གླང་དར་མ་བཀྲོངས་པའི་རྗེས་སུ་བོད་སིལ་བུར་ཐོར་བ།
སྤྱི་ལོ་ ༨༤༢ ལོར་བོད་ཀྱི་རྒྱལ་ཁམས་དེ་བཞིན་གླང་དར་མ་བཀྲོངས་པའི་རྗེས་སུ་སིལ་བུར་ཐོར་ནས་དབུས་སྲིད་གཞུང་དེ་དུས་རབས་བཞིའི་རིང་བསྐྱར་གསོ་བྱས་མེད།
བོད་ཀྱི་རྒྱལ་པོའི་དམག་དཔུང་རྣམས་རྒྱ་ནག་དང་། སྦར་མ། གླང་དར་མའི་སྲིད་དབང་སྐབས་ཀྱི་དབུས་ཨེ་ཤི་ཡའི་དར་སྐུད་ཚོང་ལམ་བཅས་ས་མཚམས་ཀྱི་ས་ཁུལ་དེ་དག་ནས་ཕྱིར་འཐེན་བྱས་ཟིན་པ་དང་། ཁོང་འདས་པའི་རྗེས་སུ་མི་རིང་བར་ས་ཁུལ་དེ་དག་གི་ནང་བར་གནས་རྒྱལ་ཁབ་ཆུང་ངུ་མང་པོ་བྱུང་ཡོད། འོན་ཀྱང་དེའི་རྗེས་ཀྱི་དུས་རབས་འགའ་ཤས་རིང་བོད་ཀྱི་སྐད་ཡིག་དང་ནང་པའི་རིག་གཞུང་ནི་བར་གནས་རྒྱལ་ཁབ་དེ་དག་གི་ནང་མུ་མཐུད་དེ་གལ་འགངས་ཅན་དུ་གྱུར། དཔེར་ན། དེ་སྔོན་བོད་ཀྱིས་དབང་སྒྱུར་བྱས་པའི་ཨ་མདོ་དང་། ཀན་སུའུ། ཏཱ་རིམ་ལུང་གཞོང་གི་ས་ཁུལ་ཁག་གི་ཁོངས་སུ་མངའ་སྡེ་གང་དག་གཏོགས་ཡོད་ཅེ་ན།
- ཙོང་ཁ། ཨ་མདོ་ཀོ་ཀོ་ནོར་ས་ཁུལ་གྱི་ནང་སྤྱི་ལོ་ ༡༡༨༢ བར་དུ་གནས།
- གྲོང་ཁྱེར་མངའ་སྡེ་ཡུ་གུར་སེར་པོ་ (Yellow Yugurs) (༨༦༦-༡༠༢༨) ཀན་སུའུའུ་སྐམ་རྒྱུད་སྲང་ལམ་དུ་གནས།
- གུ་ཡི་ཇུན་ (Guiyijun) (༨༤༨-༨༩༠) ཏུན་ཧོང་གི་ཉེ་འཁྲིས་སུ་ཡོད་པའི་ཀན་སུའུ་ནུབ་ཀྱི་ས་ཁུལ་དུ་གནས།
- ཁུ་ཆོ་ཡུ་གུར་ (Qocho Uighurs) གྱི་ཀ་ར་ཁོ་ཇ་ (Karakhoja) (༨༦༦-༡༢༠༩) ཏཱ་རིམ་ལུང་གཞོང་གི་བྱང་སྣེ་བརྒྱུད་པའི་བྱེ་ཐང་དུ་གནས།
ཉུང་མཐར་སྤྱི་ལོ་ ༩༢༠ བར་དུ་བོད་ཀྱི་སྐད་ཡིག་ནི་ཀན་སུའུའི་སྐམ་རྒྱུད་སྲང་ལམ་དང་ལི་ཡུལ་བར་གྱི་དར་སྐུད་ཚོང་ལམ་བརྒྱུད་ནས་ཚོང་དོན་དང་རྒྱལ་འབྲེལ་གྱི་དགོས་དོན་ཆེད་དུ་བཀོལ་སྤྱོད་བྱས། གང་ཡིན་ཞེ་ན། བོད་སྐད་ནི་དེར་གནས་པའི་མི་སྣ་ཚོགས་པའི་ཐུན་མོང་གི་སྐད་ཡིག་དེ་ཡིན། ཐ་ན་རྒྱ་ནག་ནང་པའི་དཔེ་ཆ་འགའ་ཞིག་ཀྱང་ཁ་འདོན་བྱ་སླ་བའི་ཕྱིར་དུ་བོད་ཀྱི་ཡི་གེར་སྒྲ་ཕབ་བྱས་ཡོད།
ས་ཁུལ་དེར་ཡོད་པའི་མཁས་པ་ཚོས་ནང་པའི་དཔེ་ཆ་རྣམས་བོད་སྐད་ནས་སྐད་ཡིག་གཞན་མང་པོའི་ནང་བསྒྱུར་ཡོད། དཔེར་ན། སྤྱི་ལོ་ ༩༣༠ ལོའི་འགོ་སྟོད་ལ་ཙོང་ཁའི་མཁས་དབང་ཚོས་ནང་པའི་དཔེ་ཆ་རྣམས་བོད་སྐད་ནས་ཡུ་གུར་སྐད་དུ་བསྒྱུར་བ་ལྟ་བུ་རེད།
སྤྱིར་བཏང་མི་ཉག་ནང་པའི་གཞུང་ལུགས་མང་ཆེ་བ་རྒྱ་སྐད་ནས་བསྒྱུར་ཡོད་ནའང་། མི་ཉག་མངའ་སྡེ་ (Ch. Xi Xia) (༩༨༢-༡༢༢༧) དེ་ཨ་མདོའི་ཤར་ཕྱོགས་དང་ཀན་སུའི་ལྷོ་ཕྱོགས་ཏེ། དེང་སང་ནིང་ཤི་ཡ་ (Ningxia) ལ་བཙུགས་རྗེས་སྤྱི་ལོ་ ༡༠༤༩ ནས་འགོ་ཚུགས་ཏེ་བོད་བརྒྱུད་ནང་བསྟན་གྱི་གཞུང་རྣམས་མི་ཉག་གི་སྐད་དུ་བསྒྱུར། གང་ལྟར་ཡང་། མི་ཉག་གི་ཡུལ་ཁམས་དེ་ཐོག་མར་རྩ་འཛུགས་མ་བྱས་གོང་ནས་ས་ཁུལ་ཁག་ཏུ་བོད་ཀྱི་སྐད་ཡིག་རྒྱ་ཆེར་ཁྱབ་ཡོད། དེར་བརྟེན་བོད་ཀྱི་ཀ་མད་འབྲི་གཟུགས་དེ་མི་ཉག་གི་འདྲ་གཟུགས་ཡི་གེ་ཧ་ཅང་མགོ་རྙོག་ཅན་དེ་སྒྲ་ཡིག་ཏུ་འབེབས་པར་བེད་སྤྱོད་བྱས་ཡོད།
གླང་དར་མ་བཀྲོངས་པའི་རྗེས་སུ་ཁོང་གི་སྲས་རྣམས་ཕན་ཚུན་རྒྱལ་སྲིད་ཀྱི་ཁྲི་ལ་འགྲན་རྩོད་བྱས། སྤྱི་ལོ་ ༩༢༩ ནས་གླང་དར་མའི་བཙུན་མོ་བགྲེས་པའི་སྲས་གནམ་སྡེ་འོད་སྲུང་གི་བརྒྱུད་པས་མཐར་བོད་ནུབ་ཕྱོགས་མངའ་རིས་ནང་དབང་སྒྱུར་བྱས། དེ་ནི་སྔོན་ནང་བསྟན་མ་དར་གོང་གི་ཞང་ཞུང་གི་རྒྱལ་གཞིས་ས་ཁུལ་ཡིན་པ་རེད། དེ་བཞིན་གླང་དར་མའི་བཙུན་མོ་གཞོན་པའི་སྲས་མངའ་བདག་ཡུམ་བརྟན་གྱི་བརྒྱུད་པས་བོད་དབུས་སུ་དབང་རྒྱུར་བྱས། དེ་ནི་བོད་དབུས་ཤར་གྱི་ཕྱེད་ཙམ་དེ་ཡིན། མངའ་རིས་རྒྱལ་གཞིས་ཁོངས་སུ་བོད་ནུབ་ཕྱོགས་གཅིག་པུ་མིན་པར། པ་མིར་རི་བོ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་ཀྱི་ས་ཁུལ་རྒྱ་ཆེན་པོ་ཞིག་དང་། དེང་སང་གི་ནུབ་བྱང་པཱ་ཀིསྟཱན་གྱི་གྷིལ་གིཏ་ནས་བརྒྱུད་དེ་ཤར་ལ་དྭགས་དང་དེང་སང་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་སྤི་ཏི། དེང་སང་གི་ནུབ་བྱང་གི་བལ་པོའི་ཡུལ་གྱི་བར་དུ་གཏོགས་པ་ཡིན།
བོད་ཀྱི་ས་ཁུལ་གཞན་ཁག་ནི་ཡུལ་ཁམས་མང་པོའི་ནང་ཁ་ཐོར་བ་དང་དེ་དག་རེ་རེ་ལ་སོ་སོའི་སྡེ་དཔོན་རེ་དང་རྫོང་རེ་ཡོད། དེ་དག་ཕན་ཚུན་འཐབ་འཛིངས་དང་མཐུན་གྲོས་རེས་མོས་བཞིན་བྱས།
རབ་བྱུང་གི་སྡོམ་རྒྱུན་བསྐྱར་གསོ།
གླང་དར་མའི་སྲས་རྣམས་ཀྱིས་ནང་པའི་སྐུ་འདྲ་དང་དཔེ་ཆ་མང་པོ་ཞིག་སྲུང་སྐྱོབ་ཆེད་དུ་སྦས་པ་དང་གོས་དཀར་ལྕང་ལོ་ཅན་གྱི་སྡེའམ་སྐྱ་པོ་སྔགས་ཀྱི་སྲོལ་རྒྱུན་ལམ་ལུགས་དེ་ཐ་ན་བོད་དབུས་སུའང་མུ་མཐུད་ནས་ཡོད། དེ་ལྟ་ནའང་། དེར་ཡོད་རབ་བྱུང་ངུར་སྨྲིག་གི་སྡེ་ནི་མཇུག་རྫོགས་པ་རེད། འོན་ཀྱང་གྲྭ་པ་གསུམ་ཨ་མདོ་ཙོང་ཁའི་རྒྱལ་གཞིས་སུ་བྲོས་ཕྱིན་པ་དང་དེར་རྒྱའི་བཙུན་པ་གཉིས་ཀྱི་རོགས་ལ་བརྟེན་ནས་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་རབ་བྱུང་གི་སྡོམ་པ་མུ་མཐུད་ནས་རྒྱུན་འཛིན་བྱས།
མི་རིང་བར་དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་སྣེ་ཁྲིད་ནས་གཞོན་ནུ་བཅུ་འགྲུལ་བཞུད་དང་བཅས་སློབ་སྦྱོང་དང་རབ་བྱུང་གི་སྡོམ་པ་ཐོབ་ཕྱིར་དེར་ཕྱིན། སྤྱི་ལོ་ ༩༡༢ ལོར་རབ་བྱུང་གི་སྡོམ་པ་མེད་ནས་ལོ་བདུན་བཅུའི་རྗེས་སུ་དེ་དག་གིས་དབུས་སུ་རབ་བྱུང་གི་སྡོམ་པ་དེ་སླར་ཡང་དར་བར་བྱས་ཤིང་། ལྷ་ཁང་བདུན་གསར་བཞེངས་མཛད། ལྷ་ཁང་དེ་དག་གི་ནང་ཀླུ་མེས་ཀྱི་སློབ་མ་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བཞེངས་པའི་རྒྱལ་ལྷ་ཁང་དེ་ཡོད། འོན་ཀྱང་ནང་པའི་སྲོལ་རྒྱུན་གྱི་ཁུངས་ཁག་གི་ནང་། ལྷ་ཁང་འདི་བཞེངས་པའི་ལོ་ནི་སྤྱི་ལོ་ ༡༠༡༢ ལོར་ཡིན་ཞེས་འཁོད་ཡོད།
བསྟན་པ་ཕྱི་དར་འགོ་ཚུགས་པའི་སྐབས།
དུས་རབས་བཅུ་པའི་དུས་ཕྱེད་ཙམ་ལ་མངའ་རིའི་རྒྱལ་པོ་བཙན་པོ་ཁོ་རེས་རང་གི་གཅེན་པོ་སྲོང་ངེའི་ཆེད་དུ་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་། ཁོང་ལ་རིགས་རྒྱུད་ཀྱི་ཆ་ནས་ལྷ་བླ་མ་ཡེ་ཤེས་འོད་ཅེས་སུ་གྲགས་པ་རེད།
བོད་ནུབ་ཕྱོགས་སུ་ནང་ཆོས་ཉམས་ཉེས་འགྲོ་བཞིན་པ་དེ་ཁ་ཕྱོགས་བརྗེ་བའི་ཐུགས་འདུན་དང་བཅས་ཡེ་ཤེས་འོད་ཀྱིས་སྤྱི་ལོ་ ༩༧༡ ལོར་གཞོན་སྐྱེས་ཉི་ཤུ་རྩ་གཅིག་ལེགས་སྦྱར་སྐད་དང་ནང་ཆོས་སྦྱོང་ཕྱིར་ཀཤྨིར་ལ་བཏང་མཛད། དེ་དག་ལས་རིན་ཆེན་བཟང་པོ་ (༩༥༨-༡༠༥༡) དང་ལེགས་པའི་ཤེས་རབ་གཉིས་ཁོ་ན་འགྲུལ་བཞུད་སྐབས་འཚོ་བཞུགས་ཐུབ་པར་བྱུང་སྟེ། མཐར་སྙན་གྲགས་ཅན་གྱི་ལོ་ཙཱ་བ་མང་པོ་སྐྱེད་སྲིང་བྱུང་ཡོད། ཀཤྨིར་དང་རྒྱ་གར་བྱང་ཕྱོགས་ཀྱི་དགོན་པ་གྲགས་ཅན་ཁག་ལ་བསླབ་པ་སློབ་གཉེར་གནང་བཞིན་པའི་སྐབས། ཁོང་ཚོས་བོད་དུ་རྒྱ་གར་གྱི་མཁས་པ་ཆེན་པོ་པཎྜི་ཏ་འགའ་ཞིག་བཏང་། མཁས་དབང་དེ་དག་ནི་གཙོ་བོ་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་ལུགས་ཡིན་ནའང་། དེ་དག་གིས་རྒྱ་གར་གྱི་གྲུབ་མཐའ་འགའ་ཞིག་མཚོན་པར་བྱས་ཡོད།
ཡེ་ཤེས་འོད་ཀྱིས་མུ་མཐུད་ནས་རྒྱ་གར་གྱི་མཁས་པ་པཎྜི་ཏ་བོད་དུ་གདན་འདྲེན་ཞུས། དེ་དག་ལས་དྷརྨ་པཱལ་དང་ཁོང་ལ་གྲོགས་བྱེད་མཁན་གྱི་རྒྱ་གར་གྱི་སློབ་མ་རྣམས་དང་མཉམ་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རབ་བྱུང་གི་སྡོམ་རྒྱུན་གཉིས་པ་དེ་བོད་དུ་འགོ་ཚུགས། ཁོང་ཚོས་སྡོམ་པ་ནོད་པ་དེ་ནས་བཟུང་སྟེ་བོད་དུ་བསྟན་པ་ཕྱིར་དར་ཞེས་སུ་གྲགས་པའི་དུས་སྐབས་དེ་འགོ་ཚུགས་པ་རེད། དེ་ལས་ལྡོག་སྟེ། དེ་སྔོན་གྱི་དུས་སྐབས་ལ་བསྟན་པ་སྔ་དར་ཞེས་སུ་གྲགས་པ་རེད།
བོད་ཀྱི་སྲོལ་རྒྱུན་གྱི་ལོ་རྒྱུས་ཁུངས་གཞན་གྱི་ནང་བསྟན་པ་ཕྱི་དར་དེ་ཀླུ་མེས་ཀྱི་སྡོམ་རྒྱུན་ནས་འགོ་བཙུགས་ཞེས་བརྗོད་ཅིང་། དེ་ཡང་སྤྱི་ལོ་ ༩༧༣ ཡང་ན་ ༩༧༨ གང་རུང་ཁེལ་གྱི་ཡོད། ཀླུ་མེས་ཀྱི་སློབ་མས་སྤྱི་ལོ་ ༡༠༡༢ ལོར་བཞེངས་པའི་རྒྱལ་ལྷ་ཁང་ཐོག་མར་གསར་འཛུགས་ཀྱི་ལོ་འདི་ཡིན་ཞེས་སྲོལ་རྒྱུན་དེ་དག་གི་ནང་འཁོད་ཡོད།
རིན་ཆེན་བཟང་པོ་དང་ལེགས་པའི་ཤེས་རབ་གཉིས་སྤྱི་ལོ་ ༩༨༨ ལོར་མངའ་རིས་སུ་ཕྱིར་ལོག་ཕེབས། བསྟན་པ་ཕྱི་དར་གྱི་ཆ་ཤས་སུ་རིན་ཆེན་བཟང་པོས་མངའ་རིས་ཕྱོགས་སུ་དགོན་པ་འགའ་ཞིག་གསར་དུ་བཞེངས་། དེ་དག་ལས་སྤི་ཏི་ལ་ཡོད་པའི་རྟ་པོ་དགོན་པ་དེ་གཅིག་རེད། དེ་ནི་སྤྱི་ལོ་ ༩༩༦ ལོར་ཕྱག་བཏབ། ལོ་དེའི་ནང་ཡེ་ཤེས་འོད་ཀྱིས་མཐོ་ལིང་དགོན་པའང་ཕྱག་བཏབ། འདི་ལ་སྐབས་རེར་གུ་གེ་མཐོ་ལྡིང་དགོན་པ་ཞེས་འབྲི་སྲོལ་ཡོད།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་པ།
དུས་སྐབས་དེའི་རིང་ལ་གྷཛ་ན་ཝིད་ཡིས་གྷཛྣིའི་མ་ཧ་མུད་ (Ghaznavids, Mahmud of Ghazni) (སྲིད་བསྐྱངས་ལོ། ༩༩༨-༡༠༣༠) ཀྱི་མངའ་འོག་ཏུ་དེང་སང་གི་པཱ་ཀིསྟཱན་དང་། རྒྱ་གར་གྱི་མངའ་སྡེ་ཧི་མ་ཅལ་ལ་ཡོད་པའི་པན་ཇབ། དེ་བཞིན་རྡི་ལིའི་ཉེ་འཁོར་གྱི་ས་ཁུལ་རྣམས་དབང་དུ་བསྡུས། ས་ཁུལ་ཁག་ལ་མ་ཧ་མ་དའི་དམག་དཔུང་གིས་ནང་པའི་དགོན་སྡེ་མང་པོར་གནོད་སྐྱོན་བཏང་བའི་རྐྱེན་གྱིས་གྲྭ་པ་མང་པོ་ཞིག་མངའ་རིས་སུ་སྐྱབས་བཅོལ་བཙལ་བ་རེད། མཐར་མངའ་རིས་སུ་གྲྭ་པ་མང་པོ་བྲོས་པ་དང་སྤྱི་ལོ་ ༡༠༢༠ ཡས་མས་སུ་མངའ་རིས་རྒྱལ་པོས་རང་ཡུལ་དུ་ཕྱི་མི་ལོ་གསུམ་ལས་མང་བ་སྡོད་མི་ཆོག་པའི་དམ་བསྒྲགས་ཀྱི་ཁྲིམས་ལུགས་ཤིག་གཏན་འབེབས་བྱས།
ཐག་མ་ཆོད་པའི་གནས་སྟངས་དེ་དག་གི་འོག་ཏུ་ཁོང་གི་ལོ་རྗེས་མ་དག་གི་ནང་ཡེ་ཤེས་འོད་ཀྱིས་རྒྱ་གར་དབུས་བྱང་ཁུལ་གྱི་དགོན་པ་བིཀྲ་མ་ཤཱིལ་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ (༩༨༢-༡༠༥༤) བོད་དུ་གདན་དྲངས། དེ་ཡང་ཡེ་ཤེས་འོད་ཀྱིས་རྒྱ་གར་གྱི་མཁས་པ་ཆེན་པོ་ཨ་ཏི་ཤས་བོད་དུ་ནང་ཆོས་སླར་གསོ་མཛད་ཐུབ་ངེས་ཡིན་པ་མ་ཟད། གྲུབ་མཐའ་ཁག་གི་ལུགས་མི་འདྲ་བར་གཞིར་བྱས་ནས་བྱུང་བའི་མགོ་རྨོངས་དག་ཀྱང་སེལ་ཐུབ་ངེས་ཡིན་པའི་རེ་བ་བྱས་ཡོད། དེ་ལྟ་བས་ན་ཁོང་གིས་རྒྱ་བརྩོན་འགྲུས་སེང་གེ་གསེར་གྱི་ལེགས་སྐྱེས་དང་བཅས་རྒྱ་གར་དུ་གདན་འདྲེན་ཆེད་མངགས། ཨ་ཏི་ཤས་ཁོང་རྒྱ་གར་དུ་ནང་ཆོས་ཉམས་རྒུད་འགྲོ་བཞིན་ཡོད་པ་དེ་བཀག་སྐྱིལ་ཆེད་བཞུགས་དགོས་སྐོར་འགྲེལ་བརྗོད་གནང་སྟེ། ལེགས་སྐྱེས་དང་གདན་ཞུ་ལ་ངོས་བཞེས་གནང་མེད།
ཡེ་ཤེས་འོད་ཀྱིས་ཨ་ཏི་ཤས་གདན་ཞུ་ངོས་བཞེས་མ་གནང་བ་དེ་གསེར་གྱིས་མ་འདང་བའི་རྐྱེན་གྱིས་རེད་ཅེས་དགོངས་ནས་ཁོང་གར་ལོག་ལ་གསེར་འཚོལ་ཏུ་ཕེབས། གར་ལོག་རྣམས་ནི་མངའ་རིའི་ནུབ་བྱང་ཕྱོགས་སུ་གནས་པའི་ཏུར་ཀིའི་མི་སྡེ་ཁག་ཅིག་རེད། སྟབས་ཉེས་པ་ཞིག་ལ་གར་ལོག་རྒྱལ་པོས་ཡེ་ཤེས་འོད་བཙོན་བཟུང་བྱས།
ཡེ་ཤེས་འོད་ཀྱི་ཚ་བོ་བགྲེས་པ་བྱང་ཆུབ་འོད་ཡིན་པ་དང་ཁོང་ཡང་དགེ་འདུན་པ་ཞིག་ཡིན། ཁོང་གིས་འབད་བརྩོན་ཆེན་པོས་གསེར་འཚོལ་སྒྲུབ་ཀྱིས་རང་གི་ཞང་པོ་བགྲེས་པ་གར་ལོག་བཙོན་ནས་གློད་ཐབས་བྱས། ཡེ་ཤེས་འོད་ཀྱིས་གསེར་དེ་དག་ཁོང་གློད་རྒྱུའི་ཚབ་ལ་རྒྱ་གར་ནས་ཨ་ཏི་ཤ་གདན་འདྲེན་ཞུ་བའི་ཆེད་བེད་སྤྱོད་གཏོང་དགོས་ཞེས་གསུངས་ཏེ། མཐར་བཙོན་དུ་སྐུ་གཤེགས།
ཁ་ར་ཁ་ནི་དའི་རྒྱལ་རྒྱུད་ (༨༤༠-༡༡༣༧) རྩ་འཛུགས་བྱས་པ་དང་བཅས་གར་ལོག་རྣམས་ཐ་ན་གླང་དར་མ་བཀྲོངས་པའི་རྗེས་སུའང་དེ་སྔོན་གྱི་དམག་གི་གྲོས་མཐུན་བོད་མི་ཚོ་དང་འཆམ་མཐུན་གྱི་འབྲེལ་བའི་ངང་གནས། སྤྱི་ལོ་ ༩༣༠ ཡས་མས་ནང་གར་ལོག་རྣམས་ནང་པ་དང་ཏུར་ཀིའི་ཤ་མའི་ལུགས་གཉིས་འདྲེས་མ་ཞིག་ནས་ཁ་ཆེར་ཆོས་ལུགས་བརྗེ་སྒྱུར་བྱས། གར་ལོག་ནུབ་ཕྱོགས་ཡན་ལག་ཀཥ་གར་ལ་བསྟི་གནས་ཆགས་པ་དེས་སྤྱི་ལོ་ ༩༨༢ ལོར་ལི་ཡུལ་ལ་འཐབ་རྒོལ་བྱས། དེ་ནི་ཏཱ་རིམ་ལུང་གཞོང་གི་ལྷོའི་དར་སྐུད་ཚོང་ལམ་གྱི་ཡན་ལག་དབང་དུ་བསྡུ་འདོད་ཡོད་པས་རེད། ཁོང་ཚོས་སྤྱི་ལོ་ ༡༠༠༦ ལོའི་བར་དུ་བྱེ་ཐང་དཀྱིལ་གྱི་ས་ཆ་གཤིན་པོའི་རྒྱལ་གཞིས་ཀྱི་རྒྱལ་ཁབ་ཅིག་རྒྱུན་སྐྱོང་བྱས།
བོད་ཀྱི་སྲོལ་རྒྱུན་གྱི་ལོ་རྒྱུས་ཁག་ནས་བལ་ཡུལ་དུ་གར་ལོག་དམག་འཁྲུག་ཅིག་གི་སྐབས་སུ་ཡེ་ཤེས་འོད་བཙོན་དུ་བཅུག་ཅེས་འགྲེལ་བརྗོད་བྱེད་ཀྱི་ཡོད། ཇཽན་ བྷོ་རོག་གིས་ (John Brough) (Legends of Khotan and Nepal, Bulletin of the School of African and Oriental Studies, vol. 12) (ལི་ཡུལ་དང་བལ་ཡུལ་གྱི་གཏམ་རྒྱུད། ཨ་ཧྥི་རི་ཀ་དང་ཤར་ཕྱོགས་ཀྱི་སློབ་གཉེར་གྱི་སྡེ་ཚན་གྱི་གསར་འཕྲིན། པོད། ༡༢) ཞེས་པའི་ནང་། བོད་སྐད་དུ་ཁོ་ཏན་གྱི་མིང་ལ་ལི་ཞེས་པ་དེ་དང་ཁོ་ཏན་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཞིག་ནི་བོད་མི་ཚོས་བལ་པོའི་ཡུལ་ལ་མིང་སྒྱུར་དང་འཆར་འགོད་བྱས་ཡོད་ཅེས་དག་སྐྱེལ་བྱས་ཡོད། དེར་བརྟེན་ས་ཆ་བཙན་བཟུང་གི་དུས་སྐབས་སུ་ཡེ་ཤེས་འོད་ཁོ་ཏན་ནམ་ལི་ཡུལ་སྲུང་སྐྱོབ་ཆེད་ཕེབས་པ་དང་དེར་གར་ལོག་དང་འཐབ་ནས་བཙོན་དུ་བཅུག་ཅེས་རྗེས་སུ་དཔོག་ཐུབ།
འོན་ཀྱང་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་ལོ་རྒྱུས་དེབ་པོད་གཉིས་ཅན་གྱི་ནང་བྱུང་རྐྱེན་འདི་དང་འབྲེལ་བའི་དམག་འཁྲུག་བྱུང་བའི་སྐོར་གང་ཡང་བརྗོད་མེད། དེ་ལས་ལྡོག་སྟེ། གར་ལོག་རྒྱལ་པོས་བྱང་ཆུབ་འོད་ལ་གདམ་ཀ་ཞིག་སྟེར་ཡོད་པ་སྟེ། རྒྱ་གར་ནས་བོད་དུ་མཁས་པ་དང་པཎྜི་ཏ་རྣམས་གདན་འདྲེན་ཞུ་རྒྱུའི་འབད་བརྩོན་ཡོངས་སུ་རྫོགས་པ་བློས་གཏོང་དགོས་པ་དང་། ཡེ་ཤེས་འོད་གློད་གྲོལ་ཆེད་ཁོང་གི་སྐུ་གཟུགས་དང་མཉམ་པའི་གསེར་རིན་དུ་སྤྲོད་དགོས་པའམ། ཡང་ན་ཡེ་ཤེས་འོད་སྲོག་ཐོག་གཏོང་དགོས་པ་བཅས་རེད། བྱང་ཆུབ་འོད་ལ་སྟེར་བའི་གདམ་ཀ་འདིས་བྱུང་རྐྱེན་དེ་ཕལ་ཆེར་གར་ལོག་གིས་ལི་ཡུལ་དབང་དུ་བསྡུས་པའི་རྗེས་སུ་བྱུང་བ་སྟོན་གྱི་འདུག །ནང་པའི་ལི་ཡུལ་དེ་ཁ་ཆེར་བསྒྱུར་བ་དང་གར་ལོག་རྒྱལ་པོ་བོད་དུ་ནང་ཆོས་མུ་མཐུད་གོང་འཕེལ་གཏོང་བར་ཁ་གཏད་ལྟ་བུར་སྣང་།
ཌེ་ཝིཌ་ ས྄ནཻལ་གྷྲོཧྥ་ཡིས་ (David Snellgrove) (Indo-Tibetan Buddhism: Indian Buddhists and Their Tibetan Successors) (རྒྱ་གར་དང་བོད་ཀྱི་ནང་ཆོས། རྒྱ་གར་གྱི་ནང་པ་དང་དེའི་བོད་ཀྱི་རྗེས་འཛིན་པ་) ཞེས་པའི་ནང་། གར་ལོག་བཙོན་ཁང་དུ་ཡེ་ཤེས་འོད་སྐུ་གཤེགས་པའི་ལོ་རྒྱུས་འདི་ནི་དཔྱད་གཞི་ཞིག་ཡིན་ཞེས་བརྗོད་ཡོད། དེའི་བདེན་དཔང་དུ་ཁོང་གིས་སྤྱི་ལོ་ ༡༠༢༧ ལོར་ཡེ་ཤེས་འོད་ཀྱིས་ནང་པའི་གཞུང་ལུགས་སྒྱུར་བར་སྟངས་འཛིན་བྱེད་ཆེད་བཅའ་ཁྲིམས་ཤིག་གཏན་འབེབས་གནང་བ་དང་། རིན་ཆེན་བཟང་པོའི་རྣམ་ཐར་ལྟར་ན། ཡེ་ཤེས་འོད་ནི་མཐོ་ལིང་དུ་ཁོང་གི་ཕོ་བྲང་དུ་སྙུན་གཞི་ལ་བརྟེན་ནས་སྐུ་གཤེགས། རིན་ཆེན་བཟང་པོ་ཁོང་ཉིད་ཀྱིས་སྐུ་ཕུང་གཤིན་ཆོག་བསྒྲུབ་ཅེས་ལུང་འདྲེན་བྱས། འོན་ཀྱང་། གལ་ཏེ་ཡེ་ཤེས་འོད་གར་ལོག་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་ཆེད་དུ་ཞི་བའི་དམིགས་འདུན་ཞིག་གི་ཐོག་ནས་ཕེབས་ཡོད་ན། དེ་ནི་རྒྱུ་མཚན་དང་ལྡན་པ་རེད། ཨ་ཏི་ཤ་མཐོ་ལིང་དུ་སྤྱི་ལོ་ ༡༠༤༢ ལོར་ཕེབས་འབྱོར་བྱུང་བར་བསམས་ན། ལས་འགུལ་འདི་ནི་སྤྱི་ལོ་ ༡༠༢༧ རྗེས་སུ་བྱུང་ཡོད། ད་དུང་ཡང་རིན་ཆེན་བཟང་པོའི་རྣམ་ཐར་འདི་ནི་སྲོལ་རྒྱུན་ལོ་རྒྱུས་ཀྱི་ནང་ཡེ་ཤེས་བཟང་པོ་བཙོན་དུ་སྐུ་གཤེགས་པའི་རྣམ་ཐར་དང་འགལ་འདུ་ཆགས་ཀྱི་ཡོད།
དེའི་ཞོར་ལ་སྤྱི་ལོ་ ༡༠༢༧ ལོ་དེ་ནི་དུས་འཁོར་གྱི་ཆོས་དེ་ཐོག་མར་བོད་དུ་གདན་དྲངས་པའི་ལོ་དེ་ཡིན། དེ་ཡང་རྒྱ་གར་གྱི་པནྜི་ཏ་བྷདྲ་བོདྷི་དང་བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་བ་ལ་གཞི་བྱས་པའི་དུས་འཁོར་གྱི་རྒྱུད་དེ་ཡིན། དེར་མ་ཟད། ལོ་དེ་ནི་དུས་འཁོར་ལུགས་ཀྱི་ལོ་ཐོ་འགོ་ཚུགས་པ་དང་ལྷན་དུ་རབ་བྱུང་བརྩི་སྲོལ་གྱི་ལོ་དྲུག་ཅུ་དང་པོ་དེའང་བོད་དུ་འགོ་ཚུགས་པའི་སྐབས་ཁེལ་གྱི་ཡོད།
བྱང་ཆུབ་འོད་ཀྱིས་ནག་མཚོ་ལོ་ཙཱ་བ་གསེར་མང་པོ་བསྐུར་ཏེ་རྒྱ་གར་དུ་ཇོ་བོ་རྗེ་སླར་ཡང་གདན་འདྲེན་དུ་བཏང་། དེ་ལྟར་ཇོ་བོ་རྗེ་ལ་ཞུས་ཤིང་གདན་ཞུའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལོ་རྒྱུས་རྣམས་གསན་པ་དང་ཡི་དམ་གྱི་ལྷ་རྗེ་བཙུན་སྒྲོལ་མའི་ལམ་སྟོན་བཞིན་ཁོང་བོད་དུ་ལོ་གསུམ་གྱི་རིང་ཕེབས་རྒྱུའི་ངོས་བཞེས་གནང་། སྤྱི་ལོ་ ༡༠༤༢ ལོར་མཐོ་ལྡིང་དུ་ཕེབས་འབྱོར་བྱུང་། བོད་དུ་བཞུགས་རིང་ཁོང་ནས་ཡིག་སྒྱུར་གྱི་ཐད་བསྐྱར་ཞིབ་དང་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད།
སྤྱི་ལོ་ ༡༠༤༥ ལོར་ཇོ་བོ་རྗེ་ཨ་ཏི་ཤ་རྒྱ་གར་དུ་ལོག་ཕེབས་པའི་སྐབས། རྟེན་ཁྱིམ་པ་ཡིན་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ (༡༠༠༤-༡༠༦༤) ཆོས་ཞུ་འདུན་ཆེར་ཡོད་པས། ཇོ་བོ་རྗེའི་མདུན་དུ་བཅར། དེའི་སྐབས་བལ་ཡུལ་བརྒྱུད་པའི་ལམ་དེ་མི་སེར་ནང་འཁྲུག་ལ་བརྟེན་ནས་བཀག་ཡོད་པ་དང་དེ་ནི་སྤྱི་ལོ་ ༡༠༣༩ ནས་ ༡༠༤༥ བར་གནས་པ་སོང་ཙང་། འབྲོམ་སྟོན་པས་ཇོ་བོ་རྗེ་བོད་དབུས་ཕྱོགས་སུ་གདན་ཞུ་བྱས་པས། དེ་ལ་ཨ་ཏི་ཤས་ངོས་བཞེས་གནང་ནས་ལྷ་སའི་ཉེ་འཁྲིས་ཀྱི་བསམ་ཡས་དགོན་དུ་ཕེབས་པའི་རྗེས་སུ་སྤྱི་ལོ་ ༡༠༥༤ ལོར་སྐུ་མ་གཤེགས་ཀྱི་བར་སྔོན་ལ་སྐུ་ཚེ་མང་ཆེ་བ་དབུས་སྙེ་ཐང་དུ་བཞུགས།
བསམ་ཡས་སུ་ཕེབས་པའི་སྐབས། ཇོ་བོ་རྗེས་བསམ་ཡས་དགོན་པའི་དཔེ་མཛོད་ནང་གཅེས་སྲུང་བྱས་པའི་ལེགས་སྦྱར་གྱི་གཞུང་ལུགས་བསྟན་བཅོས་ཕོན་ཆེན་པོ་གཟིགས་པས་ཧ་ལས་པ་བྱུང་། ཁོང་ནས་ཐ་ན་རྒྱ་གར་འཕགས་པའི་ཡུལ་དུའང་གཞུང་ལུགས་བསྟན་བཅོས་ཕོན་ཆེན་པོ་འདི་འདྲ་རག་མི་སྲིད་ཅེས་འགྲེལ་བརྗོད་གནང་། འདིས་གང་སྟོན་གྱི་ཡོད་ཅེ་ན། གླང་དར་མའི་བསྟན་པ་ལ་སྡང་འཛིན་བྱས་པ་དེ་ནང་པའི་དགོན་སྡེ་ཁག་ལ་དམིགས་ཡོད་པ་མ་གཏོགས་ནང་པའི་ཆོས་རང་ལ་དམིགས་མེད་པ་སྟོན་གྱི་ཡོད།
དགོན་པ་གསར་བཞེངས་དང་བོད་བརྒྱུད་ནང་བསྟན་དང་བོན་བཅས་ཆོས་བརྒྱུད་སྣ་ཚོགས་རྩ་འཛུགས།
ཇོ་བོ་རྗེ་བོད་དུ་མ་ཕེབས་གོང་།
བསམ་ཡས་ལྟ་བུ་ནང་པའི་དགོན་པ་རྙིང་པ་འགའ་ཞིག་ནི་བོད་དབུས་སུ་བསྟན་པ་སྔ་དར་གྱི་སྐབས་ནས་གནས་ཡོད་པ་དང་དེ་དག་སླར་ཡང་ཇོ་བོ་རྗེ་བོད་དུ་ཕེབས་པའི་སྐབས་མཚམས་སུ་བོད་ཀྱི་རབ་བྱུང་པས་ཁེངས་ཡོད། དེར་མ་ཟད། དེའི་མཚམས་སུ་དགོན་པ་གསར་པ་འགའ་ཞིག་ཀྱང་བཞེངས་ཟིན་པ་རེད། དཔེར་ན། ཇོ་བོ་རྗེ་མངའ་རིས་སུ་ཕེབས་འབྱོར་མ་བྱུང་གོང་གི་ལོ་གཉིས་སྔོན་ལ་གཙང་ཁུལ་དུ་སྤྱི་ལོ་ ༡༠༤༠ ལོར་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཞ་ལུ་དགོན་པ་ཕྱག་བཏབ།
བཀའ་གདམས།
ཇོ་བོ་རྗེས་རང་གི་སློབ་མ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཁོང་གི་རྒྱུད་འཛིན་དུ་མཚན་གསོལ། སྤྱི་ལོ་ ༡༠༥༧ ལོར་དབུས་སུ་འབྲོམ་སྟོན་པས་རྭ་སྒྲེང་རྒྱལ་བའི་དབེན་གནས་ཞེས་པའི་དགོན་པ་ཕྱག་བཏབ། མཐར་སྤྱི་ལོ་ ༡༠༦༤ ལོར་སྐུ་ཞི་བར་མ་གཤེགས་བར་དུ་ཁོང་ནས་མུ་མཐུད་དེར་ཆོས་གསུངས་ཡོད། ཁོང་ནས་ཇོ་བོ་རྗེའི་ཆོས་ཚུལ་དེ་ཆོས་བརྒྱུད་གསར་པ་ཞིག་ཏུ་སྲོལ་གཏོད་མཛད་ཅིང་། དེ་ལ་བཀའ་གདམས་ཞེས་སུ་གྲགས། བཀའ་གདམས་པའི་དགོན་པ་གཉིས་པ་ནི་གསང་ཕུ་སྣེའུ་ཐོག་གི་དགོན་པ་དེའང་དབུས་སུ་ཡོད་པ་དང། དེ་ནི་སྤྱི་ལོ ༡༠༧༣ ལོར་ཇོ་བོ་རྗེའི་སློབ་མ་གཞན་ཞིག་སྟེ། རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་བཏབ།
སྤྱི་ལོ་ ༡༠༧༦ ལོར་མངའ་རིས་རྒྱལ་པོ་རྩེ་ལྡེས་མངའ་རིས་མཐོ་ལིང་དགོན་དུ་མཐོ་ལིང་ལྷན་ཚོགས་འདི་སྐོང་བྱས། ཁོང་གིས་བོད་ནུབ་ཕྱོགས་དང་། དབུས། ཤར་ཕྱོགས་བཅས་ནས་ལོ་ཙཱ་བ་རྣམས་མཉམ་དུ་བསྡུས་པ་མ་ཟད། ཡིག་སྒྱུར་གྱི་ལས་དོན་རྣམས་ལ་འབྲེལ་བ་མཐུད་པའི་ཆེད་ཀཤྨིར་དང་རྒྱ་གར་བྱང་ཕྱོགས་ཀྱི་མཁས་པ་འགའ་ཞིག་ཀྱང་གདན་དྲངས། སྤྱི་ལོ་ ༡༠༩༢ ལོར་མངའ་རིས་རྒྱལ་སྲས་ཞི་བ་འོད་ཀྱིས་བཅའ་ཡིག་ཅིག་བཟོས་ནས་ནང་པའི་གཞུང་ལུགས་གང་ཁུངས་དག་པ་ཡིན་པར་ཐག་གཅོད་བྱེད་པའི་ཚད་གཞི་ཞིག་གཏན་ལ་ཕབ། ཚད་ལྡན་ཡིན་པའི་དཔྱད་མཚམས་གཙོ་བོ་ནི་གཞུང་ལུགས་བསྟན་བཅོས་དེ་དག་གི་མ་དཔེ་ལེགས་སྦྱར་སྐད་དུ་ཡོད་མེད་དེ་རེད། མི་རིང་བར་གསང་ཕུ་སྣེའུ་ཐོག་དེ་ཡིག་སྒྱུར་རམ་སྒྲ་སྒྱུར་གྱི་བསྟི་གནས་གལ་ཆེན་ཞིག་ཏུ་གྱུར་བ་མ་ཟད། བསླབ་པ་སློབ་གཉེར་དང་རྟག་གསལ་རྩོད་གླེང་གི་ལྟེ་བ་ལྟ་བུར་གྱུར།
གཞན་ཡང་བཀའ་གདམས་པའི་བསྟི་གནས་ཆེ་ཁག་ནི་སྣར་ཐང་དགོན་པ་རེད། དེ་ནི་སྤྱི་ལོ་ ༡༡༥༣ ལོར་གཙང་ཁུལ་དུ་ཕྱག་བཏབ། འདི་ནི་དུས་ཕྱིས་སུ་ནང་པའི་གཞུང་ལུགས་པར་སྐྲུན་བྱེད་སའི་བསྟི་གནས་ཁང་ཞིག་ཏུ་གྱུར། བོད་ཀྱི་ལོ་རྒྱུས་འགའ་ཞིག་གི་ནང་སྣར་ཐང་ནི་སྤྱི་ལོ་ ༡༠༣༣ ལོར་གཙང་ཁུལ་དུ་བཞེངས་པ་དང་དེ་ཕྱག་བཏབ་པ་པོ་ནི་བཀའ་གདམས་བླ་མ་གཏུམ་སྟོན་བློ་གྲོས་གྲགས་ཡིན་ཞེས་བརྗོད་ཡོད་ནའང་། ཇོ་བོ་རྗེ་མངའ་རིས་སུ་ཐོག་མར་སྤྱི་ལོ་ ༡༠༤༢ ལོར་ཕེབས་འབྱོར་བྱུང་བ་སོང་ཙང་། འདི་ནི་ལོ་ཚིགས་ལོར་འཁྲུལ་རེད། ལོ་ཚིགས་དེ་གཉིས་ཀྱི་བར་ལོ་བརྒྱ་དང་ཉི་ཤུའི་ཁྱད་པར་ཡོད་པ་དེས་དུས་འཁོར་ལུགས་ཀྱི་ལོ་ཐོའི་ནང་གསལ་བའི་ལོ་འཁོར་དྲུག་ཅུའི་ནང་ཕྱག་བཏབ་པའི་བཞེད་ཚུལ་ལ་མགོ་རྨོངས་སུ་འཇུག་གི་ཡོད་པ་སྟོན་གྱི་ཡོད།
ས་སྐྱ།
བསྟན་པ་ཕྱི་དར་སྐབས་སུ་བྱུང་བའི་ཆོས་བརྒྱུད་གཞན་རྣམས་ལ་བསྡུས་ཚིག་གི་ཆ་ནས་གསར་མ་ཞེས་སུ་གྲགས་པ་དང་དེ་དག་གིས་ཀྱང་དགོན་པ་རྣམས་བཞེངས་འགོ་ཚུགས། དཔེར་ན། སྤྱི་ལོ་ ༡༠༧༣ ལོ་སྟེ་གསང་ཕུ་སྣེའུ་ཐོག་བཞེངས་པའི་ལོ་དེ་གའི་ནང་གཙང་གི་ཁུལ་བོད་ནུབ་ཕྱོགས་ཀྱི་དབུས་ཕྱེད་ཙམ་ལ་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་དགོན་པ་ཕྱག་བཏབ། དགོན་པ་དེ་ལ་ས་སྐྱ་ཆོས་བརྒྱུད་ཀྱི་མཚན་ཐོགས།
བོན།
ནང་པ་མིན་པའི་བོན་གྱི་དགོན་པའང་དུས་སྐབས་དེའི་ནང་བཞེངས་ཡོད། སྤྱི་ལོ་ ༡༠༧༢ ལོར་བྲུ་རྗེ་གཡུང་དྲུང་བླ་མས་གཙང་དུ་གཡས་དབེན་ས་ཁ་དགོན་པ་ཞེས་པ་དེ་ཕྱག་བཏབ། ཁོང་གིས་དགོན་པ་དེ་བོན་གྱི་གཏེར་སྟོན་ཆེན་པོ་དང་པོ་གཤེན་ཆེན་ཀླུ་དགས་ (༩༩༦-༡༠༣༥) བསམ་ཡས་རྩིག་པ་ནས་གཏེར་དུ་བཏོན་པའི་གཏེར་ཆོས་རྣམས་ལ་བསླབ་པ་སློབ་གཉེར་བྱེད་པར་རྟགས་གསལ་རྩོད་གླེང་གི་ལམ་ལུགས་ཤིག་རྩ་འཛུགས་ཆེད་དུ་བཞེངས། བོན་གྱི་གཏེར་མ་དང་པོ་དེ་སྤྱི་ལོ་ ༩༡༣ ལོར་གློ་བུར་རྐྱེན་གྱིས་བསམ་ཡས་ནས་ལིག་རྫི་ཞིག་གིས་གཏེར་ལས་བཏོན་པར་གྲགས།
རྙིང་མ།
རྙིང་མའི་གཏེར་མ་དང་པོ་དེ་ནི་སངས་རྒྱས་བླ་མ་ཞེས་པའི་གྲྭ་པ་ཞིག་གིས་གཏེར་ལས་བཏོན་ཞིང་། དེ་ནི་ཕལ་ཆེར་དུས་རབས་བཅུ་པའི་མཇུག་དང་བཅུ་གཅིག་པའི་འགོ་སྟོད་ཙམ་ལ་རེད། རྙིང་མ་ནི་གསར་མའི་ལྡོག་ཕྱོགས་སུ། གུ་རུ་རིན་པོ་ཆེའམ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཆོས་ཚུལ་ལ་མིང་བཏགས་པ་ཞིག་རེད། སངས་རྒྱས་བླ་མས་གཏེར་དེ་དག་ལྷ་ཁང་ཞིག་གི་འགྲམ་དང་མངའ་རིས་བྲག་གི་ཉེ་འཁྲིས་ནས་གཏེར་དུ་བཞེས། འོན་ཀྱང་དེའི་བརྒྱུད་པ་དེ་ཁོང་གི་རྗེས་སུ་རྒྱུན་ཆད།
སྤྱི་ལོ་ ༡༠༣༨ ལོར་གྲྭ་པ་མངོན་ཤེས་ཅན་ (འཁྲུངས་ལོ། ༡༠༡༢) གྱིས་བསམ་ཡས་སུ་སྦས་པའི་གཏེར་ཆོས་འགའ་ཞིག་གཏེར་ལས་སྤྱན་དྲངས། ཁོང་གིས་ད་དུང་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་དེའང་གཏེར་ལས་སྤྱན་དྲངས་ཤིང་། དེ་ཡང་བསམ་ཡས་གཙུག་ལག་ཁང་དུ་སྦས་ཡོད། གྲྭ་པ་མངོན་ཤེས་ཅན་གྱིས་གཏེར་ལས་བཏོན་པའི་གཏེར་ཆོས་རྣམས་མུ་མཐུད་ནས་ཁོང་གི་རྗེས་སུ་བརྒྱུད་པ་མ་ཆད་པར་བྱུང་།
བསམ་ཡས་ལྟ་བུ་གླང་དར་མའི་སྔོན་གྱི་དགོན་པ་འགའ་ཞིག་བསྐྱར་གསོ་བྱས་ཤིང་། དེ་དག་ནི་ད་ལྟའི་ཆར་ང་ཚོས་རྙིང་མའི་ཆོས་བརྒྱུད་ཅེས་བརྗོད་པ་འདིའི་བསྟི་གནས་སུ་གྱུར། དེའི་སྐབས་ཀྱི་རྙིང་མའི་དགོན་པ་དང་པོ་དེ་ནི་སྤྱི་ལོ་ ༡༡༥༩ བར་དུ་བཞེངས་མེད། དེ་ནི་ཀཿཐོག་རྡོ་རྗེ་གདན་གྱི་དགོན་པ་རེད། དེ་ཡང་བཀའ་དམ་པ་བདེ་གཤེགས་ (༡༡༢༢-༡༡༩༢) ཀྱིས་བོད་ལྷོ་ཤར་གྱི་ཁམས་སྡེ་དགེའི་རྫོང་དུ་ཕྱག་བཏབ།
བཀའ་བརྒྱུད།
བཀའ་གདམས་དང་ས་སྐྱའི་ཆོས་བརྒྱུད་གཉིས་ཀྱི་སྟེང་ལ་གསར་མའི་ཆོས་བརྒྱུད་ཆེ་ཁག་གསུམ་པ་དེ་ནི་བཀའ་བརྒྱུད་རེད། དེའི་བརྒྱུད་པ་གཙོ་བོ་རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་ཏི་ལོ་པ་ནས་ནཱ་རོ་པ་ (༡༠༡༦-༡༡༠༠) དང་དེ་ནས་བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ (༡༠༡༢-༡༠༩༧) བར་དུ་བརྒྱུད་ཅིང་། དེས་རང་གི་སློབ་མ་རྗེ་བཙུན་མི་ལ་རས་པར་ (༡༠༤༠-༡༡༢༣) གནང་། མི་ལས་རང་གི་སློབ་མ་རྗེ་སྒམ་པོ་པ་བསོད་ནམས་རིན་ཆེན་ (༡༠༧༩-༡༡༥༣) ལ་གནང་བའི་སྒོ་ནས་བརྒྱུད་པ་རྒྱུན་མ་ཆད་པར་བྱུང་།
སྤྱི་ལོ་ ༡༡༥༨ ལོར་རྗེ་སྒམ་པོ་པའི་སློབ་མའི་ནང་གི་གཅིག་སྟེ། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་ (༡༡༡༠-༡༡༧༠) ཕག་གྲུའི་གདན་ས་ཐེལ་ཕྱག་བཏབ། དེ་ནི་བཀའ་བརྒྱུད་ཀྱི་དགོན་པ་སྔ་ཤོས་དེ་རེད། དེ་ནི་ཕག་གྲུའི་བཀའ་བརྒྱུད་ཀྱི་གདན་སར་གྱུར།
སྤྱི་ལོ་ ༡༡༦༡ ལོར་རྗེ་སྒམ་པོ་པའི་སློབ་མ་དབོན་སྒོམ་ཚུལ་ཁྲིམས་སྙིང་པོའི་སློབ་མ་འབའ་རོམ་དར་མ་དབང་ཕྱུག་ (༡༡༢༧-༡༡༩༩) གིས་འབའ་རོམ་དགོན་པ་ཕྱག་བཏབ། འདི་ནས་བཟུང་འབའ་རོམ་བཀའ་བརྒྱུད་རིམ་གྱིས་བྱུང་།
སྤྱི་ལོ་ ༡༡༧༥ ལོར་ཕག་མོ་གྲུ་པའི་སློབ་མ་ཚལ་པ་ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་བརྩོན་འགྲུས་གྲགས་པས་ (༡༡༢༣-༡༡༩༤) ཚལ་ཡང་དགོན་གྲྭ་ཚང་ཕྱག་བཏབ། སྤྱི་ལོ་ ༡༡༨༧ ལོར་ཁོང་གིས་ཕྱག་བཏབ་པའི་ཚལ་གུང་ཐང་དགོན་པ་དང་བཅས་ཏེ་ཚལ་པ་བཀའ་བརྒྱུད་ཀྱི་བསྟི་གནས་སུ་གྱུར།
སྤྱི་ལོ་ ༡༡༧༩ ལོར་ཕག་མོ་གྲུ་པའི་སློབ་མ་གཞན་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་རིན་ཆེན་དཔལ་ (༡༡༤༣-༡༢༡༧) གྱིས་འབྲི་གུང་མཐིལ་འོག་མིན་བྱང་ཆུབ་གླིང་ཕྱག་བཏབ། འབྲི་གུང་པ་ནས་འབྲི་གུང་བཀའ་བརྒྱུད་བྱུང་།
ལོ་རྗེས་མའི་སྤྱི་ལོ་ ༡༡༨༠ ལོར་སླར་ཡང་ཕག་མོ་གྲུ་པའི་སློབ་མ་གཞན་ཞིག་སྟེ། སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ (༡༡༤༢-༡༢༡༠) གྱིས་སྟག་ལུང་དགོན་པ་ཕྱག་བཏབ། དེ་ནི་སྟག་ལུང་བཀའ་བརྒྱུད་ཀྱི་གདན་ས་ལྟེ་བ་ཆགས།
དེའི་རྗེས་ཀྱི་སྤྱི་ལོ་ ༡༡༨༩ ལོར་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པས་ (༡༡༡༠-༡༡༩༣) མཚུར་ཕུ་དགོན་པ་ཕྱག་བཏབ། ཀརྨ་པ་སྐུ་ཕྲེང་དང་པོ་ནི་རྗེ་སྒམ་པོ་པའི་དངོས་སློབ་ཡིན། མཚུར་ཕུ་དགོན་པ་ནི་ཀརྨ་ཀམ་ཚང་བཀའ་བརྒྱུད་ཀྱི་གདན་ས་ལྟེ་བ་དང་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་གདན་སར་གྱུར།
འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་ཆེ་བ་ཐོག་མ་དེ་ནི་གནམ་གྱི་ཕུར་དགོན་པ་ཡིན་པ་དང་དེ་ནི་སྤྱི་ལོ་ ༡༢༠༥ ལོར་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེས་ (༡༡༦༡-༡༢༡༡) ཕྱག་བཏབ། གཙང་པ་རྒྱ་རས་ནི་གླིང་རས་པ་པདྨ་རྡོ་རྗེའི་ (༡༡༢༨-༡༢༡༡) སློབ་མ་ཞིག་ཡིན་ཞིང་། གླིང་རས་པའང་ཕག་མོ་གྲུ་པའི་སློབ་མ་ཡིན།
དེ་ལྟར་བོད་པས་སོག་པོ་ཆིང་གེ་སེ་ཁཱང་གི་འཇིགས་ཉེན་ཡོད་པ་ཤེས་པའི་སྐབས། བོད་བརྒྱུད་ནང་བསྟན་དང་བོན་གྱི་དགོན་སྡེ་ཆེ་ཁག་ཚང་མ་གསར་བཞེངས་བསྒྲུབས། དུས་ཕྱིས་སུ་སོག་པོའི་ཁཱང་སྣ་ཚོགས་པས་བོད་ཀྱི་ཆོས་བརྒྱུད་དེ་དག་གཅིག་གམ་གཞན་ཞིག་ལ་རྒྱབ་སྐྱོར་རམ་འདེགས་བྱས་ཡོད།།