རི་བོ་རྩེ་ལྔ་ (Wutaishan) 五台山 ནི་རྒྱ་ནག་ཧྲན་ཤིའི་ (Shanxi) 山西 ཞིང་ཆེན་དུ་ཡོད་པའི་འཇམ་དཔལ་དབྱངས་ཀྱི་གནས་རི་ཡིན་པ་དང་དེར་ནང་པའི་དགོན་པ་ ༥༧ ཡོད། དགོན་པ་དེ་དག་ལས་དང་པོ་ཤིའན་ཐོང་སི་ (Xiantong Si) 显通寺 ནི་དུས་རབས་ ༧ པའི་ནང་བཞེངས་ཤིང་། དེ་ཡང་བྷཻ་མ་སི་ (Baima Si) 白马寺 ནས་མཆོད་རྟེན་ཞིག་དེར་ཁྱེར་བའི་སྐབས་ཡིན་པ་རེད། སྲོལ་རྒྱུན་ལྟར་ན། དེ་ནི་རྒྱ་ནག་ལུའོ་ཡང་ (Luoyang) 洛阳 གི་ནང་པའི་ལྷ་ཁང་ཐོག་མ་དེ་ཡིན་པ་རེད། དེ་ནས་མི་རིང་བར་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་ལྷ་ཁང་ཐོག་མ་འདིར་བཞེངས་ཡོད། དེ་ནི་ཕལ་ཆེར་ནུབ་ཕྱོགས་ཀུན་འདུས་གླིང་ (Shifang Tang) 十方堂 ཡིན་སྲིད་ནའང་། དེ་ལ་ངེས་པ་ཞིག་མི་འདུག རིག་གནས་གསར་བརྗེའི་སྐབས་སུ་རི་བོ་རྩེ་ལྔར་ཡོད་པའི་དགོན་པ་རྣམས་དེ་ཙམ་གྱིས་གཏོར་སྐྱོན་ཐེབས་པའི་བཟོ་འདྲ་མི་འདུག དེ་དག་མང་ཆེ་བ་སྒོ་རྒྱག་ཡོད་པ་དང་དེ་ནས་རིམ་པས་ཕྱི་ལོ་ ༡༩༨༢ ལོ་ནས་འགོ་ཚུགས་ཏེ་སྒོ་ཕྱེས་ཡོད།
རི་བོ་མཐོ་པོ་འདིའི་དཀྱིལ་གྱི་ཆ་རུ་ཡོད་པའི་དགོན་པ་རྣམས་ལ་ཡུལ་སྐོར་སྤྲོ་འཆམ་པས་ཁེངས་ནས་ཡོད་པ་དང་ཧན་རྒྱ་རིགས་ཚོང་པ་ཚོས་ཞོགས་པ་ཆུ་ཚོད་དྲུག་པ་ནས་མཚན་མོ་ཕྱི་པོའི་བར་དུ་སྐད་སྒྲ་དང་དྲག་ཤུལ་ཧ་ཅང་ཆེན་པོའི་སྒོ་ནས་དྲན་རྟེན་དངོས་ཆས་རིགས་འཚོང་བཞིན་ཡོད། ཞི་ལྷིང་ངང་ཉམས་ལེན་བྱེད་པར་འགོག་རྐྱེན་མང་པོ་ཡོད། བོད་དང་ནང་སོག་གི་དགོན་པ་འགའ་ཞིག་གི་ནང་༧གོང་ས་མཆོག་གི་སྐུ་འདྲ་རྙིང་པ་དེ་འདྲ་ཡོད།
དགོན་པ་དང་ལྷ་ཁང་ཆེ་ཁག་འགའ་ཞིག་ནི།
༡༽ ནུབ་ཕྱོགས་ཀུན་འདུས་གླིང་། འདིའི་ནང་གྲྭ་པ་ ༢༠ ཡོད་པ་དེ་དག་གཙོ་བོ་ཨ་མདོ་ནས་ཡིན་པ་དང་། ཁོང་ཚོས་དགེ་ལུགས་པའི་ལུགས་ཀྱི་གསང་སྔགས་ཀྱི་ཆོ་གའི་རིགས་བསྒྲུབ་ཀྱི་ཡོད། དེ་ཡང་གཙོ་བོ་གཤིན་རྗེ་གཤེད་དང་མགོན་པོ་ནག་པོ་ལྟ་བུ་རེད། སྔོན་དགོན་འདིའི་ནང་གྲྭ་པ་ ༢༠༠ ཡོད་པ་རེད།
༢༽ བྱ་རྒོད་ཕུང་པོའི་དགོན་པ། (Pusa Ding) 菩萨顶 འདིའི་ནང་ཧན་རྒྱ་རིགས་གྲྭ་པ་བཅུ་ (༡༠) ཡོད། སྔོན་འདིའི་ནང་གྲྭ་པ་ ༥༠༠ ཡོད་པ་དང་གཙོ་བོ་ནང་སོག་ནས་ཡིན་ཞིང་། དགོན་པ་འདི་བོད་སོག་ཁང་བཟོའི་ལུགས་ལྟར་བཞེངས་ཡོད། དགོན་པ་དེའི་ནང་གཤིན་རྗེ་གཤེད་དང་གུ་རུ་རིན་པོ་ཆེ་གཉིས་ཀའི་ལྷ་ཁང་ཡོད་ནའང་། གྲྭ་པ་ཚོས་རྒྱུན་ལྡན་བླ་མ་མཆོད་པ་གཅིག་པུ་ཁ་ཏོན་བྱེད་ཀྱི་ཡོད་པའི་བཟོ་འདྲ་འདུག
༣༽ དར་རྒྱས་འཛིན་དགོན་པ། (Luohou Si) 罗喉寺 འདིའི་ནང་ནང་སོག་གྲྭ་པ་སུམ་ཅུ་ཡོད་པ་དང་དེ་དག་གིས་གཙོ་བོ་གཤིན་རྗེ་གཤེད་ཀྱི་ཆོ་གའི་རིགས་བསྒྲུབ་ཀྱི་ཡོད། སྔོན་དགོན་འདིའི་ནང་གྲྭ་པ་ ༡༥༠ ཡོད་པ་རེད། དགོན་འདི་བཟོ་བཀོད་རྒྱ་ལུགས་ཡིན་པ་དང་རྒྱའི་འོད་དཔག་མེད་ཀྱི་དག་ཞིང་ཆོས་བརྒྱུད་ཀྱི་ལྷ་ཁང་ཞིག་ཡོད།
༤༽ མཆོད་བརྟེན་དགོན་པ་ (Tangut Si) ཉེ་ཆར་སླར་ཡང་འགོ་འཛུགས་བྱས་ཤིང་། འདིའི་ནང་ཧན་རྒྱ་རིགས་དང་ནང་སོག་གི་གྲྭ་པ་ ༦༠ ཡོད། དེ་དག་གིས་རྒྱ་དང་། སོག་པོ། བོད་ལུགས་བཅས་མཉམ་སྡེབ་བྱས་པའི་གྲྭ་ཆས་གྱོན་གྱི་ཡོད། ཁོང་ཚོས་རྒྱ་ནག་གི་དག་པའི་ཞིང་གི་ཆོས་བརྒྱུད་དང་དགེ་ལུགས་པའི་གསང་སྔགས་ཉམས་ལེན་བྱེད་ཀྱི་ཡོད། དེ་ཡང་གཙོ་བོ་གཤིན་རྗེ་གཤེད་རེད། དགོན་པ་འདིའི་ནང་སངས་རྒྱས་ཀྱི་ཚེམས་ཤིག་ཡོད་པའི་མཆོད་རྟེན་ཞིག་ཀྱང་ཡོད།
༥༽ ཤིའན་ཐོང་ སི། (Xiantong) འདིའི་ནང་ཧན་རྒྱའི་གྲྭ་པ་ ༣༠༠ ཡོད་པ་དང་དེ་དག་གིས་དག་ཞིང་ཆོས་བརྒྱུད་ཉམས་ལེན་བྱེད་ཀྱི་ཡོད། འདི་ནི་རི་བོ་རྩེ་ལྔའི་དགོན་པ་རྙིང་ཤོས་དེ་རེད།
༦༽ ལྕང་ཀྱ་རོལ་པའི་རྡོ་རྗེའི་དགོན་པ། (Zhenhai Si) 镇海寺 འདིའི་ནང་ནང་སོག་གྲྭ་པ་ ༡༥ ཡོད་པ་དེ་དག་གིས་བོད་ཡིག་སྦྱོང་འགོ་ཚུགས་ཙམ་རེད། འདི་ནི་ལྕང་ཀྱ་རོལ་པའི་རྡོ་རྗེའི་དགོན་པ་ཡིན་པ་རེད།
༧༽ རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་བྲག་ཕུག་གམ་ (Guanyin Tong) 观音洞 སྤྱན་རས་གཟིགས་ཀྱི་བྲག་ཕུག་ནང་། གྲྭ་པ་གསུམ་ཡོད། འདིར་༧གོང་ས་སྐུ་ཕྲེང་དྲུག་པ་ལྷ་ས་ནས་ཐོན་པའི་རྗེས་སུ་ལོ་དྲུག་གི་རིང་སྒོམ་སྒྲུབ་གནང་ཡོད།
ཡུན་གང་བྲག་ཕུག (Yungang Caves) 云冈石窟 ནི་ཏ་ཐོང་ (Datong) 大同 གི་ཉེ་འཁྲིས་སུ་ཡོད་པ་དང་དེ་ནི་དུས་རབས་ལྔ་པའི་ཕྱེད་གཉིས་པའི་ནང་བྱང་ཝེའི་རྒྱལ་རྒྱུད་དུས་སྐབས་སུ་བཞེངས་པ་རེད། འདིར་མན་ཇུ་ཀང་ཤི་གོང་མས་དུས་རབས་ ༡༧ པའི་མཇུག་ཏུ་གྲྭ་པ་ ༣༠༠༠ ཡོད་པའི་ནང་པའི་དགོན་པ་ཞིག་ཡོད་ནའང་། དེའི་ཤུལ་ལུས་མེད། དེ་ནི་བོད་ལུགས་དང་རྒྱ་ལུགས་གང་ཡིན་གསལ་ཁ་མི་འདུག །