སྡེ་སྲིད་ཕག་མོ་གྲུ་པ། སྡེ་བ་རིན་སྤུངས་པ། སྡེ་སྲིད་གཙང་པ་བཅས་ཀྱི་སྲིད་དབང་།

སྐད་ཡིག་གཞན།

ཕག་གྲུའི་སྲིད་དབང་རྩ་འཛུགས། 

རྡོ་རྗེ་རྒྱལ་པོ་ (༡༡༡༠-༡༡༧༠) ནི་ཁམས་ཕྱོགས་ནས་ཡིན་པའི་ཧ་ཅང་ཚད་མཐོའི་ཤེས་ཡོན་ཅན་གྱི་དགེ་འདུན་པ་ཞིག་དང་རྗེ་སྒམ་པོ་པ་བསོད་ནམས་རིན་ཆེན་གྱི་སློབ་མ་ཡིན། ཁོང་སྤྱི་ལོ་ ༡༡༥༨ ལོར་བོད་དབུས་ཕྱོགས་སུ་ཕེབས། ཁོང་ལ་ཕག་མོ་གྲུ་པ་ཞེས་མཚན་གསོལ་ཞིང་། དེའི་དོན་ནི་ཕག་མོའི་གྲུ་ནས་ཡིན་པ་ཞེས་ཁོང་གིས་གྲུའི་འདུས་མདོར་རི་ཁྲོད་ཅིག་བཞེངས་པས་དེ་ལྟར་མཚན་ཐོགས་པ་རེད། རི་ཁྲོད་དེ་རིམ་བཞིན་རྒྱ་བསྐྱེད་ནས་ཕག་གྲུའི་གདན་ས་ཐེལ་ལམ་མཐིལ་ཞེས་སུ་གྲགས། ཕག་མོ་གྲུ་པའི་སློབ་མའི་སློབ་མ་འབྲི་གུང་པའི་སློབ་མའི་ནང་གི་གཅིག་ནི་སྤྱན་སྔ་རིན་པོ་ཆེ་གྲགས་པ་འབྱུང་གནས་ (༡༡༧༥-༡༢༥༥) ཡིན་པ་རེད། ཁོང་དགོན་པའི་མཁན་པོར་གྱུར་ནས་རླངས་རྡོ་རྗེ་དཔལ་ཉེ་འགྲམ་གྱི་སྣེ་གདོང་གཞིས་ཀའི་ཁྲི་དཔོན་དུ་བསྐོ་བཞག་མཛད། 

སྤྱི་ལོ་ ༡༢༦༨ ལོར་བོད་ཁྲི་སྐོར་བཅུ་གསུམ་རྩ་འཛུགས་བྱེད་པའི་སྐབས། རྡོ་རྗེ་དཔལ་ཕག་མོ་གྲུ་པའི་ཁྲི་སྐོར་གྱི་ཁྲིམས་དཔོན་ཆགས་པ་རེད། གོ་གནས་འདི་རླངས་རིགས་ནང་མུ་མཐུད་ནས་གནས་པ་དང་བུ་གཉེན་སྒྲིག་མ་བྱས་པ་ཞིག་གིས་དགོན་པ་དང་ཁྲི་སྐོར་གཉིས་ཀའི་འགོ་ཁྲིད་བྱེད་པའི་ལམ་ལུགས་ཆགས་པ་རེད། དེར་བརྟེན་ཇི་ལྟར་འཁོན་རིགས་ཀྱིས་ས་སྐྱ་ལ་འགན་བཞེས་གནང་བ་ནང་བཞིན་རླངས་ཀྱི་རིགས་རྒྱུད་དེས་ཕག་གྲུ་ལ་དོན་སྨིན་ལྡན་པའི་འགན་བཞེས་གནང་ཡོད། དེའི་སྐབས་ན་བོད་ནུབ་ཕྱོགས་གཙང་གི་ཕྱེད་ཀ་ཙམ་ལ་ས་སྐྱ་ཡོད་པ་དང་བོད་ཤར་ཕྱོགས་ཀྱི་དབུས་ཁུལ་ཕྱེད་ཙམ་ལ་ཕག་གྲུ་ཡོད། 

བྱང་ཆུབ་རྒྱལ་མཚན་ (༡༣༠༢-༡༣༦༤) ནི་རླངས་ཀྱི་རིགས་རྒྱུད་དུ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ལ་ཁོང་གིས་ས་སྐྱར་ནང་ཆོས་དང་འཛིན་སྐྱོང་གི་སློབ་སྦྱོང་འགོ་ཚུགས། སྤྱི་ལོ་ ༡༣༢༢ ལོར་ཁོང་ས་སྐྱའི་དཔོན་ཆེན་གྱིས་ཕག་གྲུའི་ཁྲི་སྐོར་གྱི་ཁྲི་དཔོན་དུ་བསྐོ་བཞག་བྱས་ཤིང་། རན་འཚམས་ཀྱི་མིང་གནས་ཏའི་སི་ཏུ་ཞེས་ཡོན་རྒྱལ་པོའི་མཚན་ཐོག་ནས་བསྩལ་བ་དང་སྣེ་གདོང་ལ་ཕེབས། དེའི་རྗེས་སུ་ཁོང་ལ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཞེས་སུ་གྲགས། 

བྱང་ཆུབ་རྒྱལ་མཚན་གྱིས་མི་རིང་བར་རང་གི་ཁྲི་སྐོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཤོར་བའི་ས་ཆ་རྣམས་སླར་གསོའི་ཆེད་དམག་གི་ལས་འགུལ་ཞིག་སྤེལ། རྩོད་རྙོག་འདི་ནི་སྤྱི་ལོ་ ༡༣༤༥ ནས་མུ་མཐུད་དེ་གནས། ས་སྐྱའི་ཁྲིམས་དཔོན་གཙོ་བོ་རྒྱལ་བ་བཟང་པོ་བྱང་ཆུབ་རྒྱལ་མཚན་གྱི་གནད་དོན་འདིའི་ཐད་ཀྱི་ཨུ་ཚུགས་ལ་མ་དགའ་ནས་ཁོང་ཁྲི་སྐོར་གྱི་ཁྲི་དཔོན་ནས་གནས་དབྱུང་བཏང་། ཐ་ན་ས་སྐྱ་དང་ཉེ་འཁོར་གྱི་ཁྲི་སྐོར་རྣམས་ཀྱིས་ཁོང་གི་ཁ་གཏད་དུ་གྲོས་མཐུན་བྱས་ཤིང་། ཁོང་བཙོན་དུ་བཅུག་པ་དང་སྡུག་སྦྱོང་བཏང་ནའང་། བྱང་ཆུབ་རྒྱལ་མཚན་གྱིས་གནས་དབྱུང་གཏོང་རྒྱུ་དེ་ལ་ངོས་ལེན་བྱས་མེད། 

ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོ་དང་ཁོང་གི་ནང་བློན་ནང་ཆེན་དབང་བརྩོན་བར་ཕྲག་དོག་ཆེ་རུ་ཕྱིན་ཏེ་མ་འཆམ་པའི་རྐྱེན་གྱིས་བྱང་ཆུབ་རྒྱལ་མཚན་གྱི་ཁ་གཏད་དུ་གྲོས་མཐུན་ཡོད་པ་དེ་མཚམས་ཆད། རྒྱལ་བ་བཟང་པོས་རང་ཉིད་དབང་ཚད་ཀྱི་ནང་འཚོ་གནས་ཡོད་པ་དེ་མཐུན་གྲོས་ཤུགས་ཆེན་ཞིག་ལ་བརྟེན་ནས་ཡོད་པར་ཚོར་ནས་བྱང་ཆུབ་རྒྱལ་མཚན་གྱི་རང་དབང་བསྐྱར་གསོ་དང་ཁོང་ནས་འགྲན་རྩོད་བྱེད་ངེས་མིན་པའི་ཁག་ཐེག་ཆེད་མིང་གནས་ཕུལ། 

སྤྱི་ལོ་ ༡༣༥༢ ཁོང་གློད་གཏོང་བའི་སྐབས། བྱང་ཆུབ་རྒྱལ་མཚན་སྣེ་གདོང་དུ་སླར་ཡང་གོ་གནས་འགན་འཁུར་བླངས་པ་དེ་མ་ཐག་ཏུ་དམག་གི་ལས་འགུལ་དུ་ཕྱིན་པ་རེད། སྤྱི་ལོ་ ༡༣༥༤ ཙམ་ནས་རྒྱལ་བ་བཟང་པོའི་རོགས་ལ་བརྟེན་ནས་ཁོང་གིས་དབུས་ཚང་མར་དབང་སྒྱུར་བྱས། ས་སྐྱའི་བླ་མ་ཀུན་སྤངས་པ་དང་མཇལ་བའི་སྐབས། རྒྱལ་བ་བཟང་པོས་བྱང་ཆུབ་རྒྱལ་མཚན་ལ་ལྟ་ཚུལ་ཇི་ལྟར་བཟུང་བ་ལ་བཟོད་གསོལ་ཞུས། འགྲིགས་འཇགས་འདི་ནི་ནང་བློན་དབང་བརྩོན་གྱིས་མོས་མཐུན་མ་བྱས་པར། རྒྱལ་བ་བཟང་པོའི་ལས་ཀ་ལ་བཀག་འགོག་བྱས་ཤིང་བཙོན་དུ་བཅུག་སྟེ། ས་སྐྱའི་ཁྲི་དཔོན་བདག་བཟུང་བྱས་པ་རེད། 

ལོ་བཞིའི་རྗེས་ཀྱི་སྤྱི་ལོ་ ༡༣༥༨ ལོར་དབང་བརྩོན་གྱིས་བླ་མ་ཀུན་སྤངས་པ་བཀྲོངས། བྱུང་རྐྱེན་འདི་དང་མཉམ་དུ་དབང་བརྩོན་གྱིས་རྒྱལ་བ་བཟང་པོ་ལ་དུག་བྱིན་པའི་དཀྲོག་གཏམ་ཞིག་བྱུང་བས། དེས་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱར་དམག་དྲངས་དགོས་བྱུང་བ་དང་དབང་བརྩོན་བཙོན་དུ་བཅུག་ཅིང་། ལས་བྱེད་གནད་ཆེན་བཞི་བརྒྱ་བརྗེ་ཚབ་བྱས་པ་དང་དབང་རྒྱུར་བྱེད་མཁན་གྱི་བླ་མ་གསར་དུ་བསྐོ་བཞག་བྱས། 

བོད་དབུས་དང་གཙང་གི་ཕག་གྲུའི་སྡེ་སྲིད་ནི་སྤྱི་ལོ་ ༡༣༥༨ ལོའི་དམག་མི་གྱེན་ལངས་ཀྱི་དུས་སྐབས་ནས་ཡོད། བོད་ཀྱི་ལོ་རྒྱུས་གཞན་འགའ་ཞིག་གི་ནང་། བྱང་ཆུབ་རྒྱལ་མཚན་བཙོན་ནས་གློད་གྲོལ་བཏང་བ་དང་སྤྱི་ལོ་ ༡༣༤༧ ལོར་ཏའི་སི་ཏུ་ཞེས་པའི་མིང་གནས་ཐོབ་པ། དེ་བཞིན་སྤྱི་ལོ་ ༡༣༤༩ ལོའི་ཕག་གྲུའི་སྡེ་སྲིད་ཐོག་མར་འགོ་ཚུགས་པའི་སྐབས་དང་བྱང་ཆུབ་རྒྱལ་མཚན་གྱིས་བོད་དབུས་ཡོངས་རྫོགས་དབང་དུ་བསྡུས་པའི་དུས་སྐབས་ཡིན་པར་གསལ། 

བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་གྱི་རྒྱལ་རྒྱུད་བསྐྱར་དུ་རྩ་འཛུགས་ཀྱི་འབད་བརྩོན་དང་བཅས་ཏེ། བྱང་ཆུབ་རྒྱལ་མཚན་གྱིས་ཁྲི་སྐོར་བཅུ་གསུམ་དེ་དག་རྫོང་དུ་བསྐྱར་སྒྲིག་བྱས་ཤིང་། རྫོང་རེ་རེ་ལ་རྫོང་དཔོན་རེར་ཡོད། ཁོང་ཉིད་ཀྱང་དབང་སྒྱུར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་མིང་གནས་སྡེ་སྲིད་གཙང་མ་བཞེས། དེ་ནི་རགས་པའི་སྒོ་ནས་སྲིད་བློན་དང་འདྲ་པོ་རེད། ནང་པའི་རྩ་དོན་གྱི་རྗེས་སུ་འབྲང་བའི་སྒོ་ནས་ཁོང་གིས་ཞིང་ལས་ཀྱི་གཏན་འབེབས་དཔྱ་ཁྲལ་འབབ་སྟོན་ཐོག་ཐོན་སྐྱེད་ཀྱི་དྲུག་ཆ་གཅིག་བཟོས་པ་དང་། འགྲོ་ལམ་དང་། ཟམ་པ། གྲུ། འགྲུལ་པ་རྣམས་ཚོམ་རྐུན་ལས་སྐྱོབ་ཕྱིར་ས་བཙན་སར་དམག་སྒར་བཅས་ཀྱི་རྨང་གཞི་འཛུགས་སྐྲུན་བྱས། སོག་པོའི་ཁྲིམས་སྲོལ་རྩ་མེད་བཟོ་བ་དང་སྲོལ་རྒྱུན་བོད་ཀྱི་ཁྲིམས་སྲོལ་དེ་སླར་གསོ་མཛད་ཅིང་། ཁོང་གིས་ཇེ་ཆེར་འགྲོ་བའི་ཁྲིམས་འགལ་ནག་ཅན་གྱི་བཀའ་ཁྲིམས་དྲང་པོའི་ལམ་ལུགས་འགོ་འཛུགས་གནང་སྟེ། དེས་ཁྲིམས་འགལ་བ་རྣམས་ལ་ཉེས་ཆད་རིམ་པ་བཅུ་གསུམ་ནང་ནས་གཅིག་ཁྲལ་འགེལ་བར་ཞིབ་འཇུག་བྱེད་ཀྱི་ཡོད། དེའི་སྔོན་ལ་ས་སྐྱ་བླ་མ་རྣམས་ཀྱིས་ཁྲིམས་སའི་ཞིབ་དཔྱོད་མེད་པའི་སྒོ་ནས་དྭོགས་གཞི་ཅན་གྱི་མི་རྣམས་སྲོག་ཐོག་གཏོང་བའི་སོག་པོའི་ལམ་ལུགས་ཀྱི་རྗེས་སུ་འབྲངས་ཡོད། 

བྱང་ཆུབ་རྒྱལ་མཚན་གྱི་མི་ཚེའི་སྔ་ཕྱི་བར་གསུམ་དུ་རབ་བྱུང་གི་སྡོམ་པ་དེ་ཁོང་ལ་གལ་ཆེན་པོར་གནས་ཡོད། དཔེར་ན། སྣེ་གདོང་དུ་ཁོང་གི་ཕོ་བྲང་གི་ནང་སྦུག་ལ་བུད་མེད་དང་ཆང་རག་གཉིས་ཀ་སྤྱོད་མི་ཆོག་པའི་བཀག་སྡོམ་གནང་བ་ལྟ་བུ་རེད། ཁོང་སྤྱི་ལོ་ ༡༣༦༤ ལོར་སྐུ་གཤེགས་པའི་སྐབས། ཁོང་གི་ཚ་བོ་གྲྭ་འཇམ་དབྱངས་ཤཱཀྱ་རྒྱལ་མཚན་ (༡༣༤༠-༡༣༧༣) གྱིས་རྗེས་འཛིན་གནང་། 

བོད་སོག་པོ་དབང་སྒྱུར་གྱི་ཤུལ་འཛིན་ཡིན་ཞེས་མིང་རྒྱལ་རྒྱུད་ཀྱི་ཐོབ་ཐང་རྩོད་ལེན།

དེ་ལྟ་བས་ན། བོད་དང་རྒྱ་ནག་གཉིས་སོག་པོའི་རྒྱལ་རྒྱུད་ཀྱི་མངའ་འོག་ཏུ་དུས་ཚོད་མི་འདྲ་བའི་ནང་གནས་པ་དང་དུས་ཚོད་མི་འདྲ་བའི་ནང་རང་དབང་ཐོབ་ཡོད། 

ཨ་མདོའི་ཆ་ཤས་རྣམས་སོག་པོའི་དཔུང་རྒོལ་གྱི་མངའ་འོག་ཏུ་ཡོད་པ་དང་རྗེས་སུ་སྤྱི་ལོ་ ༡༢༢༧ ལོར་ཆིང་གེ་སེ་ཁཱང་ (Chinggis Khan) གྱིས་མི་ཉག་དབང་དུ་བསྡུས་ནའང་། སོག་པོས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ས་ཁུལ་ཨ་མདོ་དང་། དབུས། ཁམས་བཅས་སྤྱི་ལོ་ ༡༢༦༤ ནས་ ༡༢༦༥ བར་དུ་འགྲོ་ལུགས་ལྟར་དབང་སྒྱུར་བྱས་མེད། འདི་ནི་འགྲོ་མགོན་འཕགས་པ་སོག་པོའི་རྟ་དམག་དང་མཉམ་དུ་བོད་དབུས་སུ་ལོག་ཕེབས་པའི་སྐབས་སུ་བྱུང་། དུས་སྐབས་དེའི་སྔོན་ལ་བོད་ནི་རང་དབང་གཙང་མའི་ཡུལ་ཞིག་ཡིན། དེ་ཡང་གཅིག་གྱུར་གྱི་དབང་སྒྱུར་ཞིག་གི་འོག་ཏུ་མེད་ནའང་། ཕྱི་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཏུ་མེད། 

ཕྱོགས་གཞན་ཞིག་ནས་རང་དབང་ཅན་གྱི་རྒྱ་ནག་ལྷོའི་སུང་རྒྱལ་རྒྱུད་ནི་སྤྱི་ལོ་ ༡༢༧༡ ལོར་སོག་པོ་ཡོན་རྒྱལ་རྒྱུད་སྲོལ་གཏོད་པ་དང་བཅས་སོག་པོའི་གཞན་དབང་དུ་གྱུར་བ་རེད། སྤྱི་ལོ་ ༡༢༧༩ ལོར་ལྷོ་ཕྱོགས་སུང་གི་ས་ཁུལ་དབང་སྒྱུར་མཐའ་མ་ལ་བརྟེན་ནས་རྒྱ་ནག་རང་དབང་ཅན་ཞིག་ཡིན་པའི་རྗེས་ཤུལ་ཡོངས་རྫོགས་མཇུག་རྫོགས། སྤྱི་ལོ་ ༡༢༡༤ ནང་ཕྱོགས་ཙམ་དང་དེ་ནས་སྤྱི་ལོ་ ༡༢༣༤ ལོར་མཇུག་རྫོགས་པའི་དེ་དག་གི་རྒྱལ་རྒྱུད་ནང་སོག་པོ་མཉམ་སྡེབ་དེ་ཇུར་ཆེན་ (Jurchen) གྱིས་དབང་སྒྱུར་བྱས་པའི་བྱང་ཕྱོགས་རྒྱ་ནག་གི་ས་ཁུལ་ཁག་ནི་རྒྱ་ནག་གི་ས་ཁུལ་ལ་རང་དབང་ཅན་གྱི་རྒྱ་ནག་གི་དབང་སྒྱུར་དེ་ཕམ་ཉེས་ཤོར་བ་ཞིག་མིན། 

བོད་དབུས་ལ་སོག་པོ་ནས་རང་དབང་ཐོབ་པ་དེ་སྤྱི་ལོ་ ༡༣༥༨ ལོར་བྱང་ཆུབ་རྒྱལ་མཚན་གྱི་ས་སྐྱའི་སྲིད་དབང་མཐའ་མར་གོ་དབང་ནས་དབྱུང་བ་ལ་བརྟེན་ནས་སོག་པོ་ནས་སླེབས། ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་རང་དབང་དེ་སྤྱི་ལོ་ ༡༣༦༨ ལོར་བྱུང་ཞིང་། དེའི་ཚེ་ན་ཨ་མདོ་སོག་པོའི་མངའ་འོག་ཏུ་སྤྱི་ལོ་ ༡༣༧༠ བར་དུ་གནས། ཁམས་དང་དེའི་ཧ་ཅང་ཁ་ཐོར་དུ་ཡོད་པའི་མི་འབོར་ནི་ཐ་ན་ཡོན་རྒྱལ་རབས་ཀྱི་དུས་སྐབས་སུའང་ཤུགས་ཆེན་པོའི་སྒོ་ནས་འཛིན་སྐྱོང་བྱས་མེད། དེར་བརྟེན་རྒྱ་ནག་གི་མིང་རྒྱལ་རྒྱུད་ (༡༣༦༨-༡༦༤༤) ལ་སོག་པོ་ནས་བོད་ལ་ཐོབ་ཐང་རྩོད་ལེན་གྱི་ཕ་ཤུལ་རྒྱུད་འཛིན་བྱས་པ་ཞེས་མཇུག་སྡོམ་རྒྱག་པ་ནི་ལོ་རྒྱུས་ཀྱི་ཆ་ནས་ཏག་ཏག་མིན་པ་རེད། དེའི་རྒྱུ་མཚན་ནི་མིང་རྒྱལ་རྒྱུད་སྲོལ་གཏོད་པའི་སྐབས། སོག་པོ་ལ་བོད་དབུས་སམ་ཡང་ན་ཁམས་ལ་དབང་སྒྱུར་བའི་རྗེས་ཤུལ་གང་ཡང་མེད་པ་ཙམ་དུ་མ་ཟད། སོག་པོའི་རྒྱལ་པོ་རྣམས་ཀྱིས་ཀྱང་ཐ་ན་ཕག་གྲུའི་སྡེ་སྲིད་ཚོས་ད་དུང་ཡང་རྒྱ་ནག་གི་ཁྲིར་བཟུང་ཡོད་ནའང་། དེ་ངོ་རྟགས་མ་ཆོད་པ་རེད། 

(The History of the Ming Dynasty) མིང་རྒྱལ་རྒྱུད་ཀྱི་ལོ་རྒྱུས་ (རྒྱ་སྐད་དུ་མིང་ཤི་) ནང་། བོད་ནུབ་དང་དབུས་དེ་བཞིན་ཁམས་བཅས་ལ་ཁྲིམས་ལུགས་དབང་ཚད་ཡོད་པ་དང་བཅས་རྫོང་གི་དམག་མིའི་བཀོད་འདོམས་ལས་ཁུངས་ (Ch. Du zhihui shisi) དང་ཞི་མཐུན་གྱི་ལས་ཁུངས་ཤིག་ཀྱང་རྩ་འཛུགས་བྱས་ཡོད་ཅེས་འཁོད་ཡོད། དེ་ལྟ་ནའང་། ནུབ་ཕྱོགས་ཀྱི་མཁས་དབང་ཨེ་ལིའོཊ་ སཔརླིང་ (Elliot Sperling) གིས་ (Did the Early Ming Emperors Attempt to Implement a ‘Divide and Rule’ Policy in Tibet? in Proceedings of the Csoma de Körös Memorial Symposium) (སྔར་མིང་གོང་མ་རྣམས་ཀྱིས་བོད་ནང་དུམ་བུར་བགོས་ནས་དབང་སྒྱུར་བྱེད་པའི་སྲིད་བྱུས་ཞིག་ལག་བསྟར་བྱེད་ཐབས་བྱས་ཡོད་དམ་ཞེས་པའི་སྐབས། ཀོསྨ་ ཌི་ ཁོ་རས྄འི་ (Csoma de Koros) དྲན་རྟེན་ཆེད་དོན་བགྲོ་གླེང་གི་ཐག་ཆོད་ཡིག་ཆ་) ཞེས་པའི་ནང་བཤད་པ་དང་། དེ་བཞིན་མཁས་དབང་མེལ་ཝཱིན་ གྷོལ་ཌི་སྟཱིན་གྱིས་ (Melvyn Goldstein) (The Snow Lion and the Dragon: China, Tibet and the Dalai Lama) (གངས་སེང་དང་འབྲུག །རྒྱ་ནག་དང་། བོད། ཏཱ་ལའི་བླ་མ་) ཞེས་པའི་ནང་བཤད་པ་ལྟར་ན། ཁོང་ཚོའི་ལས་འཛིན་པ་རྣམས་ལ་ཐོབ་ཐང་དངོས་གང་ཞིག་ཡོད་པའམ་ཡང་ན་དེ་དག་བོད་དུ་ནམ་ཡང་ཡོད་པ་དེ་ལ་བརྩི་མེད་བཏང་ཡོད་ཅེས་ཟེར། གང་ལྟར་ཡང་། མིང་རྒྱལ་རྒྱུད་ཀྱི་ལོ་རྒྱུས་ནི་སྤྱི་ལོ་ ༡༧༣༩ ལོར་དེའི་རྗེས་ཀྱི་མན་ཇུ་ཆིང་རྒྱལ་རྒྱུད་ (༡༦༤༤-༡༩༡༢) ཀྱི་མཁས་པ་ཚོས་ཕྱོགས་བསྒྲིགས་བྱས་ཤིང་། རྒྱ་ནག་རྒྱལ་རྒྱུད་ཀྱི་ལོ་རྒྱུས་མང་ཆེ་བའི་གནས་སྟངས་དང་འདྲ་བར་རྒྱལ་རྒྱུད་གསར་པ་ཞིག་གི་རྒྱུན་སྲིང་དང་དབང་སྒྱུར་ཁྲིམས་མཐུན་བཟོ་བའི་ཚུལ་གྱིས་བྲིས་ཡོད། མིང་རྒྱལ་རྒྱུད་ཀྱི་དུས་སྐབས་སུ་བོད་རྒྱའི་འབྲེལ་བ་ནི་གཙོ་བོ་ཁམས་དང་ཨ་མདོའི་རྒྱ་ནག་གི་ས་མཚམས་སུ་ཇ་རྟའི་ཚོང་ཞེས་རྒྱ་ནག་གི་ཇ་ལ་བོད་ཀྱི་རྟ་སྤྲད་པའི་ཚོང་འབྲེལ་ཙམ་ཞིག་ཡིན། མིང་གི་དཔུང་དམག་ནི་བོད་དུ་ནམ་ཡང་མེད་པ་རེད། 

མིང་རྒྱ་ནག་གི་འབྲེལ་ལམ་དེ་སོག་པོ་དང་། (Mongols) མོན་གུར། (Monguors) ཨུ་རི་ཡང་ཁ་ཡེ། (Uriyangkhai) ཇུར་ཆེན་ (Jurchen) བཅས་དང་བསྡུར་ཞིབ།

སོག་པོ།

ཡོན་རྒྱལ་རྒྱུད་ཉམས་པའི་རྗེས་སུ་སོག་པོ་མང་པོ་ཞིག་ནི་སོག་ཡུལ་དུ་ཕྱིར་ལོག་བྱས་ཀྱང་། དམིགས་བསལ་རྒྱ་ནག་ཏུ་གཞིས་ཆགས་ཟིན་པ་ཁག་བཅས་མང་པོ་ཞིག་ནི་རྒྱ་ནག་ཏུ་གནས་ཤིང་། རྒྱ་ནག་གི་ལམ་ལུགས་ནང་དབྱེར་མེད་ཐིམས། སོག་པོའི་དམག་དཔུང་ཕམ་ཉེས་བྱུང་བ་མང་པོ་ཞིག་ནི་མིང་གི་དམག་མི་དང་ཁུངས་སྒྲིལ་བྱས། འགའ་ཞིག་ནི་མིང་དཔོན་དབང་སྲིད་གཞུང་རིང་ལུགས་དང་ཁུངས་སྒྲིལ་བྱས། རྒྱ་ནག་གི་ཡོན་སྲིད་གཞུང་ལ་ཞབས་འདེགས་གྲུབ་མཁན་གྱི་ཡུ་གུར་མང་པོ་ལའང་གནས་སྟངས་དེ་དང་གཅིག་མཚུངས་བྱུང་ཡོད། མིང་གི་སྲིད་བྱུས་ནི་ཁམས་དང་སི་ཁྲོན་ (Sichuan) གྱི་ས་མཚམས་སུ་གཞིས་ཆགས་པ་རྣམས་ཐེ་བའི་རྒྱ་ནག་ཏུ་ལྷག་པའི་སོག་པོ་དང་ཡུ་གུར་རྣམས་ལ་མུ་མཐུད་ནས་གང་ཐུབ་ཅི་ཐུབ་ཀྱིས་རྒྱའི་ཤུགས་རྐྱེན་འོག་ཏུ་གཅིག་འདུས་ཡོང་བའི་ཆེད་དུ་ཡིན། འོན་ཀྱང་མིང་གཅིག་འདུས་ཀྱི་སྲིད་བྱུས་ཀྱི་ནང་བོད་བཅུག་མེད། གང་ཡིན་ཞེ་ན། བོད་མི་ཚོས་ཡོན་གྱི་དམག་མི་དང་སྲིད་གཞུང་ལ་ཞབས་འདེགས་གྲུབ་མེད་ལ། ཡོན་རྒྱ་ནག་གི་ས་ཁུལ་ཁག་ཏུའང་གནས་སྤོ་བྱས་མེད། 

མིང་དམག་དཔུང་གིས་སོག་ཡུལ་དབང་དུ་བསྡུ་ཐབས་ཐེངས་འགའ་བྱས། དེ་དག་གིས་བྱང་ཕྱོགས་ཡོན་གྱི་དམག་མི་ལ་སྐབས་འགའ་ཤས་འཐབ་འཛིངས་བྱས་པ་དང་། སྐབས་རེར་གཡུལ་ལས་རྒྱལ་ནའང་། སོག་ཡུལ་ནས་རང་དབང་གཙང་མ་ནམ་ཡང་ཐོབ་མེད། མིང་གི་ཆེད་མངགས་དཔུང་སྡེ་སོག་ཡུལ་དུ་བཏང་བ་མཐའ་མ་དེ་ནི་སྤྱི་ལོ་ ༡༤༢༢ ལོར་ཡིན་པ་རེད། སོག་ཡུལ་དེ་རུས་སྡེ་བཞི་བཅུ་དང་བཞི་ཞེས་སུ་གྲགས་པའི་ནང་འཐོར་ནས་གནས་ཤིང་། རུས་སྡེ་བཞི་བཅུ་ནི་ཤར་སོག་དང་རུས་སྡེ་བཞི་ནི་ནུབ་སོག་ཡིན་པ་རེད། 

དུས་རབས་བཅོ་ལྔ་པའི་འགོ་སྟོད་ལ་ཤར་སོག་གི་རུས་སྡེ་འགའ་ཞིག་དེང་སང་ནང་སོག་དུ་ཡོད་པའི་གྷོ་བི་བྱེ་ཐང་གི་ཤར་ཕྱོགས་སུ་གནས་སྤོས་བྱས་པ་དང་དེར་གཞིས་ཆགས་པའི་རྒྱ་ནག་གི་ཡུལ་སྤོ་མཁན་རྣམས་བཙན་འབུད་བཏང་། དེ་ལས་ལྡོག་སྟེ། མིང་གི་དཔུང་སྡེས་བོད་ལ་བཙན་འཛུལ་བྱས་མེད་པ་མ་ཟད། ཁོང་ཚོ་བོད་ཀྱི་ས་ཁུལ་དུ་ནམ་ཡང་འཛུལ་ཐུབ་མེད། གཞན་ཡང་བོད་མི་ཚོས་རྒྱ་མི་ས་མཚམས་ཀྱི་ས་ཁུལ་ནས་ཕྱིར་བཏང་མེད། 

མོན་གུར། (Monguor)

ཨ་མདོའི་ཀོ་ཀོ་ནོར་དང་ཀན་སུའི་ས་ཁུལ་གྱི་གནས་སྟངས་ནི་རྒྱ་ནག་མིང་དེ་བོད་དབུས་དང་ཁམས་ལས་ཁྱད་པར་ཤོར་བ་དང་ཁ་སྤྲོད་ཆགས་ཡོད། སོག་པོའི་སྲིད་དབང་འོག་ལ་བོད་དབུས་དེ་ཁྲི་སྐོར་བཅུ་གསུམ་དུ་དབྱེ་བ་ཕྱེས་ཡོད་པ་དང་ཁམས་ཕྱོགས་ནི་ཁ་ཐོར་དུ་མི་འབོར་གནས་ཡོད་པས། འཛིན་སྐྱོང་གི་ལམ་ལུགས་གྲ་རྒྱས་པོ་ཞིག་དགོས་ཀྱི་མེད། ཕྱོགས་གཞན་ཞིག་ནས་ཨ་མདོ་ལ་མི་འབོར་འདྲེས་པའི་ལོ་རྒྱུས་རིང་པོ་ཞིག་ཡོད། སོག་པོའི་དུས་སྐབས་ཀྱི་སྔོན་རོལ་ཏུ་ཐུ་ལུ་ཧན་ (Tuyuhun) དང་། ཡུ་གུར། (Uighurs) མི་ཉག (Tanguts) ཙོང་ཁའི་བོད་བཅས་ཡོད་པ་རེད། དེ་དག་ཕན་ཚུན་རྒྱུད་ཆད་མེད་པར་འཐབ་འཛིངས་བྱས་ཡོད། 

ཇུར་ཆེན་གྱིས་མི་ཉག་ནམ་ཡང་དབང་དུ་བསྡུས་མེད་ནའང་། བོད་ཙོང་ཁའི་རྒྱལ་ཁམས་ནི་སྤྱི་ལོ་ ༡༡༨༢ ལོར་དབང་དུ་བསྡུས་ནས་ཇུར་ཆེན་རྒྱལ་རྒྱུད་ཀྱི་ནང་དུ་ཁུངས་སྒྲིལ་བྱས། ལོ་བཅུ་ཕྲག་འགའི་རྗེས་སུ་སོག་པོའི་དམག་དཔུང་གིས་ཙོང་ཁ་དང་མི་ཉག་གི་ས་ཆ་གཉིས་ཀ་དབང་སྒྱུར་བྱས། ཟི་ལིང་ (Xining) ཞིང་ཆེན་གྱི་ཀོ་ཀོ་ནོར་ཉེ་འཁོར་གྱི་ཙོང་ཁའི་ཡུལ་དང་ཨ་མདོའི་ཀན་སུའི་ལྷོ་ནུབ་ཀྱི་ས་ཁུལ་དུ་བཅའ་སྡོད་བྱེད་མཁན་ཕོན་ཆེན་ཞིག་ལ་མོན་གུར་ (Monguor) ཞེས་གྲགས་པ་རེད། མཁས་པ་མང་པོས་མོན་གུར་གྱི་རིགས་དེ་དག་ནི་ཐུ་ལུ་ཧན་གྱི་རིགས་རྒྱུད་ཡིན་ཞེས་བརྗོད་པ་དང་། དེ་ཡང་བོད་སྐད་ནང་གི་མིང་ “ཐུ་” དང་རྒྱ་སྐད་ཀྱི་མིང་ལ་ “ཏུ་རེན་” (Turen) ཞེས་པས་བདེན་དཔང་བྱས་ཡོད། འོན་ཀྱང་ཨནྡ་རས྄་ རོ་ན་ཏས྄་ (Andras Rona-Tas) ཞེས་པ་དེས་ (Tibeto-Mongolica: The Tibetan Loanwords of Monguor and the Development of the Archaic Tibetan Dialects) (བོད་སོག །མོན་གུར་གྱིས་བོད་སྐད་ནས་གཡར་བའི་གཡར་ཚིག་དང་བོད་ཀྱི་ཡུལ་སྐད་བརྡ་རྙིང་གི་འཕེལ་རྒྱས་ཞེས་པའི་ནང་) སྐད་བརྡ་རིག་པ་གཞི་རྩ་བཞག་ནས་ཡིད་ཆེས་ཆེན་པོའི་སྒོ་ནས་མོན་གུར་རྣམས་ནི་ཆིང་གེ་སེ་ཁཱང་གི་བུ་དྲུག་པ་ཀོལ་གེན་ (Kolgen) གྱི་དམག་དཔུང་ལས་མཆེད་པའི་སོག་པོའི་རིགས་རྒྱུད་ཡིན་ཞེས་རྩོད་གླེང་བྱས་ཡོད། གང་ལྟར་ཡང་། སོག་པོའི་དམག་དཔུང་ཁྲོད་ནས་མང་པོ་ཞིག་གིས་བོད་ཙོང་ཁའི་ཡུལ་མི་དང་ཐུ་ལུ་ཧན་བཅས་མི་རིགས་མི་འདྲ་བའི་བར་གཉེན་སྒྲིག་བྱས་ཡོད་པ་ནི་གོར་མ་ཆག་པ་རེད། མོན་གུར་རྣམས་ཀྱིས་ཨ་མདོའི་ཕྱོགས་སུ་ནང་ཆོས་གོང་འཕེལ་གཏོང་བར་ལས་འགན་གལ་ཆེན་བསྒྲུབས་ཡོད། 

མིང་གི་དམག་དཔུང་རྣམས་སྤྱི་ལོ་ ༡༣༧༠ ལོ་སྟེ། ཡོན་རྒྱལ་རྒྱུད་ཉམས་པའི་རྗེས་ཀྱི་ལོ་གཉིས་ཀྱི་བར་དུ་ལྷོ་ཀན་སུའུ་དབང་དུ་བསྡུས་མེད། ཇི་ལྟརརྒྱ་ནག་ནང་ཡོད་པའི་སོག་པོ་མང་པོ་ཞིག་སོག་ཡུལ་དུ་དམག་དཔུང་ཕྱིར་བསྡུ་བྱས་པ་ནང་བཞིན་མོན་གུར་རྣམས་སོག་ཡུལ་དུ་དམག་དཔུང་ཕྱིར་བསྡུ་མ་བྱས་པར། ཁོང་ཚོས་བཙན་འཛུལ་བྱེད་པའི་དམག་དཔུང་ལ་མགོ་འབུལ་ཞུས། དེའི་སྐབས་མོན་གུར་རྣམས་ཀྱིས་ཞིང་ལས་འདེམ་སྒྲུག་བྱས་པ་སོང་ཙང་། ཁོང་ཚོ་སོག་པོའི་ཤོག་ཁག་གཞན་ལས་གང་ལ་གང་འཚམས་ཀྱི་མི་འདྲ་བའི་ཁྱད་པར་ཡོད། ཁོང་ཚོས་ཐ་ན་བོད་ཨ་མདོ་ཡུལ་མི་རྣམས་ལའང་ས་ཞིང་འདེབས་ལས་བསླབས་པ་རེད། དེར་བརྟེན་ཁོང་ཚོ་ས་ཁུལ་དེར་རང་འཇགས་གནས་པ་དང་འབྲོག་པའི་མི་ཚེར་ཕྱིར་མི་ལོག་རྒྱུའི་ཁེ་དབང་ཅན་གྱི་སྤྲོ་བ་ཞིག་ཡོད་པ་རེད། 

རོ་ན་ཏས྄་ (Rona-Tas) ཀྱིས་ཟི་ལིང་གི་ཉེ་འཁོར་དུ་ཡོད་པའི་བོད་མི་འགའ་ཞིག་གིས་མོན་གུར་དང་མཉམ་དུ་མིང་ལ་མགོ་བཏགས་ཞུས་ནའང་། བྱང་གི་ཀོ་ཀོ་ནོར་ས་ཁུལ་ཉེ་འཁོར་དུ་ཡོད་པའི་བོད་མི་ཚོས་དྲག་པོའི་སྒོ་ནས་རྒྱའི་དམག་དཔུང་ལ་འགོག་རྒོལ་བྱས་ཞེས་བཤད་ཡོད། འོན་ཀྱང་སྤྱི་ལོ་ ༡༣༧༥ ལོར་མོན་གུར་གྱིས་བོད་མིའི་གྱེན་ལངས་དབང་དུ་བསྡུ་བའི་ཆེད་རྒྱ་ནག་ལ་རོགས་བྱས། དེར་བརྟེན་ཐ་ན་ཡོན་སྲིད་དབང་ཉམས་པའི་རྗེས་སུའང་མོན་གུར་གྱིས་མུ་མཐུད་དེ་ཨ་མདོའི་ས་ཁུལ་ལ་དབང་སྒྱུར་བྱས། 

ཧེན་རི་ སུ་རིས་ (Henry Serruys) ཀྱིས་ (The Mongols of Kansu during the Ming, Melanges, vol. 10) (མིང་དུས་སྐབས་ཀྱི་ཀན་སུའི་སོག་པོ། (Melanges) པོད་༡༠།) ཞེས་པའི་ནང་། མིང་རྒྱལ་རྒྱུད་ཀྱི་སྔ་ཕྱི་བར་གསུམ་དུ་ཀན་སུའི་མོན་གུར་གྱི་ས་ཁུལ་རྣམས་རང་སྐྱོང་གི་མངའ་ཁུལ་དུ་གནས་ཡོད་ཅེས་བརྗོད། དེར་གནས་པའི་མི་རྣམས་ཀྱིས་མིང་དབུས་སྲིད་གཞུང་ལ་ཁྲལ་མི་སྤྲད་པར་ས་གནས་ལ་ཁྲལ་ཙམ་སྤྲོད་ཀྱི་ཡོད། ས་ཁུལ་དེར་གྲོང་སྡེ་ཆུང་ཆུང་མང་པོ་ཡོད་པའི་ནང་ཧཱན་རྒྱ་མི་ཚོར་གནས་སྡོད་བྱེད་ཀྱི་ཡོད་པ་དང་མོན་གུར་རྣམས་ནི་ནམ་རྒྱུན་དེ་དག་ལ་བསྐོར་ནས་མཐའ་མཚམས་ས་ཁུལ་དུ་གནས་ཀྱི་ཡོད། དེར་བརྟེན་མོན་གུར་རྣམས་ལས་སླ་པོའི་སྒོ་ནས་རྒྱ་ནག་གི་སོ་མྱུལ་བ་ཚོས་དྭོགས་སྲུང་བྱ་ར་བྱེད་ཐུབ་པ་དང་གལ་ཏེ་དགོས་གལ་བྱུང་ན། མིང་གི་དམག་དཔུང་བསླེབ་ཀྱི་ཡོད། རོ་ན་ཏ་ས྄་ཡིས་མོན་གུར་རྣམས་ཀྱིས་མིང་སྲིད་གཞུང་ལ་སོག་པོའི་ཁ་གཏད་དུ་ས་མཚམས་སྲུང་སྐྱོབ་ཀྱི་ཞབས་འདེགས་བསྒྲུབས་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་ནའང་། སུ་རིས་ཀྱིས་མཐའ་དོན་འདི་ལ་དྲི་བ་བཀོད་ཡོད། ཁོས་མོན་གུར་རྣམས་རང་སོ་སོའི་ས་ཁུལ་ཁག་ལ་ཞི་བདེའི་ཡོང་བའི་འགན་འཁྲི་ཡོད་པའི་སྐབས། སོག་པོ་དང་མཉམ་དུ་མིང་གི་དམག་མི་རྣམས་ཀྱིས་ཀན་སུའི་ས་མཚམས་ལ་སྲུང་སྐྱོབ་བྱས་ཡོད། དེར་མ་ཟད། མོན་གུར་རྣམས་ད་དུང་ཡང་རྒྱ་བོད་དབར་གྱི་ཇའི་ཆེད་དུ་རྟ་ཚོང་རྒྱག་སྲོལ་ལ་ཧུར་པོ་ཡོད་པ་དང་། ཁོང་ཚོས་ཡང་སེ་བོད་དབུས་དང་རྒྱ་ནག་ནས་ཕར་ཚུར་ཅ་དངོས་འོར་འདྲེན་སྐབས་བར་མི་ལྟ་བུའི་ལས་ཀ་བྱེད་ཀྱི་ཡོད། 

ཨ་མདོའི་གནས་སྟངས་ནི་བོད་དབུས་དང་ཁམས་ལས་ཧ་ཅང་མི་འདྲ་བ་ཡོད། དུས་ཕྱིས་ཀྱི་ས་ཁུལ་གཉིས་ལ་རྒྱ་མི་གཞིས་སྡོད་བྱེད་མཁན་དང་ཡང་ན་སོག་པོའི་རིགས་རྒྱུད་གནས་སྡོད་བྱེད་མཁན་མེད་པས། དེ་དག་ལ་མིང་རྒྱ་ནག་དང་གང་ལྟར་མཉམ་སྡེབ་བྱེད་ཐུབ་པའི་བོད་མི་མིན་པའི་སྡེ་ཁག་མེད། 

ཨུ་རི་ཡངྒ་ཁ་ཡེ། (Uriyangkhai)

སྤྱི་ལོ་ ༡༣༨༩ ལོར་ཤར་སོག་པོའི་ཚོ་པ་གསུམ་སྟེ། དེ་གསུམ་བསྡུས་པའི་མིང་ལ་ཨུ་རི་ཡངྒ་ཁ་ཡེ་ཞེས་སུ་གྲགས་པ་དེ་དག་རྒྱ་ནག་མིང་ལ་མགོ་བཏགས་ཞུས། ཡོན་རྒྱལ་རྒྱུད་ཉམས་པའི་རྗེས་སུ་སོག་པོའི་རུས་སྡེ་སྣ་ཚོགས་པ་ཚང་མའི་ཁྲོད་དུ་གློ་བུར་མི་སེར་ནང་འཁྲུག་བྱུང་བ་ལ་ཨ་ཐང་ཆད་ནས་སྲ་བརྟན་གྱི་འཛུགས་སྐྲུན་ལ་རོགས་བྱེད་པའི་ཆེད་རྒྱ་ནག་གི་ཕྱོགས་སུ་ཁ་བསྒྱུར་བ། ཁོང་ཚོའི་དམག་མི་རྣམས་དེ་གའི་ས་ཁུལ་རང་གི་ནང་གྲོང་སྲུང་དམག་སྡེ་བཙུགས་པའི་མིང་གི་དམག་མིའི་ལམ་ལུགས་ཀྱི་དམག་སྡེ་རུ་གྱུར། དེ་ནི་དེང་སང་གི་སོག་ཡུལ་གྱི་བྱང་ཤར་མཐའ་དང་མན་ཇུའི་ནུབ་བྱང་གི་མཐའི་ས་ཁུལ་བར་དུ་ཆགས་ཡོད། 

ཧེན་རི་ སུ་རིས་ (Henry Serruys) ཀྱིས་ (Sino-Mongol Relations During the Ming, vol. 2: The Tribute System Diplomatic Missions, 1400-1600) (མིང་རྒྱལ་རྒྱུད་སྐབས་ཀྱི་རྒྱ་སོག་གི་འབྲེལ་བ། པོད་༢། རྟེན་འབུལ་གྱི་ལམ་ལུགས་དང་རྒྱལ་འབྲེལ་ཐབས་བྱུས་ཀྱི་ལས་འགུལ། ༡༤༠༠-༡༦༠༠) ཞེས་པའི་ནང་། མིང་སྲིད་གཞུང་གིས་ཨུ་རི་ཡངྒ་ཁ་ཡེ་རྣམས་ལ་སྲུང་སྐྱོབ་མངའ་ཁུལ་གྱི་ཞབས་འདེགས་ལྟ་བུ་རྒྱ་ནག་གི་ཕྱི་ལོགས་སུ་བར་གནས་ས་ཁུལ་ཞིག་ཏུ་ལྟ་ཚུལ་བཟུང་བ་རེད། ཁོང་ཚོས་ནང་གི་གནད་དོན་ཐད་ལ་ཐེ་བྱུས་བྱེད་ཀྱི་མེད་ཀྱང་། ཚོང་དོན་གྱི་འབྲེལ་བ་མུ་མཐུད་རྒྱུན་འཛིན་བྱས་ཡོད། རྒྱ་ནག་ཨུ་རི་ཡངྒ་ཁ་ཡེ་དང་གཞན་སོག་པོ་རྣམས་དང་མཐུན་གྲོས་ལ་རྟག་ཏུ་འཇིགས་སྣང་སྐྱེ་གི་ཡོད་པའི་རྒྱུ་མཚན་གྱིས་ཁོང་ཚོས་འཆམ་མཐུན་གྱི་སྲིད་བྱུས་ཤིག་རྒྱུན་འཛིན་བྱས། ཁོང་ཚོའི་ས་ཁུལ་ཁག་ལ་ཧཱན་རྒྱ་རིགས་གནས་སྡོད་བྱེད་མཁན་མེད་སྟབས། ཨུ་རི་ཡངྒ་ཁ་ཡེས་མོན་གུར་རྣམས་ལས་མིང་གི་མངའ་འོག་ཏུ་རང་དབང་ཆེ་བར་སྐྱིད་པོའི་ངང་གནས་པ་རེད། 

ཇུར་ཆེན། (Jurchens)

ཡོན་རྒྱལ་རྒྱུད་སྐབས། སོག་པོ་རྣམས་ཀྱི་མན་ཇུ་ལ་གྲོང་སྲུང་དམག་སྡེ་འགའ་ཞིག་རྒྱུན་འཛིན་བྱས་ཡོད་ཀྱང་། མང་ཆེ་བ་ལ་ས་གནས་དེ་རང་ནས་བྱུང་བའི་ཇུར་ཆེན་རྣམས་ལ་དབང་སྒྱུར་བྱེད་དུ་བཅུག་ཡོད། འོན་ཀྱང་བོད་ཀྱི་གནས་སྟངས་དང་མི་འདྲ་བར་སོག་པོས་མན་ཇུ་ལ་ཞིང་ལས་དང་གཏེར་ཁ་སྔོག་འདོན་གོང་འཕེལ་བཏང་ཡོད། སོག་པོ་རྣམས་ཕམ་པར་བྱས་རྗེས་མིང་དམག་གིས་མན་ཇུ་ནམ་ཡང་བཙན་འཛུལ་བྱས་མེད། དེར་བརྟེན་དེ་ལ་སྲིད་དབང་བཟུང་བའམ་ཁྲལ་བསྡུ་བ་ནམ་ཡང་བྱས་མེད། དེ་ལས་ལྡོག་སྟེ། དམིགས་བསལ་རྟ་དང་། སྤུ། ཇིན་སེང་ (Ginseng) སྨན་རྩ་བཅས་མཁོ་སྒྲུབ་ཆེད་དུ་ཁོང་ཚོས་མན་ཇུ་དང་མཉམ་དུ་ཚོང་གི་འབྲེལ་ལམ་རྒྱུན་འཛིན་བྱས།

སྤྱི་ལོ་ ༡༤༠༠ ལོའི་རྗེས་ནས་མིང་སྲིད་གཞུང་ནས་ཇུར་ཆེན་དང་མཉམ་དུ་ཨུ་རི་ཡངྒ་ཁ་ཡེ་དང་མཉམ་དུ་བཟོས་པ་དང་གཅིག་མཚུངས་ཀྱི་དམག་དཔུང་གོ་སྒྲིག་ཅིག་བྱས། ཁོང་ཚོས་ཇུར་ཆེན་དང་ཨུ་རི་ཡངྒ་ཁ་ཡེ་ནི་སོག་པོའམ་རྒྱ་ནག་དང་རྦད་དེ་ལོགས་སུ་ཐ་དད་པའི་ས་ཁུལ་གྱི་དམག་སྡེ་ཞིག་མཉམ་དུ་རྩ་འཛུགས་བྱེད་ཀྱིན་ཡོད་པར་ཆ་འཇོག་བྱེད་ཀྱི་ཡོད། 

ཇུར་ཆེན་མང་པོས་ཀོ་རི་ཡའི་ནང་ཆོས་ཀྱི་རྣམ་པ་དག་རང་ལུགས་སུ་བསྟེན་ཡོད། མོ་རིས྄་ རོ་ས་བི་ཡིས་ (Morris Rossabi) (The Jurchens in the Yüan and Ming) (ཡོན་དང་མིང་རྒྱལ་རྒྱུད་ཀྱི་ཇུར་ཆེན་) ཞེས་པའི་ནང་། ཇུར་ཆེན་ནས་ཤུགས་རྐྱེན་ཆེ་བ་ཐོབ་པའི་ཕྱིར་མིང་གོང་མའི་ཕོ་བྲང་ནས་སྤྱི་ལོ་ ༡༤༡༧ ལོར་མན་ཇུའི་ཆེད་དུ་དབང་ལྡན་ནང་པའི་དེབ་སྐྱེལ་ལས་ཁུངས་ཤིག་རྩ་འཛུགས་བྱས་ཤིང་། དེའི་འགོ་དཔོན་དུ་ཇུར་ཆེན་གྱི་གྲྭ་པ་ཞིག་བསྐོས། མིང་རྒྱལ་རྒྱུད་ཀྱིས་བོད་ལ་བཟོས་པའི་དཔོན་དབང་སྲིད་གཞུང་གི་ལམ་ལུགས་གནས་སྟངས་ལྟར་དེས་ལས་དོན་དངོས་གང་ཡང་བྱས་མེད། 

གོང་མ་ཧུང་ཝུ་ (Hongwu) དང་མིང་རྒྱལ་རྒྱུད་སྲོལ་གཏོད་པ།

དེ་ཡང་སྤྱི་ལོ་ ༡༣༦༨ ལོར་རྒྱ་ནག་ཏུ་མིང་རྒྱལ་རྒྱུད་ཀྱིས་སོག་པོ་ཡོན་རྒྱལ་རྒྱུད་བརྗེ་ཚབ་བྱས། མིང་རྒྱལ་རྒྱུད་ཀྱི་སྲོལ་གཏོད་མཁན་གོང་ཧུང་ཝུ་མིང་ཐེ་ཙུས་ (སྲིད་བསྐྱངས་ལོ། ༡༣༦༨-༡༣༩༩ བར་) ཡི་མི་ཚེ་སྟོད་ལ་ལོ་འགའི་རིང་ནང་པའི་དགེ་འདུན་པ་ཞིག་བྱས། སྤྱི་ལོ་ ༡༣༦༩ ལོར་ཁོང་གིས་བོད་དབུས་ཕྱོགས་སུ་ཕོ་ཉ་ཞིག་བཏང་ནའང་། ཚུར་རང་འཇགས་ལོག་སླེབས། འོན་ཀྱང་དེའི་རྗེས་ཀྱི་ཕོ་ཉ་གཉིས་པ་དེ་སྐུ་ཚབ་ཞུ་ཡུན་དུས་ (Xu Yunde) འགོ་ཁྲིད་འོག་འབྱོར་ནས་མིང་རྒྱལ་རྒྱུད་ཀྱིས་དེ་དག་ལ་སླར་ཡང་ངེས་བརྟན་བཟོས་པའི་ཡོན་གྱི་དབང་སྒྱུར་བ་ཚོས་བྱིན་པའི་མིང་དང་གོ་གནས་བཅས་བོད་མི་རྣམས་ལ་བརྡ་ལན་སྤྲད། གོང་མའི་སྐུ་ཚབ་དེས་ནན་ཅིང་ (Nanjing) དུ་ཡོད་པའི་གོང་མའི་ཕོ་བྲང་ལ་གྲུབ་མཐའ་མི་འདྲ་བ་ནས་བླ་ཆེན་སྣ་ཚོགས་པ་གདན་དྲངས། དེ་དག་ལས་གཅིག་ནི་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཞི་པ་ཡིན་ཞིང་། ཁོང་གིས་གདན་ཞུ་ལ་ངོས་བཞེས་གནང་མེད།

དུས་ཕྱིས་སུ་མིང་གོང་མའི་ཕོ་བྲང་དུ་བོད་ཀྱི་བླ་ཆེན་ཁག་གདན་འདྲེན་ཞུས་པ་རྣམས་ལ་དེ་སྔོན་གྱི་བླ་ཆེན་གདན་འདྲེན་ཞུས་པ་རྣམས་ཀྱིས་བཟུང་བའི་ཆབ་སྲིད་ཀྱི་གོ་གནས་མེད། དཔེར་ན། “ཏའི་སི་ཏུ་” ཞེས་པའི་མཚན་གནས་ལྟ་བུ་རེད། ས་སྐྱའི་སྲིད་དབང་སྐབས་སུ་ཁོང་ཚོ་དང་མཉམ་དུ་ལག་བསྟར་བྱས་བོད་ནང་གི་ཆབ་སྲིད་ཀྱི་དབང་ཆ་དེ་ད་ལྟ་ཆེ་མཐོང་སླད་ཀྱི་གོ་མིང་ཙམ་ཡིན་པ་ལས་ཆབ་སྲིད་ཀྱི་གལ་གནད་མེད། དཔེ་མཚོན་ཁ་གསལ་ཤོས་ནི་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ལྔ་པའི་སློབ་མ་ཆོས་ཀྱི་རྒྱལ་མཚན་ (༡༣༧༧-༡༤༤༨) ཡིན་པ་རེད། ཁོང་ལ་ཏའི་སི་ཏུ་ཟེར་བའི་མཚན་གནས་དེ་མིང་གོང་མ་གསུམ་པ་ནས་ཐོབ་པ་དང་དེ་ནས་བཟུང་ཏའི་སི་ཏུ་སྐུ་ཕྲེང་དང་པོ་ཞེས་སུ་གྲགས། 

དོན་ངོ་མར་གོང་མ་ཧུང་ཝུ་ཡིས་རྒྱ་ནག་ཏུ་ཡོད་པའི་ནང་པའི་དགེ་འདུན་པ་རྣམས་ཆབ་སྲིད་ཀྱི་དབང་ཐང་ཚད་བཀག་བཟོ་ཆེད་དམ་བསྒྲགས་བྱས། དེ་ལྟ་ནའང་མིང་གི་རྒྱལ་རྒྱུད་སྲོལ་གཏོད་པ་པོས་ནང་ཆོས་ལ་བཅོས་མིན་གྱི་སྤྲོ་བ་བསྟན་ཡོད། ཁོང་གིས་སྤྱི་ལོ་ ༡༣༧༨ ནས་ ༡༣༨༢ བར་ལ་ཧཱན་གྱི་གྲྭ་པ་ཙུང་ལུའོ་ (Zongluo) ནང་པའི་དཔེ་ཆ་འགའ་ཞིག་གདན་དྲངས་བའི་ཕྱིར་བོད་དུ་བཏང་། བཙུན་མོ་དེ་སྤྱི་ལོ་ ༡༣༨༢ ལོར་འདས་གྲོངས་སུ་གྱུར་བའི་སྐབས། ཁོང་གིས་རྒྱལ་པོའི་སྲས་སྣ་ཚོགས་པའི་ཕོ་བྲང་དུ་དགེ་འདུན་པ་རྣམས་བཏང་ནས་ཁོ་མོའི་ཚབ་ཏུ་མདོ་རྣམས་འདོན་པ་རེད། དེ་དག་གི་ནང་ཧཱན་གྱི་གྲྭ་པ་ཏའོ་ཡན་ (Daoyan) ཡོད་པ་དང་། ཁོང་ཏེའུ་དུའི་ (པེ་ཅིང་) ས་ཁུལ་དུ་ཡན་གྱི་སྲས་ཡོད་པར་བཏང་ཞིང་། ས་ཁུལ་དེ་ནི་མཐར་ཡུང་ལོ་གོང་མ་མིང་ཁྲིན་ཙུས་ (སྲིད་བསྐྱངས་ལོ། ༡༤༠༣-༡༤༢༤) ཟེར་བ་དེས་དབང་སྒྱུར་བྱས། 

ཡུང་ལོ་གོང་མ་དང་ཀརྨ་པ་སྐུ་ཕྲེང་ལྔ་པ།

ཧེན་རི་ སུ་རིས་ཀྱིས་ (Henry Serruys) (A Manuscript Version of the Legend of the Mongol Ancestry of the Yung-lo emperor in Analytical Mongolica) (སོག་པོ་དབྱེ་ཞིབ་ཅེས་པའི་ནང་གི་ཡུང་ལོ་གོང་མའི་སོག་པོ་རྒྱུད་པའི་གཏམ་རྒྱུད་ཀྱི་དཔེ་ཆའི་འགྲེལ་ཚུལ་) ཞེས་པའི་ནང་། ཡུང་ལོ་གོང་མ་རྣམས་དོན་ངོ་མར་སོག་པོ་ཞིག་ཏུ་སྐྱེས་པ་ལས་ཧཱན་གྱི་རིགས་ཤིག་ཏུ་སྐྱེས་མེད་ཅེས་གཏམ་རྒྱུད་དེ་འགྲེལ་བརྗོད་བྱེད་ཀྱི་ཡོད། མིང་རྒྱལ་རྒྱུད་ཀྱི་སྲོལ་གཏོད་པ་པོས་ཡོན་གྱི་རྒྱལ་ས་ཏ་ཡེ་ཏུ་ (Daidu) བཙན་བཟུང་བྱེད་པའི་སྐབས། ཁོང་གིས་ཡོན་གྱི་རྒྱལ་པོ་མཐའ་མའི་བཙུན་མོ་སྦྲུམ་པ་དེ་ཁབ་ཏུ་བཞེས། བཙུན་མོ་དེའི་སྲས་རྗེས་སུ་ཡུང་ལོའི་རྒྱལ་པོ་གྱུར་བ་རེད། སྲས་དེ་གོང་མ་ཧུང་ཝུའི་ཚ་བོ་གཞོན་ནུ་རྗེས་འཛིན་པ་ཇི་བིན་ཝེན་གོང་མ་མིང་ཧུའི་ཙུས་ (Jianwen Emperor, Ming Huizu) (སྲིད་བསྐྱངས་ལོ། ༡༣༩༩-༡༤༠༣) གནས་དབྱུང་བཏང་ནས་རྒྱལ་པོའི་ཁྲིར་འཁོད་པ་རེད། 

ཡུང་ལོ་གོང་མ་ནི་རྒྱ་ནག་གི་ཤེས་ཡོན་དང་ནང་ཆོས་གཉིས་ཀའི་གཙོ་མགོན་ཆེན་པོ་ཞིག་ཡིན་པ་རེད། སྤྱི་ལོ་ ༡༤༠༣ ལོར་ཁྲིར་འཁོད་པའི་རྗེས་སུ་གང་མྱུར་ཁོང་ནས་ཡུང་ལོའི་ཀུན་ཁྱབ་ཚིག་མཛོད་ཆེན་མོ་ (Chin. Yongle Dadien) ཞེས་པ་དེ་ཕྱོགས་བསྒྲིགས་མཛད་རྒྱུའི་འགན་འཁུར་བཞེས། དེ་ནི་སྤྱི་ལོ་ ༡༤༠༨ ལོར་ཡོངས་སུ་ཚར་བ་རེད། དེའི་པོད་ཕྲེང་སྟོང་ཕྲག་བཅུ་གཅིག་བརྒལ་བའི་ནང་རིག་པའི་གནས་ཡོངས་སུ་རྫོགས་པ་ཚུད་ཡོད། པོད་བཞི་བརྒྱ་ལས་ཉུང་བ་ད་ལྟ་བར་དུ་ཡུན་དུ་གནས་ཡོད། 

དེར་མ་ཟད། སྤྱི་ལོ་ ༡༤༠༣ ལོར་ཡུང་ལོ་གོང་མས་ནན་ཅིང་དུ་ཕག་གྲུའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གྲགས་པ་རྒྱལ་མཚན་ (༡༣༨༥-༡༤༣༢) གདན་འདྲེན་ཞུས། ཁོང་ཕྱིས་སུ་ཕག་གྲུའི་སྡེ་སྲིད་ལྔ་པ་ (སྲིད་བསྐྱངས་ལོ། ༡༤༠༩-༡༤༣༤) ཆགས་པ་རེད། འོན་ཀྱང་གྲགས་པ་རྒྱལ་མཚན་གྱིས་གདན་ཞུ་ངོས་ལེན་མ་གནང་བ་སོང་ཙང་། དེའི་ཚབ་ཏུ་གོང་མས་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་ (༡༣༨༤-༡༤༡༥) གདན་དྲངས། སྤྱི་ལོ་ ༡༤༠༧ ལོར་ཀརྨ་པ་གཞོན་ནུ་དེ་ཕེབས་འབྱོར་སྐབས། ཁོང་ལ་གཟེངས་བསྟོད་ཆེ་ཤོས་ཀྱི་སྒོ་ནས་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས། 

སྲོལ་རྒྱུན་ལམ་ལུགས་ལྟར་ན། ཁོང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐབས་སུ་ཀརྨ་པ་སྐུ་ཕྲེང་དང་པོ་ལ་ལྷའི་ཕོ་ཉ་དང་འདྲ་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞིག་གིས་དབུ་ཞྭ་ནག་པོ་ཞིག་སྤྱན་བསྟར་ཞུས་ཡོད། དབུ་ཞྭ་དེ་ནི་མཁའ་འགྲོ་མ་འབུམ་གྱི་དབུ་སྐྲས་ལྷས་ཤིང་འཐགས་པར་གྲགས། ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྴི་དགུང་ལོ་གསུམ་ལ་ཕེབས་སྐབས། ཁོང་གི་དབུ་སྟེང་ལ་ཞྭ་ནག་དེ་ཡོད་པར་ཁྱབ་བསྒྲགས་བྱས། དེར་ལྟར་ཀརྨ་པ་སྐུ་ཕྲེང་དང་པོ་ནས་བཟུང་སྟེ་སྤྲུལ་སྐུའི་བརྒྱུད་པ་དེ་བོད་དུ་འགོ་ཚུགས་པ་རེད། 

ཀརྨ་པ་སྐུ་ཕྲེང་གསུམ་པ་དང་བཞི་པ་རྣམས་ཀྱི་དབུ་སྟེང་ལའང་ཞྭ་ནག་ཡོད་པར་ངོས་འཛིན་དང་ཁྱབ་བསྒྲགས་བྱས། དེ་དག་གི་དམ་ཚིག་ཉེ་བའི་རྟགས་སུ་ཀརྨ་པ་སྐུ་ཕྲེང་གསུམ་པས་ཁོང་གི་སློབ་མ་གཙོ་བོ་གྲགས་པ་སེང་གེ་ལ་དབུ་ཞྭ་དམར་པོ་ཞིག་གནང་བ་དང་། ཁོང་ཕྱིས་སུ་ཞྭ་དམར་སྐུ་ཕྲེང་དང་པོ་རྟོགས་ལྡན་གྲགས་པ་སེང་གེ་ (༡༢༨༤-༡༣༤༩) ཞེས་སུ་གྲགས་པ་དེའོ།། 

ཡུང་ལོ་གོང་མས་ཀརྨ་པ་སྐུ་ཕྲེང་ལྔ་པའི་དབུའི་སྟེང་ལ་ཞྭ་ནག་ཡོད་པར་གཟིགས་པ་དང་དེའི་དངོས་གཟུགས་སུ་དབུ་ཞྭ་ངོ་འདྲ་ཞིག་ཁོང་ལ་སྤྱན་འབུལ་ཞུས། ཀརྨ་པ་སྐུ་ཕྲེང་ལྔ་པས་ཞྭ་ནག་རྟེན་འབྲེལ་མཛད་སྒོ་ཞིག་ཚུགས་ཤིང་། དེའི་སྐབས་སུ་ཁོང་གིས་མཐའ་གཅིག་ཏུ་སྙིང་རྗེའི་རང་གཟུགས་ཡི་དམ་གྱི་ལྷ་འཕགས་པ་སྤྱན་རས་གཟིགས་མིའི་གཟུགས་སུ་བྱོན་པ་ལྟར་སེམས་རྩེ་གཅིག་ཏུ་གཏད་པ་དང་བཅས་ཞྭ་ནག་དེ་དབུ་ལ་མནབ་པ་མཛད་སྲོལ་ཡོད། 

ཡུང་ལོ་གོང་མས་ཀརྨ་པ་སྐུ་ཕྲེང་ལྔ་པ་ལ་ཁོང་གི་ཚེ་འདས་ཕ་མར་གུས་ཞབས་མཚོན་ཆེད་ནང་པའི་ཆོ་ག་བསྒྲུབ་རོགས་ཞེས་གསོལ་བ་བཏབ། ཨེ་ལིའོཏ་ ས྄པརླིང་གིས་ (Elliot Sperling) (The 5th Karmapa and Some Aspects of the Relationship between Tibet and the Early Ming, in Tibetan Studies in Honour of Hugh Richardson) (ཀརྨ་པ་སྐུ་ཕྲེང་ལྔ་པ་དང་བོད་དང་མིང་སྔ་མའི་བར་གྱི་འབྲེལ་བའི་རྣམ་པ་འགའ་ཞེས་ཧགྷ་ རི་ཆཱརྜ་སན་ (Hugh Richardson) ལ་ཆེ་བསྟོད་དུ་བོད་ཀྱི་སློབ་གཉེར་) ཞེས་པའི་ནང་བཤད་པ་ལྟར་ན། ཡུང་ལོ་གོང་མས་ཀརྨ་བཀའ་བརྒྱུད་ཀྱི་དབུ་ཁྲིད་རྣམས་དང་ལྷན་དུ་མཐུན་གྲོས་འབྲེལ་ལམ་ཞིག་བཟོ་འདོད་བྱུང་ཡོད་པ་དེ་ནི་སོག་པོ་ཡོན་གྱི་རྒྱལ་པོ་རྣམས་དང་ས་སྐྱའི་དབར་གྱི་བླ་མ་དང་ཡོན་བདག་གི་འབྲེལ་བ་གཅིག་མཚུངས་ཤིག་ཡིན་པ་རེད། འོན་ཀྱང་ཀརྨ་པ་སྐུ་ཕྲེང་ལྔ་པས་ངོས་བཞེས་མ་གནང་བར་ལོ་རྗེས་མ་ནས་ཕེབས་ཐོན་མཛད། 

མིང་གོང་མའི་བོད་ཀྱི་བླ་ཆེན་ཁག་གདན་ཞུའི་སྐོར་ལ་དཔྱད་པ།

མིང་གོང་མས་བོད་ཀྱི་བླ་ཆེན་ཁག་རྒྱ་ནག་ཏུ་གདན་ཞུའི་འབོད་སྐུལ་དང་འབོད་སྐུལ་དེ་དག་ལ་ཡ་ལན་དུ་བླ་ཆེན་ཁག་ནས་རང་དབང་སྤྱད་པ་དེས་དེའི་ཚེ་དེའི་དུས་ཀྱི་རྒྱ་བོད་འབྲེལ་བ་དེ་ཕན་ཚུན་གཉིས་མོས་ཀྱི་རང་དབང་ཞིག་མཚོན་གྱི་ཡོད། 

མིང་གི་སྲིད་བྱུས་འགྱུར་ལྡོག་གོང་འཕེལ་ཕྱིན་པ་དེ་ནི་དབུ་ཁྲིད་ཀྱི་བླ་མ་དེ་དག་གི་ཆོས་བརྒྱུད་གང་ཡིན་མིན་ལ་མ་བལྟོས་པར། སུས་རྒྱ་ནག་ཏུ་གདན་ཞུ་ལ་ངོས་བཞེས་གནང་བ་དེ་དག་ལ་མིང་གནས་སྦྱིན་རྒྱུ་དང་ཕངས་མེད་ཀྱི་དཀྱེས་འབུལ་རྒྱུ་དེ་ཡིན་པ་རེད། ཊ་རེལ ཝཡེ་ལི་ (Turrell Wylie) (Lama Tribute in the Ming Dynasty, in Tibetan Studies in Honour of Hugh Richardson) (ཧགྷ་ རི་ཆཱརྜ་སན་ (Hugh Richardson) ལ་ཆེ་བསྟོད་དུ་བོད་ཀྱི་སློབ་གཉེར་) ནང་བཤད་པ་ལྟར་ན། སྲིད་བྱུས་འདི་ནི་བོད་ཀྱི་བླ་མ་དེ་དག་ཐམས་ཅད་ལ་ལེགས་སྐྱེས་འབུལ་བའི་སྒོ་ནས་ཁ་ཐོར་གཏོང་འདུན་ཡོད་པ་དང་བླ་མ་དང་ཡོན་བདག་བར་གྱི་འབྲེལ་བ་དམིགས་བསལ་གང་འདྲ་ཞིག་ཡོད་པ་དེ་དག་ལ་སེམས་ཤུགས་གཅོག་རྒྱུ་དེ་ཡིན་པ་རེད་ཅེས་ཟེར། དམིགས་ཡུལ་ནི་སོག་པོ་དང་མཉམ་དུ་མུ་མཐུད་དེ་མཐུན་གྲོས་ཀྱི་འབྲེལ་བ་སྐྲུན་རྒྱུ་དེ་ལས་བོད་མི་ཚོ་མགུ་ཐབས་དང་སླུ་ཐབས་བྱ་རྒྱུ་དེ་ཡིན་པ་རེད། 

འོན་ཀྱང་ཨེ་ལིའོཏ་ ས྄པརླིང་གིས་ (Elliot Sperling) (Did the Early Ming Emperors Attempt to Implement a ‘Divide and Rule’ Policy in Tibet) (མིང་སྔ་མའི་རྒྱལ་པོ་ཚོས་བོད་ནང་དུམ་བུར་བགོས་ནས་དབང་སྒྱུར་བྱེད་པའི་ལམ་ལུགས་དེ་ལག་བསྟར་བྱེད་ཐབས་བྱས་ཡོད་དམ་) ཞེས་པའི་ནང་། ཝཡེ་ལིའི་ (Wylie) དཔྱད་པ་ལ་རྩོད་གླེང་བྱེད་ཀྱི་ཡོད། ས྄པརླིང་ལྟར་ན། བོད་ཀྱི་ཆོས་ལུགས་འཛུགས་སྐྲུན་དེ་ནི་མིང་རྒྱལ་རྒྱུད་སྲོལ་མ་གཏོད་གོང་ནས་ཁ་ཐོར་ཕྱིན་ཟིན་པར་བཤད། མིང་རྒྱལ་རྒྱུད་ཀྱིས་བོད་ལ་ཤུགས་རྐྱེན་བྱེད་པ་དེ་ཧ་ཅང་ཆེན་པོ་ཡིན་པ་སོང་ཙང་། དེས་ཆིག་སྒྲིལ་མིན་པའི་གནས་སྟངས་རྒྱུན་གནས་ཐུབ་པར་རོགས་བྱས་ཡོད་ཅེས་བརྗོད་མི་ཐུབ། མིང་རྒྱལ་རྒྱུད་མང་ཆེ་བ་ནི་བོད་ནང་སྟོབས་ཤུགས་མེད། 

དཔེར་ན། ཀརྨ་པ་སྐུ་ཕྲེང་ལྔ་པ་བོད་དུ་ཐོན་ནས་ལོ་གཉིས་རྗེས་སུ་ཕྱི་འབྲེལ་མི་སྣ་ཁག་ལ་སྦྱོང་བརྡར་ཆེད་དུ་རྒྱ་ནག་པེ་ཅིང་དུ་བོད་ཀྱི་སྐད་ཡིག་སློབ་གྲྭ་ཞིག་བཙུགས། ཡུང་ལོ་གོང་མས་སྐབས་དེར་མིང་གི་རྒྱལ་ས་དེ་ནན་ཅིང་ (Nanjing) ནས་པེ་ཅིང་ (Beijing) དུ་སྤོས། འོན་ཀྱང་བོད་དུ་བཏང་བའི་གསེར་ཡིག་པ་ཟེར་བའི་རྒྱ་ནག་གི་སྐུ་ཚབ་རྣམས་དེར་བསད། ཀརྨ་པ་སྐུ་ཕྲེང་ལྔ་པས་གྲོས་མོལ་གནང་སྟེ། མཐར་རྒྱ་ནག་གི་དམག་མི་བོད་ནང་བཏང་མེད། དོན་ངོ་མར་མིང་རྒྱ་ནག་གིས་རྒྱ་བོད་ཀྱི་ས་མཚམས་བརྒལ་ནས་ཆེད་མངགས་དཔུང་སྡེ་ནམ་ཡང་བཏང་ཐུབ་མེད། 

ཡུང་ལོ་གོང་མ་དང་ཙོང་ཁ་པ།

ཡུང་ལོ་གོང་མས་དགེ་ལུགས་པའི་ཆོས་བརྒྱུད་སྲོལ་གཏོད་པ་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ (༡༣༥༧-༡༤༡༩) རྒྱ་ནག་ཏུ་ཐེངས་གཉིས་གདན་ཞུ་བྱས། སྤྱི་ལོ་ ༡༣༧༢ ལོར་ཙོང་ཁ་པ་ཁོང་གི་ཕ་ཡུལ་ཨ་མདོ་ནས་བོད་དབུས་ཕྱོགས་ཕེབས་འབྱོར་བྱུང་ཞིང་། ཡུང་ལོ་གོང་མའི་སྲིད་དབང་སྐྱོང་བའི་སྐབས་ལ་བརྟེན་ནས་གཟེངས་ཐོན་ཆེན་པོ་ཐོབ་ཡོད། ཡུང་ལོ་གོང་མས་དེ་སྔོན་ཀརྨ་པ་སྐུ་ཕྲེང་ལྔ་པའི་སྐབས་སུ་བཏང་བའི་ཁོང་གི་སྐུ་ཚབ་ཧའུ་ཞིན་ (Houxian) ཞེས་པ་དེ་བཏང་། 

སྤྱི་ལོ་ ༡༤༠༩ ལོར་ཙོང་ཁ་པས་གདན་ཞུ་དང་པོ་དེ་ངོས་བཞེས་གནང་མེད། གང་ཡིན་ཞེ་ན། དེའི་སྐབས་སུ་ཕག་གྲུའི་སྲིད་བློན་གྲགས་པ་རྒྱལ་མཚན་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ཁོང་གིས་ལྷ་ས་སྨོན་ལམ་ཆེན་མོ་རྩ་འཛུགས་གནང་བཞིན་ཡོད། ལོ་དེའི་ནང་ཙོང་ཁ་པས་དགེ་ལུགས་ཀྱི་དགོན་པ་ཐོག་མར་གྱུར་བ་དགའ་ལྡན་དགོན་པ་ཕྱག་བཏབ། 

རྒྱུ་མཚན་དེ་ལྟར་ན་ཙོང་ཁ་པས་ཁོང་གི་ཚབ་ཏུ་རང་གི་སློབ་མ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ (༡༣༥༣-༡༤༣༥) རྒྱ་ནག་ཏུ་མངགས་གནང་། 

ཌཡེ་ཊར་ ས྄ཁུ་ (Dieter Schuh) ཡིས་ (Wie ist Einladung des fünften Karma-pa an den Kaiserhof als Fortführung der Tibet-Politik der Mongolen Khane zu verstehen?) (ཀརྨ་པ་སྐུ་ཕྲེང་ལྔ་པ་གོང་མའི་ཕོ་བྲང་དུ་གདན་ཞུ་དེ་བོད་ཕྱོགས་སུ་འཛིན་པའི་སོག་པོ་ཁམས་ཀྱི་རྒྱུན་བསྲིང་བའི་ཆབ་སྲིད་ཀྱི་སྲིད་བྱུས་ལྟ་བུར་ཇི་ལྟར་རྟོགས་སམ། Altai Collecta) ཞེས་པའི་ནང་། གདན་ཞུ་འདི་ནི་ཀརྨ་པ་སྐུ་ཕྲེང་ལྔ་པས་ཡུང་ལོ་གོང་མའི་བོད་ནང་དུ་ཆོས་ལུགས་ཀྱི་ཤོག་ཁག་ཅིག་དང་བླ་མ་དང་ཡོན་བདག་གི་མཐུན་གྲོས་འབྲེལ་བ་ཞིག་གསར་འཛུགས་ཀྱི་གྲོས་འཆར་ལ་ངོས་བཞེས་མ་གནང་བའི་ལོ་གཅིག་གི་རྗེས་སུ་བྱུང་ཞེས་བརྗོད། ཁོས་ལྷ་སར་ཤོག་ཁག་དར་བཞིན་པ་ལ་བརྟེན་ནས་དེ་གང་མགྱོགས་དགེ་ལུགས་པའི་ཆོས་བརྒྱུད་ཆགས་ངེས་པ་ལ་གོང་མས་ད་ལྟ་གོ་སྒྲིག་གཅིག་མཚུངས་ཤིག་བཙལ་བ་རེད་ཅེས་བསམ་ཚུལ་བརྗོད་ཀྱི་ཡོད། བྱམས་ཆེན་ཆོས་རྗེས་གོ་སྒྲིག་དེ་འདྲ་གང་དུའང་མ་ཞུགས་པར་ལྷ་སར་ལོག་ཕེབས། 

ཕལ་ཆེར་མཁས་པ་ཆེན་པོ་ཙོང་ཁ་པ་ལས་ཆ་ཙམ་ཞིག་རྒྱལ་ཁ་ཐོབ་པའི་ཕྱིར། ཡུང་ལོ་གོང་མས་བཀའ་འགྱུར་ལག་བྲིས་མ་ཞིག་གི་ཆེད་དུ་བཏང་། དེ་ནས་སྤྱི་ལོ་ ༡༤༡༠ ལོར་པེ་ཅིང་དུ་ཁོང་གིས་དེའི་པར་ཤིང་པར་སྐྲུན་ལ་སྦྱིན་བདག་བྱས། དེ་ལ་ཡུང་ལོ་བཀའ་འགྱུར་ཞེས་སུ་གྲགས། 

སྤྱི་ལོ་ ༡༤༡༤ ལོར་ཡུང་ལོ་གོང་མས་ཙོང་ཁ་པ་རྒྱ་ནག་ཏུ་ཐེངས་གཉིས་པ་གདན་འདྲེན་ཞུས་པའི་སྐབས་སུ་སླར་ཡང་ངོས་བཞེས་གནང་མེད། བྱམས་ཆེན་ཆོས་རྗེ་སླར་ཡང་མིང་གི་ཕོ་བྲང་དུ་མངགས། བྱམས་ཆེན་ཆོས་རྗེ་གོང་མའི་བླ་མར་གྱུར་བ་དང་ལེགས་སྐྱེས་མང་པོ་དང་དད་གུས་མཚོན་བྱེད་ཀྱི་མཚན་གནས་མཐོན་པོ་ཞིག་ཀྱང་བསྩལ། ཁོང་གིས་ད་དུང་པེ་ཅིང་དུ་ལྷ་ཁང་སེར་པོའམ་ཧུའང་སི་ (Huangsi) དགོན་པ་བཞེངས། བྱམས་ཆེན་ཆོས་རྗེ་དང་ཡུང་ལོ་གོང་མའི་དབར་གྱི་མཆོད་ཡོན་གྱི་འབྲེལ་བ་འདི་ལ་མ་ལྟོས་པར། མིང་རྒྱ་ནག་དང་དགེ་ལུགས་པའི་བར་ལ་ཆབ་སྲིད་ཀྱི་གོ་སྒྲིག་གང་ཡང་མཐའ་སྡོམ་བྱུང་མེད། 

རྒྱ་ནག་ནས་བོད་དུ་ལོག་ཕེབས་པའི་རྗེས་བྱམས་ཆེན་ཆོས་རྗེས་སྤྱི་ལོ་ ༡༤༡༩ ལོར་སེ་ར་དགོན་པ་ཕྱག་བཏབ། རྗེ་ཙོང་ཁ་པའི་སློབ་མ་གཞན་ཞིག་ནི་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ (༡༣༧༩-༡༤༤༩) ཡིན་ཞིང་། ཁོང་གིས་ལོ་གསུམ་གི་སྔོན་ཏེ། སྤྱི་ལོ་ ༡༤༡༦ ལོར་འབྲས་སྤུངས་དགོན་པ་ཕྱག་བཏབ། དགའ་ལྡན་དགོན་པ་དང་བཅས་དགེ་ལུགས་པའི་དགོན་པ་ཆེ་ཁག་གསུམ་མམ་གདན་ས་གསུམ་ཕྱག་བཏབ། དེ་དག་ཐམས་ཅད་བོད་དབུས་ཕྱོགས་ལྷ་སར་ཡོད། 

ཡུང་ལོ་གོང་མ་སྤྱི་ལོ་ ༡༤༢༥ ལོར་འདས་གྲོངས་སུ་གྱུར་བ་དང་དེའི་རྗེས་འཛིན་པ་གུན་གྱན་གོང་མ་མིང་རེང་ཙུང་ (Gungyan Emperor, Ming Renzong) ཡིན་པ་དང་། ཁོང་གིས་ལོ་གཅིག་ལས་ཉུང་བ་ཙམ་ལས་སྲིད་དབང་བཟུང་མེད། ཁོང་གི་རྗེས་སུ་ཞུན་ཏེ་གོང་མ་མིང་ཞུན་ཙུང་ (Xuande Emperor, Ming Xuanzong) (༡༤༢༥-༡༤༣༥) དང་དེ་ནས་ཞེན་ཏུང་གོང་མ་མིང་ཡིན་ཙུང་ (Zhengtong Emperor, Ming Yingzong) ཡིན་ཞིང་། དེས་མིང་གི་རྒྱལ་ཁྲི་ཐེངས་གཉིས་བཟུང་བ་ནི་སྤྱི་ལོ་ ༡༤༣༦ ནས་༡༤༥༠ བར་དང་སྤྱི་ལོ་ ༡༤༥༧ ནས་ ༡༤༦༥ བར་ཡིན། ཁོང་གི་སྲིད་དབང་བསྐྱངས་དུས་དང་པོའི་སྐབས་སུ་བོད་ནང་འགྱུར་ལྡོག་མང་པོ་བྱུང་ཡོད། 

སྡེ་བ་རིན་སྤུངས་པའི་སྐབས།

གྲགས་པ་རྒྱལ་མཚན་སྤྱི་ལོ་ ༡༤༣༢ ལོར་སྐུ་གཤེགས་པ་དང་དེའི་རྗེས་སུ་ཁོང་གི་ཚ་བོ་ཚོས་ས་སྐྱའི་སྲིད་དབང་ལ་སྟངས་འཛིན་བྱ་རྒྱུའི་རྩོད་རྙོག་དེ་སྤྱི་ལོ་ ༡༤༣༤ ལོར་བརྡ་བཏང་ཡོད། དེའི་སྐབས་ནི་ཕག་མོ་གྲུ་པའི་སྲིད་དབང་རྡིབ་འགོ་ཚུགས་པའི་དུས་རེད། ལོ་འདི་ནི་སྔོན་བྱང་ཆུབ་རྒྱལ་མཚན་གྱི་སྲིད་དབང་སྐབས་ནས་འགོ་ཚུགས་པའི་བོད་དབུས་ཀྱི་ཞི་བདེའི་དུས་ཡུན་དེ་མཇུག་རྫོགས་པའི་སྐབས་ཁེལ་ཡོད། འདིའི་རྗེས་སུ་བོད་དབུས་སུ་དགེ་ལུགས་པས་རྒྱབ་སྐྱོར་བྱས་པའི་ཕག་གྲུ་ཤོག་ཁག་དང་བོད་གཙང་ཁུལ་དུ་ཀརྨ་བཀའ་བརྒྱུད་པ་ཚོས་རྒྱབ་སྐྱོར་བྱས་པའི་རིན་སྤུངས་ཤོག་ཁག་བར་ལ་སྲིད་དབང་འཐབ་རྩོད་ལོ་བརྒྱ་ཕྲག་ཅིག་རིང་བྱུང་། 

ཕག་གྲུའི་སྲིད་བློན་གྲགས་པ་རྒྱལ་མཚན་གྱི་མངའ་འོག་ཏུ་ནམ་མཁའ་རྒྱལ་མཚན་གྱིས་བོད་དབུས་ཀྱི་གཙང་ས་ཁུལ་དུ་ཡོད་པའི་རིན་སྤུངས་དང་ས་སྐྱའི་རྫོང་ཁག་ལ་འཛིན་སྐྱོང་བྱས། ཇི་ལྟར་ལམ་སྲོལ་ལ་ཡོད་པ་བཞིན་དུ་ཁོང་གི་ནང་མིའི་མིང་ལ་རིན་སྤུངས་ཞེས་ཆགས། སྤྱི་ལོ་ ༡༤༣༥ ལོར་རིན་སྤུངས་པས་དོན་གྲུབ་རྡོ་རྗེའི་འགོ་ཁྲིད་འོག་གཙང་ཁུལ་གྱི་གཞིས་ཀ་རྩེ་དབང་དུ་བསྡུས། རིམ་བཞིན་གཙང་ཁུལ་ཕལ་ཆེ་བ་རིན་སྤུངས་དང་གྲོས་མཐུན་གྱི་འབྲེལ་བར་བྱས། 

སོག་པོ་ཨོ་རོད་ (Oirat Mongol) རྒྱལ་རྒྱུད་དང་དེའི་མིང་རྒྱ་ནག་དང་ཚོང་འབྲེལ།

སྤྱི་ལོ་ ༡༤༣༥ ལོ་དེ་གའི་ནང་ཡོན་རྒྱལ་རྒྱུད་ཉམས་ཉེས་ཕྱིན་པ་དང་སོག་པོ་ཁ་ཐོར་ཕྱིན་པའི་རྗེས་སུ་སླར་ཡང་ཁྱུག་ཙམ་རིང་ཆིག་སྒྲིལ་བྱུང་། དབང་ཆ་ནི་ཆིང་གེ་སེ་ཁཱང་གི་གདུང་རྒྱུད་ནས་བྱུང་བའི་ཤར་སོག་པོ་ནས་ནུབ་སོག་པོར་འཕོ་འགྱུར་ཕྱིན་པ་རེད། དེ་ལ་བསྡུས་མིང་དུ་ཨོ་རོད་ཅེས་སུ་གྲགས་ཤིང་། དེ་དག་ནི་སོག་པོ་ཡོན་རྒྱལ་རྒྱུད་ཀྱི་མངའ་འོག་ཏུ་ནམ་ཡང་ཕྱིན་མེད། 

སོག་པོ་ཨོ་རོད་ཚོ་ཁག་གི་ནང་ཕྱོགས་མཐུན་ཚོ་པ་ཞི་ཡོད་པ་དང་དེ་དག་ལས་འགའ་ཞིག་ནི་མ་འོངས་བོད་ཀྱི་ལོ་རྒྱུས་ནང་འགན་གལ་ཆེན་བཞེས་ཡོད། དེ་དག་ནི། ཏོར་གུཏ་ (Torgut) (ཕྱིས་སུ་ཁལ་མུག་ (Kalmyks) ཅེས་སུ་གྲགས་) དང་། ཁོ་རོས྄་ (Choros) (ཕྱིས་སུ་ཇུན་གར་ (Dzungars) ཞེས་གྲགས་) དོར་བྷོཏ (Dorbot) ཁོ་ཤཏ་ (ཁོ་ཤོཏ་ (Qoshot)) བཅས་རེད། དེ་དག་གི་འགོ་ཁྲིད་ཆེ་ཤོས་ནི་དོར་བྷོ་ཏའི་ཚོ་པའི་ཨེ་སེན་ ཏ་ཡི་སི་ (Esen Tayisi) (སྲི་བསྐྱངས་ལོ། ༡༤༣༩-༡༤༥༤) ཡིན་པ་རེད། ཁོང་གི་མངའ་འོག་ཏུ་ཨོ་རོད་རྒྱལ་རྒྱུད་དེ་ཤར་ཏུར་ཀིསྠཱན་ནས་མན་ཇུ་དང་སཡེ་བྷེ་རི་ཡ་ (Siberia) ནས་ལྕགས་རི་ཆེན་མོའི་བར་དུ་རྒྱ་སྐྱེད་བྱུང་ཡོད། 

ཨོ་རོད་སོག་པོས་ཧ་ལམ་ལོ་ལྟར་རྒྱ་ནག་ལ་ཕོ་ཉ་གོ་སྒྲིག་བྱས་པ་དང་ཇ་དང་གོས་ཆེན་གྱི་དོད་དུ་རྟ་དང་རྔ་མོང་ཚོང་རྒྱག་གི་ཡོད། རྒྱ་མིས་ཕོ་ཉ་དེ་དག་ “རྟེན་འབུལ་གྱི་ཕོ་ཉ་” ཞེས་འབོད་ཀྱི་ཡོད་པ་དང་ཨོ་རོད་སོག་པོས་དེ་དག་ལ་དཔལ་འབྱོར་གྱི་འབྲེལ་བར་མཐོང་ཡོད། ལས་འགུལ་དེ་དག་འགའ་ཞིག་ནི་ནང་པའི་དགེ་འདུན་པ་ཚོས་འགོ་ཁྲིད་བྱས་ཡོད་པ་དེས་ཡོན་གྱི་དུས་སྐབས་ནང་བཞིན་ཤུགས་ཆེན་པོ་མེད་ནའང་། ཨོ་རོད་སོག་པོའི་ཁྲོད་དུ་ནང་པ་ཚོས་ཀྱང་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པར་སྟོན་གྱི་ཡོད། 

ཨོ་རོད་སོག་པོའི་ཕོ་ཉ་རུ་ཁག་ཧ་ཅང་ཆེན་པོར་གྱུར་བ་དང་ཁོང་ཚོས་དགོས་འདུན་བསྟན་པའི་རྒྱབ་སྐྱོར་གྱི་འབྲས་བུར་རྒྱ་ནག་ཏུ་ཧ་ཅང་ཆེན་པོ་ཆགས་ནས་སྤྱི་ལོ་ ༡༤༤༢ ལོར་མིང་དབང་རྒྱུར་བ་ཚོས་དེ་དག་གི་རྒྱ་ཁྱོན་ཚད་བཀག་བཟོ་ཐབས་བྱས། ཨོ་རོད་སོག་པོས་དེ་དེ་བཞིན་དུ་མ་བྱས་པར་བརྟེན་ཨོ་རོད་དང་རྒྱ་མིའི་དབར་ལ་དངངས་འཚབ་ཆེ་རུ་ཕྱིན། 

ཁམས་ཀྱི་མི་ཉག་རྒྱལ་གཞིས་དང་དེའི་མིང་རྒྱ་ནག་དང་ཚོང་འབྲེལ།

ཨོ་རོད་སོག་པོ་དང་མིང་རྒྱ་ནག་དབར་གྱི་དངངས་འཚབ་འབྱུང་བཞིན་པའི་དུས་སྐབས་སུ་སྲིད་པའི་དཔལ་ཡོན་དེ་གཉིས་བར་གྱི་ནུབ་བྱང་དུ་ཡོད་པའི་ས་གཤིས་རིག་པའི་ཉེས་ཐིག་གི་ཉེ་འགྲམ་དུ་ཡོད་པའི་མི་འབོར་རྣམས་འཇིགས་ཉེན་ཅན་ཚོར་བ་རེད། ས་ཁུལ་འདི་ནི་བྱང་ཤར་ཨ་མདོ་དང་ལྷོ་ཀན་སུའུ་བར་ཁྱབ་ནས་ཡོད། དེའི་ནང་མིང་རྒྱལ་རྒྱུད་ཀྱི་དུས་སྐབས་སུ་ནིང་ཤི་ཡ་ (Ningxia) དང་བྱང་ཤཱན་ཟི་ (Shaanxi) ནས་ཤར་གྱི་བར་དུ་ཚུད་ཡོད། ས་ཁུལ་འདི་ནི་བོད་ཀྱི་ས་ཁུལ་ཁག་དང་རྒྱ་ནག་བར་ཇ་དོད་དུ་རྟའི་ཚོང་འབྲེལ་འདུས་མཚམས་ཀྱི་གཙོ་བོ་དེ་ཡིན། དེའི་རྗེས་ས་ཆ་འདི་ནས་གནས་ཡུལ་སྤོ་ཤུད་ཕོན་ཆེན་ཞིག་བྱུང་ཡོད། ཨ་མདོའི་ཕྱོགས་ནས་རྒྱུད་འཛིན་གྱི་རྒྱལ་པོ་ཐེ་བའི་མི་ཉག་མང་པོ་ཞིག་ཁམས་ཕྱོགས་སུ་གནས་སྤོས་པ་དང་། རྒྱ་མི་མང་པོ་ཞིག་ནི་ཁམས་ཀྱི་ཤར་ཕྱོགས་དང་ཉེ་བའི་སི་ཁྲོན་དང་ཡུ་ནན་གྱི་ས་ཁུལ་ཁག་ཏུ་གནས་སྤོས། 

དེར་མ་ཟད། བོད་དང་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་ཁ་ཆེས་དབང་སྒྱུར་བྱེད་པའི་རྒྱ་ནག་བར་གྱི་ཚོང་དོན་ཉམས་རྒུད་ཕྱིན་པ་དང་ཆབས་ཅིག །བོད་དབུས་ནས་བོད་མི་མང་པོ་ཞིག་ཀྱང་ཁམས་ཀྱི་ས་ཁུལ་དུ་གནས་སྤོས། དེ་དག་ལས་སྟོབས་ཤུགས་ཆེ་བའི་མགར་རིགས་བློ་གྲོས་སྟོབས་ལྡན་ཁམས་ཀྱི་བྱང་ཕྱོགས་སྡེ་དགེར་གནས་སྡོད་བྱེད་ཀྱི་ཡོད། སྡེ་དགེའི་རྒྱལ་རྒྱུད་དེ་ཁོང་ནས་བྱུང་བ་ཞིག་རེད། 

འོན་ཀྱང་། དེའི་སྐབས་མོན་གུར་རྣམས་ཨ་མདོའི་ཕྱོགས་སུ་གནས་ཤིང་། དེ་དག་གིས་ཨོ་རོད་སོག་པོའི་ལས་དོན་བྱེད་སྒོ་ཁག་མིང་སྲིད་གཞུང་ལ་བརྡ་ལན་མཁོ་སྤྲོད་བྱས། སུ་རིས་ (Serruys) (The Mongols of Kanzu during the Ming) (མིང་རྒྱལ་རྒྱུད་དུས་སྐབས་ཀྱི་ཀན་སུའུའི་སོག་པོ་) ཞེས་པའི་ནང་། དེའི་ཚེ་ན་ཨ་མདོའི་བྱང་ཤར་གྱི་ས་ཁུལ་ཁག་ཏུ་སོག་པོ་མང་པོ་གནས་སྤོས་ཞེས་བཤད། གཅིག་བྱས་ན། དེ་དག་ཕལ་ཆེར་ཨོ་རོད་ཡིན་སྲིད། 

མི་ཉག་ཡུལ་སྤོ་བ་ཚོས་ཁམས་ཕྱོགས་སུ་རང་སོ་སོའི་བོད་གྱུར་བྱས་པའི་རྒྱལ་གཞིས་རྩ་འཛུགས་བྱས་ཤིང་། དེ་དག་ལ་བོད་སྐད་དུ་མི་ཉག་ཅེས་སུ་གྲགས། ཁམས་ཕྱོགས་སུ་རྒྱ་ནག་དང་མི་ཉག་གི་ས་མཚམས་སུ་ཚོང་གི་ས་ཚིགས་གསར་འཛུགས་བྱས་ཤིང་། ས་ཁུལ་དེ་དག་མི་རིང་བར་བོད་རྒྱའི་ཇ་རྟའི་ཚོང་ལས་ཀྱི་བསྟེ་གནས་ལྟ་བུར་ཨ་མདོ་ལ་བརྗེ་ཚབ་བྱས། ཞེན་ཏུང་ (Zhengtong) གོང་མའི་སྲིད་དབང་དང་པོའི་སྐབས། ས་མཚམས་འདི་ནས་རྒྱ་ནག་པེ་ཅིང་གི་རྒྱལ་པོའི་ཕོ་བྲང་དུ་ཕོ་ཉ་བརྒྱད་བཏང་། དེ་དག་གིས་ཀྱང་རྒྱ་ནག་གི་དཔལ་འབྱོར་སྟེང་ལ་ཁྲལ་སྤྲོད་ཀྱི་ཡོད། 

ཀརྨ་པ་སྐུ་ཕྲེང་དང་པོ་དང་དེ་ནས་མུ་མཐུད་དེ་རྒྱུན་འཛིན་སྐུ་ཕྲེང་རིམ་བྱོན་མང་པོ་ཁམས་ཕྱོགས་སུ་སྐུ་འཁྲུངས་པ་སོང་ཙང་། ཀརྨ་པ་སྐུ་ཕྲེང་ན་རིམ་བཞིན་མི་ཉག་གི་ཁྲོད་དུ་ཧ་ཅང་སྙན་གྲགས་ཆེ། དེའི་སྲིད་དབང་གི་དུས་ཡུན་དང་པོའི་སྐབས། ཞེན་ཏུང་གོང་མས་ཀརྨ་པ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་ (༡༤༡༦-༡༤༥༣) ཁོང་གི་ཕོ་བྲང་དུ་གདན་འདྲེན་ཞུས་ཀྱང་། ངོས་བཞེས་གནང་མེད། མིང་གོང་མས་ཕལ་ཆེར་ད་དུང་བོད་ཀྱི་ཆ་སྲིད་ཀྱི་ཆིངས་འབྲེལ་ཞིག་འཚོལ་བཞིན་ཡོད། 

ཨོ་རོད་སོག་པོས་མིང་རྒྱ་ནག་ཕམ་པར་བྱེད་པ་དང་དེའི་རྒྱ་བོད་འབྲེལ་བར་ཤུགས་རྐྱེན།

སྤྱི་ལོ་ ༡༤༥༠ ལོར་ཨོ་རོད་སོག་པོས་ཚོང་གི་སྲིད་བྱུས་དེ་དྲང་བདེན་མིན་པར་བལྟས་པ་དང་འབྲེལ་བའི་རྩོད་པ་ལ་ཨེ་སེན་ ཏ་ཡི་སིས་ (Esen Tayisi) འགོ་ཁྲིད་འོག་ཨོ་རོད་སོག་པོས་རྒྱ་ནག་ལ་འཐབ་རྒོལ་བྱས། ཞེན་ཏུང་གོང་མས་རང་གི་གཅུང་པོ་གཞོན་པ་དེ་གནས་སྐབས་རིང་ཇིང་དེའི་རྒྱལ་པོ་མིང་ཏའི་ཙུང་ (Jingde, Ming Daizong) (༡༤༥༠-༡༤༥༧) གི་ཁྲིར་བསྐོ་བཞག་དང་བཅས་ཨོ་རོད་དང་མཉམ་དུ་འཐབ་རྒོལ་དུ་ཆས། མིང་གི་དམག་དཔུང་རྣམས་ལ་ཕམ་ཉེས་ཆེན་པོ་བྱུང་བ་དང་ཞེན་ཏུང་གོང་མ་མི་གཏེ་རུ་འཛིན་བཟུང་བྱས། ཨེ་སེན་ ཏ་ཡི་སི་ཡིས་ཨེ་སེན་ཁཱང་གི་མིང་གནས་འགན་འཁྲི་ངོས་ལེན་བྱས། མིང་གི་དཔལ་འབྱོར་ལ་ཕམ་པ་ཚབས་ཆེན་བྱུང་བར་བརྟེན་རྒྱ་ནག་ཏུ་ཡོད་པའི་བོད་ཀྱི་ཕོ་ཉ་རྣམས་གོང་མའི་བཀའ་ཁྱབ་ཀྱིས་སྤྱི་ལོ་ ༡༤༥༣ ལོར་ཚད་བཀག་བཟོས། དེ་ལྟར་རྒྱ་ནག་ནས་བླུ་ཡོན་གྱིས་གློད་གྲོལ་འབྱུང་ལ་ཉེ་བ་མེད་པའི་སྐབས། ཨེ་སེན་ཁཱང་གིས་ཞེན་ཏུང་གློད་གྲོལ་བཏང་། ཁོང་དེའི་རྗེས་སུ་ཁོའི་གཅེན་པོས་བཙོན་དུ་བཅུག་པ་རེད། 

ཨེ་སེན་ཁཱང་མི་རིང་བར་སྟོབས་ཤུགས་བརླགས་པ་དང་སྤྱི་ལོ་ ༡༤༥༤ ལོར་བཀྲོངས། དེའི་རྗེས་ཨོ་རོད་སོག་པོའི་ཕྱོགས་མཐུན་རྒྱལ་ཁབ་ཁ་ཐོར། དེའི་སྐབས་སུ་ཞེན་ཏུང་གོང་མས་གློ་བུར་གྱེན་ལངས་ཤིག་བཀོད་སྒྲིག་བྱས་ནས་མིང་གི་རྒྱལ་ཁྲི་སླར་བླངས། ཁོང་གི་སྲིད་དབང་དུས་ཡུན་གཉིས་པའི་སྐབས་ཞེན་ཏུང་གོང་མ་ནང་ཆོས་ཀྱི་ཁ་གཏད་དུ་གྱུར། 

མིང་གི་རྒྱལ་པོ་རྗེས་མ་དེ་ནི་ཆེང་ཧུའ་གོང་མ་མིང་ཤིན་ཙུང་ (Chenghua Emperor, Ming Xianzong) (སྲིད་བསྐྱངས་ལོ། ༡༤༦༥-༡༤༨༧) གིས་བོད་ཀྱི་བླ་ཆེན་ཁག་དང་མཉམ་དུ་ལེགས་སྐྱེས་འབུལ་རེས་ཀྱི་ལུགས་དེ་སླར་མུ་མཐུད། ཨེལ་བྷརྚ་ ཆན་ (Albert Chan) གྱིས་ (The Glory and Fall of the Ming Dynasty) (མིང་རྒྱལ་རྒྱུད་ཀྱི་སྙན་གྲགས་དང་ཉམས་ཉེས་) ཞེས་པའི་ནང་རྒྱལ་པོས་བོད་དང་སོག་པོ་ནས་དགེ་འདུན་པ་མང་པོ་གདན་དྲངས་ཞེས་བརྗོད་ཡོད། ཁོང་གི་སྲིད་དབང་དུས་སྐབས་སུ་མིང་གི་རྒྱལ་ས་ལ་བོད་ཀྱི་དགེ་འདུན་པ་སྟོང་ཕྲག་མང་པོ་ཡོད། ཁོང་ཚོས་ཕོ་བྲང་དུ་སྨོན་ལམ་འདོན་ཡོད་པ་དང་ཕེབས་བྱམས་ཀྱི་ནང་དུ་གང་སར་ཁྱེར་ནས་ཕངས་མེད་རྒྱས་སྤྲོས་ཆེན་པོའི་སྒོ་ནས་གུས་བརྩི་ཞུས་ཡོད། ཐ་ན་སྲིད་གཞུང་གི་ལས་སྣེ་ཚོས་ཀྱང་ཁོང་ཚོར་ལམ་སྣེ་ཁྲིད་དགོས་ཀྱི་ཡོད། དེར་མ་ཟད། ལྷ་ཁང་དང་དགོན་པ་ཆེན་པོ་བཞེངས་ཕྱིར་ཁོང་ཚོར་ས་ཆ་དང་དངུལ་གྱི་རོགས་སྐྱོར་ཆེན་པོ་བྱིན་ཡོད། ཆན་གྱིས་བཤད་པ་ལྟར་ན། ནང་པའི་དགེ་འདུན་པ་རྣམས་དང་ཆོ་ག་ཕྱག་ལེན་གྱི་ཆེད་དུ་རྒྱལ་པོའི་ཕོ་བྲང་ནས་བག་མེད་ལོངས་སྤྱོད་ཀྱི་འགྲོ་གྲོན་བཏང་བ་དེ་དང་། དུས་ཕྱིས་སུ་ཏའོ་ (Daoist) ཆོས་ལུགས་ཀྱི་ཆོ་ག་ནི་མིང་རྒྱལ་རྒྱུད་ཀྱི་མཐའ་མཇུག་ཉམས་རྒུད་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པ་རེད། 

ཆེང་ཧུའ་ (Chenghua) གོང་མས་ཀྱང་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་ (༡༤༥༤-༡༥༠༦) དང་ལྷན་དུ་ཕྱག་རྟགས་འབུལ་རེས་བྱས། དེ་ལྟ་ནའང་ཀརྨ་པ་སྐུ་ཕྲེང་བདུན་པ་ནམ་ཡང་ཕོ་བྲང་དུ་གདན་འདྲེན་ཞུས་མེད། ཡིན་ནའང་ཀརྨ་པ་སྐུ་ཕྲེང་བདུན་པ་ཁམས་མི་ཉག་གི་ཕོ་བྲང་དུ་གདན་འདྲེན་ཞུས་ཤིང་། དེར་ཁོང་སྤྱི་ལོ་ ༡༤༦༧ ནས་ ༡༤༧༡ བར་བཞུགས་པ་དང་ཁོང་ལ་ཧ་ཅང་ཆེ་མཐོང་དང་དད་གུས་བྱས། 

ཞྭ་དམར་སྐུ་ཕྲེང་བཞི་པ་དང་རིན་སྤུངས་པས་དབུས་སུ་གློ་བུར་བཙན་འཛུལ།

ཞྭ་དམར་སྐུ་ཕྲེང་བཞི་པ་ (༡༤༥༣-༡༥༢༦) ནི་ཀརྨ་པ་སྐུ་ཕྲེང་བདུན་པ་དང་དུས་མཉམ་ཡིན། ཁོང་གིས་རིན་སྤུངས་ཀྱི་སྲས་རྣམས་ཀྱི་སློབ་སྟོན་པ་གཙོ་བོའི་ཞབས་ཞུ་བསྒྲུབ་མཛད། སྤྱི་ལོ་ ༡༤༧༩ ལོར་རིན་སྤུངས་པ་དོན་ཡོད་རྡོ་རྗེའི་ (༡༤༦༢-༡༥༡༢) སྦྱིན་བདག་ལ་བརྟེན་ནས་ཞྭ་དམར་རིན་པོ་ཆེས་ཡངས་པ་ཅན་གྱི་དགོན་པ་ཕྱག་བཏབ། དགོན་འདི་ནི་ལྷ་སའི་ཕྱི་རོལ་གྱི་ཀརྨ་པའི་གདན་ས་མཚུར་ཕུ་དགོན་གྱི་བྱང་ཕྱོགས་སུ་ཆགས་ཡོད། དེ་ནི་ཞྭ་དམར་སྐུ་ཕྲེང་རིམ་བྱོན་གྱི་གདན་སར་གྱུར། 

ལྷ་ས་དང་དེ་ག་ནང་བཞིན་མཚུར་ཕུ་ནི་བོད་དབུས་སུ་ཆགས་ཡོད་པ་དང་དེར་ཕག་མོ་གྲུ་པའང་ཆགས་ཡོད། ཞྭ་དམར་སྐུ་ཕྲེང་བཞི་པ་གཙང་དུ་སྐུ་འཁྲུངས་བ་དང་རིན་སྤུངས་པའི་ཤོག་ཁག་དང་མཐུན་པར་ཆགས་ཡོད་ནའང་། ཁོང་རྟེན་གཞི་བྱེད་ས་བརྟན་པོ་དེ་བོད་དབུས་སུ་ཐུགས་འདུན་ཡོད་པ་རེད། དགེ་ལུགས་པ་རྣམས་ལ་ཙོང་ཁ་པའི་སློབ་མ་རྒྱལ་བ་དགེ་འདུན་གྲུབ་ (༡༣༩༡-༡༤༧༤) འདས་རྗེས་ཀྱི་མཚན་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་གསོལ་ཞིང་། སྤྱི་ལོ་ ༡༤༤༧ ལོར་བཀྲ་ཤིས་ལྷུན་པོ་དགོན་པ་ཕྱག་བཏབ་པའི་སྐབས་ནས་གཙང་དུ་རྟེན་གཞི་བརྟན་པོ་ཞིག་ཐོབ་ཟིན། བཀྲ་ཤིས་ལྷུན་པོ་ནི་གཞིས་ཀ་རྩེའི་མཐའ་མཚམས་སུ་བཞེངས་ཡོད་པ་དང་། དེ་ནི་སྤྱི་ལོ་ ༡༤༣༥ ལོ་ནས་བཟུང་སྟེ། རིན་སྤུངས་པའི་ཁྲིམས་ལུགས་ཀྱི་མངའ་འོག་ཏུ་ཡོད་པ་རེད། 

དོན་ཡོད་རྡོ་རྗེ་དང་ཞྭ་དམར་སྐུ་ཕྲེང་བཞི་པ་གཉིས་ཀྱིས་ལྷ་སར་ཀརྨ་པའི་ཆེད་དུ་དགོན་པ་གསར་པ་ཞིག་ལ་སྦྱིན་བདག་གནང་འདོད་བྱུང་། འདི་ནི་ཀརྨ་པ་སྐུ་ཕྲེང་བདུན་པའི་དགོངས་འདུན་ལྟར་ཡིན་པ་རེད། འོན་ཀྱང་ཁོང་གཉིས་ཀྱི་སྙན་ཞུ་དེ་ལྷ་སའི་དགེ་ལུགས་པའི་ཁྲིམས་དཔོན་གྱིས་ངོས་ལེན་བྱས་མེད། དེའི་ཚབ་ལ་དགོན་པ་དེ་ལྷ་སའི་ཕྱི་རོལ་ཏུ་འགོ་ཚུགས་ཀྱང་། དེ་ནི་སེ་ར་དང་འབྲས་སྤུངས་དགོན་པའི་དགེ་ལུགས་གྲྭ་པ་ཚོས་གཏོར་བཤིག་བཏང་། 

ལྷ་སར་ལོ་རེའི་སྨོན་ལམ་ཆེན་མོ་འགོ་བཙུགས་ནས་བཟུང་དགེ་ལུགས་པ་རྣམས་ཀྱི་ལྷ་སར་ཁྲིམས་ལུགས་ཀྱི་དབང་ཚད་རྒྱུན་འཛིན་བྱས། ཀརྨ་བཀའ་བརྒྱུད་ཀྱི་ཤོག་ཁག་དང་དམིགས་བསལ་ཞྭ་དམར་སྐུ་ཕྲེང་བཞི་པའི་ཆབ་སྲིད་ཀྱི་རྒྱབ་རྟེན་ལ་བརྟེན་ནས་གྲོང་ཁྱེར་གྱི་ནང་དང་ཉེ་འཁོར་དུ་དགོན་སྡེ་མང་ཙམ་བཞེངས་ནས་དགེ་ལུགས་པས་ལྷ་ས་བཟུང་བ་དང་དེ་དག་གི་དབུས་ལ་ཤུགས་རྐྱེན་ཡོད་པ་བཅས་ལ་རྩོད་ལེན་བྱེད་འདོད་ཡོད་པ་ལྟར་སྣང་། 

སྤྱི་ལོ་ ༡༤༨༠ ལོར་དོན་ཡོད་རྡོ་རྗེ་སྣེ་གདོང་དུ་མ་ཐོན་གོང་དེ་གའི་རྫོང་ཁག་ཆུང་ངུ་འགའ་ཞིག་གི་ནང་ཁྱབ་བཞིན་པའི་བོད་དབུས་ཀྱི་ཁ་གཏད་དུ་འཁོན་ལེན་གྱི་འཐབ་རྒོལ་ཞིག་སྣེ་ཁྲིད། སྤྱི་ལོ་ ༡༤༨༡ ལོར་ཁོང་གིས་ལྷ་སར་འཐབ་རྒོལ་བྱས་པ་དེ་ལམ་ལྷོང་བྱུང་མེད། འོན་ཀྱང་རིན་སྤུངས་པས་དབུས་དང་གཙང་གཉིས་ལ་དབང་སྒྱུར་བྱེད་བཞིན་ཡོད་སྟབས། ཕག་མོ་གྲུ་པས་ད་དུང་ཡང་སྣེ་གདོང་ལ་སྟོབས་ཤུགས་ངོ་མ་མེད་པ་དེ་མིང་གནས་ཙམ་གྱི་འགོ་ཁྲིད་ལྟ་བུར་སྦས་ཡོད། འོན་ཀྱང་ཕག་མོ་གྲུ་པས་མུ་མཐུད་དེ་དགེ་ལུགས་པ་ལ་རྒྱབ་སྐྱོར་བྱས། 

སྤྱི་ལོ་ ༡༤༨༥ ལོར་རིན་སྤུངས་དམག་གིས་གཙང་གི་ཁུལ་དེ་དབང་སྒྱུར་ཡོངས་རྫོགས་བྱ་ཕྱིར་གཙང་གི་རྒྱང་རྩེ་རྫོང་ལ་འཐབ་རྒོལ་བྱས་ཀྱང་། ཕམ་པ་རེད། སླར་ཡང་སྤྱི་ལོ་ ༡༤༨༨ ལོར་ཐབས་ཤེས་བྱས་པས། དེའི་སྐབས་སུ་དེ་དག་ལམ་ལྷོང་བྱུང་། སྤྱི་ལོ་ ༡༤༩༢ ལོར་དོན་ཡོད་རྡོ་རྗེས་དབུས་ལ་ཡང་བསྐྱར་བཙན་འཛུལ་བྱས་ཏེ། རྫོང་ཁག་གསུམ་བཟུང་བ་དང་སྤྱི་ལོ་ ༡༤༩༨ ལོར་ལྷ་ས་བཟུང་བ་རེད། དེ་ནས་བཟུང་སྤྱི་ལོ་ ༡༥༡༧ བར་དུ་མངའ་ཐང་རྒྱས་བཞིན་དུ་གནས། དེའི་སྐབས་ཀྱི་སྤྱི་ལོ་ ༡༤༩༨ ནས་ ༡༥༡༧ བར་དོན་ཡོད་རྡོ་རྗེའི་རྒྱབ་སྐྱོར་དང་ཞྭ་དམར་སྐུ་ཕྲེང་བཞི་པའི་དབུ་ཁྲིད་འོག་སེ་ར་དང་འབྲས་སྤུངས་དགོན་པའི་གྲྭ་པ་རྣམས་ལྷ་སར་སྨོན་ལམ་ཆེན་པོ་སྲུང་བརྩི་བྱ་རྒྱུ་དེ་བཀག་འགོག་བྱས། 

སྤྱི་ལོ་ ༡༥༡༧ ལོར་རིན་སྤུངས་ཤོག་ཁག་དེ་ལྷ་ས་ནས་ཕྱིར་འཐེན་བྱས་པ་དང་ཕག་མོ་གྲུ་པའི་ཤོག་ཁག་ལ་གནས་སྐབས་རིང་འབྲི་གུང་བཀའ་བརྒྱུད་ནས་རྒྱབ་སྐྱོར་ཐོབ། འདི་ལ་བརྟེན་ནས་དགེ་ལུགས་པའི་གྲྭ་པ་ཚོས་སྨོན་ལམ་ཆེན་མོ་སླར་མུ་མཐུད་ནས་སྲུང་བརྩི་བྱ་རྒྱུ་བྱུང་བ་རེད། 

ད་ཡན་ཁཱང་དང་སོག་པོའི་བྱང་ཕྱོགས་ཀྱི་འཇིགས་སྐུལ་ལ་བརྟེན་ནས་མིང་རྒྱ་ནག་གི་སྔོན་ཚུད་བདག་བཟུང་། 

དེ་དང་མཉམ་དུ་སོག་ཡུལ་དུ་སྤྱི་ལོ་ ༡༤༥༤ ལོར་ཨོ་རོད་སོག་པོའི་ཕྱོགས་མཐུན་རྒྱལ་ཁབ་ཉམས་པའི་རྗེས་སུ་ཤར་སོག་པོས་མར་ཀོར་གྷིས྄་ (Markorgis) ཟེར་བ་ཆིང་གེ་སེ་ཁཱང་གི་མི་རྒྱུད་རྣམས་ཁོང་ཚོའི་ཁཱང་ལ་འོས་འདེམས་བྱས། ཁོང་གི་ཚ་བོ་ད་ཡན་ཁཱང་ (Dayan Khan) (༡༤༦༤-༡༥༢༤) གྱིས་རྒྱུད་པ་བཟུང་བ་དང་སྤྱི་ལོ་ ༡༤༨༧ ལོར་ཁཱང་ཆགས་ནས་ཤར་སོག་ཚོ་པ་དྲུག་ཚང་མ་བསྐྱར་དུ་གོང་བུ་གཅིག་ཏུ་བསྡུས། ཚོ་པ་དྲུག་ལ་ནམ་རྒྱུན་ཡང་སེ་ “ད་ཡན་ཁཱང་གི་ཁྲི་ཚོ་དྲུག་” ལ་གོ་བརྡ་སྤྲད་ཡོད་པ་དང་། དེ་དག་གི་ནང་ནུབ་ཕྱོགས་སུ་གཡས་རུའི་ཚོ་པ་གསུམ་ (ཨོར་ཌོས྄་ (Ordos) དང་། ཡོང་ཤི་ཡེ་བུ། (Yongshiyebu) ཏུ་མེད་ (Tumed)) འདུས་ཡོད་པ་དང་ཤར་ཕྱོགས་སུ་གཡོན་རུའི་ཚོ་པ་གསུམ་ (ཆ་ཁར་ (Chakhar) དང་། ཁལ་ཁ། (Khalkha) ཨུ་རི་ཡང་ཁ་ཡེ། (Uriyangkhai)) འདུས་ཡོད། ཨུ་རི་ཡང་ཁ་ཡེ་ནི་སྔོན་མིང་དམག་མིའི་རང་དབང་ཅན་གྱི་དམག་སྡེ་ཞིག་ཏུ་གྱུར་བ་དང་མན་ཇུའི་ནུབ་བྱང་གི་ཕྱོགས་སུ་སྒར་ཚུགས།

དེ་དང་དུས་ཚོད་ཕལ་ཆེར་གཅིག་པའི་ནང་ད་ཡན་ཁཱང་ནི་ཤར་སོག་པོའི་ཁཱང་ཆེན་མོ་ཆགས་པ་དང་དེའི་རྗེས་ཀྱི་མིང་གོང་མ་ནི་ཧེང་ཞི་གོང་མ་མིང་ལའོ་ཙུང་ (Hengzhi Emperor, Ming Laozong) (སྲིད་བསྐྱངས་ལོ། ༡༤༨༨-༡༥༠༦) རྒྱལ་ཁྲིར་འཁོད། དེ་ལྟར་ད་ཡན་ཁཱང་གིས་རྒྱ་ནག་གི་བྱང་ཕྱོགས་སུ་བཟོས་པའི་སོག་པོའི་འཇིགས་ཉེན་གྱིས་ཡོངས་སུ་བཙན་བཟུང་བྱས་ཡོད་པར་བརྟེན་ཁོང་གིས་བོད་ཀྱི་བྱུང་རྐྱེན་ཁག་ལ་དོ་སྣང་སྤྲད་མེད། ད་ཡན་ཁཱང་གིས་རྒྱ་ནག་དང་ཚོང་འབྲེལ་རྩ་འཛུགས་ཆེད་སྐུ་ཚབ་ཅིག་བཏང་ནའང་། མིང་གོང་མས་སྐུ་ཚབ་དེ་བསད། དེ་ལ་བརྟེན་ནས་ད་ཡན་ཁཱང་གིས་རྒྱ་ནག་གི་ཁ་གཏད་དུ་ཆེད་མངགས་དམག་གི་དཔུང་སྡེ་གཏོང་བའི་རྒྱུད་སྐུལ་བྱས། 

ཀརྨ་པ་སྐུ་ཕྲེང་བརྒྱད་པ་ལ་ཞེང་ཏེ་ (Zhengde) གོང་མའི་གྲོས་འཆར། 

མིང་གི་རྒྱལ་པོ་རྗེས་མ་ཞེང་ཏེ་གོང་མ་མིང་ཝུ་ཙུང་ (Ming Wuzong) (སྲིད་བསྐྱངས་ལོ། ༡༥༠༦-༡༥༢༡) ནི་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་ (༡༥༠༦-༡༥༥༤) ཁམས་སུ་སྐུ་འཁྲུངས་པའི་ལོ་དེའི་ནང་ཁྲིར་འཁོད། གོང་མས་རང་གིས་རང་ལ་ནང་པའི་མཚན་གནས་སུ་ཆོས་ཀྱི་རྒྱལ་པོ་ཞེས་མཚན་གསོལ་ཞིང་། ཁོང་གི་ཕོ་བྲང་དུ་བླ་ཆེན་ཞིག་གདན་ཞུའི་ཆེད་བོད་དུ་ཕོ་ཉའི་རུ་ཁག་ཅིག་བཏང་། ཕོ་ཉའི་རུ་ཁག་དེ་ལམ་བར་དུ་བཙན་རྒོལ་འཕྲོག་བཅོམ་བྱས་ཏེ་བོད་དུ་ནམ་ཡང་སླེབས་ཐུབ་མེད། 

ཞེང་ཏེ་གོང་མས་རང་གིས་རང་ལ་ཕྱོགས་གཅིག་ནས་ཀརྨ་པ་སྐུ་ཕྲེང་བདུན་པའི་སྐྱེ་སྤྲུལ་གཉིས་པ་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད། དཔེར་ན། གཅིག་ནི་གསུང་གི་སྤྲུལ་སྐུ་ལྟ་བུ་དང་གཞན་དེ་ཐུགས་ཀྱི་སྤྲུལ་སྐུ་ལྟ་བུ་རེད། དེ་ལྟར་ཁོང་གིས་བོད་མིང་རིན་ཆེན་དཔལ་ལྡན་བཞེས་པ་དང་སྤྱི་ལོ་ ༡༥༡༦ ལོར་ཀརྨ་པ་སྐུ་ཕྲེང་བརྒྱད་པ་དགུང་ལོ་བཅུར་སོན་པ་དེ་ལ་གདན་ཞུའི་ཕྱག་བྲིས་ཤིག་ཕུལ། ཕྱག་བྲིས་དེའི་ནང་ཁོང་གཉིས་ལས་ཀྱི་འབྲེལ་བ་གཏིང་ཟབ་ཅིག་ཡོད་ཚུལ་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་ཀརྨ་པ་སྐུ་ཕྲེང་བརྒྱད་པ་གཞོན་ནུ་དེས་གདན་ཞུ་ངོས་བཞེས་མ་གནང་བར་ཁམས་ནས་དབུས་སུ་ཕྱིར་ལོག་ཕེབས། 

ཨེལ་བྷརྚ་ ཆེན་ (Albert Chan) གྱིས་ཞེང་དེ་གོང་མ་ལ་ཁོང་གི་ཕོ་བྲང་དུ་བོད་ཀྱི་དགེ་འདུན་པ་མང་པོ་ཡོད་པ་དང་ཁོང་ཉིད་ཡང་སེ་བོད་ཀྱི་དགེ་འདུན་ཞིག་དང་འདྲ་བར་ན་བཟའ་གྱོན་གྱི་ཡོད་ཅེས་དང་། ཁོང་གིས་ཐ་ན་བོད་སྐད་ནང་ནང་ཆོས་སྦྱངས་ཡོད་ཅེས་བརྗོད། ཧེང་ཞི་གོང་མ་ནང་བཞིན་ཞེང་དེ་གོང་མ་བོད་དབུས་ཕྱོགས་ཀྱི་ལས་དོན་ལ་ཐེ་གཏོགས་བྱས་མེད། 

མིང་གི་རྒྱལ་པོ་རྗེས་མ་དེ་ནི་ཇིའ་ཆིང་གོང་མ་མིང་ཤི་ཙུང་ (སྲིད་བསྐྱངས་ལོ། ༡༥༢༢-༡༥༦༦) གིས་ཁོང་གི་མི་རབས་གོང་མ་གཉིས་ཀྱི་ནང་པ་མང་ཐལ་ལ་ཁ་གཏད་དུ་ལངས་ནས་དེའི་ཚབ་ལ་ཏའོ་ཆོས་ལུགས་ལ་མཐུན་འགྱུར་བྱས། ཁོས་བོད་ཀྱི་བླ་མ་རྣམས་ལ་དམའ་འབེབས་བྱས་པ་ཙམ་དུ་མ་ཟད། ནང་ཆོས་ལ་དྲག་གནོན་ཀྱང་བྱས། དེའི་རྗེས་སུ་བོད་ཀྱི་བླ་མ་ཚོས་རྒྱ་ནག་དང་འབྲེལ་བ་ཞིག་རྒྱུན་སྲིང་ཡོད་ནའང་། རྒྱ་ནག་ཏུ་ཕེབས་པ་ཧ་ཅང་དཀོན་པོར་གྱུར། 

སོག་པོའི་ཚོ་པ་ཨ་མདོར་གནས་སྤོ་དང་སྡེ་སྲིད་གཙང་པའི་སྲིད་དབང་རྩ་འཛུགས།

སྤྱི་ལོ་ ༡༥༢༤ ལོར་ད་ཡན་ཁཱང་འདས་པའི་རྗེས་སུ་གཡས་རུ་དང་གཡོན་རུའི་ཚོ་པའི་དབར་གྱི་ཁ་ཐོར་དེ་སླར་ཡང་འགོ་ཚུགས། ནུབ་སོག་པོའི་ཚོ་པ་གཉིས་ཏེ། ཏུ་མེ་ད་ (Tumed) དང་ཁལ་ཁ་ (Khalkha) གཉིས་ཀྱིས་བོད་ནང་དེའི་རྗེས་སུ་དར་བའི་བྱུང་རྐྱེན་ཁག་གི་ནང་ལས་དོན་ཆེ་ཁག་གི་འགན་འཁུར་ངེས་རེད། ཏུ་མེ་དའི་སོག་པོས་ཨོར་དོའི་ (Ordos) ས་ཁུལ་དུ་དབང་སྒྱུར་བྱས་ཤིང་། དེ་ནི་དུས་ཕྱིས་སུ་ནང་སོག་གྱུར། ས་གནས་བོད་མིའི་གཙོ་སྐྱོང་རྣམས་རང་ཁོངས་སུ་ཕན་ཚུན་ཁ་རྩོད་ཀྱི་ནང་ཚུད་ནས་ཡོད་པ་སོང་ཙང་། ནང་སོག་གི་ས་ཁུལ་དེ་དག་རིམ་བཞིན་བྱང་ཤར་ཨ་མདོ་བར་དུ་རྒྱ་བསྐྱེད།

དེ་དང་མཉམ་དུ་བོད་དབུས་ཕྱོགས་སུ་རིན་སྤུངས་དབང་སྒྱུར་བ་ཚོས་གཙང་ལ་མུ་མཐུད་ནས་སྲིད་དབང་སྐྱོང་བཞིན་ཡོད། སྤྱི་ལོ་ ༡༥༤༨ ལོར་རིན་སྤུངས་པའི་སྡེ་སྲིད་ངག་དབང་རྣམ་རྒྱལ་གྱིས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་གཙང་གཞིས་ཀ་རྩེའི་མངའ་སྡེའི་སྲིད་སྐྱོང་དུ་བསྐོ་བཞག་བྱས། སྤྱི་ལོ་ ༡༥༥༧ འགོ་ཚུགས་པ་ནས་བཟུང་ཞིག་ཞག་པ་ཚེ་བརྟན་རྡོ་རྗེས་རིན་སྤུངས་ཀྱི་དབང་ཚད་ལ་ངོ་རྒོལ་བྱས་ཤིང་། དེ་དག་གོ་དབང་ནས་དབྱུང་སྟེ། རང་གིས་རང་ལ་གཙང་གི་རྒྱལ་པོ་ཡིན་ཞེས་སྤྱི་ལོ་ ༡༥༦༥ ལོར་ཁྱབ་བསྒྲགས་བྱས། རིམ་བཞིན་དུ་ཁོས་གཙང་ཁུལ་མང་ཆེ་བར་དབང་སྒྱུར་བྱས་པ་དང་མཐར་དབུས་ཀྱང་དབང་སྒྱུར་བྱས། དེ་ལྟར་སྡེ་སྲིད་གཙང་པའི་སྲིད་དབང་དེ་འགོ་ཚུགས། ཇི་ལྟར་ཞྭ་དམར་སྐུ་ཕྲེང་བཞི་པས་རིན་སྤུངས་པའི་དབང་སྒྱུར་བར་རྒྱབ་སྐྱོར་གནང་བ་ནང་བཞིན་ད་ལྟ་ཞྭ་དམར་སྐུ་ཕྲེང་ལྔ་པ་དཀོན་མཆོག་ཡན་ལག་ (༡༥༢༥-༡༥༨༣) གིས་གཙང་གི་རྒྱལ་པོའི་སློབ་སྟོན་པ་གཙོ་བོར་གྱུར་རོ།།

Top