སོག་ཡུལ་ནང་བོད་བརྒྱུད་ནང་བསྟན་རང་ལུགས་སུ་སྟེན་ཚུལ།

འབུམ་རམས་པ་ཨེ་ལེགས་ཛེན་ཌར་ བྷར་ཛིན་ལགས་ནི་ཨ་རིའི་ནང་དོན་རིག་པའི་མཁས་པ་ཞིག་ཡིན་པ་དང་ཁོང་ད་ལྟ་རྒྱ་གར་རྡ་རམ་ས་ལར་གནས་སྡོད་བྱེད་ཀྱི་ཡོད། ཁོང་ཉེ་ཆར་ཨེ་ཤི་ཡའི་ནང་པའི་ཞི་བདེའི་ཚོགས་འདུར་སྤྱི་ཁྱབ་དྲུང་ཆེས་གདན་ཞུས་ལྟར་སོག་ཡུལ་དུ་ཕེབས་ཡོད། ཁོང་གིས་ནང་པ་ཚོར་ཞི་བདེའི་ཆེད་དུ་གཤམ་གྱི་འདྲི་མོལ་གནང་རྒྱུར་ངོས་བཞེས་གནང་སོང་།
 

ཁྱེད་རང་སོག་ཡུལ་དང་ཨེ་ཤི་ཡའི་ནང་པའི་ཞི་བདེའི་ཚོགས་འདུའི་སྤྱི་ཁྱབ་ལས་ཁུངས་སུ་ཕེབས་པར་ཚོར་སྣང་དང་མཐོང་ཕྱོགས་ག་རེ་བྱུང་ངམ།

ངོས་རང་སོག་ཡུལ་དང་ཨེ་ཤི་ཡའི་ནང་པའི་ཞི་བདེའི་ཚོགས་འདུའི་སྤྱི་ཁྱབ་ལས་ཁུངས་སུ་ད་ལན་བཅར་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་སྤོབས་བྱུང་སོང་། ངོས་རང་ལ་མཚོན་ན། ཨི་རིའི་ནིའུ་འཇར་སི་ལ་འཚར་ལོངས་བྱུང་ཞིང་། དེར་ཡོད་པའི་ཁལ་མུག་སོག་པོའི་སྤྱི་ཚོགས་མི་སྡེ་དང་ཐག་རིང་པོ་དེ་ཙམ་མ་རེད། ང་རང་ལ་ནང་པའི་བླ་མ་ཐོག་མ་མཇལ་བ་དེ་ཕྱི་ལོ་ ༡༩༦༧ ལོར་སོག་པོའི་དགེ་བཤེས་དབང་རྒྱལ་ལགས་རེད། དེ་ནས་བཟུང་སྟེ། ང་རང་སོག་ཡུལ་དུ་བསླེབ་འདོད་ཧ་ཅང་ཆེན་པོ་ཡོད། ཕྱི་ལོ་ ༡༩༨༥ ལོའི་ཟླ་ ༡༢ པའི་ནང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་བའི་སྐབས་ངོས་རང་བཀུར་འོས་མཁན་པོ་བླ་མ་དགའ་ལྡན་མཇལ་དང་མཇལ་འཕྲད་བྱུང་། དེའི་སྐབས་སུ་ངོས་རང་སོག་ཡུལ་དུ་འགྲོ་འདོད་ཡོད་སྐོར་ཁོང་ལ་ཞུས་ཡིན། ད་ལྟ་འདོད་འདུན་དེ་དངོས་སུ་གྲུབ་སོང་།

སོག་ཡུལ་འདི་ནང་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་ཁྱེད་ཀྱིས་དེ་གང་འདྲ་ཞིག་མཐོང་གི་འདུག་གམ།

ངོས་རང་སོག་ཡུལ་དེ་སེམས་ལ་ཧ་ཅང་འཐད་པོ་བྱུང་སོང་། དམིགས་བསལ་ནང་པའི་སྲོལ་རྒྱུན་རྣམས་ཧ་ཅང་བརྟན་པོ་དང་ཚགས་ཚུད་པོ་འཛིན་སྐྱོང་བྱས་པ་དེ་མཐོང་དུས་དཔེ་མི་སྲིད་པའི་ཡག་པོ་རེད་བསམ་ཀྱི་འདུག ངོས་རང་འདིར་ཡོད་པའི་སྐབས་སུ་ཨུ་ལཱན་བྷཱ་ཏར་ཙམ་དུ་མ་ཟད། ཨེར་ཌིན་ ཛུ་ (Erdene Zu) དགོན་པ་དང་ཁུ་ཇིརྟ་ (Khujirt) དང་ཀ་ར་ཁོ་རམ་ (Kakakhorum) གྱི་གྲོང་རྡལ་རྣམས་ལའང་འགྲོ་རྒྱུའི་གོ་སྐབས་བྱུང་སོང་། གྲོང་ཁྱེར་དང་གྲོང་གསེབ་གང་དུ་ཡིན་ནའང་མི་རྣམས་ནང་ཆོས་ལ་དད་པ་དང་མོས་གུས་ཧ་ཅང་གཏིང་ཟབ་འདུག དེ་བཞིན་སྔོན་གྱི་གྲྭ་པ་རྙིང་པ་རྒན་པ་ཚོས་དགོན་པ་རྙིང་པ་འགའ་ཞིག་ཡང་བསྐྱར་སྒོ་འབྱེད་པའི་སྒོ་ནས་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་དང་སླར་གསོ་བྱ་རྒྱུར་སེམས་ངར་དང་སྤྲོ་ཤུགས་ཡོད་པ་ནི་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་རེད་འདུག ངོས་རང་སྦྱོང་བརྡར་དཔྱིས་ཕྱིན་པ་ཚར་བ་བའི་གྲྭ་པ་གཞོན་སྐྱེས་འགའ་དང་མཇལ་འཕྲད་བྱུང་བས། དེ་དག་གི་ཐད་ལ་ངོས་ཀྱི་མཐོང་སྣང་གཞིར་བཞག་ཐོག་ནས་ཞུས་ན། སོག་ཡུལ་ནང་མ་འོངས་པའི་ནང་ཆོས་ཀྱི་གནས་སྟངས་དེ་ཧ་ཅང་རེ་བ་ཅན་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག
 

ཁྱེད་འདིར་ཕེབས་པ་ལ་བརྟེན་ནས་ཁྱེད་ཀྱི་ཉམས་ཞིབ་ལས་དོན་ལ་ཕན་པའི་དོ་སྣང་བྱ་འོས་པའི་གནད་དོན་དེ་འདྲ་ཤེས་རྟོགས་བྱུང་ངམ།

ངོས་རང་འཛམ་གླིང་གང་སར་ཆོས་ཁྲིད་དང་ནང་ཆོས་ཡར་རྒྱས་ཀྱི་ཐད་གཏིང་ཟབ་པོ་འབད་བརྩོན་བྱེད་མུས་དང་བོད་ཀྱི་སྲོལ་རྒྱུན་དང་དེ་ཕྱིའི་རྒྱལ་ཁབ་དང་རིག་གཞུང་གི་ནང་རང་ལུགས་སུ་སྟེན་ཚུལ་ཐད་ལ་ཡིག་སྒྱུར་གྱི་དཀའ་ངལ་ཁག་ལ་དམིགས་བསལ་ལས་ཀ་བྱེད་མུས་ཡིན། ངོས་ནས་བྱང་ཨ་རི་དང་། ལྷོ་ཨ་རི། ནུབ་ཡུ་རོབ། ཤར་ཡུ་རོབ། སུའུ་ལེན་མནའ་འབྲེལ་རྒྱལ་ཁབ། ཨ་ཧྥི་རི་ཀ། ཨེ་ཤི་ཡ། ལྷོ་ཕྱོགས་ཞི་བདེའི་རྒྱ་མཚོའི་གླིང་དང་གླིང་ཕྲན་ཁག་ལ་ཁྱབ་པའི་ཡུལ་ (Australasia) བཅས་ཀྱི་ནང་ལུང་པ་སུམ་ཅུ་སོ་བདུན་ཙམ་ལ་གཏམ་བཤད་བྱས་ཡིན། ང་རང་སོག་ཡུལ་དུ་བསླེབས་པ་འདིས་ངའི་ལས་དོན་ཐད་ལ་ཧ་ཅང་ཕན་རླབས་ཆེན་པོ་བྱུང་། སོག་ཡུལ་ནི་བོད་བརྒྱུད་ནང་བསྟན་དར་ཁྱབ་བྱུང་བ་དང་ཡིག་སྒྱུར་བྱས་པའི་རྒྱལ་ཁབ་དང་པོ་དེ་ཡིན་པ་རེད། ཉམས་མྱོང་འདིའི་དཔེ་མཚོན་ལས་ང་ཚོས་ཤེས་ཡོན་དང་སློབ་སྦྱོང་ཧ་ཅང་མང་པོ་སྦྱོང་ཆོག དཔེར་ན། ཕྱིའི་རྒྱལ་ཁབ་ཁག་གི་ནང་ལེགས་སྦྱར་གྱི་ཐ་སྙད་རྣམས་ཡིག་སྒྱུར་ནང་བེད་སྤྱོད་བྱེད་དགོས་དང་མི་དགོས་ཀྱི་ཐད་དང་། ཆོ་གའི་རིགས་དང་མཚན་ཉིད་རྩོད་གླེང་རྣམས་བོད་སྐད་ནང་བྱེད་དགོས་སམ་ཡང་ན་ཡིག་སྒྱུར་གྱི་ནང་བྱེད་དགོས་པ། དེ་བཞིན་གྲྭ་པ་ཚོའི་གྲྭ་ཆས་ལེགས་བཅོས་བྱས་ན་འགྲིག་དང་མི་འགྲིག སྨན་དང་སྐར་རྩིས་རིག་པའི་ལམ་ལུགས་རྣམས་ལ་ད་དུང་དེང་དུས་ཀྱི་ཡར་ཐོན་ཡོད་དགོས་དང་མི་དགོས་སོགས་ཀྱི་ཐད་ལ་གོ་བསྡུར་མང་པོ་འགྲོ་བཞིན་ཡོད་པ་ལྟ་བུ་རེད། དྲི་བ་དེ་དག་ལ་བརྟེན་ནས་སོག་པོའི་ཉམས་མྱོང་རྣམས་ནི་རིག་གཞུང་གཞན་དག་ལ་དཀའ་ངལ་གཅིག་པ་འཕྲད་པར་རོགས་སྐྱོར་བྱེད་ཆེད་མེད་དུ་མི་རུང་བའི་ཕན་རླབས་ཅན་ཞིག་རེད། དེར་མ་ཟད། ང་རང་སྒེར་གྱི་ཉམས་ཞིབ་ཀྱི་རིམ་པའི་ཐོག་ནས་བཤད་ན། ངས་བོད་ནས་སོག་ཡུལ་དུ་དུས་འཁོར་དང་སྐར་རྩིས་རིག་པའི་བརྒྱུད་པ་དང་དར་ཚུལ་སྐོར་ལ་ཧ་ཅང་མང་པོ་སྦྱངས་ཐུབ་པ་བྱུང་སོང་།

ཁྱེད་ཀྱིས་ཨེ་ཤི་ཡའི་ནང་པའི་ཞི་བདེའི་ཚོགས་པ་དང་མཉམ་དུ་མ་འོངས་པར་མཉམ་སྦྲེལ་བྱ་རྒྱུའི་ལྟ་ཚུལ་ཐད་དགོངས་ཚུལ་གང་ཡོད་དམ།

ངོས་རང་འཛམ་གླིང་ས་ཕྱོགས་གང་སར་གཏམ་བཤད་ཆེད་འགྲུལ་བཞུད་བྱེད་པའི་སྐབས། གཙུག་ལག་སློབ་ཆེན་ཁག་དང་ཉམས་ཞིབ་སློབ་གཉེར་ཁང་མི་འདྲ་བ་སྣ་ཚོགས་པ། དེ་བཞིན་ནང་པའི་ཆོས་ཚོགས་ཁག་གི་ནང་སོག་ཡུལ་དུ་གང་སྦྱངས་པ་དང་གང་ཤེས་རྟོགས་བྱུང་བ་རྣམས་མཉམ་སྤྱོད་བྱེད་རྩིས་ཡོད། དོན་ངོ་མར་སོག་པོའི་སྨན་གྱི་ལུགས་སུ་སྐུ་མཉེ་བྱེད་ལུགས་ཀྱི་ལམ་ལུགས་ཤིག་བོད་ཀྱི་སྨན་གྱི་སྟེང་ལ་ཁ་སྣོན་བྱས་ཡོད་པ་དང་། སྨན་རྣམས་བཟོ་བའི་ཆེད་ས་གནས་སོ་སོའི་སྨན་རྩྭའི་རིགས་འདེམ་སྒྲུག་བྱེད་པ། དེ་བཞིན་སོག་པོའི་སྐར་རྩིས་རིག་པས་ས་གནས་སོ་སོའི་གནས་སྟངས་དང་རན་འཚམས་སུ་བོད་ཀྱི་སྐར་རྩིས་རིག་པའི་ལུགས་དེ་ལེགས་བཅོས་བྱས་ཡོད་པ་དེ་དག་ནི་ད་དུང་མུ་མཐུད་ནས་ཉམས་ཞིབ་བྱེད་པར་བསྐུལ་རྐྱེན་བྱེད་ངེས་པ་རེད། ལྷག་པར་དུ་ནང་པའི་གཞུང་ལུགས་བཀའ་བསྟན་རྣམས་བོད་སྐད་ནས་སོག་པོའི་སྐད་དུ་སྒྱུར་རྒྱུའི་ཉམས་མྱོང་དང་། དེ་ག་ནང་བཞིན་སོག་པོ་གཞོན་སྐྱེས་ཚོར་སྔ་རབས་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཆེད་སྲོལ་རྒྱུན་གྱི་ཐབས་ལམ་བཅས་ཕན་ཐོགས་ཅན་ཆགས་ཀྱི་རེད། འཛམ་གླིང་གང་སར་མི་གང་མང་གིས་སོག་པོའི་ཉམས་མྱོང་རྣམས་ཤེས་རྟོགས་འགྲོ་བ་དང་བསྟུན་འདིས་མུ་མཐུད་ནས་ཉམས་ཞིབ་ལ་བསྐུལ་རྐྱེན་བྱེད་ཀྱི་རེད་བསམ་གྱི་འདུག འཛམ་གླིང་ཁྱོན་ཡོངས་ལ་ཡིག་སྒྱུར་དང་ནང་ཆོས་ཡར་རྒྱས་ཆེད་དེ་ལྟ་བུའི་ཉམས་ཞིབ་ལ་མཉམ་ལས་དང་འགྲུབ་འབྲས་ལྡན་པ་བཟོ་བར་ཨེ་ཤི་ཡའི་ནང་པའི་ཞི་བདེའི་ཚོགས་པས་ལས་འགན་ཧ་ཅང་གལ་ཆེན་པོ་ཞིག་བསྒྲུབ་ཀྱི་ཡོད། ངོས་རང་དེ་འདྲ་བའི་ལས་གཞིའི་ནང་མུ་མཐུད་མཉམ་བཞུགས་བྱེད་ཐུབ་པའི་རེ་བ་ཡོད།

ཞི་བདེའི་ཆེད་དུ་ནང་པ་ཞེས་པའི་དུས་དེབ་ཀློག་པ་པོ་རྣམས་ལ་ཁྱེད་ནས་བསླབ་བྱ་ཚིག་ཁ་ཤས་གསུང་རོགས་གནང་།

ནང་ཆོས་ནི་འཛམ་གླིང་ཞི་བདེ་སྐྲུན་པར་ཕན་འདོགས་ཐུབ་པའི་ཆེད་མེད་དུ་མི་རུང་བའི་གནས་སྟངས་ཤིག་གི་ནང་ཡོད་པ་རེད། ཇི་ལྟར་༧གོང་མཆོག་གིས་རྟག་ཏུ་གསུང་པ་ལྟར། འཛམ་གླིང་ནང་ཕྱི་དངོས་པོ་དང་ནང་སེམས་དོན་གྱི་ཡར་རྒྱས་གཉིས་ཀ་དགོས་ཀྱི་ཡོད། གལ་ཏེ་ཕྱི་དངོས་པོའི་རིན་ཐང་ཁོ་ན་ཡོད་པ་དང་། ང་ཚོར་འཛམ་གླིང་འདི་ཐེངས་མ་བརྒྱ་གཏོར་བཤིག་གཏོང་ཐུབ་པའི་འབར་མདེལ་ཞིག་ཡོད་པ་དང་མི་གཞན་ཞིག་གིས་འཛམ་གླིང་ནི་ཐེངས་མ་སྟོང་ཕྲག་གཏོར་བཤིག་གཏོང་ཐུབ་པའི་འབར་མདེལ་ཞིག་བཟོས་ཡོད་ན། དེ་ནི་ཡར་རྒྱས་ཡིན་པ་དང་ཡག་པོ་ཡིན་པར་ཆ་འཇོག་བྱེད་ངེས་རེད། འོན་ཀྱང་། ང་ཚོས་འགྲོ་བ་མིའི་རིན་ཐང་ལའང་བསམ་མནོ་གཏོང་དགོས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་གལ་ཏེ་ཆོས་ཕྱོགས་དང་སེམས་དོན་གྱི་ཡར་རྒྱས་ཁོ་ན་ཡོད་ཀྱང་། མི་རྣམས་ལ་བཟའ་རྒྱུ་མེད་ན་དེས་ཀྱང་འགྲིག་གི་མེད། དེར་བརྟེན་གལ་ཏེ་ནང་ཆོས་དང་ཚན་རིག་གཉིས་ཟུང་འབྲེལ་ཐོག་བསྐྱོད་ཐུབ་ན། འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་ཡུན་དུ་གནས་པའི་རེ་བ་ངོ་མ་ཞིག་ཡོད།།

Top