ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་ཏུ་ཧན་རྒྱ་རིགས་ཀྱི་ཁྲོད་དུ་བོད་བརྒྱུད་ནང་བསྟན།

སྐད་ཡིག་གཞན།

ངོ་སྤྲོད།

རྒྱ་ནག་ཏུ་ཡོད་པའི་ལོ་ན་རྒན་གཞོན་སྣ་ཚོགས་པ་དང་ལྡན་པའི་ཧན་རྒྱ་རིགས་མང་དག་ཅིག་ནི་ནང་ཆོས་ལ་དོ་སྣང་ཡོད་མཁན་ཡིན་པ་རེད། འོན་ཀྱང་། བོད་ནང་ཆ་བཞག་ན། དཀའ་ངལ་གཙོ་བོ་ནི་དགེ་རྒན་མེད་པ་དེ་རེད། གཞོན་སྐྱེས་མང་པོ་ཞིག་ལ་རབ་བྱུང་གི་སྡོམ་པ་ཐོབ་ཀྱིན་ཡོད་ནའང་། དེ་དག་གི་སྤུས་ཚད་དམའ་པོ་རེད། མཐོ་སློབ་ཏུ་སློབ་སྦྱོང་བྱས་པའི་གཞོན་སྐྱེས་མང་ཆེ་བ་ནི་ལས་ཀ་བྱེད་པ་དང་དངུལ་གསོག་རྒྱུའི་གདམ་ཀ་བྱེད་ཀྱི་ཡོད་པ་དང་དགོན་པའི་ནང་འཛུལ་བཞུགས་གནང་མཁན་མང་ཆེ་བ་ནི་ནང་མི་སྐྱོ་པོ་དང་ཤེས་ཡོན་མེད་མཁན་ནས་ཡིན་ཤིང་། གཙོ་བོ་དེ་དག་ནི་གྲོང་གསེབ་ཁུལ་ནས་ཡིན་པ་རེད། དམར་པོའི་རིང་ལུགས་ཀྱིས་སྡུག་སྦྱོང་ལས་ཐར་ནས་ཡུན་གནས་ཐུབ་མཁན་གྱི་མཚན་ཉིད་ཚང་བ་དང་ཆོས་ཁྲིད་བྱེད་ཐུབ་མཁན་གྲྭ་པ་དང་བཙུན་མ་རྒན་པ་འགའ་ཞིག་ལས་མེད། ལོ་ན་འབྲིང་ཙམ་གྱི་གྲྭ་པ་སྦྱོང་བརྡར་ཡོད་མཁན་གཅིག་ཀྱང་མེད། བོད་དང་ནང་སོག་གི་ས་ཁུལ་ཁག་ལ་མཚོན་ན། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་མང་པོ་དང་གནས་སྐོར་ས་ཁུལ་ཁག་གི་ནང་། ཁོང་ཚོའི་གཏན་འབེབས་སློབ་ཚན་གྱི་ཆ་ཤས་སུ་ཆབ་སྲིད་ཀྱི་སློབ་སྦྱོང་དང་བཅས་ལོ་གཉིས་དང་། གསུམ། བཞིའི་ལས་འཆར་ཡོད་པའི་གཞུང་གི་ནང་པའི་མཐོ་སློབ་དེ་འདྲ་ཡོད་ཀྱང་། ལྟོས་ས་ལྟོས་ཕྱོགས་ཀྱི་ཆ་ནས་བཤད་ན། དེ་དག་གི་ནང་གསར་དུ་རབ་ཏུ་བྱུང་བའི་ཧན་རྒྱ་རིགས་ཉུང་ཤས་ཤིག་ལས་ངོ་བཅར་བྱེད་ཀྱི་མེད།
 
སྤྱིར་བཏང་ནང་པའི་ཤེས་ཡོན་གྱི་གནས་ཚད་དེ་བོད་ཀྱི་དགོན་པ་ཁག་ལས་ཀྱང་རྒྱའི་དགོན་པ་ཁག་དམའ་བ་ཡོད། བོད་ནང་ཆ་བཞག་ན། ད་ལྟའི་ཆར་མི་རྣམས་ཀྱིས་གཙོ་བོ་ནང་ཆོས་ཀྱི་རྟེན་དང་བརྟེན་པ་དང་བཅས་པ་བསྐྱར་གསོ་བྱེད་དུ་དམིགས་བཞིན་ཡོད། དཔེར་ན། ལྷ་ཁང་དང་། མཆོད་རྟེན། སྐུ་འདྲ་ལ་སོགས་པ་བསྐྱར་བཞེངས་བྱེད་ཀྱི་ཡོད། དེ་ལྟར་བྱེད་པར་དཔལ་འབྱོར་འདུ་འགོད་ཆེད་དུས་ཚོད་གཏོང་དགོས་པ་དང་འབད་བརྩོན་བྱེད་དགོས་ཀྱི་ཡོད། སྐབས་འགར་རྒྱ་ནག་གཞུང་གིས་བསྐྱར་བཞེངས་བྱེད་པར་དཔལ་འབྱོར་གྱི་རོགས་རོམ་བྱེད་ཀྱིན་ཡོད། དེའི་འབྲས་བུར་ད་ཆ་ནང་པའི་དགོན་པ་མང་པོ་ཞིག་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཡིད་དབང་འཕྲོག་པའི་ཕྱིར་སླར་ཡང་འགྲེམས་སྟོན་ཁང་ལྟ་བུར་སྒོ་ཕྱེས་ཡོད། ལྷ་ས་ལྟ་བུར་མཚོན་ན། དགོན་པའི་གྲྭ་པ་རྣམས་ནི་དགོན་པའི་ནང་འཛུལ་ཆོག་པའི་འཛིན་ཤོག་བསྡུ་མཁན་དང་ལྷ་ཁང་གི་ཞབས་ཕྱིའི་ལས་ཀ་བྱེད་ཀྱིན་ཡོད་པ་རེད། འདིས་པེ་ཅིང་གཞུང་གིས་ “ཆོས་དད་རང་དབང་” གི་ཕྱི་ཚུལ་ཙམ་གྱི་སྣང་བརྙན་ཞིག་བསྟན་ཡོད། ཡིན་ནའང་། བསྐྱར་གསོ་བྱེད་པ་མང་ཆེ་བ་ནི་ས་གནས་དེའི་མི་རྣམས་ཀྱིས་དངུལ་གྱི་རོགས་རམ་བྱས་ཡོད་པ་དང་། སྐབས་རེར་ཕྱི་རྒྱལ་གྱི་སྦྱིན་བདག་ལ་བརྟེན་གྱི་ཡོད། ནམ་རྒྱུན་དགོན་པ་རང་གིས་གྲྭ་པ་ཚོས་ཡང་སེ་རོགས་སྐྱོར་བྱེད་ཀྱི་ཡོད།

སྲོལ་རྒྱུན་རྒྱ་ནག་མེས་པོ་ཚོའི་གསོལ་མཆོད་སླར་གསོ།

དམར་པོའི་རིང་ལུགས་ཀྱི་སྡུག་སྦྱོང་སྔོན་ལ་ལྷ་ཁང་ཁག་གི་ནང་སྲོལ་རྒྱུན་མེས་པོ་ཚོའི་གསོལ་མཆོད་ཉམས་ལེན་འགའ་ཞིག་བྱེད་སྲོལ་ཡོད་པ་རྣམས་ད་ཆ་སླར་གསོ་བྱས་ཡོད། ཤར་ཕྱོགས་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱ་རིགས་ཕྱི་གླིང་གི་སྤྱི་ཚོགས་མི་སྡེ་ཁག་གི་ནང་། མི་རྣམས་ཀྱིས་ལྷ་ཁང་དེ་དག་གི་ནང་ཁོང་ཚོའི་ཚེ་ལས་འདས་པའི་སྤུན་ཉེ་ཚོར་གཏོང་བའི་ཆེད་དངུལ་ཤོག་དང་། གསེར་གྱི་དབྱུག་ཤོག ཤོག་བུའི་ཁང་པ་ལ་སོགས་པ་མེར་སྲེག་གཏོང་གི་ཡོད། དེ་ལྟར་དཔལ་འབྱོར་གྱི་སེམས་འཁུར་དང་མང་ཚོགས་ཀྱི་འབོད་བསྐུལ་ལ་བརྟེན་ནས་ལྷ་ཁང་མང་དག་ཅིག་གི་ནང་ཚེ་འདས་ཀྱི་ཆེད་དུ་སྨོན་ལམ་འདོན་གྱི་ཡོད། གྲོང་ཁྱེར་གྱི་ལྷ་ཁང་ཁག་གི་ནང་། ཐ་ན་བུ་མོ་ཚོས་སྨད་གཡོག་ཐུང་ཐུང་གྱོན་ནས་སོ་སོའི་དགའ་རོགས་དང་མཉམ་དུ་སྤོས་དང་ཡང་ལཱ་སྤར་བ་སོགས་མཆོད་པ་འབུལ་བཞིན་ཡོད། ཡིན་ནའང་། དེ་ལྟར་བྱེད་དགོས་པ་ནི་ཁོང་ཚོའི་ཕ་མ་དང་མི་རབས་གོང་མ་རྣམས་ཀྱིས་ཀྱང་དེ་ལྟར་བྱས་ཡོད་པའི་རྒྱུ་མཚན་ཙམ་ཞིག་དང་དེ་ནི་རིག་གཞུང་གི་ཆ་ཤས་ཙམ་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར་སྣང་། མང་པོ་ཞིག་གིས་སུ་ལ་ཕྱག་མཆོད་འབུལ་བཞིན་ཡོད་པ་དང་འབུལ་དགོས་པའི་རྒྱུ་མཚན་གང་ཡིན་ཀྱང་ཤེས་ཀྱི་མེད། འདི་ནི་བོད་མི་དང་ནང་སོག་མང་པོ་ཞིག་ལའང་གནས་སྟངས་གཅིག་མཚུངས་ཡིན་པ་ཐེ་ཚོམ་མེད་པ་རེད། འོན་ཀྱང་། ཁོང་ཚོའི་ཤེས་ཚད་ཀྱི་གནས་སྟངས་ནི་ཧན་རྒྱ་རིགས་མང་ཆེ་བ་ལས་མཐོ་བ་ཡོད་པའི་བཟོ་འདྲ་འདུག

རྒྱ་ནག་གི་ནང་ཆོས་དང་ཏའོ་ཅོའི་ཆོས་ལུགས་སླར་གསོ།

གང་ལྟར་ཡང་། རྒྱ་ནག་ནང་ལོགས་ཀྱི་ས་ཁུལ་སྣ་ཚོགས་པའི་ནང་ད་ཆ་དངོས་སུ་རྒྱའི་དགོན་པ་འགའ་ཞིག་ཡོད་པ་དང་དེ་དག་གི་ནང་སློབ་སྦྱོང་དང་ཉམས་ལེན་གྱི་རིམ་པ་གང་ཙམ་ཞིག་འགྲོ་བཞིན་ཡོད། ཁོང་ཚོ་མང་ཆེ་བས་བསམ་གཏན་པ་དང་དག་ཞིང་གི་ཆོས་བརྒྱུད་འདྲེས་མ་ཞིག་ཉམས་ལེན་བྱེད་པ་དང་། བོད་ཀྱི་རྒྱལ་པོ་གླང་དར་མས་བསྟན་པ་ལ་སྡུག་སྦྱོང་བྱས་པ་དང་དུས་མཉམ་དུ་བྱུང་བའི་དུས་རབས་དགུ་པའི་མཇུག་ཙམ་གྱི་དྲག་གནོན་ཆེ་ཁག་ནས་བཟུང་སྟེ། ཆོས་ལུགས་དེ་གཉིས་ནི་རྒྱ་ནག་གི་ནང་པའི་ཆོས་བརྒྱུད་གཙོ་བོ་གྱུར་ཡོད། དཔེར་ན། ཧྥཱ་ཡུའན་ལྷ་ཁང་ (Fayuan Si) 法源寺 ནི་པེ་ཅིང་དུ་ཡོད་པའི་རྒྱའི་ནང་པའི་ལྷ་ཁང་མང་ཚོགས་ལ་གསོལ་མཆོད་ཆེད་དུ་སྒོ་ཕྱེས་པ་ཁོ་ན་དེ་ཡིན་ཞིང་། ཐིའན་ཅིན་ (Tianjin) ནས་ཡིན་པའི་རྒྱ་མི་བརྒྱ་ (༡༠༠) ཙམ་ཡོད་པའི་སྡེ་ཁག་ཅིག་གིས་རྒྱུན་སྲོལ་གྱི་ཆོ་གའི་ནང་སྐྱབས་འགྲོའི་སྡོམ་པ་ཞུས་ཤིང་གདམས་ངག་ཐོབ་ཡོད།

ཏའོ་ཅོའི་ཆོས་ལུགས་དེ་རྒྱ་མི་ཚོར་ནང་ཆོས་ལས་རྦད་དེ་གྲགས་ཆུང་བ་ཡོད་ནའང་། ཏའོ་ཅོའི་ཆོས་ལུགས་སླར་གསོ་ཞིག་ཀྱང་ཡོད། པེ་ཅིང་ནང་གི་ཏའོ་ལྷ་ཁང་གཙོ་བོ་ནི་སྤྲིན་དཀར་ལྷ་ཁང་ (Baiyunn Guan) 白云观 ཡིན་པ་དང་། དེའི་ནང་ཏའོ་ཅོའི་རབ་ཏུ་བྱུང་བའི་ཆོས་པ་དང་མཁས་པ་བརྒྱ་ (༡༠༠) ལྷག་ཡོད་པ་དེ་དག་གིས་སློབ་སྦྱོང་བྱེད་བཞིན་པ་དང་རྒྱ་ནག་གི་ནང་པའི་ལྷ་ཁང་ཁག་གི་ནང་ཆོ་ག་བྱེད་པ་དང་ཧ་ཅང་འདྲ་བ་ཞིག་ཁོང་ཚོས་བྱེད་ཀྱི་ཡོད། ཏའོ་ཅོའི་ལྷ་ཁང་འདིའི་ནང་རྒྱའི་ཆོས་པ་འགའ་ཙམ་ཞིག་ཡོད་ནའང་། པེ་ཅིང་དུ་ཡོད་པའི་ཁུང་ཙིའི་ལྷ་ཁང་གཙོ་བོ་དེ་སྣང་མེད་དུ་བསྐྱུར་ཡོད།

བོད་བརྒྱུད་ནང་བསྟན་ལ་རྒྱ་མི་ཚོའི་དོ་དབྱིངས།

དམིགས་བསལ་པེ་ཅིང་དང་། ཧྲང་ཧའེ། ཁྲེན་ཏུ། དེ་བཞིན་གྲོང་ཁྱེར་ཆེན་པོ་གཞན་འགའ་ཞིག་གི་ནང་ཧན་རྒྱ་རིགས་ཤེས་ཡོན་ཅན་མང་པོས་བོད་བརྒྱུད་ནང་བསྟན་ལ་དོ་དབྱིངས་ཡོད་པ་རེད། གལ་ཏེ་གྲོང་གསེབ་ཏུ་ཡོད་པའི་མི་རྣམས་ནང་ཆོས་ལ་དོ་དབྱིངས་ཡོད་ན། དེ་ནི་རྒྱ་ནག་གི་ནང་ཆོས་ཡིན་པ་རེད། མི་ཚང་མས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པར་བསམ་གྱི་ཡོད་པས། དེའི་འབྲས་བུར་ཁོང་ཚོས་བོད་བརྒྱུད་ནང་བསྟན་ནི་རྒྱ་ནག་གི་ནང་ཆོས་ཀྱི་ནང་གསེས་སྡེ་ཚན་ལྟ་བུར་བསམས་ནས་འཇུག་གི་ཡོད།

ཧན་རྒྱ་རིགས་ཚོས་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་དང་ཉམས་ལེན་བྱས་པའི་ལོ་རྒྱུས་རིང་པོ་ཞིག་ཡོད། དུས་རབས་ ༡༧ གྱི་དུས་དཀྱིལ་ནས་བཟུང་རྒྱ་ནག་རི་བོ་རྩེ་ལྔར་ 五台山 བོད་ཀྱི་དགོན་པ་དང་ལྷ་ཁང་མང་པོ་ཡོད་པ་དང་པེ་ཅིང་དུ་གོང་མའི་ཕོ་བྲང་ནང་དུས་རབས་ ༡༣ གྱི་དུས་དཀྱིལ་ནས་བཟུང་ཡོད་མུས་རེད། འོན་ཀྱང་། གོང་མའི་ཕོ་བྲང་གི་ཕྱི་ལོགས་ཀྱི་ཧན་རྒྱ་རིགས་ཀྱིས་དེ་དག་ལ་སློབ་སྦྱོང་བྱས་ཡོད་མེད་གསལ་པོ་མེད། ཡིན་ནའང་། སོག་པོ་ཡོན་རྒྱལ་རྒྱུད་ཀྱི་དུས་སྐབས་ཀྱི་དུས་རབས་ ༡༣ པའི་དུས་མཇུག་ནས་དུས་རབས་ ༡༤ པའི་དུས་དཀྱིལ་བར་དུ་བོད་ཀྱི་གྲྭ་པ་ཚོ་ཧྲང་ཤིའི་ (Shaanxi) ཤིའན་རྫོང་ (Xi’an) ལ་འབྱོར་ནས་དེར་ཡོད་སྔོན་རྒྱ་ནག་གི་རྒྱལ་སའི་ཉེ་འཁྲིས་སུ་ཡོད་པའི་རྒྱའི་དགོན་པ་ཁག་ལ་ཆོས་ཁྲིད་གནང་ཡོད་འདུག ད་ལྟའི་དུས་སྐབས་སུའང་ས་ཁུལ་དེར་བོད་ཀྱི་མིང་འགའ་ཞིག་བེད་སྤྱོད་གཏོང་མཁན་ཡོད་པ་རེད། བོད་ཀྱི་ཤུགས་རྐྱེན་འདི་ཤིའན་ལ་དུས་རབས་ ༡༤ པའི་དུས་དཀྱིལ་ནས་དུས་རབས་ ༡༧ པའི་དུས་དཀྱིལ་བར་གྱི་མིང་རྒྱལ་རྒྱུད་སྐབས་སུའང་མུ་མཐུད་ནས་གནས་ཡོད་པ་རེད། མིང་རྒྱལ་རྒྱུད་ཀྱི་འགོ་སྟོད་ཙམ་ལ་རྒྱལ་ས་ཉན་ཅིང་ (Nanjing) གི་ཉེ་འགྲམ་དུ་རྒྱའི་དགོན་པ་ཞིག་ཡོད་པ་དང་དེའི་ནང་བོད་ཀྱི་གྲྭ་པ་ཚོས་ཆོས་ཁྲིད་གནང་གི་ཡོད།

ཁྲེན་ཏུའི་ཉེ་འཁྲིས་སུ་འོད་དཔག་མེད་ཀྱི་གནས་རི་རི་བོ་གླང་ཆེན་ (Emeishan) 峨眉山 ཞེས་བྱ་བ་དེར་བོད་ཀྱི་དགོན་པ་ཆུང་ཆུང་ཞིག་ཡོད་ཅེས་དང་། ཧྲང་ཧེའི་ལྷོ་ཕྱོགས་ཉིང་བོའི་ (Ningbo) ཕར་གྱི་མཚོ་གླིང་ལ་ཆགས་པའི་སྤྱན་རས་གཟིགས་ཀྱི་གནས་རི་རི་བོ་པོ་ཏཱ་ལར་ (Putuoshan) 普陀山 བོད་ཀྱི་གྲྭ་པ་རྣམས་གནས་སྡོད་བྱེད་ཀྱི་ཡོད་ཚུལ་བརྗོད་ཡོད་ནའང་། དེ་ནི་ངེས་བརྟན་ཞིག་ཆགས་མེད། ཨན་ཧུའི་ (Anhui) ཞིང་ཆེན་ཨན་ཅིང་ (Anqing) ཉེ་འཁྲིས་སུ་ཡོད་པའི་རྒྱ་ནག་གི་གནས་རི་རྩ་ཆེན་བཞི་པ་ཅིའུ་ཧུའ་ཧྲན་ (Jiuhuashan) 九华山 ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་གནས་རི་ལ་བོད་མི་གནས་སྡོད་བྱས་ཡོད་པའི་གནས་ཚུལ་མི་འདུག

ཆི་ཀོང་དང་ནུས་པར་སྟངས་འཛིན་བྱེད་སྟངས།

ཆི་ཀོང་ 气功 ཟེར་བ་ནི་ནུས་པ་ལ་སྟངས་འཛིན་བྱེད་པའི་དོན་ཡིན་པ་དང་། འདི་ནི་ནུས་པ་དང་ལྡན་པའི་སྒོམ་གྱི་ཉམས་ལེན་གང་འདྲ་ཞིག་ལའང་བཀོལ་སྤྱོད་བྱེད་པའི་སྤྱིར་བཏང་རྒྱ་སྐད་ཀྱི་ཐ་སྙད་ཅིག་ཡིན་པ་རེད། འདི་ལ་དབྱེ་བ་ལྔ་ཡོད་དེ། ནང་པ་དང་། ཏའོ་ཅོའི་རིང་ལུགས་པ། ཁུང་ཙིའི་རིང་ལུགས་པ། དྲག་རྩལ་དང་སྨན་བཅས་རེད། ནང་པའི་སྡེ་ཚན་གྱི་ནང་། གསང་སྔགས་དང་། བསམ་གཏན་པ། 禅 དག་ཞིང་། 净土 ཐིའན་ཐའི་ (Tiantai) 天台 བཅས་དང་། རྒྱུད་ཀྱི་ལུགས་ཀྱི་ཁོངས་སུ་ཧན་མི་ (Han Mi) 汉密 ཞེས་པ་རྒྱའི་གསལ་རྒྱུད་ཙམ་དུ་མ་ཟད། ཧན་རྒྱ་རིགས་ཀྱིས་བརྒྱུད་པ་སྤེལ་བའི་བོད་རང་གི་ལུགས་དག་མ་གསུམ་གཏོགས་ཀྱི་ཡོད། དེ་དག་ནི་ཙང་མི་ (Zang Mi) 藏密 ཞེས་པ་བོད་ཀྱི་གསལ་རྒྱུད་དང་། ལིའན་ཧུའ་ མི་ (Lianhua Mi) 莲花密 ཞེས་པ་ནི་གཏུམ་མོ་ནན་བརྗོད་བྱེད་པའི་པདྨའི་གསལ་རྒྱུད། ཤིའན་ མི་ (Xian Mi) 显密 རྡོ་རྗེ་བཟླས་པ་ལ་ནན་བརྗོད་བྱས་པ་ཅན་གྱི་གསལ་རྒྱུད་བཅས་རེད། ད་དུང་ཁྲན་མི་ (Chan Mi) 禅密 ཞེས་པ་ཛེན་བསམ་གཏན་པའི་གསལ་རྒྱུད་ཡོད་པ་དེ་ནི་བོད་དང་རྒྱ་ནག་གི་ཉམས་ལེན་བསྲེ་སྦྱོར་བྱེད་པ་ཞིག་ཡིན་པ་དང་། དེའི་ནང་བོ་དྡྷི་དྷརྨ་དང་། ཤུ་བྷ་ཀ་ར་སིཾཧ། པདྨ་སཾ་བྷ་ཝ། འཕགས་པ། ཙོང་ཁ་པ་བཅས་ཀྱི་བརྒྱུད་པའི་ཁུངས་དང་ལྡན་པ་རེད། ནུས་པ་རྣམས་མཉེན་ཆ་དོད་པོ་བཟོ་ཕྱིར་རྒྱ་ནག་ལུགས་ཀྱི་ལུས་གཡོ་འགུལ་གྱི་ཉམས་ལེན་མང་པོ་དང་བསམ་གཏན་པའི་སྟོང་ཉིད་སྒོམ་པའི་ལུགས་མང་པོ་ཡོད་པ་མ་ཟད། དེའི་སྟེང་ལ་འཕགས་པ་སྤྱན་རས་གཟིགས་མ་ཕྱག་གཉིས་ཀྱི་རྣམ་པར་སྒྱུ་ལུས་ཀྱི་ཉམས་ལེན་དེའང་ཡོད་པ་རེད། གསང་སྔགས་ཀྱི་རྣམ་པ་འདི་ལྟ་བུ་ལུགས་འདིའི་ནང་བསླེབས་པ་ནི་དུས་རབས་ ༡༩ པའི་འགོ་སྟོད་ལ་དགེ་ལུགས་པའི་བླ་མ་རྣམས་དང་འབྲེལ་བ་བྱུང་བའི་འབྲས་བུ་ཡིན་པ་རེད། ཧན་རྒྱ་རིགས་ཀྱི་ཆི་ཀོང་ཉམས་ལེན་པ་མང་པོ་ཞིག་དེང་སང་བོད་བརྒྱུད་ནང་བསྟན་ལ་དོ་དབྱིངས་ཡོད་པ་རེད། དེའི་རྒྱུ་མཚན་ནི་ཁོང་ཚོའི་གཙོ་བོ་ལུས་ཀྱི་ཉམས་ལེན་རྣམས་ཀྱི་གཏིང་ཟབ་པའི་ལྟ་གྲུབ་དང་སྒོམ་གྱི་རྨང་གཞི་ཤེས་རྟོགས་ཡོང་བའི་ཕྱིར་ཡིན་པ་རེད།

བོད་དང་རྒྱ་ནག་གི་ནང་ཆོས་གཉིས་མཉམ་བསྲེ་བྱེད་པ།

དུས་རབས་ ༢༠ པའི་འགོ་སྟོད་ལ་ཁང་གསར་རིན་པོ་ཆེ་སི་ཁྲོན་ཞིང་ཆེན་གྱི་ཁྲེན་ཏུར་ཕེབས་ནས་ཧན་རྒྱ་རིགས་སྡེ་ཁག་ཅིག་ལ་གཤིན་རྗེ་གཤེད་ཀྱི་དབང་གནང་ཡོད། གྲྭ་ཉེང་ཧའི་ ཧྲང་ཧྲི་ (Nenghai Shangshi) 能海上师 ནི་ཁོང་གི་རྒྱའི་སློབ་མ་གཙོ་བོ་ཆགས་པ་དང་འབྲས་སྤུངས་དགོན་པར་སློབ་སྦྱོང་ཆེད་དུ་ཕྱིན་པ་རེད། ཁྲེན་ཏུར་ལོག་པའི་རྗེས་སུ་ཁོང་གིས་རྒྱ་ནག་གི་དག་ཞིང་དང་། བསམ་གཏན་པ། དགེ་ལུགས་པའི་གསང་སྔགས་བཅས་ཟུང་དུ་འབྲེལ་བའི་ནང་ཆོས་ཀྱི་ཆོས་སྲོལ་ཞིག་འགོ་འཛུགས་བྱས། དེ་ནི་ཁྲེན་ཏུར་ཡོད་པའི་ཀྲའོ་ཅུས་ སི་ (Zhaojue Si) 昭觉寺 ཞེས་པའི་ནང་རྒྱ་མིའི་གྲྭ་པ་ཉིས་བརྒྱ་ (༢༠༠) དང་ཧྲུ་ཤིའང་ སི་ (Shuxiang Si) 殊相寺 ཞེས་པའི་དགོན་པ། དེ་བཞིན་ཤིན་ཏུའི་ (Xindu) ཉེ་འཁྲིས་སུ་ཡོད་པའི་བའོ་ཀུའང་ སི་ (Baoguang Si) 宝光寺 ཞེས་པའི་དགོན་པའི་ནང་ཉམས་ལེན་བྱེད་ཀྱི་ཡོད། ཁོང་ཚོས་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་དེ་རྒྱ་སྐད་དུ་འདོན་པ་དང་བོད་ཡིག་ཏོག་ཙམ་སྦྱོང་གི་ཡོད། ཉེང་ཧའི་ ཧྲང་ཧྲི་ (Nenghai Shangshi) 能海上师 གྱི་སློབ་མའི་གཙོ་བོ་ལོ་ན་ ༩༢ ཡིན་པ་ཆིང་ཏིང་ ཧྲང་ཧྲི་ (Qingding Shangshi) 清定上师 ནི་དེང་སང་དགོན་པ་དེ་དག་གི་བླ་མ་ཡིན་པ་རེད། ད་ལྟའི་ཆར་ཁྲེན་ཏུ་ལ་ཆོས་སྲོལ་འདིའི་རྗེས་འབྲང་པ་རྒྱའི་སྐྱ་བོ་ཉམས་ལེན་པ་ ༣༠༠ ཡོད་པ་དང་ཀྲའོ་ཅུས་ སི་ (Zhaojue Si) 昭觉寺 དགོན་པའི་ནང་རྒྱ་ནག་གི་ཆོས་པ་འབུམ་གཅིག་ (༡༠༠,༠༠༠) མ་ཟིན་ཙམ་ལོ་རེ་བཞིན་དུ་ཆོས་མཇལ་དུ་བསླེབ་ཀྱི་ཡོད།

ཧྲན་ཤིའི་ཞིང་ཆེན་དུ་ཡོད་པའི་རི་བོ་རྩེ་ལྔའི་གནས་རིར་ལུའོ་ཧོའོ་ སི་ (Luohou Si) 罗喉寺 དང་མི་ཉག་ (Tangut Si) དགོན་པས་ཀྱང་རྒྱ་ནག་དག་ཞིང་དང་དགེ་ལུགས་གསང་སྔགས་ཀྱི་ཉམས་ལེན་ཟུང་འབྲེལ་དེའི་རྗེས་སུ་འབྲང་གི་ཡོད། ལུགས་སྲོལ་འདི་ག་དུས་འགོ་ཚུགས་པ་དང་དེ་སུས་འགོ་འཛུགས་གནང་བའི་ཐད་ཁ་གསལ་མི་འདུག
 
དེར་མ་ཟད། དུས་རབས་ ༢༠ པའི་འགོ་སྟོད་རྒྱ་ནག་གི་ནང་པའི་སློབ་དཔོན་ཐའི་ཤུས་ (Taixu) 太虚 ཁོང་གི་སློབ་མ་ཧྥ་ཙུན་ (Fazun) 法尊 ཞེས་བྱ་བ་བོད་སྐད་ནང་བློ་བཟང་ཆོས་འཕེལ་ཞུ་བ་དེ་བོད་དུ་མངགས། ཁོང་གིས་སྲོལ་རྒྱུན་གཞན་དག་གི་ཆོས་དང་ཉམས་ལེན་ལ་བརྟེན་ནས་རྒྱ་ནག་གི་ནང་ཆོས་དེ་ལེགས་བཅོས་གཏོང་འདུན་ཡོད་པ་རེད། ཧྥ་ཙུན་གྱིས་གཞུང་ལུགས་མང་པོ་རྒྱ་སྐད་དུ་བསྒྱུར་ཡོད་པའི་ནང་། ལམ་རིམ་ཆེན་མོ་དང་། ལམ་རིམ་ཆུང་བ། སྔགས་རིམ་ཆེན་མོ། རྣམ་འགྲེལ་རྩ་བ་བཅས་རེད། ཧྥ་ཙུན་ནས་བྱུང་བའི་སྲོལ་རྒྱུན་དེས་རྒྱ་ནག་དང་བོད་ཀྱི་དགེ་ལུགས་པའི་ཆོས་བརྒྱུད་ནས་ཡག་ཤོས་བཟོ་ཐབས་བྱེད་ཀྱི་ཡོད། ཐོག་མར་དག་ཞིང་དང་བསམ་གཏན་པའི་ཉམས་ལེན་ལ་བརྟེན་ནས་འགོ་འཛུགས་བྱེད་པ་དང་དེ་ནས་རིམ་པས་རྗེ་ཙོང་ཁ་པའི་ལམ་རིམ་དང་གསང་སྔགས་ལ་འཇུག་གི་ཡོད། ཧྥ་ཙུན་གྱི་སློབ་མའི་ནང་ཡང་ཏེ་ཉེང་ (Yang Deneng) དང་ཁོང་གི་ཆུང་མ་ཧུ་ཅི་ཨོ་ (Hu Ji-ou) སྟེ། ཉེ་བའི་གཙོ་སྐྱོང་བ་གཉིས་དང་། དེ་བཞིན་པེ་ཅིང་ནང་པའི་དགེ་བསྙེན་ཚོགས་པའི་ (Beijing Buddhist Laymen’s Society) 北京佛教居士林 དགེ་རྒན་གཙོ་བོ་བཅས་ཡོད་པ་རེད། ད་དུང་དེ་གཉིས་ཀྱིས་རང་གིས་རང་ལ་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་པེ་ཅིང་དུ་ཕེབས་པའི་ཁྲི་བྱང་རིན་པོ་ཆེའི་སློབ་མ་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད།

རྒྱ་མིའི་གྲོང་ཁྱེར་ཆེ་ཁག་ནང་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ།

ཕྱི་ལོ་ ༡༩༢༠ ཡར་མས་ནང་པཎ་ཆེན་སྐུ་ཕྲེང་དྲུག་པ་ (རྒྱའི་ལོ་རྒྱུས་ནང་སྐུ་ཕྲེང་དགུ་པ་) པེ་ཅིང་དུ་སྔགས་ཆེན་རྡོ་རྗེ་འཆང་དང་མཉམ་དུ་ཕེབས་པ་རེད། ཁོང་ཚོས་རྒྱ་ནག་གི་སློབ་མ་མང་པོར་ཆོས་གསུངས་པ་དང་དེར་གནས་སྡོད་བྱེད་མཁན་གྱི་བོད་པ་དང་སོག་པོ་རྣམས་ཀྱི་ཆེད་དུ་གསང་སྔགས་དགོན་པ་རྩ་འཛུགས་གནང་། ལྷ་ཁང་དེར་ཁོང་ཚོའི་རྒྱ་ནག་གི་སློབ་མ་རྣམས་ཀྱིས་པེ་ཅིང་དགེ་བསྙེན་ཚོགས་པ་སྲོལ་གཏོད་པ་རེད། ད་ཆ་ཚོགས་པ་དེ་ལ་ཚོགས་མི་ ༣༠༠ ནས་ ༤༠༠ བར་ཡོད་པ་དང་ཕྱི་ལོ་ ༡༩༩༢ ལོ་ནས་བཟུང་སྟེ་ཁོང་ཚོར་སྒེར་གྱི་ཁང་པ་ཡོད་པ་རེད། སྔོན་དེ་ནི་ཟུར་དུ་འཛིན་སྐྱོང་བྱས་ཡོད་པ་དང་དེ་ནི་ཀུའང་ཅི་ སི་ (Guangji Si) 广济寺 རྒྱའི་ལྷ་ཁང་དེའི་ཕྱི་ལོགས་སུ་ཡོད། རྒྱའི་ལྷ་ཁང་དེའི་ནང་ད་ལྟའི་ཆར་རྒྱ་ནག་གི་ནང་པའི་ཚོགས་པ་ (Chinese Buddhist Association) 中国佛教协会་སྟེ། གཞུང་འབྲེལ་དམར་པོ་རིང་ལུགས་ཀྱི་སྒྲིག་འཛུགས་དེ་ཡོད་པ་རེད།

གཞན་ཡང་། པཎ་ཆེན་སྐུ་ཕྲེང་དྲུག་པས་ཅིན་ཀང་ཏའོ་ (Jingangdao) 金刚道 (རྡོ་རྗེ་ཐེག་པ་) ཞེས་པའི་ལྷ་ཁང་དེ་ཧྲང་ཧའི་ (Shanghai) ལ་ཕྱི་ལོ་ ༡༩༢༠ ནང་བཞེངས་གནང་། དེར་ཡོད་པའི་རྒྱའི་སློབ་མ་རྣམས་ཀྱིས་ཧྲང་ཧའི་ནང་པའི་དགེ་བསྙེན་ཚོགས་པ་ (Shanghai Buddhist Laymen’s Society) 上海佛教居士林 དེ་ལོགས་སུ་སྡེ་ཁག་གི་ཉེ་འགྲམ་དུ་འགོ་འཛུགས་བྱས། ཁོང་ཚོས་དགེ་བའི་བཤེས་གཉེན་གཙོ་བོ་ཆིང་ཏིང་ ཧྲང་ཧྲི་ (Qingding Shangshi) ལ་བསྟེན་པ་དང་། ཁོང་ནི་ཁྲེན་ཏུར་ཡོད་པའི་དག་ཞིང་དང་དགེ་ལུགས་པའི་གསང་སྔགས་འདྲེས་མའི་དགོན་པ་རྣམས་ལས་ཡིན་པ་རེད། ད་ལྟའི་ཆར་སྤྱི་ཚོགས་དེ་ལ་ཚོགས་མི་ ༣༠ ཙམ་ཡོད། མི་སྐྱ་རྒས་འཁོགས་ཉི་ཝེའི་ཆུའན་ (Ni Weiquan) ཟེར་བ་བོད་ཁམས་ཕྱོགས་སུ་སློབ་སྦྱོང་བྱས་པ་ཞིག་གིས་ཁོང་ཚོར་ཟླ་བ་རེར་ཐེངས་གཉིས་རེ་བླ་མ་མཆོད་པ་རྒྱ་ནག་སྐད་དུ་བསྒྱུར་བ་དེ་འདོན་པར་སྣེ་ཁྲིད་གནང་གི་ཡོད། ཉིང་བོ་ (Ningpo) དང་རི་བོ་ཐིའན་ཐའི་ (Tiantai) བར་དུ་ཡོད་པའི་ཀྲེ་ཅིའང་ (Zhejiang) ཞིང་ཆེན་གྱི་ཧྲང་ཧའི་ལྷོ་ངོས་སུ་ཡོད་པའི་སན་མེན་ (Sanmen) ལ་དགོན་པ་གཅིག་ཡོད་པ་དང་། དེའི་ནང་ད་དུང་ཡང་དག་ཞིང་དང་དགེ་ལུགས་པའི་ཆོས་སྲོལ་ཉམས་ལེན་བྱེད་ཀྱི་ཡོད། དེ་ནི་ཕྱི་ལོ་ ༡༩༢༠ ཡས་མས་ཀྱི་བརྒྱུད་པ་གཅིག་པ་ནས་བྱུང་བ་གོར་མ་ཆག དེ་བཞིན་ཀྲེང་ཀྲོའུ་ (Zhengzhou) དང་། ཧང་ཀྲོའུ། (Hangzhou) ཐིའན་ཅིན། (Tianjin) ཁྲེན་ཏུ། (Chengdu) ཀུའང་ཀྲོའུ་ (Guangzhou) བཅས་ཀྱི་ནང་ནང་པའི་དགེ་བསྙེན་ཚོགས་པ་ཡོད་ཀྱང་། དེ་དག་གིས་རྒྱ་ནག་གི་ལུགས་ཀྱི་རྗེས་སུ་འབྲང་བ་ལས། བོད་ཀྱི་ནང་ཆོས་ལུགས་ཀྱི་རྗེས་སུ་འབྲང་གི་མེད།

གཞུང་འབྲེལ་གྱི་རྒྱ་བོད་ཚོགས་སྡེ་ཁག

ཕྱི་ལོ་ ༡༩༢༤ ལོར་རྒྱ་ནག་གི་གཞུང་གིས་པེ་ཅིང་དུ་བོད་ཀྱི་སློབ་གྲྭ་ཞིག་་དང་། ཕྱི་ལོ ༡༩༣༡ ལོར་རྒྱ་བོད་སློབ་གཉེར་ཁང་ (Sino-Tibetan Institute) 汉藏教理院 ཞིག་ཁྲོང་ཆིང་ (Chongqing) གི་ཕྱི་ལོགས་སུ་འགོ་འཛུགས་བྱས་པ་རེད། ཕྱི་ཚུལ་ལ་དེའི་དགོས་དོན་གཙོ་བོ་ནི་རྒྱའི་སློབ་ཕྲུག་ཚོ་མ་འོངས་པར་ལྷ་སར་ཡོད་པའི་བོད་ཀྱི་དགོན་སྡེ་གཙོ་བོ་ཁག་གི་ནང་སློབ་སྦྱོང་བྱེད་ཆེད་ཀྱི་གྲ་སྒྲིག་བྱ་རྒྱུ་དེ་ཡིན་པ་རེད། ལྷ་སར་ཡོད་པའི་དགོན་པ་དེ་དག་གི་ནང་རྒྱ་མི་ཉུང་ཤས་ཤིག་ལས་དངོས་སུ་ཕྱིན་མེད་པ་དང་འགའ་ཞིག་ནི་ཧ་ཅང་མཁས་པར་གྱུར་ཡོད་ནའང་། དེ་དག་གིས་བོད་ནང་རྒྱ་ནག་རྒྱལ་གཅེས་རིང་ལུགས་གཞུང་གི་དམིགས་ཡུལ་བསྒྲུབ་པར་རེ་བ་བྱས་ཡོད། དེ་གང་རེད་ཅེ་ན། བོད་ཀྱི་ས་ཁུལ་ཁག་རྒྱ་ནག་གི་ཁོངས་སུ་འཇུག་རྒྱུ་དེ་ཡིན་པ་རེད།

ཕྱི་ལོ་ ༡༩༣༥ ལོར་རྒྱ་མི་ཚོས་བོདྷིའམ་བྱང་ཆུབ་ཀྱི་སྤྱི་ཚོགས་ (Jueshe) 觉社 ཟེར་བ་ཞིག་ཧྲང་ཧའེ་ལ་གསར་འཛུགས་བྱས་ཤིང་། དེའི་ཚོགས་གཙོ་པཎ་ཆེན་སྐུ་ཕྲེང་དྲུག་པ་ཡིན་པ་རེད། ཁོང་དང་བོད་ཀྱི་བླ་མ་གཞན་དག་ཚོས་རྒྱ་མི་ཚོར་ཆོས་ཁྲིད་བྱ་རྒྱུར་སྙིང་རྗེ་གནང་ཡོད་པ་དང་། དེ་ག་ནང་བཞིན་ལྷ་ས་ནས་སློབ་སྦྱོང་བྱས་པའི་རྒྱའི་གྲྭ་པ་འགའ་ཞིག་གིས་དེར་གསུང་བཤད་ཀྱང་གནང་ཡོད་པ་རེད། པཎ་ཆེན་སྐུ་ཕྲེང་དྲུག་པས་པེ་ཅིང་དང་བྱང་ཤར་ནང་སོག་གི་བྷའོ་ཀང་ (Baokang) དང་ཉེ་བའི་ས་ཆ་ཀེ་ཀྲུའོ་ ཀྲོང་ཆི་ (Kezhuo Zhongqi) ནང་ཡོད་པའི་ཨ་ཀུའི་ མིའོ་ (Agui Miao) 阿贵庙 གཉིས་ཀའི་ནང་དུས་འཁོར་གྱི་དབང་གནང་ཡོད། དེར་ཧན་རྒྱ་རིགས་ཀྱི་སློབ་མ་མང་པོ་ཡོད་པ་རེད།

ཕྱི་ལོ་ ༡༩༤༠ ཡས་མས་ཀྱི་དུས་ཉམས་པའི་སྐབས་སུ་བོད་ཀྱི་རྙིང་མ་བླ་མ་ཚོས་ཨ་མདོའི་ཕྱོགས་སུ་དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དེ་དངོས་སུ་ཚིག་དོན་ལྟར་གནང་བར་ཆ་བཞག་ཡོད། ཁོང་ཚོའི་སྐད་གྲགས་དེ་དམིགས་བསལ་གྱི་མཐུ་ནུས་ལྡན་པར་གྲགས་པས། ཁོང་ཚོ་པེ་ཅིང་དང་། ཉན་ཅིང་། (Nanjing) ཧྲང་ཧའེ་ (Shanghai) ཀུའང་ཀྲོུའུ་ (Guangzhou) བཅས་ལ་གདན་འདྲེན་ཞུས་ཏེ་དོ་དབྱིངས་ཅན་གྱི་རྒྱ་རིགས་ཚོར་ཆོས་ཁྲིད་གནང་ཡོད། དཔེར་ན། པེ་ཅིང་དུ་ཡོད་པའི་ཀུའང་ཅི་ སི་ (Guangji) དགོན་པའི་རྒྱ་མིའི་གྲྭ་པ་གཙོ་བོ་ཆོས་ཀྱི་སློབ་དཔོན་མིང་ཁྲིས་ (Mingchi) གུ་རུ་རིན་པོ་ཆེ་དང་འབྲེལ་བའི་ཉམས་ལེན་ཁག་གནང་བ་དང་ཆོས་ཁྲིད་གནང་གི་ཡོད། ཁོང་ནི་པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་སྐུ་ཕྲེང་བདུན་པའི་སློབ་མ་ཞིག་ཀྱང་ཡིན་པ་རེད། རྙིང་མ་བླ་མ་དེ་དག་གི་རྒྱའི་སློབ་མ་མང་པོའི་ཕྲུ་གུ་ཚོས་མུ་མཐུད་དེ་ཁོང་ཚོའི་ཕ་མའི་ཆོས་རྙིང་མ་བྱས་ཤིང་། ཁོང་ཚོར་ཆོས་ཁྲིད་གནང་མཁན་གྱི་རྙིང་མའི་གསང་སྔགས་ཀྱི་བླ་མ་ཞིག་འཚོལ་བཞིན་ཡོད།

ཕྱི་ལོ་ ༡༩༥༤ ལོར་ཁོང་ཚོ་པེ་ཅིང་དུ་ཕེབས་སྐབས་༧གོང་ས་མཆོག་དང་ཁོང་གི་ཡོངས་འཛིན་རྣམ་པ་དེ་བཞིན་བླ་ཆེན་ཁག་གིས་རྒྱ་རིགས་ཚོར་གསུང་བཤད་དང་ཆོས་ཁྲིད་གནང་ཡོད། སྐབས་དོན་འདི་ནས་མི་མང་པོར་བོད་བརྒྱུད་ནང་བསྟན་ལ་དོ་དབྱིངས་སྐྱེས་ཡོད།

ད་ལྟའི་གནས་བབས།

པཎ་ཆེན་སྐུ་ཕྲེང་བདུན་པ་བཙོན་ནས་གློད་གྲོལ་བཏང་རྗེས་ཁོང་གིས་ཡུལ་གྲུ་གང་སར་རྒྱ་རིགས་མང་པོར་ཆོས་གསུངས་ཡོད། ཕྱི་ལོ་ ༡༩༨༧ ལོར་པེ་ཅིང་དུ་བོད་ཀྱི་གྲྭ་པ་དང་སྤྲུལ་སྐུ་ཚོའི་ཆེད་དུ་གཞུང་གི་ནང་པའི་མཐོ་སློབ་ཅིག་རྩ་འཛུགས་བྱས་ཤིང་། ཁོང་གིས་ཕྱི་ལོ་ ༡༩༨༩ ལོར་གཤིན་རྗེ་གཤེད་ལྷ་བཅུ་གསུམ་གྱི་བཀའ་དབང་བསྩལ་གནང་བ་རེད། པེ་ཅིང་ནང་པའི་དགེ་བསྙེན་ཚོགས་པ་ནས་སོག་པོ་དང་། བོད་མི། རྒྱ་རིགས་ ༤༠༠ ཙམ་དབང་ཞུ་བར་བཅར་ཡོད། ཕྱི་ལོ་ ༡༩༩༣ ལོར་ཨ་མདོ་སྐུ་འབུམ་གྱི་ཆེ་ཤོས་རིན་པོ་ཆེས་བཀའ་དབང་འདི་ཡང་བསྐྱར་པེ་ཅིང་ཀུའང་ཧུའ་ སི་ (Guanghua Si) 广化寺 དགོན་པའི་ནང་མི་མང་ ༣༠༠ ཙམ་ལ་གནང་ཡོད། དེ་དག་ལས་དབང་ཞུ་མཁན་མང་ཆེ་བ་རྒྱ་མི་ཡིན་པ་དང་མང་པོ་ཞིག་ནི་པེ་ཅིང་སྲོལ་རྒྱུན་སྨན་གྱི་སློབ་གཉེར་ཁང་ (Beijing Traditional Medical Institute) 北京中医学院 གི་སློབ་ཕྲུག་ཡིན་པ་རེད། ད་ལྟའི་ཆར་སློབ་གཉེར་ཁང་དེའི་ནང་གི་སློབ་ཕྲུག་ ༡༠༠ ཙམ་གྱིས་ནང་ཆོས་ལ་དོ་དབྱིངས་བྱེད་ཀྱི་ཡོད། དེ་དག་ལས་སློབ་ཕྲུག་ ༢༠ ནི་དངོས་གནས་དོ་གལ་ཆེན་པོའི་ནང་ཆོས་ཉམས་ལེན་པ་ཡིན་པ་རེད།

ཇི་ལྟར་སྐུ་འབུམ་གྱི་གནས་སྟངས་ལྟར། ཧན་རྒྱ་རིགས་ལོ་ན་སྣ་ཚོགས་པ་མང་པོ་ནམ་རྒྱུན་འཆར་ཅན་པེ་ཅིང་དུ་ཡོད་པའི་ནང་སོག་གི་དགོན་པ་ཡོང་ཧེ་ཧོང་ (Yonghehong) 雍和宫 ལ་ཕྱིན་ཏེ། ཆོ་ག་དང་སྨོན་ལམ་སྐབས་སུ་གྲྭ་པ་ཚོ་དང་མཉམ་དུ་སྡོད་ཀྱི་ཡོད། གཞན་མང་པོ་བདུག་སྤོས་འབུལ་བའི་ཕྱིར་དགོན་པར་ཡོང་གི་ཡོད། ཁོང་ཚོས་གྲྭ་པ་ཚོར་ཆོས་དང་འབྲེལ་བའི་དྲི་བ་མང་པོ་གཏོང་གི་ཡོད། འོན་ཀྱང་། དྲག་རྩལ་ཀུང་ཧྥུང་ (Kungfu) གི་གློག་བརྙན་མང་པོ་མཐོང་བའི་རྐྱེན་གྱིས་རྒྱ་མི་མང་ཆེ་བ་གཙོ་བོ་མཐུ་དང་ནུས་པ་ཐོབ་པའི་ཆེད་དུ་ནང་ཆོས་ལ་དོ་སྣང་ཡོད་པ་རེད། རྒྱ་ནག་གི་ནང་པའི་ལྷ་ཁང་ཁག་གི་ནང་ཚོན་སྣ་སོགས་པའི་རྒྱས་སྤྲོས་དང་བཀྲག་ཆེ་བའི་ཆོ་གའི་རིགས་མེད་པ་སོང་ཙང་། བོད་ཀྱི་གསང་སྔགས་ཀྱི་ཆོ་གའི་རིགས་བཀྲག་མདངས་ཅན་གྱིས་ཁོང་ཚོ་ཡིད་འཕྲོག་པར་བྱེད་ཀྱི་ཡོད། ཡིན་ནའང་། ཁོང་ཚོར་དགེ་བའི་བཤེས་གཉེན་མེད་པ་སོང་ཙང་། ཕྱིའི་རྣམ་པ་ཁག་ལ་བསམས་ནས་སེམས་འཁྲལ་བྱེད་ཀྱི་ཡོད། དཔེར་ན། ཚོང་དང་མི་ཚེའི་ནང་ལམ་ལྷོང་དང་འགྲུབ་འབྲས་ལྡན་པ་ཞིག་ཡོང་བར། སངས་རྒྱས་ཀྱི་སྐུ་འདྲའི་ཆེ་ཆུང་དང་ཚོན་མདོག་གང་འདྲ་ཞིག་ཉོས་ནས་ཉར་དགོས་པའི་ཐད་སེམས་འཁྲལ་བྱེད་ཀྱི་ཡོད།
 
པེ་ཅིང་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་ལ་དོ་དབྱིངས་ཡོད་མཁན་གྱི་རྒྱ་རིགས་འགའ་ཞིག་ནི་མན་ཇུའི་རིགས་རྒྱུད་ནས་ཡིན་པ་རེད། ཁྲེང་ཏེ་ (Chengde) ཡོད་པའི་མན་ཇུ་ ༣༠ ཙམ་ལ་དད་པ་ཡོད། པེ་ཅིང་དང་ཁྲེང་ཏེ་ནི་མན་ཇུའི་དགོན་པ་ཡོད་པའི་རྒྱ་ནག་ནང་གི་ས་ཆ་གཉིས་ཁོ་ན་ཡིན་པ་རེད།
 
སི་ཁྲོན་ཞིང་ཆེན་གྱི་ཁྲེན་ཏུར་ཡོད་པའི་ཀྲའོ་ཅུས་ སི་ (Zhaojue Si) 昭觉寺 དགོན་པའི་ནང་ཧན་རྒྱ་རིགས་གྲྭ་པ་ ༣༠༠ ནང་ནས་ཉིས་བརྒྱས་ (༢༠༠) དག་ཞིང་དང་། བསམ་གཏན་པ། དགེ་ལུགས་པའི་གསང་སྔགས་ཟུང་འབྲེལ་དུ་ཉམས་ལེན་བྱེད་ཀྱི་ཡོད། ཁོང་ཚོས་རྒྱ་ནག་གི་གྲྭ་ཆས་མི་འདྲ་བ་སྣ་ཚོགས་པ་གྱོན་ནའང་། དེ་དག་འགའ་ཞིག་གི་སྟེང་ལ་བོད་ཀྱི་གཟན་གྱོན་གྱི་ཡོད། ཁོང་ཚོའི་ལྷ་ཁང་རྣམས་ནི་བོད་དང་རྒྱ་ནག་གི་བཟོ་བཀོད་འདྲེས་མ་ཡིན་པ་དང་དེའི་ནང་གི་སྐུ་འདྲ་ནི་རྒྱ་བོད་གཉིས་ཀའི་ལུགས་སུ་ཡོད། འདིར་སྔོན་པཎ་ཆེན་རིན་པོ་ཆེས་ཐེངས་མ་གཅིག་དབང་གནང་ཡོད་ནའང་། པཎ་ཆེན་རིན་པོ་ཆེ་དང་༧གོང་ས་མཆོག་གཉིས་ཀའི་སྐུ་པར་མེད། དགོན་པ་འདིའི་ས་ཆར་དག་ཞིང་གི་ལྷ་ཁང་ཞིག་ཡོད་པ་དང་། དེའི་ནང་ལོགས་སུ་གྲྭ་པ་དང་། བཙུན་མ། མི་སྐྱ་ ༡༠༠ ཙམ་གྲལ་སྒྲིག་ནས་ན་མོ་ཨ་མི་ཏཱ་བྷ་ (Namo Amitofo) འདོན་བཞིན་དུ་སྐོར་བ་མཉམ་དུ་རྒྱག་སྲོལ་ཡོད།
 
ཁྲེན་ཏུར་ཡོད་པའི་རྒྱའི་དགོན་པ་གཙོ་བོ་ཝེན་ཧྲུ་(འཇམ་དཔལ་དབྱངས་) ཡོན་ (Wenshu Yuan) 文殊院 ལ་ཧན་རྒྱ་རིགས་ལོ་ན་འདྲ་མིན་ཡང་སེ་འཚང་ཀ་རྒྱག་ནས་སྤོས་འབུལ་བ་དང་སྨོན་ལམ་རྒྱག་གི་ཡོད། དེ་ནི་རྒྱ་ནག་ཏུ་ཡོད་པའི་ནང་པའི་ལྷ་ཁང་ནང་ནས་བྱེད་སྒོ་མང་ཤོས་ཡོད་པ་དང་འཚང་ཀ་ཆེ་ཤོས་ཤིག་ཡིན་པ་རེད།།

Top