི་དབར་མི་འདྲ་བའི་ཁྱད་པར་ཡོད། སྲུང་མ་ནི་སྐུ་རྟེན་ཞིག་ཡོད་པའི་རྣམ་ཤེས་དེའི་བརྒྱུད་ནས་ལུང་བསྟན་གནང་གི་ཡོད། དེ་ནི་གནས་ཚུལ་བརྒྱུད་སྤྲོད་བྱེད་ཀྱི་ཡོད། ས་ཡེ་བྷེ་རི་ཡ་ Siberia དང་། ཏུར་ཀི་སི་ཐཱན། Turkey ཨ་ཧྥ་རི་ཀ་ Africa སོགས་ཀྱི་ནང་ཡོད་པའི་ཤ་མན་གྱི་ཆོས་པ་རྣམས་ནི་ལྷ་ཞུགས་པའི་གནས་སྐབས་ཤིག་གི་ནང་། ཞིང་ཁམས་འདྲ་མིན་ནང་ཕྱིན་ནས་གདོན་སྲིན་སྣ་ཚོགས་དང་སྐད་ཆ་བྱེད་པའི་མི་རྣམས་ཡིན། དེ་ཡང་ནམ་རྒྱུན་མེ་པོ་རྣམས་ཀྱི་བླ་དང་སྐད་ཆ་བྱེད་ཀྱི་ཡོད། བླ་དེས་ཁོང་ཚོའི་དྲི་བ་འདྲ་མིན་ལ་ལན་འདེབས་བྱེད་ཀྱི་ཡོད། དེ་ནས་ཤ་མན་རྣམས་གནས་སྟངས་དེ་ལས་ཕྱིར་ཐོན་དུས་ཁོང་ཚོས་མེ་པོ་ཚོའི་ལན་དེ་སྤྲོད་ཀྱི་ཡོད། དེ་ལས་ལྡོག་སྟེ། བོད་བརྒྱུད་ནང་བསྟན་ནང་སྐུ་རྟེན་ལ་ནམ་རྒྱུན་སྲུང་མས་གང་བརྗོད་པ་དེ་དྲན་ཤེས་མེད། སྲུང་མ་དེ་ཆོས་སྐྱོང་དང་འབྲེལ་བ་ཆགས་ཀྱི་ཡོད། སྲུང་མ་གནས་ཆུང་ལྟ་བུར་གནས་ཆུང་ཆོས་སྐྱོང་ཞེས་ཟེར་གྱི་ཡོད། གང་ལྟར་ཡང་། ཤ་མན་ཆོས་ལུགས་ཀྱི་ཤུལ་དེ་སའི་སྟེང་འོག་བར་གསུམ་ལ་ཡོད་པའི་དངོས་པོ་རྣམས་ཀྱི་དབྱེ་བའི་ཐོག་འཕྲོས་པ་ཞིག་སྟེ། དེ་ནི་བོན་གྱི་ནང་ཁྱབ་འདལ་ཆེ་བའི་གནད་དོན་ཞིག་ཡིན་པ་དང་། དུས་ཕྱིས་སུ་ནང་ཆོས་ནང་དར་ཁྱབ་བྱུང་ཡོད། 

བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཚུལ་ཧ་ཅང་མང་པོ་གསུངས་ཡོད། ནང་ཆོས་ཨ་ཤི་ཡའི་རྒྱལ་ཁབ་གང་དུ་དར་ཡོད་ནའང་། མི་རྣམས་ཀྱིས་སོ་སོའི་རིག་གཞུང་དང་མཐུན་པའི་ཁྱད་ཆོས་དུ་མ་ཞིག་ཁ་སྣོན་དང་ནན་བརྗོད་བྱས་ཡོད། རྒྱ་གར་གྱི་ནང་ཆོས་ནང་དག་ཞིང་ཟེར་བ་གསལ་ཡོད་ཀྱང་། དེ་ལ་ནན་བརྗོད་བྱས་མེད། རྒྱ་ནག་ལྟ་བུར་མཚོན་ན། ཁོང་ཚོར་ཏཱའོ་ཆོས་ལུགས་ནང་ནུབ་ཕྱོགས་རྟག་པའི་ཞིང་ཁམས་སུ་འགྲོ་བའི་བསམ་ཚུལ་ཞིག་དང་། དག་ཞིང་ཐད་ནན་བརྗོད་ཧ་ཅང་ཤུགས་ཆེན་དང་རྒྱ་སྐྱེད་བཏང་ཡོད། དེར་བརྟེན་ང་ཚོར་དག་ཞིང་སྨྲ་བའི་ནང་ཆོས་ཀྱང་ཡོད་པ་རེད། དེ་ནི་རྒྱ་ནག་ནང་པའི་ཆོས་ལུགས་ཧ་ཅང་གལ་གནད་ཅན་ཞིག་རེད། དེ་བཞིན་རྒྱ་གར་གྱི་ནང་ཆོས་སུ་བླ་གདོན་སྲུང་བའི་ཆོས་སྐྱོང་གི་སྐོར་གླེང་ཡོད་ལ་དེ་དག་ལ་གསོལ་མཆོད་བྱེད་པ་སོགས་ཡོད་ཀྱང་། བོད་རིགས་ཚོས་དེ་དག་ལ་རྒྱ་སྐྱེད་ཤུགས་ཆེན་བྱས་པའི་རྒྱུ་མཚན་ནི། དེ་དག་རིག་གཞུང་གི་ནང་ཡོད་པས་ཡིན། 

མཇུག་སྡོམ།

ངའི་བསམ་པར། བོན་གྱི་སྲོལ་རྒྱུན་ཐད་གུས་བརྩི་རླབས་ཆེན་ཞིག་ཡོད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག །བོད་བརྒྱུད་ནང་བསྟན་དང་མཐའ་གཅིག་ཏུ་གཅིག་མཐུན་མིན་པའི་བོན་ནམ་བོད་ཀྱི་རིག་གཞུང་ཞེས་ངོས་འཛིན་ཐུབ་པའི་གནད་དོན་མང་དག་ཅིག་ཡོད། ནང་ཆོས་ནང་ཡོད་པའི་ཁྱད་ཆོས་སྣ་ཚོགས་པ་དེ་དག་བོན་ལུགས་སུའང་གསལ་གྱི་ཡོད། བོན་དང་ནང་ཆོས་གཉིས་ཕན་ཚུན་འབྲེལ་ནས་ཡོད་པས། ཕན་ཚུན་གཅིག་གིས་གཅིག་ལ་ཤུགས་རྐྱེན་སྤྲད་མེད་པའི་རྒྱུ་མཚན་གང་ཡང་མེད། 

བོན་པོ་རྣམས་སྡུག་ཅག་བཟོ་བ་དེ་ཕྱོགས་གཅིག་ནས་ཆབ་སྲིད་ཀྱི་གནད་དོན་ཞིག་རེད། དེ་ཡང་དུས་རབས་བརྒྱད་པའི་སྐབས་ཀྱི་ཆེས་རྙིང་ཞེན་ཅན་ཡིན་པའི་སྡང་ཟུག་གི་ལྷག་འཕྲོ་དེ་ཡིན། ཕྱོཌ་གཞན་ཞིག་ནས་སེམས་ཁམས་རིག་པའི་ཐོག་ནས་མི་རྣམས་ཀྱིས་བཟང་ཕྱོགས་ཀྱི་ཆ་རྣམས་ནན་བརྗོད་བྱེད་པ་དེས་གཞན་ཞིག་ལ་ངན་ཕྱོགས་ཀྱི་བསམ་བློ་ཡོད་པའི་བཟོ་འདྲ་ཆགས་ཀྱི་ཡོད། གནད་དོན་འདི་ནི་ཁྱད་པར་དུ་ལྟ་བ་མཁྲེགས་འཛིན་ཅན་གྱི་ནང་པའི་སྲོལ་རྒྱུན་ནང་ཡོད། དེ་ཡང་ཆེས་ཁྱད་དུ་འཕགས་པའི་བླ་མར་མོས་གུས་དང་ཆོས་སྐྱོང་ལ་ནན་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཆོས་སྐྱོང་ནི་གལ་གནད་ཅན་ཞིག་ཆགས་ཀྱི་ཡོད། དཔེ་ཆ་ཁག་གི་ནང་སུ་འདྲ་ཞིག་གིས་ཆོས་དང་འགལ་བའམ་གོང་དུ་བརྗོད་པའི་སྲོལ་རྒྱུན་དང་འགལ་ན་དེ་སྡུག་ཅག་ཡིན་པར་ཤོད་ཀྱི་ཡོད། དཔེར་ན། དགྲ་བོ་བཅོམ་པ་དང་རྡེག་འཚོག་གཏོང་བ། དེ་དག་གི་མིག་ཕྱིར་འདོན་དགོས་པ་སོགས་གསུངས་ཡོད་ཀྱང་། ངའི་བསམ་པར། དེ་ལས་འོས་ཤིང་འཚམས་པ་ཞིག་ནི།  ༧གོང་ས་མཆོག་གི་དགོངས་གཞི་ལྟར། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་ཡོད་པ་དང་དེ་དག་རེ་རེས་ཀྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ལམ་ཚད་ལྡན་དང་མ་ཚང་བ་མེད་པ་བསྟན་ཡོད་ཅེས་མིག་དཔེ་བསྟན་གནང་བ་དེའི་རྗེས་སུ་འབྲང་དགོས་ཀྱི་འདུག །དེ་གཉིས་ཕན་ཚུན་ཐུན་མོང་གི་ཆོས་སམ་མཚུངས་ཆོས་མང་པོ་མཉམ་སྤྱོད་བྱེད་ཀྱི་ཡོད་པ་དང་། མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དུ་སྐད་ཆ་གཅིག་པ་ཤོད་ཀྱི་ཡོད། 

ཁོང་ཚོས་ཕན་ཚུན་ཐུན་མོང་གི་མཉམ་སྤྱོད་གང་བྱེད་པའི་ནང་། བོད་ཀྱི་རིག་གཞུང་དང་གཞན་རྣམས་ནང་པའི་ཤན་ཤུགས་ཆེ་བ་ཡོད་ཅེས་ངོས་འཛིན་བྱེད་ཐུབ་པའི་གནད་དོན་འགའ་ཡོད། ང་ཚོས་གང་གི་རྗེས་སུ་འབྲང་འདོད་ཡོད་མེད་དེ་ཐག་གཅོད་བྱ་རྒྱུའི་རང་སོ་སོའི་ལག་ཏུ་ཡོད། གལ་ཏེ་བོད་ཀྱི་རིག་གཞུང་ནས་གནད་དོན་འགའ་ཞིག་ཁས་ལེན་བྱེད་འདོད་ཡོད་ན། འགྲིག་གི་རེད། ཡིན་ནའང་དེ་དགོས་ངེས་ཤིག་མ་རེད། གལ་ཏེ་ང་ཚོས་ནང་ཆོས་ཀྱི་སྙིང་པོ་ནས་བོད་ཀྱི་ཁྱད་ཆོས་རྣམས་དབྱེ་བ་ཕྱེས་ན། ཐ་ན་ང་ཚོས་གང་གི་རྗེས་སུ་འབྲང་གི་ཡོད་མེད་ཐད་གསལ་པོ་ཆགས་ཐུབ། ང་ཚོ་ནང་ཆོས་ནང་སྐད་ཡིག་དང་རིག་གཞུང་རང་གི་ཐོག་ལ་རང་རྐྱ་ཐུབ་པའི་དང་ཞེན་ཅན་ཞིག་ཆགས་མི་ཐུབ། ཐ་ན་རྒྱ་གར་རང་གི་ནང་ཆོས་དེ་རྒྱ་གར་གྱི་སྤྱི་ཚོགས་དང་བསྟུན་ནས་གནས་ཡོད། ང་ཚོས་ནང་ཆོས་ཐོག་མར་གསུངས་སའི་སྤྱི་ཚོགས་ནས་ཁ་བྲལ་ཏུ་གཏོང་མི་ཐུབ། འོན་ཀྱང་རིག་གཞུང་གང་ཡིན་པ་དང་། འཕགས་པའི་བདེན་པ་བཞིའི་སྐོར་གང་ཡིན་པ། ཐར་པའི་ལམ་གང་ཡིན་པ། བྱང་ཆུབ་ཀྱི་སེམས་གང་ཡིན་པ་སོགས་ཀྱི་སྐོར་ལ་གསལ་པོ་ཆགས་ཐུབ།།

Top