བོད་ནང་ཨུ་རུ་སུ་དང་ཉི་ཧོང་གི་འཆར་འགོད་ཁག་གི་ནང་ཤམ་བྷ་ལའི་བེད་སྤྱོད།

རུ་སུའི་བོད་ལ་བདག་བཟུང་བྱེད་པའི་ཆེད་བེཌ་མཻ་ཝའི་ (Badmaev) གྲོས་འཆར།

རྒྱ་ནག་མན་ཇུ་ཆིང་རྒྱལ་རྒྱུད་ (༡༦༤༤-༡༩༡༡) དུས་རབས་ ༡༩ པའི་སྐབས་སུ་ཉམས་རྒུད་ཕྱིན་པ་རེད། རྒྱལ་ཁབ་མང་དག་གིས་དེའི་ཞན་ཆ་ལས་ཚོང་ལས་དང་ཡང་ན་ས་ཁུལ་གང་རུང་གི་དམིགས་བསལ་ཆག་ཡང་ཐད་ཁེ་བཟང་ལེན་ཐབས་བྱས་ཡོད། ཁོང་ཚོས་ཨིན་ཡུལ་དང་། ཧྥ་རན་སི། འཇར་མི་ནི། པོར་ཊུ་གྷལ་བཅས་ཁོངས་སུ་ཐེ་བ་བྱས་པ་མ་ཟད། ཨུ་རུ་སུ་དང་ཉི་ཧོང་ཡང་ཐེ་བར་བྱས་པ་རེད། 

དཔེར་ན། ཕྱི་ལོ་ ༡༨༩༣ ལོར་བྷུརྱ་ཏིའི་སོག་པོའི་སྨན་པ་པིའོ་ཊར་ བེཌ་མཻ་ཝ་ (Piotr Badmaev) ཡིས་ཛཱར་ཨེ་ལེགས་ཛེན་ཌར་གསུམ་པ་ལ་འཆར་གཞི་ཞིག་འབུལ་ལམ་ཞུས་ཡོད། དེ་ནི་ནང་སོག་དང་ཕྱི་སོག་དེ་བཞིན་བོད་འཚུད་པའི་ཆིང་རྒྱལ་རྒྱུད་ཀྱི་ཆ་ཤས་རྣམས་རུ་སུའི་དབང་སྒྱུར་འོག་ཏུ་ཆུད་པའི་ཆེད་དུ་ཡིན་པ་རེད། ཁོས་བྷུརྱ་ཏི་ཕ་ཡུལ་ནས་བཻ་ཀལ་མཚོ་བརྒྱུད་དེ་ཕྱི་སོག་དང་ནང་སོག་ནས་ཀན་སུའུ་དང་རྒྱ་ནག་བཅས་བོད་ཀྱི་ས་མཚམས་ཀྱི་ཉེ་འགྲམ་བར་དུ་ས་ཡེ་བྷེ་རི་ཡ་བརྒལ་བའི་མེ་འཁོར་ལྕགས་ལམ་རྒྱ་སྐྱེད་གཏོང་རྒྱུར་གྲོས་འཆར་བཏོན་པ་རེད། དེ་ཡོངས་སུ་ཚར་བ་དང་ཁོས་བྷུརྱ་ཏིའི་རོགས་ལ་བརྟེན་ནས་བོད་ནང་གྱེན་ལངས་ཤིག་གོ་སྒྲིག་བྱས་ཏེ། དེས་རུ་སུས་རྒྱལ་ཁབ་བདག་བཟུང་བྱེད་དུ་འཇུག་ངེས་རེད། བེཌ་མཻ་ཝས་ད་དུང་ཨེ་ཤི་ཡའི་ནང་རུ་སུའི་ཚོང་ལས་ཀྱི་ཀམ་པ་ཎི་ཞིག་རྩ་འཛུགས་བྱ་རྒྱུའི་གྲོས་འཆར་བཏོན་ཡོད། ཕྱི་ལོ་ ༡༨༨༢ ནས་ ༡༩༠༣ བར་གྱི་རུ་སུའི་དཔལ་འབྱོར་བློན་ཆེན་ཀའོཎྚ་སེར་ཇི་ ཡུལ་ཇེ་ཝིཆ་ ཝིཊ་ (Count Sergei Yulgevich Witte) ཟེར་བ་དེས་བེཌ་མཻ་ཝའི་འཆར་གཞི་གཉིས་ལ་རྒྱབ་སྐྱོར་བྱས་ཀྱང་། ཛཱར་ཨེ་ལེགས་ཛེན་ཌར་གྱིས་དེ་གཉིས་གང་ཡང་ཁས་ལེན་བྱས་མེད།ཨེ་ལེགས་ཛེན་ཌར་གྲོངས་པའི་རྗེས་ལ་བེཌ་མཻ་ཝ་ (Badmaev) ཁོང་གི་རྒྱུན་འཛིན་པ་ཛཱར་ནི་ཁོ་ལས྄་གཉིས་ (Czar Nicholas II) (སྲིད་བསྐྱངས་ལོ། ༡༨༩༤-༡༩༡༧) པའི་སྐུ་སྒེར་གྱི་སྨན་པ་ཆགས་པ་རེད། དེ་ནས་མི་རིང་བར་ཛཱར་གསར་པ་དེས་ཚོང་ལས་ཀྱི་ཀམ་པ་ཎི་གཅིག་རྩ་འཛུགས་ཆོག་མཆན་སྤྲད་པ་རེད། འོན་ཀྱང་། དེའི་དམིགས་ས་ནི་ཞི་བའི་མཚོ་ཁ་ཡིན་པ་དང་དེར་རུ་སུ་དང་ཉི་ཧོང་གཉིས་ཕན་ཚུན་གྲུ་གཟིངས་འབབ་ཚུགས་ཨར་ཐུར་ཟེར་བ་དེ་སྟངས་འཛིན་ཐད་འགྲན་སྡུར་བྱས་ཡོད། དེ་ནི་མན་ཇུའི་ལྷོ་ཕྱོགས་ཀྱི་རྩེ་མོར་ཡོད་པའི་འཁྱགས་པ་མེད་པའི་གྲུ་གཟིངས་འབབ་ཚུགས་ཤིག་ཡིན་པ་རེད། ཐོག་མར་ཉི་ཧོང་ལ་གྲུ་ཚུགས་ཨར་ཐུར་ཐོབ་ཡོད་ནའང་། མི་རིང་བར་རུ་སུས་བདག་བཟུང་བྱས། ཛཱར་གྱིས་ས་ཡེ་བྷེ་རི་ཡ་བརྒལ་བའི་མེ་འཁོར་འགྲུལ་ལམ་དེ་བྱང་མན་ཇུ་ནས་བརྒྱུད་དེ་ཝལེ་ཌི་ཝོས྄་ཏོཀ་ (Vladivostok) དང་དེ་ནས་གྲུ་ཚུགས་ཨར་ཐུར་དང་མཐུད་པ་རེད། དེ་ལྟ་ནའང་། ནི་ཁོ་ལ་སིས་བོད་དང་འབྲེལ་བའི་བེཌ་མཻ་ཝའི་གྲོས་འཆར་དེ་ཁས་ལེན་བྱས་མེད།

དུས་རབས་ ༢༠ པའི་འགོ་སྟོད་ནང་གི་ས་ཡེ་བྷེ་རི་ཡ་བརྒལ་བའི་མེ་འཁོར་ལྕགས་ལམ།
དུས་རབས་ ༢༠ པའི་འགོ་སྟོད་ནང་གི་ས་ཡེ་བྷེ་རི་ཡ་བརྒལ་བའི་མེ་འཁོར་ལྕགས་ལམ།

ཨེ་ལེགས་ཛེན་ཌར་གྲོངས་པའི་རྗེས་ལ་བེཌ་མཻ་ཝ་ (Badmaev) ཁོང་གི་རྒྱུན་འཛིན་པ་ཛཱར་ནི་ཁོ་ལས྄་གཉིས་ (Czar Nicholas II) (སྲིད་བསྐྱངས་ལོ། ༡༨༩༤-༡༩༡༧) པའི་སྐུ་སྒེར་གྱི་སྨན་པ་ཆགས་པ་རེད། དེ་ནས་མི་རིང་བར་ཛཱར་གསར་པ་དེས་ཚོང་ལས་ཀྱི་ཀམ་པ་ཎི་གཅིག་རྩ་འཛུགས་ཆོག་མཆན་སྤྲད་པ་རེད། འོན་ཀྱང་། དེའི་དམིགས་ས་ནི་ཞི་བའི་མཚོ་ཁ་ཡིན་པ་དང་དེར་རུ་སུ་དང་ཉི་ཧོང་གཉིས་ཕན་ཚུན་གྲུ་གཟིངས་འབབ་ཚུགས་ཨར་ཐུར་ཟེར་བ་དེ་སྟངས་འཛིན་ཐད་འགྲན་སྡུར་བྱས་ཡོད། དེ་ནི་མན་ཇུའི་ལྷོ་ཕྱོགས་ཀྱི་རྩེ་མོར་ཡོད་པའི་འཁྱགས་པ་མེད་པའི་གྲུ་གཟིངས་འབབ་ཚུགས་ཤིག་ཡིན་པ་རེད། ཐོག་མར་ཉི་ཧོང་ལ་གྲུ་ཚུགས་ཨར་ཐུར་ཐོབ་ཡོད་ནའང་། མི་རིང་བར་རུ་སུས་བདག་བཟུང་བྱས། ཛཱར་གྱིས་ས་ཡེ་བྷེ་རི་ཡ་བརྒལ་བའི་མེ་འཁོར་འགྲུལ་ལམ་དེ་བྱང་མན་ཇུ་ནས་བརྒྱུད་དེ་ཝལེ་ཌི་ཝོས྄་ཏོཀ་ (Vladivostok) དང་དེ་ནས་གྲུ་ཚུགས་ཨར་ཐུར་དང་མཐུད་པ་རེད། དེ་ལྟ་ནའང་། ནི་ཁོ་ལ་སིས་བོད་དང་འབྲེལ་བའི་བེཌ་མཻ་ཝའི་གྲོས་འཆར་དེ་ཁས་ལེན་བྱས་མེད།

རྡོར་རྗེ་ (Dorjiev) དང་ཛཱར་ནི་ཁོ་ལས྄་གཉིས་པ།

བྷུརྱ་ཏི་སོག་པོའི་གྲྭ་པ་ཨག་ཝན་རྡོར་རྗེས་ (༡༨༥༤-༡༩༣༨) ཕྱི་ལོ་ ༡༨༨༠ ལོ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་སློབ་སྦྱོང་བྱས་པ་དང་། མཐར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༣ པའི་མཚན་ཞབས་ནང་གི་གཅིག་ཆགས་པ་རེད། དེར་མ་ཟད། ཁོང་ནི་༧གོང་ས་མཆོག་གི་ཆེས་ཡིད་རྟོན་རུང་བའི་ཆབ་སྲིད་ཀྱི་སློབ་སྟོན་པ་ཞིག་ཆགས་པ་རེད། 

ཕྱི་ལོ་ ༡༨༩༠ ལོའི་ཨིན་ཇི་དང་རྒྱ་ནག་གི་ལྷན་ཚོགས་དེས་འབྲས་ལྗོངས་དེ་ཨིན་ཡུལ་གྱི་སྲུང་སྐྱོབ་མངའ་ཁོངས་ལྟ་བུར་རྩ་འཛུགས་བྱས། བོད་མི་ཚོས་ལྷན་ཚོགས་དེ་ལ་ངོས་ལེན་བྱས་མེད་པ་དང་ཨིན་ཇི་དང་རྒྱ་ནག་གཉིས་ཀའི་ཁོང་ཚོའི་རྒྱལ་ཁབ་ལ་བཀོད་བྱུས་ཡོད་པ་ལ་བློ་མ་བདེ་བ་རེད། དེར་བརྟེན་ཕྱི་ལོ་ ༡༨༩༩ ལོར་རྡོ་རྗེ་ཨུ་རུ་སུར་ཕྱིན་ཏེ། འཇིགས་སྐུལ་དེ་དག་ལ་ཁ་གཏད་གཅོག་ཆེད་རོགས་རམ་ཐོབ་ཐུབ་མིན་བལྟས་པ་རེད། རྡོ་རྗེ་ནི་བེཌ་མཻ་ཝའི་གྲོགས་པོ་ཞིག་ཡིན་པ་དང་རྒྱ་ནག་གི་བློས་གཏོང་ལ་བརྟེན་ནས་བྱང་ཤར་ཨེ་ཤི་ཡའི་ནང་རུ་སུའི་རྒྱ་སྐྱེད་རིང་ལུགས་པའི་སྲིད་བྱུས་དེ་ཧི་མ་ལ་ཡའི་ས་ཁུལ་དུ་རྒྱ་སྐྱེད་འགྲོ་ངེས་ཀྱི་རེ་བ་བྱས་པ་རེད། ཀའོཎྚ་ཝི་ཏས་ (Count Witte) ལྟ་སྐོར་འདིའི་སྐབས་དང་དེའི་རྗེས་སུ་ཁོང་ལྟ་སྐོར་སྐྱོད་པ་འགའ་ཞིག་ལ་སྣེ་ལེན་བྱས་པ་རེད། སེཎྚ་མི་ཊརྶ་བྷརྒ་ (St. Petersburg) ལ་གནས་སྡོད་བྱེད་མཁན་གྱི་བྷུརྱ་ཏི་དང་ཁལ་མུག་སོག་པོའི་ཚབ་ཞུས་ཏེ་རྡོ་རྗེས་ཀྱང་དེར་དུས་འཁོར་ལྷ་ཁང་ཞིག་བཞེངས་རྒྱུར་བཀའ་འཁྲོལ་ཆོག་མཆན་ཆེད་སྙན་ཞུ་ཕུལ་བ་རེད། རུ་སུའི་དབང་ལྡན་པ་ཚོས་གྲོས་འཆར་དེ་གཉིས་གང་རུང་ལ་དོ་སྣང་མེད་ནའང་། རྡོ་རྗེས་༧གོང་ས་མཆོག་ལ་ཕྱག་བྲིས་ཤིག་བཏང་ནས་རོགས་རམ་གྱི་རེ་འདུན་དེ་རེ་བ་དང་ལྡན་པར་ལྟར་འདུག་ཅེས་སྙན་སེང་ཞུས། 

ཐོག་མར་༧གོང་ས་མཆོག་དང་ཁོང་གི་བློན་པོ་རྣམས་ཐེ་ཚོམ་ཅན་ཆགས་ནའང་། ཁོང་ལྷ་སར་ཕེབས་པའི་སྐབས། རྡོ་རྗེས་༧གོང་ས་མཆོག་ལ་སྲུང་སྐྱོབ་ཆེད་དུ་རུ་སུར་ཕྱོགས་སུ་ཁ་སྒྱུར་དགོས་ཞེས་ནན་སྐུལ་བྱས་པ་རེད། ཁོང་གིས་ཨུ་རུ་སུ་ནི་ཤམ་བྷ་ལའི་བྱང་གི་རྒྱལ་གཞིས་རེད་ཅེས་ཁུངས་སྐྱེལ་ར་སྤྲོད་བྱས་པ་རེད། ཤམ་བྷ་ལ་ནི་དུས་ཀྱི་འཁོར་ལོའི་ཆོས་རྣམས་སྲུང་སྐྱོབ་བྱས་པའི་གཏམ་རྒྱུད་དུ་གྲགས་པའི་ཡུལ་དེ་ཡིན་པ་རེད། དེ་བཞིན་ཛཱར་ནི་ཁོ་ལས྄་གཉིས་པ་ནི་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་སྲོལ་གཏོད་པ་པོ་རྗེ་ཙོང་ཁ་པའི་རྣམ་སྤྲུལ་ཡིན་པ་རེད། དེའི་བདེན་དཔང་གི་ཚུལ་དུ་ཁོང་གིས་རུ་སུའི་རྒྱལ་ཁམས་ནང་གི་བྷུརྱ་ཏི་དང་། ཁལ་མུག་པ། ཏུ་ཝའི་ཏུར་ཀིའི་མི་རིགས་ཀྱི་ཁྲོད་དུ་དགེ་ལུགས་པའི་སྲོལ་རྒྱུན་གྱི་ཛཱར་གྱི་སྲུང་སྐྱོབ་ལ་མཛུབ་སྟོན་བྱས་པ་རེད། ཁོང་གི་རྩོད་གླེང་གིས་ཤུགས་རྐྱེན་བྱས་ཏེ་༧གོང་ས་ཏཱ་ལའི་བླ་མས་ཁོང་ཕྱི་ལོ་ ༡༩༠༠ ལོར་རུ་སུར་ཕྱིར་ལོག་བཏང་བ་རེད། 

དེའི་སྐབས་སུ་རྒྱལ་སྲས་ཨེསྤར་ ཨུཁ་ཏོམྶ་ཀི་ (Prince Esper Ukhtomski) ནི་རུ་སུའི་ཕྱི་རྒྱལ་ཆོས་ལུགས་སྡེ་ཚན་གྱི་འགོ་འཛིན་ཡིན་པ་རེད། རྒྱལ་སྲས་དེ་བླ་མའི་རིང་ལུགས་འཛིན་པའི་རིག་གཞུང་ལ་དོ་སྣང་གཏིང་ཟབ་ཡོད་པ་དང་ཕྱིས་སུ་དེའི་སྐོར་ལ་དཔེ་དེབ་འགའ་ཞིག་ཀྱང་བྲིས་ཡོད། ཁོང་གིས་རྡོ་རྗེ་གདན་ཞུ་དང་བཅས་ཛཱར་དང་ཐུག་འཕྲད་བཟོས་ཤིང་། དེ་ནི་༧གོང་ས་ཏཱ་ལའི་བླ་མའི་ངོ་ཚབ་ཏུ་རྡོ་རྗེ་ལ་མཇལ་བཅར་བ་འགའ་ཤས་ནང་གི་ཐོག་མ་ཆགས་ཡོད། ལོ་དེའི་རྗེས་སུ་རྡོ་རྗེ་ཛཱར་དང་ཏཱ་ལའི་བླ་མའི་དབར་ལ་ཐེངས་མ་འགའ་ཞིག་ཕར་ཚུར་འགྲུལ་བཞུད་བྱས། འོན་ཀྱང་། ཁོང་ལ་བོད་ཀྱི་ཆེད་དུ་རུ་སུའི་དམག་གི་རྒྱབ་སྐྱོར་ནམ་ཡང་རག་ཐུབ་མེད། 

ཨ་ཤི་ཡའི་ངོས་ལ་ཆར་རླུང་ (༡༩༢༤) (Sturn über Asien, Storm over Asia) ཞེས་པའི་ནང་། འཇར་མི་ནིའི་གསང་བའི་ལས་བྱེད་ཝིལ་ཧེམ་ཧྥིཤ་ནར་ (Wilhelm Filchner) གྱིས་ཕྱི་ལོ་ ༡༩༠༠ ནས་ ༡༩༠༢ བར་ལ་སེཎྚ་པི་ཊརྶ་བྷརྒ་ལ་རུ་སུའི་ཆེད་དུ་བོད་སྲུང་སྐྱོབ་ཕྱིར་སྐོར་སྐྱོད་ཆེན་པོ་ཞིག་བྱུང་ཡོད། ཡིན་ནའང་། སྐོར་སྐྱོད་འདི་བེཌ་མཻ་ཝ་དང་ཝི་ཏེ་གཉིས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རྡོ་རྗེའི་འབད་རྩོལ་ལ་དམ་བསྒྲགས་བྱས་ཡོད་བཟོ་འདུག ས྄ཝེ་ཌི་ཤའི་ས་མྱུལ་བ་ས྄ཝེན་ ཧེ་ཌིན་ (Sven Hedin) ནི་འཇར་མི་ནིའི་འདུན་པ་ཆེ་བའི་ཡིད་སྨོན་བྱེད་མཁན་ཞིག་ཡིན་པ་དེ་བོད་དུ་རྟོག་ཞིབ་སྐོར་སྐྱོད་ཐེངས་གཉིས་པ་ (༡༨༩༩-༡༩༠༢) ནས་ཕྱིར་ཡུ་རོབ་ལ་ལོག་པའི་ལམ་དུ་ཛཱར་ནི་ཁོ་ལས྄་གཉིས་པ་དང་མཉམ་དུ་ཐུག་འཕྲད་ཅིག་བྱུང་ཡོད། དུས་ཕྱིས་སུ་ཁོང་གིས་རྒྱལ་སྲས་ཨུཁ་ཏོམྶ་ཀིས་བོད་དེ་རུ་སུའི་སྲུང་སྐྱོབ་མངའ་ཁོངས་བཟོ་བའི་ཆེད་ཛཱར་ལ་སྐུལ་ལྕག་བྱེད་བཞིན་ཡོད་པའི་མཐོང་སྣང་ཞིག་ཡོད་ཅེས་བྲིས་ཡོད། གང་ལྟར་ཡང་། རྒྱལ་སྲས་ཀྱི་རྩོམ་བྲིས་དེས་དོ་སྣང་དེ་འདྲ་ཡོད་པ་ཞིག་གསལ་སྟོན་བྱེད་ཀྱི་མེད། 

ཉི་ཧོང་དང་། རུ་སུ། ཨིན་ཡུལ། རྒྱ་ནག་དབར་གྱི་ལོག་བྱུས་དང་དེ་དག་གི་བོད་ཐོག་ཤུགས་རྐྱེན།

ཉི་ཧོང་བསམ་གཏན་པའི་བླ་ཆེན་ཨེ་ཀའི་ ཀ་ཝ་གུ་ཆི་ (Ekai Kawaguchi) ཕྱི་ལོ་ ༡༩༠༠ ནས་ ༡༩༠༢ བར་ལེགས་སྦྱར་དང་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བསྡུ་རུབ་ཆེད་བོད་དུ་ཕྱིན་པ་རེད། ཁོང་ཨིན་རྒྱ་ (ཨིན་ཇིའི་རྒྱ་གར་) བརྒྱུད་ནས་ཕྱིར་ལོག་པའི་སྐབས། ཁོང་གིས་ས་རཏ་ཙནྡྲ་དཱ་ས་ལ་བོད་ནང་རུ་སུའི་དམག་མི་ཞིག་ཡོད་ཚུལ་ནོར་ནས་སྙན་སེང་ཞུས་པ་རེད། ས་རཏ་ཙནྡྲ་དཱ་ས་ནི་ཨིན་ཇིའི་ཆེད་དུ་རྒྱ་གར་གྱི་ས་མྱུལ་བ་ཞིག་ཡིན་པ་དང་ཕྱི་ལོ་ ༡༨༧༩ དང་ ༡༨༨༡ ལོར་བོད་དུ་ཕྱིན་ཡོད། དེའི་སྐབས་སུ་ཉི་ཧོང་གིས་མན་ཇུའི་ཕྱོགས་ལ་རུ་སུ་དང་མཉམ་དུ་དམག་གྲ་སྒྲིག་བྱེད་བཞིན་ཡོད། དེ་ནི་ཉེ་ཆར་ཨིན་ཡུལ་ཏེ། ཨིན་ཇི་དང་ཉི་ཧོང་མནའ་འབྲེལ་ (༡༩༠༢-༡༩༠༧) དང་མཉམ་དུ་ཆིངས་ཡིག་བཞག་པ་དང་། གལ་ཏེ་གཞན་དེ་དམག་ལ་ཡོད་ན། དེའི་འོག་ཏུ་ཕན་ཚུན་ཕྱོགས་གཉིས་ཀ་བཏང་སྙོམས་སུ་གནས་རྒྱུར་མོས་མཐུན་བྱས་པ་རེད། ཨིན་ཡུལ་དང་རུ་སུའི་བར་ལ་མི་མཐུན་པ་རྒྱུད་སྐུལ་གཏོང་བའི་སྒོ་ནས་ཉི་ཧོང་པའི་བླ་ཆེན་དེས་ཨིན་ཡུལ་གྱིས་འབྱུང་ལ་ཉེ་བའི་དམག་འཁྲུག་ནང་རུ་སུར་རྒྱབ་སྐྱོར་བྱེད་ངེས་མིན་པའི་བརྟན་ཆ་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པ་ལྟར་སྣང་། ཁོང་གིས་ད་དུང་ཨིན་ཇིས་བོད་ལ་ངོ་རྒོལ་བྱེད་པ་དེས་མན་ཇུ་ལ་ཡོད་པའི་རུ་སུའི་དོ་སྣང་དེ་གཡེང་བར་བྱེད་ངེས་པའི་རེ་བའང་བྱེད་ཀྱིན་ཡོད་སྲིད་པ་རེད། 

ཁོང་གི་དེབ་ “བོད་ནང་ལོ་གསུམ་” ཞེས་པ་དེ་ཕྱི་ལོ་ ༡༩༠༩ ལོར་ལྷ་ལམ་སྤྱི་ཚོགས་ (Theosophical Society) ཀྱིས་བྷེ་ན་ར་སར་ (Benaras) པར་སྐྲུན་བྱས་པ་དེའི་ནང་། ཀ་ཝ་གུ་ཆིས་ (Kawaguchi) རུ་སུ་ནི་ཤམ་བྷ་ལ་ཡིན་པ་དང་ཛཱར་ནི་རྗེ་ཙོང་ཁ་པའི་སྐུ་སྐྱེ་ཡིན་ཚུལ་བརྗོད་པའི་རྡོ་རྗེའི་འགྲེམ་ཡིག་བོད་སྐད་དང་། སོག་སྐད། རུ་སུའི་སྐད་ཀྱི་ནང་ཡོད་པ་དེའི་ནང་གསལ་ཡོད་པ་གོ་ཐོས་བྱུང་ཞེས་སྙན་སེང་ཞུས་ཡོད། འོན་ཀྱང་། ཁོང་གིས་འགྲེམ་ཡིག་དེ་སྒེར་གྱི་ངོས་ནས་ནམ་ཡང་མཐོང་མི་འདུག ཀ་ཝ་གུ་ཆིས་ད་དུང་ཉི་ཧོང་དང་བོད་ཀྱི་ནང་པའི་མཉམ་སྡེབ་ཅིག་གི་སྐོར་ལའང་བཤད་ཡོད་ནའང་། ཕྱོགས་གཉིས་ཀའི་ངོས་ནས་དེ་ལག་བསྟར་བྱ་རྒྱུའི་འཆར་གཞི་བཏིངས་མེད། 

ཀ་ཝ་གུ་ཆིའི་སྙན་སེང་ཞུས་པ་དང་ཕྱིས་སུ་ཁོང་གི་དཔེ་དེབ་དེ་རྒྱ་གར་ནང་ཨིན་ཇིའི་དབང་ལྡན་པ་ཚོའི་ཁྲོད་དུ་སྐད་གྲགས་ཆེན་པོ་ཆགས་པ་རེད། དཔེ་ཆ་བཞག་ན། སྐུ་ཞབས་ཅཱ་ལེས྄་ བྷཻལ་ (Charles Bell) ཟེར་བ་འབྲས་ལྗོངས་སུ་ཡོད་པའི་ཨིན་ཇིའི་ཆབ་སྲིད་ཀྱི་ལས་སྣེ་བ་དེ་ “འདས་པ་དང་ད་ལྟའི་བོད་” (༡༩༢༤) ཅེས་པའི་ནང་ལུང་འདྲེན་བྱས་ཡོད། དེའི་ནང་རྡོ་རྗེས་རུ་སུས་སོག་པོའི་ཆ་ཤས་ (བྷུརྱ་ཏི་) དབང་སྒྱུར་དང་སྲུང་སྐྱོབ་ཇི་ལྟར་བྱས་པ་དང་། རུ་སུའི་མི་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་སྔར་ལས་ལྷག་པར་ཉམས་སུ་ལེན་ཚུལ། དེ་བཞིན་ཛཱར་གྱིས་ཀྱང་བོད་བརྒྱུད་ནང་བསྟན་ཕལ་ཆེར་ཉམས་སུ་ལེན་ངེས་ཡིན་པའི་སྐོར་བཤད་པའི་སྒོ་ནས་ཏཱ་ལའི་བླ་མར་རུ་སུའི་ཕྱོགས་སུ་ཁ་སྒྱུར་བྱས་པ་རེད་ཅེས་སྐུ་ཞབས་ཅཱ་ལེས྄་ བྷཻལ་ཀྱིས་བྲིས་ཡོད། 

ཀ་ཝ་གུ་ཆིའི་སྙན་སེང་གི་དུས་སྐབས་སུ་ལོརྜ་ ཁར་ཛོན་ (Lord Curzon) ཟེར་བ་རྒྱ་གར་གྱི་ཨིན་ཇིའི་རྒྱལ་ཚབ་དེ་རུ་སུའི་མི་རྣམས་ལ་ཧ་ཅང་དྭོགས་གཞི་ཅན་ཆགས་པ་རེད། རུ་སུས་དབང་སྒྱུར་དང་བོད་ཀྱི་ཚོང་ལས་གཅིག་བདག་ཏུ་འགྱུར་བར་འཇིགས་སྣང་དང་བཅས་ཁོང་གིས་ཡངྒ་ཧས྄་བྷེཎྜ་རྟོག་ཞིབ་སྐོར་སྐྱོད་ (༡༩༠༣-༡༩༠༤) (Younghusband Expedition) ལ་བརྟེན་ནས་བོད་དེ་ཨིན་ཇིའི་བཙན་འཛུལ་བྱ་རྒྱུའི་བཀའ་མངགས་བཏང་བ་རེད། རྡོ་རྗེ་དང་ལྷན་དུ་༧གོང་ས་ཏཱ་ལའི་བླ་མ་སོག་ཡུལ་གྱི་རྒྱལ་ས་ཨུརྒ་ (དེང་སང་ཨུ་ལཱན་ བྷཱ་ཏར་) ལ་བྲོས་བྱོལ་དུ་ཕེབས་པ་རེད། ཕམ་ཉེས་བྱུང་བའི་རྗེས་སུ་བོད་ཀྱི་སྡེ་སྲིད་ཀྱིས་ཕྱི་ལོ་ ༡༩༠༤ ལོར་ལྷ་སའི་ལྷན་ཚོགས་ལ་ཆིངས་ཡིག་བཞག་སྟེ། ཨིན་ཇིའི་འབྲས་ལྗོངས་དབང་སྒྱུར་དང་ཨིན་ཇིའི་ཚོང་ལས་ཀྱི་འབྲེལ་བ་དང་དམག་མི་དང་ལས་སྣེ་རྣམས་ཚོང་དོན་ལྷན་ཚོགས་སྲུང་སྐྱོབ་ཆེད་ལྷ་སར་གནས་སྡོད་ཆོག་པའི་ཆོག་མཆན་སྤྲད་པ་རེད། 

ཟླ་བ་འགའ་ཤས་རྗེས་སུ་རུ་སུ་དང་ཉི་ཧོང་གི་དམག་འཁྲུག་ (༡༩༠༤-༡༩༠༥) དེ་མན་ཇུ་ལ་གློ་བུར་དུ་འགོ་ཚུགས་པ་དང་དེའི་ནང་ཉི་ཧོང་པས་ཛཱར་གྱི་དམག་དཔུང་ལ་ཕམ་ཉེས་བཏང་ཡོད། ༧གོང་ས་ཏཱ་ལའི་བླ་མ་སོག་ཡུལ་དུ་བཞུགས་པ་དང་ཕྱི་ལོ་ ༡༩༠༦ ནས་བཟུང་སྟེ་ཨིན་ཇིའི་དང་རྒྱ་ནག་གཉིས་ཀྱིས་ལྷན་ཚོགས་ཤིག་ལ་ཆིངས་ཡིག་བཞག་པ་རེད། དེ་ནི་རྒྱ་ནག་གིས་བོད་ཀྱི་ཐད་མིང་ཙམ་གྱི་དབང་སྒྱུར་དེ་ལ་ངེས་བརྟན་བཟོ་ཕྱིར་ཡིན་པ་རེད། ལྷན་ཚོགས་དེས་མྱུར་དུ་རྒྱ་མིས་བོད་ལ་བདག་བཟུང་བྱེད་ཐབས་ལ་རྒྱུད་སྐུལ་བྱས་ཡོད། ཏཱ་ལའི་བླ་མས་རྡོ་རྗེ་སླར་ཡང་རུ་སུའི་ཕོ་བྲང་དུ་དམག་མི་རོགས་སྐྱོར་ཆེད་དུ་བཏང་བ་རེད། 

ཕྱི་ལོ་ ༡༩༠༧ ལོར་རྡོ་རྗེས་རུ་སུའི་ས་ཁམས་རིག་པའི་སྤྱི་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པི་པི་ སེམ་ཡོ་ནོཝ་ ཏ་ཡན་ ཤནྶ་ཀི་ (P. P. Semyonov-Tyan-Shansky) ལ་སྙན་སེང་གཅིག་ཞུས་པ་དེའི་མིང་བྱང་དུ་ “རུ་སུ་དང་། སོག་ཡུལ། བོད་བཅས་དབར་གྱི་མཛའ་འབྲེལ་སླར་གསོ་” ཞེས་འཁོད་ཡོད། དེའི་ནང་ཁོང་གིས་ནང་པའི་རང་སྐྱོང་མཐུན་ཚོགས་ཆེན་མོ་ཞིག་སྐྲུན་པའི་ཆེད་དུ་རྒྱལ་ཁབ་གསུམ་པོ་གཅིག་གྱུར་བཟོ་རྒྱུའི་དགོས་འདུན་བསྟན་པ་རེད། རུ་སུའི་དབང་ལྡན་པ་ཚོས་དེ་ལ་ཐད་ཀར་ངོས་ལེན་མ་བྱས་པ་རེད། 

ཕྱི་ལོ་ ༡༩༠༧ ལོའི་ཨིན་ཇིའི་དང་རུ་སུའི་ལྷན་ཚོགས་ཀྱི་ནང་ཨིན་ཇི་དང་རུ་སུ་གཉིས་ཀྱིས་བོད་ནང་ཁུལ་གྱི་གནད་དོན་ཐད་ཐེ་བྱུས་མི་བྱེད་པར་རྒྱ་ནག་ཁོ་ན་བརྒྱུད་ནས་འབྲེལ་བ་བྱ་རྒྱུའི་མོས་མཐུན་བྱས་པ་རེད། འཇིགས་ཞུམ་མེད་པར་རྡོ་རྗེས་ཕྱི་ལོ་ ༡༩༠༨ ལོར་རུ་སུའི་ཕྱི་འབྲེལ་ལྷན་ཚོགས་ལ་སྙན་ཞུ་ཕུལ། དེ་ནི་མ་མཐར་ཡང་དུས་འཁོར་ལྷ་ཁང་ཞིག་སེཎྚ་པིཊརྶ་བྷརྒ་ལ་བཞེངས་རྒྱུའི་ཆེད་དུ་ཡིན་པ་རེད། དེ་ནི་སྔོན་ཕྱི་ལོ་ ༡༨༩༩ ལོར་ཁོང་གིས་ཐོག་མར་གྲོས་འཆར་བཏོན་པའི་སྐབས་སུ་དབང་ལྡན་པ་ཚོས་ངོས་ལེན་མ་བྱས་པ་དེ་རེད། འོན་ཀྱང་། འདིའི་སྐབས་སུ་ཛཱར་གྱིས་འཆར་གཞི་དེ་ལ་མོས་མཐུན་བྱས་པ་རེད། དེ་ནི་ཕྱི་ལོ་ ༡༩༠༩ ལོར་རེད། 

༧གོང་ས་ཏཱ་ལའི་བླ་མ་ཕྱི་ལོ་ ༡༩༠༩ ལོའི་མཇུག་ཙམ་ལ་ལྷ་སར་ཁྱུག་ཙམ་རིང་ཚུར་ལོག་ཕེབས་ནའང་། རྒྱ་མིའི་དམག་དཔུང་མི་རིང་བར་འབྱོར་བ་རེད། ཕྱི་ལོ་ ༡༩༡༠ ལོའི་འགོ་སྟོད་ལ་༧གོང་ས་ཏཱ་ལའི་བླ་མ་རྒྱ་གར་དུ་བྲོས་བྱོལ་ཏུ་ཕེབས་པ་དང་དེར་ཁོང་ཨིན་ཇིའི་སྲུང་སྐྱོབ་འོག་ཏུ་འབྲས་ལྗོངས་ཀྱི་ལྷོ་ཕྱོགས་རྡོ་རྗེ་གླིང་དུ་བཞུགས། དེར་ཁོང་སྐུ་ཞབས་ཅཱར་ལེས྄་ བྷཻལ་དང་མཉམ་དུ་གྲོགས་འདྲིས་ཆགས་པ་དང་སྐུ་ཞབས་ཅཱར་ལེས྄་ལགས་ཀྱིས་༧གོང་ས་མཆོག་ལ་དེང་རབས་ཅན་དུ་འགྱུར་བའི་སྐོར་ལ་ཤུགས་རྐྱེན་སྤྲད་ཡོད། 

ཕྱི་ལོ་ ༡༩༡༡ ལོའི་རྒྱ་ནག་མི་རིགས་ཀྱི་གསར་བརྗེའི་རྗེས་ཀྱི་བྱུང་རྐྱེན་ཁག

ཕྱི་ལོ་ ༡༩༡༡ དང་ ༡༩༡༢ ནང་མན་ཇུ་ཆིང་རྒྱལ་རྒྱུད་ཉམས་རྒུད་ཕྱིན་པ་རེད། རྒྱ་ནག་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གསར་པ་ཡུའན་ ཤིཧ་ཀའི་ (Yüan Shih-k’ai) ཞུ་བ་དེས་བོད་ཀྱི་ཕྱོགས་སུ་མན་ཇུའི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་དེ་མུ་མཐུད་པ་དང་༧གོང་ས་ཏཱ་ལའི་བླ་མ་ “ཕ་ཡུལ་” དུ་མཉམ་བཞུགས་ལ་ཕེབས་བསུ་ཞུས་པ་རེད། ༧གོང་ས་མཆོག་གིས་དེ་ལ་ངོས་བཞེས་མ་གནང་བར་རྒྱ་ནག་དང་འབྲེལ་བ་ཚང་མ་བཅད་གནང་བ་རེད། ཁོང་གིས་རྒྱ་མིའི་ཁ་གཏད་དུ་གོ་མཚོན་འཐོགས་པའི་གྱེན་ལོག་ཅིག་སྣེ་འཁྲིད་པའི་ཆེད་དམག་གི་སྡེ་ཚན་ཞིག་བསྐྲུན་པ་རེད། གཙོ་བོ་རྒྱ་ནག་ནང་གི་ཟིང་འཁྲུག་གི་གནས་སྟངས་རྐྱེན་པས་རྒྱའི་དམག་མི་ཚོས་མི་རིང་བར་མགོ་འབུལ་ཞུས་པ་རེད། ཕྱི་ལོ་ ༡༩༡༣ ལོར་དམག་མི་རྣམས་བོད་ནས་ཐོན་མ་ཐག་༧གོང་ས་མཆོག་ལྷ་སར་ཚུར་ལོག་ཕེབས་པ་རེད། 

ཕྱི་ལོ་ ༡༩༡༣ ལོ་སྨད་ནང་མང་ཚོགས་ཀྱི་མཛད་སྒོ་དང་པོ་དེ་སེཎྚ་པི་ཊརྶ་བྷརྒ་ཡི་ནང་པའི་ལྷ་ཁང་དུ་འཚོགས་པ་རེད། དེ་ནི་རོ་མ་ནོ་ཝའི་ལྷན་ཚོགས་ (House of Romanov) ལོ་སུམ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་དུ་སྐུ་ཚེ་ཡུན་བརྟན་གྱི་སྨོན་ལམ་ཞིག་ཡིན་པ་རེད། ༧གོང་ས་མཆོག་གིས་དགའ་བསུའི་ལེགས་སྐྱེས་བཏང་མཛད་པ་དང་དེའི་སྐབས་དཀྲོག་གཏམ་ཁྱབ་པ་ཞིག་ལ། ཁོང་གིས་ཨེ་ལེཀ་ཛིས྄་ (Alexis) ཟེར་བ་བུ་རྒྱུད་རྒན་ཤོས་དེ་བྱང་གི་ནང་པ་མིན་པ་རྣམས་སངས་རྒྱས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ཞིག་ལ་ངོས་འཛིན་གནང་ཞེས་གྲག འོན་ཀྱང་། རོ་མ་ནོ་ཝའི་ཕྱོགས་ནས་ད་དུང་ཡང་དམག་གི་རོགས་སྐྱོར་འབྱུང་ལ་ཉེ་བ་ཞིག་མིན་པ་རེད། 

བོད་ཤར་ཕྱོགས་ཁམས་ཀྱི་ས་ཁུལ་འགའ་ཞིག་ནས་རྒྱ་མིའི་དམག་དཔུང་ཕྱིར་འབུད་བཏང་རྗེས་བོད་མི་ཚོས་ཨིན་ཇི་དང་མཉམ་དུ་ཕྱི་ལོ་ ༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་ཐད་གྲོས་མོལ་བྱས་པ་རེད། ཨིན་ཇིས་བོད་རང་བཙན་གཙང་མ་ལ་རྒྱབ་སྐྱོར་བྱེད་ངེས་མིན་པ་སོང་ཙང་། ༧གོང་ས་མཆོག་གིས་ཆིངས་སྒྲིག་གནང་བ་རེད། ཨིན་ཇིས་བོད་དེ་རྒྱ་ནག་གི་མིང་ཙམ་གྱི་དབང་སྒྱུར་འོག་ཏུ་རང་སྐྱོང་ངང་གནས་པའི་ཁག་ཐེག་བྱས། དེ་བཞིན་ཨིན་ཇིས་བོད་བདག་བཟུང་བྱེད་ངེས་མིན་པ་དང་རྒྱ་མིས་ཀྱང་དེ་ལྟར་བྱེད་དུ་འཇུག་གི་མིན་ཞེས་མོས་མཐུན་བྱས་པ་རེད། 

རྒྱ་ནག་གིས་ཆིངས་ཡིག་དེ་ལ་ཆིངས་ཡིག་རྩ་བ་ནས་བཞག་མེད་པ་དང་ཁམས་ཀྱི་ཕྱོགས་སུ་རྒྱ་ནག་དང་མཉམ་དུ་ས་མཚམས་ཀྱི་དམག་འཐབ་ཆུང་ཙག་རིགས་མུ་མཐུད་ནས་བྱུང་ཡོད་ནའང་། ཨིན་ཇི་བོད་ལ་རོགས་སྐྱོར་ཆེད་ནམ་ཡང་བསླེབས་མེད། ༧གོང་ས་མཆོག་གིས་རྒྱབ་སྐྱོར་གཞན་ཞིག་ནས་འཚོལ་འགོ་བཙུགས་གནང་ཡོད། 

བོད་ལ་ཉི་ཧོང་དམག་གི་ལམ་སྟོན་ཐོབ་པ།

རུ་སུ་དང་ཉི་ཧོང་གི་དམག་འཁྲུག་ལས་ཉི་ཧོང་རྒྱལ་ཁ་ཐོབ་པ་དེས་༧གོང་ས་མཆོག་ལ་སེམས་སྐུལ་ཐེབས་པ་ཞིག་བྱུང་ཡོད། ཁོང་གིས་ད་གཟོད་ནང་པའི་སྒྲོམ་གཞི་ཞིག་གི་ནང་བོད་དེང་རབས་ཅན་དུ་འགྱུར་བའི་དཔེ་ལྟ་བུར་ཉི་ཧོང་གི་མཻ་ཇི་བསླར་གསོ་ (Meiji) དང་དེང་རབས་ཅན་དུ་འགྱུར་བའི་ཐད་ལ་དོ་དབྱིངས་ཅན་ཆགས་པ་རེད། དེར་བརྟེན་རྒྱ་ནག་དམག་གི་འཇིགས་སྐུལ་མུ་མཐུད་ཡོད་པ་དང་རུ་སུ་དང་ཨིན་ཇིའི་རྒྱབ་སྐྱོར་མེད་པའི་རྐྱེན་གྱིས་བོད་དམག་ལ་ཁ་གསབ་བྱ་ཕྱིར། བོད་དེ་ཉི་ཧོང་གི་ཕྱོགས་སུ་ཁ་བསྒྱུར་བ་རེད། དམིགས་བསལ་ཉི་ཧོང་དང་མཉམ་དུ་འབྲེལ་བ་ཉེ་པོ་ཞིག་འཇོག་འདོད་ཀྱི་སྤྲོ་བ་ཤུགས་ཆེན་ཡོད་མཁན་ནི་ཚ་རོང་ཡིན་པ་རེད། ཚ་རོང་ནི་བོད་ཀྱི་གཞུང་དངུལ་བཟོ་གྲྭ་དང་གོ་མཛོད་ཀྱི་འགོ་འཛིན་པ་དང་༧གོང་ས་མཆོག་གི་ཐུགས་མཉེས་ཤོས་དེ་ཡིན་པ་རེད། 

ཡ་ཇི་མ་ ཡ་སུ་ཇི་རོ་ (Yajima Yasujiro) རུ་སུ་དང་ཉི་ཧོང་དམག་འཁྲུག་སྐབས་ཉམས་མྱོང་ཧ་ཅང་ཆེ་བའི་བྱང་མ་ཞིག་ཡིན་པ་དེ་ལྷ་སར་བསླེབས་པ་དང་། ཕྱི་ལོ་ ༡༩༡༣ ནས་ ༡༩༡༩ བར་དམག་དཔུང་ལ་སྦྱོང་བརྡར་སྤྲད་པ་དང་རྒྱ་ནག་གི་ཁ་གཏད་དུ་འགོག་སྲུང་བྱེད་ཕྱོགས་ཐད་བསླབ་བྱ་བརྒྱབས་ཡོད། ཨའོ་ཀི་ བྷུན་ཀི་ཡོ་ (Aoki Bunkyo) ཟེར་བ་ཉི་ཧོང་ནང་པའི་བླ་ཆེན་ཞིག་ཡོད་པ་དེས་ཉི་ཧོང་དམག་མིའི་ལག་དེབ་རྣམས་བོད་ཡིག་ཐོག་བསྒྱུར་བ་རེད། ཁོང་གིས་ད་དུང་བོད་རྒྱལ་ཁབ་ཀྱི་རྒྱལ་དར་གྱི་སྟེང་དུ་སྲོལ་རྒྱུན་བོད་ཀྱི་མཚོན་རྟགས་འོད་ཀྱི་མཐའ་བསྐོར་བའི་ཉི་མ་ཤར་བ་དེ་ཁ་སྣོན་དང་བཅས་རྒྱལ་དར་བཟོ་བཀོད་ཐད་རོགས་པ་བྱས་ཡོད། མཚོན་དོན་འདིའི་ནང་དུ་དེའི་སྐབས་ཀྱི་ཉི་ཧོང་གི་རྒྱངས་ཤིང་འདྲ་སྐུ་དང་རྐང་དམག་གི་དར་ཆ་རྣམས་ཡོད་པ་རེད། ཕྱིས་སུ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་དེ་དག་ཉི་ཧོང་མཚོ་དམག་དང་དམག་མིའི་དར་ཆའི་བཟོ་བཀོད་ཆགས་པ་རེད། 

ཉི་ཧོང་མཚོ་དམག་དང་དམག་མིའི་དར་ཆ།
ཉི་ཧོང་མཚོ་དམག་དང་དམག་མིའི་དར་ཆ།

བོད་རྒྱལ་ཁབ་ཀྱི་རྒྱལ་དར།
བོད་རྒྱལ་ཁབ་ཀྱི་རྒྱལ་དར།

དེ་ལྟ་ནའང་། ༧གོང་ས་མཆོག་མུ་མཐུད་དེ་ཉི་ཧོང་དམག་མིའི་རྒྱབ་སྐྱོར་ཐོབ་ཐབས་ལ་ལམ་ལྷོང་མ་བྱུང་བ་རེད། ཕྱི་ལོ་ ༡༩༡༩ ལོར་ཉི་ཧོང་གི་དམག་མི་རྣམས་ཀོ་རི་ཡའི་ནང་རང་བཙན་ལས་འགུལ་ཞིག་ལ་དྲག་གནོན་གྱི་ནང་གཏིང་ཟབ་ཞུགས་པ་དང་དེ་ནི་ཕྱི་ལོ་ ༡༩༡༠ ལོར་ཉི་ཧོང་གིས་དབང་སྒྱུར་བྱས་པ་རེད། དེ་ནས་ཕྱི་ལོ་ ༡༩༢༠ ཡས་མས་ནང་ཉི་ཧོང་གིས་དམིགས་ས་དེ་མན་ཇུ་དང་སོག་ཡུལ་ལ་ཁ་བསྒྱུར་བ་དང་ནང་པའི་མཁས་པའི་སློབ་གཉེར་ཁོ་ནའི་ཆེད་དུ་བོད་ལ་དོ་སྣང་དེ་མུ་མཐུད་ནས་གནས་པ་རེད། ཕྱི་ལོ་ ༡༩༢༣ ལོར་ཉི་ཧོང་བོད་ནས་ཐོན་པ་མཐའ་མ་དེ་ནི་ཊོཀྱོ་ (Tokyo) དང་ཡུ་ཀོ་ཧ་མ་ (Yokohama) ཀེཎྚོ་ས་ཡོམ་ཆེན་མོས་ (Kanto Earthquake) གཏོར་བཤིག་བཏང་བའི་སྐབས་ཡིན་པ་རེད། 

ལོ་རྗེས་མའི་ནང་ཨིན་ཇིས་ལྷ་སར་ཉེན་རྟོག་པའི་དཔུང་ཚོགས་ཤིག་རྩ་འཛུགས་བྱས། ཉེན་རྟོག་པ་དང་བོད་ཀྱི་དམག་མིའི་དབར་ལ་འཁྲུག་འཛིངས་ཤིག་བྱུང་བ་དང་དེའི་མཇུག་འབྲས་སུ་ཉེན་རྟོག་པ་གཅིག་བཀྲོངས་པ་རེད། ཚ་རོང་གིས་མི་གསོད་མཁན་དེ་ལ་ཚབས་ཆེན་གྱིས་ཉེས་ཆད་བཏང་ནའང་། བོད་གཞུང་གི་ནང་ཡོད་པའི་དེང་རབས་ཅན་དུ་འགྱུར་བའི་རྒྱབ་འགལ་གྱི་ཤོག་ཁག་གིས་འདི་ནི་༧གོང་ས་མཆོག་ཁོང་གི་ཁ་གཏད་དུ་འགྱུར་རྒྱུའི་སྙད་ཀ་ལྟ་བུར་བཀོལ་སྤྱོད་བྱས་པ་རེད། ཁོང་ཚོས་ཚ་རོང་གིས་༧གོང་ས་མཆོག་གི་གནང་བ་མེད་པར་བྱ་བ་བརྩམས་སོང་ཞེས་བཤད་ནས་གཞུང་ལ་དབང་སྒྱུར་བྱེད་པའི་ཆེད་ངན་ཇུས་ཀྱི་དམག་མིར་ཉེས་འཛུགས་བྱས་པ་རེད། ༧གོང་ས་མཆོག་གིས་ཚ་རོང་ཕྱི་ལོ་ ༡༩༢༥ ལོར་རང་གི་དམག་སྤྱི་ཆེན་མོའི་གོ་གནས་དམའ་རུ་བཏང་བ་དང་ཕྱི་ལོ་ ༡༩༣༠ ལོར་བཀའ་ཤག་ནས་གནས་དབྱུང་བཏང་བ་རེད། དེར་བརྟེན་ཉི་ཧོང་མནའ་འབྲེལ་ལ་བོད་ཀྱི་རྒྱབ་སྐྱོར་བ་གཙོ་བོ་དེ་ཁུ་སིམ་མེར་གྱུར་བ་རེད། 

ཕྱི་ལོ་ ༡༩༣༣ ལོའི་ཟླ་ ༡༢ པའི་ནང་༧གོང་ས་མཆོག་སྐུ་གཤེགས། བོད་ཀྱིས་ཕྱི་ལོ་ ༡༩༣༨ བར་དུ་ཉི་ཧོང་དང་མཉམ་དུ་འབྲེལ་བ་སླར་ཡང་མཐུད་མེད། འབྲེལ་བ་མཐུད་པའི་ལོ་དེའི་ནང་འཇར་མི་ནིའི་མི་སེར་སྟེ། རྒྱལ་སྤྱིའི་དམར་པོའི་རིང་ལུགས་དར་ཁྱབ་ཀྱི་ཁ་གཏད་དུ་ཉི་ཧོང་གི་མནའ་འབྲེལ་ནས་ཡིན་པའི་གཞུང་འབྲེལ་གྱི་རྟོག་ཞིབ་སྐོར་སྐྱོད་ཅིག་དང་འབྲེལ་བ་བྱེད་ཕྱོགས་ཐད་ལས་འགན་སྒྲུབ་པའི་ཆེད་ཚ་རོང་སླར་ཡང་བསླེབས་པའི་སྐབས་རེད། 

རུ་སུ་དང་སོག་ཡུལ་དུ་ནང་ཆོས་ཐད་དམར་ཤོག་གི་བཟོད་སྲན་དེ་རྒྱལ་ཁ་ཐོབ་པའི་འབད་རྩོལ།

ཕྱི་ལོ་ ༡༩༡༧ ལོའི་རུ་སུའི་གསར་བརྗེས་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་རྩ་འཛུགས་བྱས། ལེ་ཉིན་གྱིས་ཐོག་མར་དམར་ཤོག་གི་ཆོས་ལུགས་ལ་རྒྱབ་འགལ་གྱི་སྲིད་བྱུས་ལ་དཔུང་སྣོན་བྱས་མེད། ནང་འཁྲུག་རྒྱ་ཁྱབ་འགྲོ་བཞིན་པ་ལ་བརྟེན་ནས་ཁོང་གི་ནུས་སྟོབས་ལ་གལ་གནད་ཆེ་བ་ཡོད་པར་སྲ་བརྟན་བཟོ་བཞིན་ཡོད། ཐ་ན་དམར་ཤོག་གི་དབང་སྒྱུར་དེ་བརྟན་པོ་ཆགས་ནའང་། ནང་པའི་དགོན་སྡེ་ཁག་གིས་བྷུརྱ་ཏི་དང་། ཁལ་མུག ཏུ་ཝ་བཅས་ཀྱི་ནང་མཁོ་སྤྱོད་བྱེད་བཞིན་པའི་ཤེས་ཡོན་དང་སྨན་གྱི་ལམ་ལུགས་བརྗེ་ཚབ་ཆེད་དུ་ཕྱི་ལོ་ ༡༩༢༠ ཡས་མས་ནང་རྒྱལ་ཁབ་ལ་རྨང་གཞིའི་འཛུགས་སྐྲུན་དེ་དག་མེད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་དམར་པོའི་ཤོག་ཁག་གིས་དུས་སྐབས་དེའི་རིང་ནང་ཆོས་ལ་བཟོད་སྲན་བྱས་པ་རེད། 

ཕྱི་ལོ་ ༡༩༡༩ ལོའི་མཇུག་ཏུ་སོག་པོའི་རྒྱལ་སྲས་འགའ་ཞིག་གིས་ཕྱི་སོག་གི་རང་སྐྱོང་གོ་གནས་སྤངས་ནས་དེ་དག་རྒྱ་ནག་གི་དབང་སྒྱུར་འོག་ཏུ་མགོ་འབུལ་ཞུས་པ་རེད། རྒྱ་ནག་དམག་དཔུང་གིས་སུའུ་ལེན་གྱི་ཉེན་ཁ་ལས་སྲུང་སྐྱོབ་བྱེད་པར་སྙད་བཏགས་ནས་སོག་ཡུལ་དུ་འཛུལ་བ་རེད། ཕྱི་ལོ་ ༡༩༢༠ ལོའི་སྨད་དུ་བྷོལ་ཤ་ཝིཀ་ བེ་རན་ ཝོན་ ཨུནགེརྣ་ ས྄ཊརྣ་བྷརྒའི་རྨོངས་ཞེན་ཅན་གྱི་རྒྱབ་འགལ་བས་ (anti-Bolshevik Baron von Ungern-Sternberg) བྷུརྱ་ཏི་ནས་སོག་ཡུལ་བཙན་འཛུལ་བྱས་པ་དང་རྒྱ་མི་གནས་དབྱུང་བཏང་། དེ་ནས་སྲོལ་རྒྱུན་ནང་པའི་དབུ་འཛིན་རྗེ་བཙུན་དམ་པ་སྐུ་ཕྲེང་བརྒྱད་པ་དེ་རྒྱལ་ཁབ་ཀྱི་དབུ་འཛིན་དུ་བསྐྱར་དུ་མངའ་གསོལ་བྱས། ཁོང་གིས་རྒྱ་མི་ལྷག་མ་རྣམས་དབྱེ་བ་མེད་པར་མུ་མཐུད་ནས་སྡེབ་གསོད་བྱས་པ་དང་རྙེད་ཐུབ་པའི་སོག་པོའི་ལག་སྦྲེལ་པ་རྣམས་ལ་དྭོགས་པ་བྱས་ཡོད།

ཕྱི་ལོ་ ༡༩༢༡ ལོར་སོག་པོའི་གསར་བརྗེ་སུ་ཁེ་ བྷ་ཏུར་ (Sukhe Batur) གྱིས་བྷུརྱ་ཏི་ལ་སོག་པོའི་དམར་ཤོག་གི་གནས་སྐབས་སྲིད་གཞུང་རྩ་འཛུགས་བྱས། དུས་འཁོར་གྱི་ཆོས་ནི་སོག་ཡུལ་ནང་སྐད་གྲགས་ཀྱི་ལོ་རྒྱུས་རིང་མོ་ཡོད་པ་རེད། སོག་པོས་ཁོང་ཚོར་ཡོད་པའི་དད་པ་ལས་ཁེ་བཟང་བླངས་ཏེ་སུ་ཁེ་ བྷ་ཏུར་གྱིས་དེའི་ཆོས་ཚུལ་རྣམས་གཅུས་ཏེ་ཁོང་གི་རྗེས་འབྲང་པ་ཚོ་ལ། ཁྱེད་རང་ཚོས་གལ་ཏེ་སོག་ཡུལ་དེ་བཙན་གནོན་ལས་ཐར་བའི་ཆེད་འཐབ་ན། ཤམ་བྷ་ལའི་དམག་མིའི་སྐྱེ་བ་ལེན་ངེས་རེད་ཅེས་བརྗོད་པ་རེད། 

སུའུ་ལེན་དམར་པོའི་དམག་གི་རོགས་སྐྱོར་ལ་བརྟེན་ནས་སུ་ཁེ་ བྷ་ཏུར་གྱིས་དུས་ཕྱིས་ཀྱི་ཕྱི་ལོ་ ༡༩༢༡ ལོར་ཨུན་གེརྣ་ (Ungern) སོག་ཡུལ་ནས་མཐར་སྐྲོད་བཏང་། ཁོང་གིས་རྗེ་བཙུན་དམ་པའི་ནུས་སྟོབས་ལ་ཚད་བཀག་བཟོས་པ་དང་སུའུ་ལེན་གྱི་དམག་མི་ཚོ་ལ་མུ་མཐུད་ནས་སྟངས་འཛིན་བྱེད་དུ་བཅུག་པ་རེད། རུ་སུས་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ཀྱིས་སོག་ཡུལ་ལ་རང་བཙན་ཐོབ་པའི་ཁག་ཐེག་བྱེད་བཞིན་པའི་སྙད་ཀ་དེ་བེད་སྤྱོད་བྱས་ཏེ་དེ་ད་དུང་རྒྱ་ནག་གི་དྲག་རྒོལ་ལས་སྲུང་སྐྱོབ་བྱེད་ཀྱིན་ཡོད། སུའུ་ལེན་གྱི་དམག་མི་རྣམས་ཕྱི་ལོ་ ༡༩༢༤ ལོར་རྗེ་བཙུན་དམ་པ་མ་གྲོངས་བར་དུ་དང་དེ་ནས་མི་རིང་བར་སོག་པོ་མི་མང་སྤྱི་མཐུན་རྒྱལ་ཁབ་གསལ་བསྒྲགས་མ་བྱས་བར་དུ་གནས་པ་རེད། 

དུས་སྐབས་དེའི་རིང་ལ་བྷར་ཆེན་ཀོ་ (Barchenko) ཟེར་བ་རུ་སུའི་ཕལ་མིན་གྱི་ཆོས་ཁས་ལེན་པའི་སེམས་ཁམས་རིག་པའི་ཐོག་ལ་མཁས་པ་ཞིག་ཡིན་པ་དང་དེ་ནི་སུའུ་ལེན་ཆབ་སྲིད་གཞུང་ལས་ཁང་དང་འབྲེལ་བ་ཡོད་པ་རེད། ཁོང་གིས་སོག་ཡུལ་དུ་ཟླ་བ་འགའ་ཤས་བསྡད་ནས་དེར་དུས་འཁོར་གྱི་སྐོར་ལ་སློབ་སྦྱོང་བྱས་པ་རེད། དེའི་དངོས་པོའི་རྡུལ་ལ་ནན་བརྗོད་བྱེད་པ་དང་དེའི་ལོ་རྒྱུས་ལྡན་པའི་འཁོར་རྒྱུན་དང་དེ་བཞིན་ཤམ་བྷ་ལའི་དམག་མི་དང་བཙན་འཛུལ་བའི་དམག་དཔུང་བར་དམག་རྒྱག་གི་ཡོད་པ་དེས་རིགས་ལམ་གྱི་དངོས་གཙོ་སྨྲ་བའི་རིང་ལུགས་ཀྱི་དམར་པོའི་ཆོས་ལ་སྔོན་ནས་བརྡ་བསྟན་པ་ཞིག་ཡིན་པར་ཡིད་ཆེས་རྙེད་པ་རེད། ཁོང་གིས་དེ་བྷོལ་ཤེ་ཝིག་ (Bolshevik) གི་ལས་ཀྱི་སྣེ་མོ་བ་མཐོ་གྲས་ལ་ངོ་སྤྲོད་བྱེད་འདོད་ཡོད། དེར་བརྟེན་ཁོང་མཽསྐོ་ལ་ལོག་པའི་སྐབས་སུ་དེའི་ཚོགས་མི་འགའ་ཞིག་དང་ལྷན་དུ་དུས་འཁོར་གྱི་སློབ་གཉེར་སྡེ་ཁག་ཅིག་གོ་སྒྲིག་བྱས་པ་རེད། དེའི་ནང་མཉམ་བཞུགས་བྱེད་མཁན་ནང་ནས་དབང་ཤུགས་ཆེ་ཤོས་ནི་གྷེ་ལེབ་ བྷོ་ཀཱི་ (Gleb Bokii) ཟེར་བ་དེ་ཡིན་པ་རེད། ཁོང་ནི་སུའུ་ལེན་དམག་གི་གསང་བའི་ལས་དོན་གྱི་སྡེ་ཚན་དམིགས་བསལ་ནང་ཡོད་པའི་ཇཽརྗི་ཡའི་འགོ་འཁྲིད་ (ཀེ་ ཇི་ བྷིའི་མི་རབས་སྔོན་མ་) (OGPU, forerunner of the KGB) ཡིན་པ་རེད།  བྷོ་ཀཱི་ནི་གསང་བའི་ལས་དོན་གྱི་གསང་ཡིག་བཀྲོལ་མཁན་གཙོ་བོ་དེ་ཡིན་པ་དང་ཁོང་ལ་སྤྱི་རིམ་ལས་འདས་པའི་ཆོས་དང་འབྲེལ་བའི་ཐབས་ཚུལ་མན་ངག་རྣམས་ཀྱི་གོ་དོན་དགྲོལ་རྒྱུར་ལས་ཀ་སྤྲད་ཡོད་པ་རེད། 

རུ་སུའི་མི་གཞན་དག་གིས་ཀྱང་དམར་པོའི་རིང་ལུགས་དང་ནང་ཆོས་གཉིས་ཕན་ཚུན་མཐུན་འགྱུར་བྱེད་ཐུབ་པར་ཚོར་བ་རེད། དཔེར་ན། ནི་ཁོ་ལའི་ རོ་རི་ཆ་ (༡༨༧༤-༡༩༤༧) (Nikolai Roerich) ནི་རུ་སུའི་ལྷ་ལམ་པ་ཞིག་ཡིན་པ་དང་ཁོང་ཤམ་བྷ་ལ་འཚོལ་བའི་ཕྱིར་བོད་དང་། སོག་ཡུལ། དབུས་ཨེ་ཤི་ཡའི་ཨལ་ཏའི་ས་ཁུལ་གྱི་བརྒྱུད་ནས་ཕྱི་ལོ་ ༡༩༢༥ ནས་ ༡༩༢༨ བར་དུ་འགྲུལ་བཞུད་བྱས་པ་རེད། ཁོང་གིས་གཏམ་རྒྱུད་དུ་གྲགས་པའི་དུས་ཀྱི་འཁོར་ལོའི་ཆོས་ཀྱི་ཕ་ཁྱིམ་དེ་གོ་ལ་སྤྱིའི་ཞི་བདེའི་ས་ཆ་ལྟ་བུར་ཡིད་ལ་ཤར་བ་རེད། ཁོང་བྷར་ཆེན་ཀོ་ (Barchenko) དང་མཉམ་དུ་འབྲེལ་བ་ཡོད་པ་དང་ཁོང་གཉིས་ཐུན་མོང་དུ་དུས་འཁོར་ལ་དོ་དབྱིངས་ཡོད་པའི་རྐྱེན་གྱིས་རོ་རི་ཆ་ (Roerich) ཡིས་ཕྱི་ལོ་ ༡༩༢༦ ལོར་འགྲུལ་བཞུད་མཚམས་འཇོག་བྱས་ཏེ་མཽསྐོ་ལ་ཕྱིན་པ་རེད། དེར་ཁོང་གིས་སུའུ་ལེན་གྱི་ཕྱི་འབྲེལ་བློན་པོ་ཆི་ཆེ་རིན་ (Chicherin) བརྒྱུད་ནས་སུའུ་ལེན་གྱི་མི་རྣམས་ལ་ཡི་གེ་ཞིག་བཏང་ཡོད། ཧི་མ་ལལ་ཡའི་རི་རྒྱུད་ནང་བདག་ཉིད་ཆེན་པོའམ་མ་ཧཱཏྨ་རྣམས་ནས་བྷ་ལ་ཝཏྶ་ཀིའི་ (Blavatsky) ཡི་གེ་དྲ ན་གསོ་བའི་སྒོ་ནས་རོ་རི་ཆས་ཡི་གེ་དེ་ནི་ཧི་མ་ལ་ཡའི་བདག་ཉིད་ཆེན་པོ་རྣམས་ནས་བསྐུར་བ་ཞིག་ཡིན་ཞེས་ཀྱང་བརྗོད་ཡོད། ཡི་གེའི་ནང་གནད་དོན་གཞན་དག་གི་ཁྲོད་ནས་མེད་པ་བཟོ་བའི་གསར་བརྗེ་ལ་བསྟོད་བསྔགས་བྱས་ཡོད། དེ་ནི་ “སྒེར་གྱི་མཁར་དབང་གི་སྡུག་བསྔལ་” དང་ “ ཨེ་ཤི་ཡའི་ཆིག་སྒྲིལ་བཟོ་བར་རོགས་བྱས་” པ་རེད། ལེགས་སྐྱེས་མཚོན་བྱེད་དུ་ཁོང་གིས་ “ང་ཚོའི་གཅེན་པོ་བདག་ཉིད་ཆེན་པོ་ལེ་ཉིན་” གྱི་དུར་ས་ལ་གཏོར་རྒྱུའི་ཆེད་དུ་མ་ཧཱཏྨ་ནས་བོད་ཀྱི་ས་སྦར་མོ་གང་བསྐུར་བ་རེད། ཡི་གེ་འདིའི་ནང་ཤམ་བྷ་ལའི་སྐོར་གང་ཡང་གསལ་མེད་ནའང་། དབུས་ཨེ་ཤི་ཡའི་སློབ་དཔོན་རྣམས་ནས་འཛམ་གླིང་ཞི་བདེ་སྐྲུན་ཕྱིར་བྱམས་བརྩེའི་རོགས་རམ་གྱི་ལྷ་ལམ་གྱི་རྟོག་སྒྲུང་མུ་མཐུད་པ་དང་། འདིའི་སྐབས་སུ་ལེ་ཉིན་གྱི་སྟོན་པའི་དགོས་དོན་དང་མཐུན་པ་རེད། 

བྷོ་ཀིའི་ཤུགས་རྐྱེན་ལ་བརྟེན་ནས་ཨོ་ཇི་པི་ཡུ་ (OGPU) རོ་རི་ཆ་དབུས་ཨེ་ཤི་ཡར་ཚུར་ལོག་ནས་ཁོང་གི་འབྲེལ་ལམ་མུ་མཐུད་པའི་ཆེད་སྦྱིན་བདག་བྱེད་འདོད་ཡོད་ཀྱང་། ཁོང་ཚོ་ནི་ཆི་ཆེ་རིན་ (Chicherin) གྱིས་བཀག་འགོག་བྱས་ཡོད། འོན་ཀྱང་། ཨོ་ཇི་པི་ཡུས་ལྷ་སར་རྟོག་ཞིབ་སྐོར་སྐྱོད་གཉིས་ལ་སྦྱིན་བདག་བྱས་ཤིང་། དེ་ནི་ཕྱིས་སུ་ཕྱི་ལོ་ ༡༩༢༦ དང་ ༡༩༢༨ ལོར་ཁལ་མུག་སོག་པོའི་ལས་སྣེ་བ་རྣམས་ཀྱི་གནས་སྐོར་བ་ཡིན་ཁུལ་གྱིས་སྣེ་འཁྲིད་པ་རེད། དེའི་དགོས་དོན་གཙོ་བོ་ནི་གནས་ཚུལ་བསྡུ་རུབ་བྱ་རྒྱུ་དང་། དབུས་ཨེ་ཤི་ཡའི་ནང་རྒྱལ་སྤྱིའི་དམར་པོའི་རིང་ལུགས་མུ་མཐུད་ཁྱབ་སྤེལ་གཏོང་ཐུབ་པ་ཞིག་སྲིད་རུང་ཡིན་པ་དེ་འཚོལ་ཞིབ་བྱ་རྒྱུ། དེ་བཞིན་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ཀྱི་ནུས་སྟོབས་ཀྱི་ཁྱབ་ཚད་རྒྱ་སྐྱེད་གཏོང་རྒྱུ་བཅས་ཡིན་པ་རེད། དེར་བརྟེན་ཁལ་མུག་གི་ལས་སྣེ་བ་ཚོས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ལ་ཁོང་གི་མནའ་འབྲེལ་ཚུར་ལོག་པའི་སྐབས། སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ཀྱིས་བོད་རང་བཙན་ལ་ཁག་ཐེག་བྱེད་དགོས་པ་དང་བོད་དེ་རྒྱ་ནག་ནས་སྲུང་སྐྱོབ་བྱེད་དགོས་ངེས་ཀྱི་གྲོས་འཆར་བཏོན་པ་རེད། 

དུས་སྐབས་དེའི་རིང་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་དང་སོག་ཡུལ་དུ་ཡོད་པའི་ནང་པའི་དབུ་འཁྲིད་ཚོས་ཀྱང་དད་པའི་ལམ་ལུགས་གཉིས་ཀྱི་དབར་འདྲ་མཚུངས་ཡོད་པ་རྣམས་བསྟན་པའི་སྒོ་ནས་ནང་ཆོས་དང་དམར་པོའི་རིང་ལུགས་གཉིས་པོ་ཕན་ཚུན་རན་འཚམས་དང་མཐུན་འགྱུར་བཟོ་ཐབས་བྱས་ཡོད། ཕྱི་ལོ་ ༡༩༢༢ ནས་བཟུང་སྟེ་ལེ་ནིན་གྲེཌ་ (སེཎྚ་པི་ཊརྶ་བྷརྒ་) ནང་པའི་ལྷ་ཁང་དེ་དད་པའི་ལས་འགུལ་བསྐྱར་གསོའི་བསྟི་གནས་སུ་གྱུར་བ་རེད། རྡོ་རྗེས་སྣེ་ཁྲིད་དེ་ལས་འགུལ་དེ་ནི་གྲྭ་པ་ཚོའི་མི་ཚེ་སྐྱེལ་སྟངས་དེ་ནང་ཆོས་སྔ་རབས་དང་བསྟུན་ནས་འཚོ་གནས་མཉམ་སྤྱོད་བྱེད་པའི་སྒོ་ནས་སུའུ་ལེན་གྱི་དངོས་ཡོད་གནས་སྟངས་ལ་ཁས་ལེན་བྱ་ཕྱིར་ནང་ཆོས་སླར་གསོ་དང་ལེགས་བཅོས་ཀྱི་འབད་རྩོལ་ཞིག་ཡིན་པ་རེད། ཕྱི་ལོ་ ༡༩༢༧ ལོའི་སུའུ་ལེན་སྤྱི་མཐུན་སྤྱི་ཚོགས་ (USSR) ཀྱི་ནང་པའི་ལྷན་ཚོགས་ཡོངས་སུ་རྫོགས་པ་སྐབས་དང་པོའི་སྐབས། རྡོ་རྗེས་མུ་མཐུད་ནས་མི་རྣམས་ཀྱི་བདེ་སྡུག་ཐད་ལས་དོན་བསྒྲུབ་པའི་ཚེ། ནང་པ་དང་དམར་པོའི་རིང་ལུགས་ཀྱི་བསམ་བློ་འདྲ་ཆོས་ཡོད་པ་རྣམས་ལ་ནན་བརྗོད་བྱས། དེར་བརྟེན་ཨོ་ཇི་པི་ཡུ་དང་པོ་ལྷ་སར་རྟོག་ཞིབ་སྐོར་སྐྱོད་བྱེད་པ་དེའི་ཁ་སྐོང་ལྟ་བུར་རྡོ་རྗེས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པར་ཡི་གེ་ཞིག་བཏང་ཡོད། དེའི་ནང་སུའུ་ལེན་གྱིས་གྲངས་ཉུང་མི་རིགས་ཀྱི་ཕྱོགས་སུ་འཛིན་པའི་སྲིད་བྱུས་ལ་བསྟོད་ར་བཏང་ཡོད། ད་དུང་སངས་རྒྱས་བཅོམ་ལྡན་འདས་ཀྱང་དོན་ངོ་མར་དམར་པོའི་རིང་ལུགས་ཀྱི་སྲོལ་གཏོད་པ་པོ་ཡིན་པ་དང་ལེ་ཉིན་གྱིས་སངས་རྒྱས་ཀྱི་དགོངས་བཞེད་མཐོ་པོ་བཟུང་ཡོད་པས། ནང་ཆོས་ཀྱི་སྙིང་པོ་དེ་ལེ་ཉིན་ལ་བརྟེན་ནས་གནས་ཡོད་ཅེས་ཀྱང་བརྗོད་ཡོད། རྡོ་རྗེས་༧གོང་ས་མཆོག་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ལ་ཁ་ཕྱོགས་པའི་ཆེད་ཁོའི་ཤུགས་རྐྱེན་དེ་༧གོང་ས་མཆོག་ལ་ནན་སྐུལ་བྱ་ཕྱིར་བཀོལ་སྤྱོད་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད། དེ་ནི་སྔོན་ཁོས་རུ་སུ་དེ་ཤམ་བྷ་ལ་དང་ཛཱར་ནི་ཁོ་ལས྄་དེ་རྗེ་ཙོང་ཁ་པ་དང་འབྲེལ་བ་མཐུད་པ་ལྟ་བུ་རེད། 

གང་ལྟར་ཡང་། རྡོ་རྗེའི་སེམས་འཁུར་གཙོ་བོ་ནི་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་དང་སོག་པོ་མི་མང་སྤྱི་མཐུན་རྒྱལ་ཁབ་ཏུ་ནང་ཆོས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པ་གོར་མ་ཆག་པ་རེད། སོག་ཡུལ་དུ་ཡོད་པའི་ནང་པའི་དབུ་འཁྲིད་དཔེར་ན། དར་བ་པཎྜི་ཏ་ (Darva Bandida) དང་བྷུརྱ་ཏིའི་ཇམ་ས་ར་ནོ་ཝ་ (Jamsaranov) ལྟ་བུས་རྡོ་རྗེའི་འགོ་ཁྲིད་ཀྱི་རྗེས་སུ་འབྲང་བཞིན་ཡོད་པ་དང་ནང་ཆོས་དེ་དམར་པོའི་རིང་ལུགས་དང་འགྲིགས་འཇགས་བཟོ་ཐབས་ཀྱང་བྱེད་ཀྱིན་ཡོད། དེ་ལྟ་བས་ན་ཁོང་གི་ནང་ཆོས་སྲུང་སྐྱོབ་ཀྱི་དམིགས་ཡུལ་དེ་དང་ལྷན་དུ་ཕྱི་ལོ་ ༡༩༢༨ ལོར་རྡོ་རྗེས་ལེ་ནིན་གྲེཌ་ལྷ་ཁང་དུ་སོག་པོ་དང་བོད་ཀྱི་ཆེད་གཉེར་དོན་གཅོད་ཅིག་བསྐྲུན་པ་རེད། ལོ་དེ་གའི་ནང་ཨོ་ཇི་པི་ཡུ་ (OGPU) ཡིས་ལྷ་སར་རྟོག་ཞིབ་སྐོར་སྐྱོད་ཐེངས་གཉིས་པ་དེ་བཏང་ཡོད། 

དམར་ཤོག་གི་ནང་ཆོས་ལ་སྡུག་སྦྱོང་དང་ཉི་ཧོང་ནང་པའི་རོགས་མགོན་དུ་བྱུང་བ།

ཕྱི་ལོ་ ༡༩༢༨ ལོའི་མཇུག་ཙམ་ནས་སི་ཏ་ལིན་གྱིས་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ལ་དབང་སྒྱུར་དེ་སྲ་བརྟན་བཟོས་པ་རེད། ཁོས་དཔལ་འབྱོར་གཞུང་བདག་ཅན་དུ་གྱུར་བ་དང་ཆོས་ལུགས་ཀྱི་རྒྱབ་འགལ་ལས་རིམ་དེ་ཕྱི་ལོ་ ༡༩༢༩ ལོར་འགོ་འཛུགས་བྱས་ཤིང་། དེ་ཁོའི་ནང་པའི་མི་འབོར་གྱི་ཐོག་ལའང་རྒྱ་སྐྱེད་གཏོང་བཞིན་ཡོད། སོག་ཡུལ་གྱིས་མི་རིང་བར་དེའི་རྗེས་སུ་སྙེག་པ་རེད། ཡིན་ནའང་། སི་ཏ་ལིན་གྱི་སྲིད་བྱུས་དེ་ད་དུང་དེ་ལས་རྨོངས་ཞེན་ཆེ་བ་དང་དྲག་ཤུལ་ངང་ནས་ལག་བསྟར་བྱས། གནས་ཚུལ་གང་བྱུང་བ་དེ་དག་ཐམས་ཅད་རྡོ་རྗེས་༧གོང་ས་མཆོག་ལ་ཞུས་ནས་སུའུ་ལེན་ལ་ཡིད་ཆེས་བྱ་རྒྱུ་མེད་ཅེས་ནན་སྐུལ་ཞུས། སོག་ཡུལ་ནང་གྲྭ་པ་མང་པོས་སྡུག་སྦྱོང་ལ་ངོ་རྒོལ་བྱས་པ་དང་དེ་དག་གིས་ཕྱི་ལོ་ ༡༩༣༠ ནས་ ༡༩༣༢ བར་གྱི་ཤམ་བྷ་ལའི་དམག་འཁྲུག་ཅེས་སུ་གྲགས་པ་དེ་རྒྱུད་སྐུལ་བྱས་པ་རེད། ཕྱི་ལོ་ ༡༩༣༢ ལོར་སི་ཏ་ལིན་སུའུ་ལེན་གྱི་དམག་མིའི་ནང་བཏང་ནས་གྱེན་ལངས་ལ་དྲག་གནོན་བྱེད་པ་དང་སོག་པོའི་དམར་པོའི་ཤོག་ཁག་གི་གཡོན་ཕྱོགས་ཀྱི་ཆབ་སྲིད་ལྟ་བ་ངར་ལྡུད་པ་རེད། 

ལོ་དེའི་སྔོན་ནས་ཉི་ཧོང་གིས་དབང་སྒྱུར་བྱས་པའི་མན་ཇུ་དང་ཤར་ནང་སོག་དེ་བཞིན་དེར་རྩ་འཛུགས་བྱས་པའི་སྨན་ཆུ་ཀུའོའི་དམར་པོའི་དབང་འོག་གི་རྒྱལ་ཁབ་དེའང་སི་ཏ་ལིན་གྱི་ཐག་གཅོད་ལ་རྒྱུད་སྐུལ་བྱས་ཡོད། ཉི་ཧོང་གིས་བྷུརྱ་ཏི་དང་ཕྱི་སོག་གི་ནང་པ་ཚོ་དེའི་ཕྱོགས་སུ་ནང་པའི་རྒྱལ་ཁམས་ཀྱི་ཆ་ཤས་ལྟ་བུར་བསྐྱར་གསོ་བྱེད་ཐབས་བྱེད་ངེས་ལ་ཁོང་སེམས་འཁྲལ་བྱུང་ཡོད། དེར་མ་ཟད། སི་ཏ་ལིན་ལ་སོག་ཡུལ་དེ་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་དང་འཕེལ་བཞིན་པའི་ཉི་ཧོང་རྒྱལ་ཁམས་བར་གྱི་བར་གནས་རྒྱལ་ཁབ་ལྟ་བུར་དགོས་ཀྱི་ཡོད། དེར་བརྟེན་དེའི་རྗེས་ཀྱི་ལོ་གཉིས་རིང་སི་ཏ་ལིན་གྱིས་སོག་པོ་ཚོ་ལ་ཁོང་ཚོའི་ནང་པའི་མི་འབོར་ཉི་ཧོང་གི་དམག་སྒར་དུ་མི་སྐྲད་པའི་ཆེད་ཆོས་ལུགས་རྒྱབ་འགལ་གྱི་ལས་གཞི་དེ་ལྷོད་ཡངས་བྱ་དགོས་པའི་བཀའ་མངགས་བཏང་ཡོད། རེ་མོས་གསར་པའི་སྲིད་བྱུས་འོག་ཐ་ན་སོག་པོ་དམར་པོའི་ཤོག་ཁག་གིས་ཀྱང་དགོན་པ་འགའ་ཞིག་སླར་ཡང་སྒོ་འབྱེད་ཆོག་པའི་གནང་བ་སྤྲད་པ་རེད། ནང་ཆོས་ཀྱི་གཞུང་འབྲེལ་ཐོག་བཀའ་འཁྲོལ་འདི་ལས་གོ་མཚོན་ལྟར་འཐོགས་པའི་སྤེལ་གཏམ་སྟེ། ཕྱི་ལོ་ ༡༩༣༣ ནས་ ༡༩༣༤ ལོའི་དགུན་ཁའི་དུས་སུ་ཨོ་ཇི་པི་ཡུས་ (OGPU) བོད་དུ་རྟོག་ཞིབ་སྐོར་སྐྱོད་གཞན་ཞིག་འཆར་གཞི་བཏིངས་བ་རེད། འོན་ཀྱང་། རྟོག་ཞིབ་སྐོར་སྐྱོད་ནམ་ཡང་བྱུང་མེད། གང་ཡིན་ཞེ་ན། སི་ཏ་ལིན་གྱིས་ལམ་སེང་བསམ་བློ་འགྱུར་བ་བཏང་བ་དང་རིམ་པས་ཁོས་ནང་ཆོས་ཐད་ལ་བསམ་བློའི་ཁྱེར་སོ་ཚབས་ཆེ་བ་ཞིག་བཟུང་བ་རེད། 

ཕྱི་ལོ་ ༡༩༣༣ ལོར་ཉི་ཧོང་གིས་ལྷོ་ཕྱོགས་ཀྱི་ཇེ་ཧོལ་ (ཁྲེང་ཏེ་) དབང་སྒྱུར་དང་བཅས་སྨན་ཆུ་ཀུའོ་རྒྱ་སྐྱེད་བཏང་། ཇེ་ཧོལ་ནི་མན་ཇུའི་དབྱར་ཁའི་རྒྱལ་ས་ཡིན་པ་དང་ཆིང་རྒྱལ་རྒྱུད་ཀྱི་དབང་སྒྱུར་འོག་ཏུ་དེ་བོད་དང་སོག་པོའི་ནང་ཆོས་ཀྱི་བསྟི་གནས་སྐྲུན་ཐབས་བྱས་ཡོད། ལོ་དེའི་མཇུག་ཏུ་སི་ཏ་ལིན་གྱིས་མང་ཚོགས་ཀྱི་མཛད་སྒོའི་ཆེད་སེཎྚ་པི་ཊརྶ་བྷརྒ་ལྷ་ཁང་སྒོ་བརྒྱབས་པ་རེད། ཡིན་ནའང་། ཕྱི་ལོ་ ༡༩༣༤ ལོར་སི་ཏ་ལིན་གྱི་དམག་སྤྱི་གཞོན་པ་ཀཱི་རོཝ་ (Kirov) ལྐོག་གསོད་བྱེད་པའི་སྐབས། ཁོས་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་དང་སོག་ཡུལ་གཉིས་ཀའི་ནང་ཧུར་བརྩོན་ཐོག་སྡུག་སྦྱོང་འགོ་འཛུགས་བྱས། འདིས་ཕྱིར་འབུད་ཆེན་མོ་ཟེར་བ་དེ་འགོ་ཚུགས་པ་སྟོན་གྱི་ཡོད། 

ཉི་ཧོང་གི་སྨན་ཆུ་ཀུའོ་དང་ཕྱི་སོག་དབར་ཕྱི་ལོ་ ༡༩༣༥ ལོར་ས་མཚམས་ཀྱི་དམག་འཐབ་ཆུང་ཙག་རིགས་གློ་བུར་དུ་བྱུང་བའི་སྐབས། སི་ཏ་ལིན་གྱིས་ལེ་ནིན་གྲེཌ་ལ་ནང་པའི་གྲྭ་པ་རྣམས་འཛིན་བཟུང་ཐོག་མ་དེ་བྱས། ཕྱི་ལོ་ ༡༩༣༧ ལོར་ཉི་ཧོང་གིས་ནང་སོག་ལྷག་མ་དང་བྱང་རྒྱ་ནག་བདག་བཟུང་བྱས། སོག་པོའི་ལར་ཞེན་ཐོབ་པའི་ཆེད་ཉི་ཧོང་གིས་སྲོལ་རྒྱུན་སོག་པོའི་ཆབ་སྲིད་དང་ཆོས་ལུགས་ཀྱི་དབུ་འཛིན་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པ་བསྐྱར་དུ་མངའ་གསོལ་བྱ་རྒྱུ་དང་ནང་སོག་དང་ཕྱི་སོག་དེ་བཞིན་བྷུརྱ་ཏི་ཚུད་པའི་རྒྱལ་ཡོངས་སོག་པོའི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱ་རྒྱུའི་གྲོས་འཆར་བཏོན་པ་རེད། སོག་པོ་ཁོང་ཚོའི་ཕྱོགས་སུ་ཡོང་བར་འབད་པའི་སྐབས་སུ་ཁོང་ཚོས་ཐ་ན་ཉི་ཧོང་དེ་ཤམ་བྷ་ལ་ཡིན་ཚུལ་ཡང་བརྗོད་ཡོད། དམར་ཤོག་གི་བཙན་གནོན་ལ་བརྟེན་ནས་སོག་ཡུལ་དང་བྷུརྱ་ཏིའི་ནང་ཡོད་པའི་གྲྭ་པ་མང་པོས་ཉི་ཧོང་གི་དཀྲོག་གཏམ་དེ་ཁྱབ་སྤེལ་བཏང་བ་རེད། 

སུའུ་ལེན་དམར་པོའི་ཤོག་ཁག་གི་གསར་ཤོག་ཨིཛ་ཝེས྄་ཏི་ཡ་ (Izvestiya) ཟེར་བ་དེས་རྡོ་རྗེའི་ཐོག་ལ་ཐབས་བྱུས་དེ་སྙད་བཏགས་ཏེ་ཁོང་ཉི་ཧོང་གི་སོ་པ་ཞིག་ཡིན་པའི་ཉེས་འཛུགས་བྱས་པ་རེད། སི་ཏ་ལིན་གྱིས་ཕྱིས་སུ་ཕྱི་ལོ་ ༡༩༣༧ ལོར་རྡོ་རྗེ་འཛིན་བཟུང་བྱས་ཤིང་། ལེ་ནིན་གྲེཌ་ལྷ་ཁང་དུ་ཡོད་པའི་གྲྭ་པ་ལྷག་མ་ཚང་མར་མེ་མདས་བསད་པ་དང་བོད་སོག་གི་ཆེད་གཉེར་དོན་གཅོད་དེ་སྒོ་བརྒྱབས་པ་རེད། རྡོ་རྗེ་ཕྱི་ལོ་ ༡༩༣༨ འགོ་སྟོད་ལ་གྲོངས། 

རྒྱ་མིས་བོད་དབང་སྒྱུར་ལ་འབད་རྩོལ་དང་ཨིན་ཇིས་སྲུང་སྐྱོབ་བྱ་རྒྱུའི་ནུས་པ་མེད་པ།

རྡོ་རྗེས་གནས་ཚུལ་མུ་མཐུད་ནས་སྙན་སེང་ཞུས་པར་བརྟེན་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་དང་སོག་ཡུལ་ནང་དམར་ཤོག་གིས་ནང་ཆོས་ལ་བཙན་གནོན་བྱེད་པའི་དུས་སྐབས་དེའི་རིང་བོད་མི་ཚོས་དྭོགས་ཟོན་ཆེན་པོས་ལྟ་ཞིབ་བྱས་ཡོད། བོད་མི་ཚོ་ད་དུང་རྒྱ་ནག་གིས་ཁོང་ཚོའི་ས་ཆར་བཟོ་བཀོད་བྱེད་པའི་ཐད་ལ་སེམས་འཁྲལ་ཡོད་པ་རེད། ཁྲིའང་ཀའི་ཤེག་ (Chiang Kai-shek) གི་རྒྱ་ནག་རྒྱལ་གཅེས་རིང་ལུགས་ཀྱི་སྲིད་གཞུང་དེ་ཕྱི་ལོ་ ༡༩༢༨ སྨད་ལ་སྒོ་འབྱེད་བྱེད་པའི་སྐབས། དེས་བོད་དང་སོག་ཡུལ་ནི་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་མུ་མཐུད་ནས་བརྗོད་ཡོད། དེའི་ལས་དོན་དང་པོའི་ནང་གི་གཅིག་ནི་སོག་པོ་དང་བོད་ཀྱི་བྱ་བཞག་ཐད་ལྷན་ཚོགས་རྩ་འཛུགས་བྱ་རྒྱུ་དེ་ཡིན་པ་རེད། དེས་པཎ་ཆེན་སྐུ་ཕྲེང་དགུ་པའི་གོ་གནས་དང་འབྲེལ་བའི་བོད་གཞུང་དང་རྩོད་རྙོག་ཡོད་པ་དེ་ལའང་རྒྱབ་སྐྱོར་བྱས་ཡོད། པཎ་ཆེན་རིན་པོ་ཆེ་ནི་ཕྱི་ལོ་ ༡༩༢༤ ནས་བཟུང་སྟེ་རྒྱ་ནག་ཏུ་བཞུགས་ཡོད། ཁོང་ལ་ལྷ་ས་ནས་ལྟོས་ཕྱོགས་ཀྱི་རང་སྐྱོང་ཞིག་དགོས་པ་དང་ཁྲལ་ལ་ཆག་ཡང་། ཁོང་རང་ཉིད་ལ་དམག་དཔུང་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་ཁོང་ལ་མཁོ་སྤྱོད་བྱས་པའི་དམག་མི་ལ་བརྟེན་ནས་བོད་དུ་རང་འཇགས་སྐྱེལ་བའི་ཆོག་མཆན་དགོས་པ་བཅས་ཨུ་ཚུགས་བྱེད་བཞིན་ཡོད། ༧གོང་ས་མཆོག་གིས་ཁོང་གི་དགོས་འདུན་རྣམས་ངོས་བཞེས་མ་གནང་བ་རེད། 

ཕྱི་ལོ་ ༡༩༣༠ དང་ ༡༩༣༢ བར་ལ་རྒྱ་བོད་གཉིས་བོད་ཤར་ཕྱོགས་ཁམས་ཀྱི་ཆ་ཤས་རྣམས་སྟངས་འཛིན་གྱི་ཐད་ལ་འཐབ་འཛིངས་བྱས། ༧གོང་ས་ཏཱ་ལའི་བླ་མས་ཨིན་ཇི་ལ་དམག་མཚམས་འཇོག་ཆེད་རྒྱ་ནག་ལ་སྙན་ཞུ་འབུལ་རོགས་ཞེས་ཞུས་པས། ཨིན་ཇིས་ཁྲིའང་ཀའི་ཤེག་ (Chiang Kai-shek) ལ་འབྲས་བུ་མེད་པའི་གྲོས་འཆར་བྱས་པ་རེད། ཉི་ཧོང་གིས་མན་ཇུ་དང་ཤར་ནང་སོག་དབང་སྒྱུར་བྱས་ཏེ་སྨན་ཆུ་ཀུའོ་རྩ་འཛུགས་བྱས་པ་དང་གཞི་ནས་རྒྱ་ནག་གིས་ཁམས་ཕྱོགས་སུ་འཕྲལ་སེལ་དམག་འཁྲུག་མཚམས་འཇོག་དྲིལ་བསྒྲགས་བྱས་ཤིང་། དེ་ནི་དེའི་དོ་སྣང་དེ་བྱང་ཤར་དམག་སར་ཁ་སྒྱུར་ཆེད་ཡིན་པ་རེད། ཕྱི་ལོ་ ༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་ལ་མ་ལྟོས་པར། སླར་ཡང་ཨིན་ཇི་ནི་བོད་སྲུང་སྐྱོབ་བྱེད་ཐུབ་མཁན་ཞིག་མིན་པར་ཁུངས་སྐྱེལ་བྱས་ཡོད། 

༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ཕྱི་ལོ་ ༡༩༣༣ ལོའི་ཟླ་ ༡༢ པའི་ནང་སྐུ་མྱ་ངན་ལས་འདས་པ་དང་རྭ་སྒྲེང་རིན་པོ་ཆེ་སྡེ་སྲིད་ཆགས་པ་རེད། རྒྱ་མིས་བོད་དེ་ད་གཟོད་རྒྱ་ནག་མི་སེར་གྱི་ཆ་ཤས་སུ་མཉམ་བཞུགས་བྱེད་འདོད་ཡོད་མེད་ལྟ་ཕྱིར་སྐུ་ཚབ་དོན་གཅོད་དང་མཉམ་དུ་འབུལ་བ་ཕངས་མེད་བཏང་བ་རེད། བོད་གཞུང་ནས་དེ་ལ་ངོས་ལེན་མ་བྱས་པར་བོད་རང་བཙན་ཡིན་པའི་བདེན་པ་དག་སྐྱེལ་བྱས། བོད་ཀྱི་བློན་པོ་ཞིག་གིས་རྒྱ་མིར་སྟངས་འཛིན་བྱེད་པར་ཉི་ཧོང་གི་དམག་མིའི་རོགས་སྐྱོར་འཚོལ་དགོས་སྐོར་ལམ་སྟོན་བྱས་ཀྱང་། རྒྱལ་ཡོངས་སྤྱི་འཐུས་ལྷན་ཚོགས་ཀྱིས་གནས་སྐབས་རིང་བསམ་ཚུལ་དེ་ལ་སྣང་མེད་བཏང་བ་རེད། 

སྡེ་སྲིད་རྭ་སྒྲེང་རིན་པོ་ཆེ་པཎ་ཆེན་རིན་པོ་ཆེའི་དགོས་འདུན་འགའ་ཞིག་ལ་འགྲིགས་འཇགས་གནང་འདུན་ཡོད་ནའང་། རྒྱ་མིའི་སྐྱེལ་མ་བྱ་ཆོག་པ་ལ་ངོས་ལེན་གནང་མེད། གང་ལྟར་ཡང་། རྒྱ་མིའི་དམག་དཔུང་བསླེབས་པའི་དབང་དུ་བཏང་ནས་ཨིན་ཇི་ལ་དམག་མིའི་རོགས་སྐྱོར་ཞུས་པའི་སྐབས། ཨིན་ཇིས་ངོས་ལེན་མ་བྱས་པ་རེད། ཁོང་ཚོས་རྒྱ་མི་ལ་དམག་མི་ཕྱིར་འཐེན་བྱེད་དགོས་ཞེས་འབོད་སྐུལ་ཞུ་རྒྱུ་ཁོ་ན་ཙམ་རེད་དེ་ཁྲིའང་ཀའི་ཤེག་གིས་དེ་ལ་ངོས་ལེན་མ་བྱས་པ་རེད། 

ཕྱི་ལོ་ ༡༩༣༦ ལོའི་འགོ་སྟོད་ལ་པཎ་ཆེན་རིན་པོ་ཆེ་ཁོང་གི་རྒྱའི་དམག་མིའི་སྐྱེལ་མ་ལ་བརྟེན་ནས་བོད་དུ་ཐོན། རྒྱལ་གཅེས་རིང་ལུགས་ཀྱི་དམག་དཔུང་དང་རྒྱ་ནག་དམར་ཤོག་གི་ངོ་ལོག་བར་ལ་རུ་སྒྲིག་རྐང་འགྲོས་རིང་མོའི་དུས་སྐབས་སུ་འཐབ་འཛིངས་བྱེད་བཞིན་པ་དེས་ཁོང་ཁམས་ཕྱོགས་ནས་ཆིབས་སྒྱུར་གནང་བ་དེ་ལ་འགོག་རྐྱེན་བྱས་ཡོད། འབྱུང་འགྱུར་གྱི་ཟླ་བའི་ནང་བོད་དང་། རྒྱ་ནག ཨིན་ཇིའི་གཞུང་གི་བར་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་ལ་གྲོས་མོལ་རྙོག་འཛིངས་ཅན་ཞིག་བྱུང་བ་རེད། མཐར་རྭ་སྒྲེང་གིས་རྒྱ་མིའི་སྐྱེལ་མ་གཏོང་རྒྱུར་མོས་མཐུན་བྱས་པ་དང་ཨིན་ཇིས་རྒྱ་མིའི་དམག་དཔུང་འབྱོར་མ་ཐག་ཏུ་རྒྱ་གར་བརྒྱུད་ནས་ཐོན་འགྲོ་ངེས་ཡིན་པའི་ཁག་ཐེག་བྱས། རྒྱ་ནག་གིས་ཕྱི་རྒྱལ་གྱིས་ཁག་ཐེག་བྱེད་པའི་བསམ་བློར་དགག་པ་ཤུགས་ཆེན་བྱས་པ་དང་ཨིན་ཇིས་ཐེ་ཚོམ་སྐྱེས་པ་རེད། ཁྲུན་ཐག་མ་ཆོད་པ་ཞིག་རྗེས་སུ་བྱུང་ཡོད། 

ཕྱི་ལོ་ ༡༩༣༧ ལོར་ཉི་ཧོང་གིས་ནང་སོག་དང་བྱང་རྒྱ་ནག་ལྷག་མ་རྣམས་བདག་བཟུང་བྱས། ཉི་ཧོང་དང་མཉམ་དུ་ད་གཟོད་དམག་ལ་ཡོངས་སུ་ཞུགས་ནས་རྒྱ་ནག་གིས་པཎ་ཆེན་རིན་པོ་ཆེ་རྒྱ་ནག་གིས་བཟུང་བའི་ས་ཁུལ་དུ་སྒུག་དགོས་ཞེས་བསམ་ཚུལ་བཤད་པ་ལྟར། ཁོང་གིས་དེ་ལྟར་བྱས། ལོ་དེའི་མཇུག་ཏུ་པཎ་ཆེན་རིན་པོ་ཆེ་སྙུང་གཞིའི་རྐྱེན་གྱིས་སྐུ་མྱ་ངན་ལས་འདས་པ་སོང་ཙང་། བྱུང་རྐྱེན་དེ་མཇུག་རྫོགས་པ་རེད། ཡིན་ནའང་། བོད་གཞུང་ལ་ཡོད་པའི་དེའི་མུ་མཐུད་པའི་ཤུལ་ནོར་དེ་ནི་རྒྱ་མིའི་སེམས་གཏིང་ནས་ཡིད་ཆེས་མེད་པ་དང་ཨིན་ཇི་ནི་མཐའ་གཅིག་ཏུ་ཡིད་རྟོན་མི་རུང་བའི་རྒྱབ་རྟེན་གྱི་འབྱུང་ཁུངས་ཤིག་ཡིན་པའི་ཡིད་ཆེས་བརྟན་པོ་དེ་རེད། 

ཉི་ཧོང་ལ་བོད་མིའི་དོ་དབྱིངས་བསྐྱར་གསོ་བྱས་པ་དང་ནཱ་ཛི་འཇར་མི་ནི་དང་འབྲེལ་ལམ། 

ཕྱི་ལོ་ ༡༩༣༣ ལོར་ཧིཊ་ལར་འཇར་མི་ནིའི་གཙོ་འཛིན་རིགས་བདག་ཆགས་པ་དང་ལོ་དེ་གའི་ནང་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་པ་རེད། སྨན་ཆུ་ཀུའོ་དང་ཕྱི་སོག་བར་གྱི་ས་མཚམས་དམག་འཐབ་ཆུང་ཙག་རིགས་དང་ཕྱིས་སུ་སུའུ་ལེན་གྱི་སྡེ་ཁག་གནས་སྡོད་བྱེད་པ་བཅས་ལ་བརྟེན་ནས་ཉི་ཧོང་གིས་ཕྱི་ལོ་ ༡༩༣༦ ལོའི་ཟླ་ ༡༡ པའི་ནང་འཇར་མི་ནི་དང་མཉམ་དུ་རྒྱལ་སྤྱིའི་དམར་ཤོག་མཐུན་གྲོས་ཀྱི་རྒྱབ་འགལ་ལ་ཆིངས་ཡིག་བཞག་པ་རེད། མཐུན་གྲོས་ཀྱིས་རྒྱལ་སྤྱིའི་དམར་པོའི་རིང་ལུགས་དར་ཁྱབ་ཀྱི་ཐད་ལ་ཕན་ཚུན་གཉིས་མོས་ཀྱི་སྡང་བའི་ངང་ཚུལ་ཡོད་པའི་ཁྱབ་བསྒྲགས་བྱས། ཁོང་ཚོས་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་གཉིས་ཀའི་ངོས་ནས་ཆབ་སྲིད་ཀྱི་ཆིངས་ཡིག་མི་འཇོག་པ་དང་། གལ་ཏེ་སུའུ་ལེན་གྱིས་དེ་གཉིས་གང་རུང་ལ་འཐབ་རྒོལ་བྱས་ན། ཁོང་ཚོས་སོ་སོའི་ཁེ་ཕན་སྲུང་སྐྱོབ་ཆེད་ཐབས་ལམ་གང་ཞིག་ལག་བསྟར་བྱེད་དགོས་པའི་ཐད་ཕན་ཚུན་གོ་སྡུར་བྱ་རྒྱུའི་མོས་མཐུན་བྱས་པ་རེད། 

ཕྱི་ལོ་ ༡༩༣༧ ལོར་ཉི་ཧོང་གིས་ནང་སོག་གི་ནུབ་ཕྱེད་ཀ་ཙམ་དང་བྱང་རྒྱ་ནག་ལ་དབང་སྒྱུར་བྱས། ལོ་དེའི་ནང་འཇར་མི་ནིས་ཨོས྄་ཊྲེ་ཡ་ (Austria) དང་ཅེག་ཁོས྄་ལོ་ཝ་ཀི་ཡའི་ (Czechoslovakia) ཆ་ཙམ་དབང་སྒྱུར་བྱས། ཁོང་ཚོའི་ཚད་མཐོའི་གནས་སྐབས་ཀྱི་སི་ཏ་ལིན་གྱི་ཕྱིར་འབུད་ལ་བརྟེན་ནས་དབང་སྒྱུར་གྱི་འགོ་འཛུགས་ལྟ་བུར་བོད་ནང་དམག་མི་ཡོད་པའི་རྒྱ་མིའི་ཀུན་སློང་དང་ཨིན་ཇིར་འདང་ངེས་ཀྱི་རོགས་སྐྱོར་བྱ་རྒྱུའི་བློ་སྤོབས་མེད་སྟབས། བོད་ཀྱིས་སླར་ཡང་དམག་གི་རོགས་སྐྱོར་དང་སྲུང་སྐྱོབ་ཆེད་ཐབས་གཞན་ཞིག་བཙལ་བ་རེད། དེའི་གདམ་ཀ་རྒྱུ་མཚན་དང་ལྡན་ཆེ་ཤོས་ནི་ཉི་ཧོང་ཡིན་པ་རེད། དེར་བརྟེན་ཕྱི་ལོ་ ༡༩༣༨ ལོར་རྭ་སྒྲེང་ཁོ་ནས་སྟངས་འཛིན་བྱེད་པའི་བོད་གཞུང་གིས་འབྲེལ་ལམ་སླར་མུ་མཐུད་པ་རེད། 

ཉི་ཧོང་ནང་པའི་རྒྱལ་ཁབ་ཅིག་ཡིན་པ་དང་དེ་འཛམ་གླིང་ནང་སྟོབས་ཤུགས་ཅན་དང་ནང་ཆོས་ཀྱི་རོགས་མགོན་གསར་པ་ཞིག་ཡིན་པའི་ཆ་ནས་དང་། དམིགས་བསལ་ནང་སོག་ནང་དེ་ལྟར་ཡིན་པ་སོང་ཙང་། བོད་མི་མང་པོ་ཞིག་གིས་ཉི་ཧོང་ལ་ཡི་རང་བྱས་ཡོད། དེར་མ་ཟད། དེའི་སྔོན་གྱི་ལོ་ཉི་ཤུའི་གོང་ལ་ཉི་ཧོང་པ་ཚོས་བོད་ཀྱི་དམག་མིར་སྦྱོང་བརྡར་ཆེད་རོགས་རམ་བྱས་ཡོད་པ་དང་བོད་ཀྱི་དམག་མིའི་ལག་དེབ་ཁག་ཀྱང་ཉི་ཧོང་སྐད་ནས་ཚུར་བོད་སྐད་དུ་བསྒྱུར་ཡོད། ཉི་ཧོང་ལ་མཚོན་ནའང་བོད་ལ་དམག་ཇུས་ལ་མཁོ་བའི་དོ་དབྱིངས་ཤིག་ཡོད་པ་རེད། དེ་ཤར་ཨེ་ཤི་ཡའི་རྒྱུ་ནོར་མཉམ་སྤྱོད་ཀྱི་ཁྱབ་ཚད་རྒྱ་ཆེ་བ་དེ་རྒྱ་སྐྱེད་བཏང་བ་དང་དེས་བོད་ནི་ཨིན་ཇིའི་རྒྱ་གར་གྱི་ཁ་གཏད་དུ་ཕན་ཐོགས་ཅན་དང་དགོས་གནད་ཅན་གྱི་བར་གནས་རྒྱལ་ཁབ་ཅིག་ཏུ་མཐོང་ཡོད། འདི་ནི་བོད་དེ་རྒྱ་ནག་ལས་ལོགས་སུ་རང་བཙན་གཙང་མར་གནས་འདུན་ཡོད་པ་དེ་ལ་ཏག་ཏག་རན་འཚམས་ཆགས་ཡོད། 

བོད་དུ་ནཱ་ཛིའི་རྟོག་ཞིབ་སྐོར་སྐྱོད།

ཉི་ཧོང་དང་འཇར་མི་ནིའི་རྒྱལ་སྤྱིའི་དམར་ཤོག་གི་མཐུན་གྲོས་རྒྱབ་འགལ་གྱིས་རྐྱེན་པས་བོད་ཀྱིས་ཀྱང་འཇར་མི་ནིའི་གཞུང་དང་མཉམ་དུ་གཞུང་འབྲེལ་གྱི་འབྲེལ་བ་བཟོ་རྒྱུར་བསམ་བློ་འཁོར་བ་རེད། ཐག་གཅོད་དེ་ནི་ནཱ་ཛིའི་བསམ་བློའི་ཁྱེར་སོའམ་ཡང་ན་སྲིད་བྱུས་ལ་རྒྱབ་སྐྱོར་དང་འབྲེལ་བ་གང་ཡང་མེད་ཀྱང་། ལག་ལེན་དངོས་ཀྱི་མཁོ་གནད་དང་དུས་ཀྱི་འགྱུར་ལྡོག་རྐྱེན་གྱིས་ཐག་གཅོད་དེ་བྱུང་བ་རེད། འོན་ཀྱང་། རྙིང་ཞེན་ཅན་གྱི་བོད་གཞུང་གིས་གཟབ་ནན་དང་སྤྱང་གྲུང་ལྡན་པའི་ཐོག་མདུན་སྐྱོད་བྱས་པ་རེད། དེས་ནཱ་ཛའི་གཞུང་ནས་བོད་དུ་ལོ་གསར་དགའ་སྟོན་ལ་བཅར་ཆེད་མྱུལ་ཞིབ་ཀྱི་སྐུ་ཚབ་དོན་གཅོད་ཅིག་གདན་ཞུ་བྱས་པས། དེ་ལྟར་ཕྱི་ལོ་ ༡༩༣༨ དང་ ༡༩༣༩ ལོར་ཨར་ནྶཊ་ ས྄་ཤ་ཧྥར་ (Ernst Schäffer) གྱི་བོད་དུ་རྟོག་ཞིབ་སྐོར་སྐྱོད་ཐེངས་གསུམ་པ་དེ་བྱས་པ་རེད། ཨིན་ཇིས་དགག་པ་རྒྱག་ནའང་། བོད་པ་ཚོས་ངོ་རྒོལ་ལ་སྣང་མེད་བཏང་བ་རེད། 

ཤ་ཧྥར་ནི་རྔོན་པ་ཞིག་དང་སྐྱེ་དངོས་ཚན་རིག་པ་ཞིག་ཡིན་པ་རེད། ཁོང་གི་དེ་སྔོན་གྱི་བོད་དུ་རྟོག་ཞིབ་སྐོར་སྐྱོད་ཐེངས་གཉིས་བྱས་པ་ནི་ཕྱི་ལོ་ ༡༩༣༡ ནས་ ༡༩༣༢ བར་དང་། ཕྱི་ལོ་ ༡༩༣༤ ནས་ ༡༩༣༦ བར་ཡིན་པ་དང་། དེ་དག་ནི་རྩེད་རིགས་དང་སྲོག་ཆགས་རིག་པའི་ཉམས་ཞིབ་ཆེད་དུ་ཕྱིན་པ་རེད་འདུག ཡིན་ནའང་རྟོག་ཞིབ་སྐོར་སྐྱོད་ཐེངས་གསུམ་པ་འདི་ནི་ཨཱ་ནན་ཨེ་ཡར་བྷ་ (Ahnenerbe) སྟེ། མེས་པོའི་གཅེས་ནོར་སློབ་གཉེར་གཞུང་ལས་ཁང་ནས་བཏང་ཡོད། འཇར་མི་ནིས་བོད་དུ་དམག་གི་རོགས་སྐྱོར་དང་སྲུང་སྐྱོབ་སྤྲོད་འདོད་མེད་པ་རེད། འདི་ནི་སྐུ་ཚབ་དོན་གཅོད་ཀྱི་འཐུས་མིའི་གདམ་ཀའི་ཐོག་ནས་གསལ་པོ་རེད། ཤ་ཧྥར་མ་ཚད་ད་དུང་རུ་ཁག་དེས་མི་རིགས་རིག་པ་སྨྲ་བ་གཅིག་དང་། ས་བབས་དངོས་ཁམས་རིག་པ་སྨྲ་བ་གཅིག གློག་བརྙན་བཟོ་མཁན་གཅིག འཕྲུལ་རིག་འགོ་ཁྲིད་གཅིག་བཅས་ཀྱང་ཁོངས་སུ་བཅུག་པ་རེད། དེའི་དམིགས་ཡུལ་གཙོ་བོ་ནི་བོད་པ་ཚོ་ཨཱརྱན་གྱི་མི་རྒྱུད་ཡིན་པར་སྒྲུབ་པའི་ཕྱིར། བོད་པ་ཚོའི་ཐོད་པའམ་ཀླད་རུས་ཚད་འཇལ་རྒྱུ་དང་དེ་ལ་བརྟེན་ནས་འཇར་མི་ནི་དང་ཉི་ཧོང་དབར་གྱི་བར་མིའི་རིགས་རྒྱུད་ཅིག་ཏུ་ཁས་ལེན་རུང་བ་བཟོ་རྒྱུ་ཡིན་པ་ལྟར་དུ་སྣང་།  

ནཱ་ཛིའི་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་འབྱུང་ཁུངས་ལྟར་ན། རྟོག་ཞིབ་སྐོར་སྐྱོད་དེས་ད་དུང་གསང་བའི་སེམས་ཁམས་ཀྱི་ནུས་མཐུའི་སྲུང་མ་ཡིན་པའི་ཤམ་བྷ་ལའི་སློབ་དཔོན་རྣམས་ལས་ནཱ་ཛིའི་རྩ་དོན་ལ་རྒྱབ་སྐྱོར་འཚོལ་བཞིན་ཡོད། ཤམ་བྷ་ལས་རོགས་སྐྱོར་ངོས་ལེན་མ་བྱས་ཀྱང་། ཨ་གྷརྟིའི་ས་འོག་གི་རྒྱལ་གཞིས་ཀྱི་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་སློབ་དཔོན་རྣམས་ཀྱིས་མོས་མཐུན་བྱས་ཏེ་བོད་མི་སྟོང་ཕྲག་མང་པོ་འཇར་མི་ནིར་ཕྱིན་པ་རེད། འོན་ཀྱང་། དེ་ལྟར་ཡིན་ཚུལ་བརྗོད་པ་དེ་བདེན་པ་ཞིག་ཏུ་སྣང་གི་མི་འདུག འཇར་མི་ནིས་མུ་མཐུད་ཉམས་ཞིབ་ཆེད་དུ་ཁོང་ཚོ་དང་མཉམ་དུ་ཀླད་རུས་མང་པོ་ཞིག་ཁྱེར་ཡོད་ནའང་། ཁོང་ཚོའི་སྙན་ཐོ་གང་གིས་ཀྱང་བོད་མིས་ཁོང་ཚོ་དང་མཉམ་འགྲོགས་ཀྱིས་འཇར་མི་ནིར་ཕྱིན་པ་སྟོན་གྱི་མེད། དེར་མ་ཟད། དེའི་རྗེས་སུ་འཇར་མི་ནིའི་རྟོག་ཞིབ་སྐོར་སྐྱོད་མུ་མཐུད་བྱུང་མེད། 

ཤ་ཧྥར་ (Schäffer) གྱི་རྟོག་ཞིབ་སྐོར་སྐྱོད་རྗེས་ཐོགས་ཀྱི་ཡར་རྒྱས།

ཤ་ཧྥར་གྱི་རྟོག་ཞིབ་སྐོར་སྐྱོད་རྗེས་ཀྱི་ཟླ་བ་འགའ་ཞིག་གི་ནང་ཆབ་སྲིད་དང་དམག་དོན་གྱི་ཡུལ་བཀོད་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་པ་རེད། ཕྱི་ལོ་ ༡༩༣༩ ལོའི་ཟླ་ ༠༥ པའི་ནང་ཉི་ཧོང་གིས་ཕྱི་སོག་བཙན་འཛུལ་བྱས་ཤིང་། དེར་སུའུ་ལེན་གྱི་དམག་མི་ནས་འགོག་རྒོལ་དྲག་པོ་བྱུང་ཡོད། སོག་ཡུལ་དུ་དམག་འཁྲུག་འབྱུང་བཞིན་པའི་སྐབས་ཀྱི་ཕྱི་ལོ་ ༡༩༣༩ ལོའི་ཟླ་ ༠༨ པའི་ནང་ཧིཊ་ལར་གྱིས་ཡུ་རོབ་ཀྱི་དམག་ས་གཉིས་སུ་དམག་འཁྲུག་མི་ཡོང་བའི་ཆེད་ཉི་ཧོང་དང་མཉམ་དུ་རྒྱལ་སྤྱིའི་དམར་ཤོག་གི་མཐུན་གྲོས་རྒྱབ་འགལ་དེ་གཏོར་ནས་ནཱ་ཛིའི་སུའུ་ལེན་གྱི་མཐུན་གྲོས་ལ་ཆིངས་ཡིག་བཞག་པ་རེད། ཟླ་བ་རྗེས་མའི་ནང་ཁོས་པཽ་ལེཎྜ་ (Poland) བཙན་འཛུལ་བྱས་ཤིང་། དེ་ནི་སོག་ཡུལ་དུ་ཉི་ཧོང་ཕམ་ཉེས་བཏང་བའི་དུས་ཚོད་དང་ཕལ་ཆེར་འདྲ་པོ་རེད། བྱུང་རྐྱེན་དེས་བོད་མི་ཚོ་ལ་ཉི་ཧོང་དང་འཇར་མི་ནི་གང་ཡང་སུའུ་ལེན་གྱི་ཁ་གཏད་དུ་ཡིད་རྟོན་རུང་བའི་སྲུང་སྐྱོབ་ཀྱི་འབྱུང་ཁུངས་ཤིག་མིན་པར་ར་སྤྲོད་བྱས་ཡོད། གཞན་ཡང་། ཉི་ཧོང་གིས་རྒྱ་ནག་གི་ས་ཁུལ་ལྷག་མ་རྣམས་དབང་སྒྱུར་བྱེད་པར་ཏོག་ཙམ་མདུན་སྐྱོད་བྱེད་བཞིན་ཡོད་པའི་རྒྱུ་མཚན་གྱིས་དེའི་དོ་སྣང་དེ་རྒྱ་གར་དང་རྒྱ་ནག་དེ་བཞིན་ཞི་བདེའི་རྒྱ་མཚོའི་ས་ཁུལ་ལ་ཁ་བསྒྱུར་བ་རེད། ཉི་ཧོང་དེ་ནས་བཟུང་སྟེ་རྒྱ་མིའི་ཁ་གཏད་དུ་སྲུང་སྐྱོབ་བྱེད་མཁན་དུ་བྱུང་མེད། དེར་བརྟེན་བོད་ནི་ཨིན་ཇི་དང་སིམ་ལའི་ཆིངས་ཡིག་གིས་བློས་གཏོང་བྱས་པའི་སྲུང་སྐྱོབ་སྐྱོ་པོ་ལ་མ་བརྟེན་ཀ་མེད་ཐུག་པ་རེད། 

ཕྱི་ལོ་ ༡༩༤༠ ལོའི་ཟླ་ ༠༩ པའི་ནང་འཇར་མི་ནི་དང་། ཉི་ཧོང་། ཨིཊ་ལི་བཅས་ཀྱིས་དམག་དོན་དང་དཔལ་འབྱོར་གྱི་མནའ་འབྲེལ་ཆིངས་ཡིག་བཞག་པ་རེད། ཕྱི་ལོ་ ༡༩༤༡ ལོའི་ཟླ་ ༠༦ པའི་ནང་ཧིཊ་ལར་གྱིས་སི་ཏ་ལིན་དང་མཉམ་དུ་ཁོང་གི་མཐུན་གྲོས་དང་ཁ་ཐོར་བཏང་སྟེ་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ལ་འཐབ་རྒོལ་བྱས། གང་ལྟར་ཡང་། བྱུང་རྐྱེན་དེ་གཉིས་ཀས་བོད་མི་ཚོས་ཨེཀྫིས྄་པཱ་ཝར་ (Axis powers) ནས་སྲུང་སྐྱོབ་འཚོལ་རྒྱུའི་ཐད་བསྐྱར་དུ་བསམ་ཞིབ་བྱ་རྒྱུའི་ཐད་གཡོ་འགུལ་དང་ཤུགས་རྐྱེན་སྤྲད་མེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་བོད་ནི་བཏང་སྙོམས་སུ་གནས་པ་རེད། 

ཉི་ཧོང་གི་བོད་ལ་དོ་དབྱིངས་ཡོད་པ་དེ་ནི་གང་ལྟར་ཡང་མུ་མཐུད་དེ་ཕྱི་ལོ་ ༡༩༤༢ ལོའི་འགོ་སྟོད་ནས་འབར་མ་བཙན་འཛུལ་བྱས་རྗེས་སུ་སྔར་ལས་ཤུགས་ཆེ་རུ་ཕྱིན་ཡོད། ཁོང་ཚོས་འབར་མའི་སྟོད་ནས་བརྒྱུད་དེ་བོད་དུ་འཛུལ་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད་པ་དང་ཉི་ཧོང་གོང་མའི་སྲིད་གཞུང་གིས་ཨེ་ཤི་ཡའི་གཞུང་ལས་ཁང་ཆེ་བ་ཞིག་གོ་སྒྲིག་ཞུས་ཡོད། དེའི་བོད་ཀྱི་གནད་དོན་ཐད་གཞུང་ནས་ཨའོ་ཀི་བྷུན་ཀི་ཡོ་ (Aoki Bunkyo) སློབ་སྟོན་པར་བསྐོ་བཞག་བྱས། ཁོང་ནི་ལོ་ཉི་ཤུའི་གོང་ལ་ཉི་ཧོང་གི་དམག་མིའི་ལག་དེབ་རྣམས་བོད་སྐད་དུ་སྒྱུར་མཁན་དེ་ཡིན་པ་རེད། ཁོང་གི་ལམ་སྟོན་འོག་ཉི་ཧོང་པ་ཚོས་ས་ཁྲ་དང་བོད་དང་ཉི་ཧོང་གི་ཚིག་མཛོད་གྲ་སྒྲིག་བྱས་པ་རེད། ཁོང་ཚོས་བོད་དེ་ཁོང་ཚོའི་རྒྱུ་ནོར་མཉམ་སྤྱོད་ཀྱི་ཁྱབ་ཚད་ནང་འཇུག་རྒྱུའི་རེ་འདུན་དང་བཅས་ཐ་ན་བོད་ཀྱི་དངུལ་ཊམ་དེ་དག་ཀྱང་པར་སྤྲུན་བྱས་པ་རེད། འོན་ཀྱང་། ཕྱི་ལོ་ ༡༩༤༥ ལོར་ཉི་ཧོང་ཕམ་ཉེས་བཏང་བ་དང་ཉི་ཧོང་པ་རྣམས་ཀྱིས་བོད་ལ་འཆར་གཞི་ཡོད་པ་རྣམས་ནམ་ཡང་ལག་ལེན་དུ་བསྟར་མ་ཐུབ་པ་རེད།།

Top