བོད་ཀྱི་སྐར་རྩིས་རིག་པའི་ལོ་རྒྱུས།
རྒྱ་ནག་གི་སྐར་རྩིས་རིག་པའི་རྒྱུ་ཆ་རྣམས་རྒྱ་གར་ནས་བྱུང་བའི་རྒྱུ་ཆ་ལས་སྔ་བ་བོད་དུ་དར་ཡོད། དེ་ཡང་དུས་རབས་བདུན་པའི་དཀྱིལ་དུ་བོད་ཀྱི་རྒྱལ་རྒྱུད་ཆེན་པོའི་སྲོལ་གཏོད་མཁན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱུང་བ་རེད། ཁོང་གི་བཙུན་མོའི་ནང་ནས་རྒྱ་བཟའ་ཀོང་ཇོ་དང་བལ་བཟའ་ཁྲི་བཙུན་གཉིས་ཡོད་པ་ལས། སྔ་མས་རྒྱ་ནག་གི་ནང་རྩིས་སམ་འབྱུང་རྩིས་དང་སྨན་གྱི་གཞུང་སྣ་ཚོགས་བོད་དུ་གདན་དྲངས་ཡོད། ལོ་གཉིས་ཀྱི་ནང་དུ་ལོ་འཁོར་དྲུག་ཅུ་བཀོལ་སྤྱོད་བྱས་མེད་ནའང་། བོད་ཀྱི་རྒྱལ་པོའི་ཁབ་ཀྱིས་ལོ་ལ་ལོ་རྟགས་བཅུ་གཉིས་ཀྱི་མིང་དུ་འདོགས་ཚུལ་དེ་བཀོལ་སྤྱོད་བྱེད་འགོ་ཚུགས་པ་རེད། དེ་ནི་དེའི་རྗེས་ཀྱི་དུས་རབས་གཉིས་རིང་ལ་བོད་ནང་གི་ཐུན་མིན་ཁ་ཡོད་ལག་ཡོད་ཀྱི་ལམ་ལུགས་ཤིག་ཆགས་པ་རེད།
དུས་རབས་དགུ་པའི་ནང་སྤྱིར་བཏང་རིག་གཞུང་ཉམས་རྒུད་ཀྱི་དུས་ཡུན་གྱི་རྗེས་སུ་དུས་རབས་བཅུ་པ་ནས་འགོ་ཚུགས་ཏེ། ཤར་ཏུར་ཀིའི་ལི་ཡུལ་ས་ཁུལ་ནས་རྒྱ་ནག་དང་འབྲེལ་བའི་གནམ་རིག་ཁམས་ཀྱི་ཤུགས་རྐྱེན་གསར་པ་ཞིག་བྱུང་ཡོད། བོད་ཀྱི་མཁས་པ་ཆེན་པོ་རྷརྨ་ཀ་རས་དེ་དང་ཁོང་དང་གཞན་དག་གིས་གང་དྲན་པའི་དུས་ཡུན་རྙིང་པའི་རྒྱུ་ཆ་རྣམས་མཉམ་སྲེ་བཏང་མཛད་པས། དེ་བསྲེ་ལྷད་ཆགས་པ་རེད། ཁོང་གིས་འབྱུང་རྩིས་ཀྱི་ངེས་དོན་ལུགས་གསར་པ་ཞིག་བཀོད་སྒྲིག་གནང་བ་དང་། དེའི་ནང་ད་ལྟ་འཆི་བ་དང་། གཉེན་སྒྲིག །བར་ཆད། ཚེ་རབས་ལས་རྩིས། ས་ངོས་དཔྱད་རིག་བཅས་ཚུད་ཡོད། དུས་རབས་བཅུ་གཅིག་པའི་ནང་བོད་མི་ཚོས་ཚད་ལྡན་གྱི་སྒོ་ནས་ལོ་འཁོར་དྲུག་ཅུའི་འབྱུང་བ་ཁམས་དང་ལོ་རྟགས་བཀོལ་སྤྱོད་བྱས་ཡོད།
ད་ལྟའི་དུས་ཀྱི་བོད་ཀྱི་ལོ་ཐོའི་ནང་དུའང་རྒྱལ་ལོའི་གྲངས་དེ་འཁོད་ཡོད། དེ་ཡང་ཡེ་ཤུ་མ་བྱོན་གོང་གི་ཕྱི་ལོ་ ༡༢༧ ལོར་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་ནས་བཟུང་སྟེ་བརྩི་སྲོལ་དེ་རེད།
རྒྱ་གར་ཕྱོགས་ཀྱི་སྐར་རྩིས་རྒྱུ་ཆ་རྣམས་བོད་དུ་དུས་འཁོར་གྱི་རྒྱུད་ངོ་སྤྲོད་དང་བཅས་དར་ཁྱབ་བྱུང་། ལོ་ཙཱ་བ་དང་མཁས་པ་སྣ་ཚོགས་པས་དུས་འཁོར་རྩ་བའི་གཞུང་རྣམས་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་ནས་དུས་རབས་བཅུ་གཅིག་ནས་བཅུ་གསུམ་བར་དུ་ཐེངས་མ་འགའ་ཞིག་ཁྱབ་སྤེལ་བྱུང་ཡོད། དེ་དག་ས་སྐྱ་དང་བཀའ་བརྒྱུད་སྔ་མའི་སྲོལ་རྒྱུན་གྱི་ནང་གྲགས་ཆེན་པོ་ཆགས་ཤིང་། གཞན་ཡང་དེ་ལ་འགྲེལ་བ་སྣ་ཚོགས་མཛད་པ་དང་རྒྱ་དཀར་ནག་གཉིས་ཀའི་མཁས་པ་ཚོའི་ཁྱད་ཆོས་ཁག་ཟུང་དུ་འབྲེལ་བ་དང་ཕུལ་དུ་བྱུང་བའི་བོད་ཀྱི་སྐར་རྩིས་ལུགས་བྱུང་བའི་ཆེད་དུ་སླར་ཡང་ལེགས་བཅོས་མཛད་ཡོད།
དུས་འཁོར་ལུགས་ཀྱིས་ཧིནྡུའི་ལུགས་ཀྱི་ལོ་བརྩི་སྟངས་ཀྱི་ཆེད་དུ་ལོ་རྒན་དྲུག་ཅུ་སྐོར་གྱི་གཟའ་ཕུར་བུ་ལག་བསྟར་བྱེད་ཚུལ་དང་ཐུན་མོང་ཡིན་པ་དང་དེ་ལ་རབ་བྱུང་ངམ་ཕུལ་དུ་བྱུང་བ་ཞེས་ལོ་རྒན་དྲུག་ཅུའི་དང་པོའི་མིང་གི་རྗེས་སུ་བཏགས་པ་རེད།
བོད་ཀྱི་ལོ་ཐོའི་ནང་གི་ལོ་སྐོར་དྲུག་ཅུའི་ལོ་དང་པོ་ནི་གཞུང་འབྲེལ་གྱི་སྒོ་ནས་དུས་འཁོར་གྱི་རྒྱུད་དེ་བོད་དུ་ངོ་སྤྲོད་གནང་བའི་དུས་ཚེས་སུ་ཆ་འཇོག་བྱེད་ཀྱི་ཡོད། དེ་ནི་དུས་འཁོར་རྒྱུད་ཀྱི་མེ་མཁའི་རྒྱ་མཚོའི་ནང་དུ་གསལ་བའི་ལོ་གྲངས་ལུང་དུ་བསྟན་པ་གྲགས་ཅན་ཞིག་ཡིན་པ་དང་། དེ་ཡང་ཁ་ཆེའི་དུས་འགོ་བཙུགས་པའི་རྗེས་ཀྱི་ཡེ་ལོ་ ༦༢༤ ཡིན་ཞིང་། དེ་ནི་དངོས་གནས་བྱས་ན་དུས་ཡུན་དེ་ཡེ་ལོ་ ༦༢༢ ལ་འགོ་ཚུགས་ཡོད།
དུས་འཁོར་དང་ཧིནྡུའི་ལུགས་གཉིས་ཀས་ཨང་ཀི་རྣམས་མིང་གིས་ངེས་བཤད་བྱེད་པ་དང་དེ་ནི་རྒྱ་གར་ཁྱོན་ཡོངས་ཀྱི་གཞུང་ནང་གི་ཐུན་མོང་གི་གྲངས་འདྲེན་ལ་གོ་བར་བྱེད་པ་དང་། དེ་དག་བཅུ་དང་བརྒྱ་སོགས་རྩི་གཞིའི་གོ་རིམ་གྱི་ནང་ཐོ་འགོད་བྱེད་ཀྱི་ཡོད། མེ་གསུམ་ཡོད་པ་དང་ནམ་མཁའ་ནི་ཀླད་ཀོར་ནང་བཞིན་སྟོང་པ་ཡིན་ཞིང་། རྒྱ་མཚོ་བཞི་ཡོད། དེར་བརྟེན་མེ་མཁའ་རྒྱ་མཚོ་ཞེས་སུ་གྲགས་པ་དང་དེ་ནི་ཡེ་ལོ་ ༦༢༤ ཡང་ན་ཕྱི་ལོ་ ༡༠༢༧ ལོའི་རྗེས་ཀྱི་ལོ་ ༤༠༣ དེ་ཡིན་པ་རེད།
དུས་འཁོར་གྱི་ལོ་རྒན་དྲུག་ཅུ་སྐོར་གྱི་རབ་བྱུང་དེ་རྒྱ་ནག་གི་འབྱུང་བའི་ཁམས་དང་ལོ་རྟགས་ཀྱི་ལོ་དྲུག་ཅུ་དང་ཟུང་དུ་འབྲེལ་བའི་སྐབས། ཕྱི་ལོ་ ༡༠༢༧ དེ་རྒྱ་ནག་གི་ལོ་འཁོར་གྱི་ཐོག་མ་དང་མཐུན་གྱི་མེད། རྒྱ་ནག་ལུགས་དེ་རྟག་ཏུ་ཤིང་ཕོ་བྱི་བའི་ལོ་ནས་འགོ་བཙུག་གི་ཡོད་པ་དང་འདི་ནི་ལོ་འཁོར་ལོ་དེའི་ལོ་བཞི་པ་སྟེ། མེ་མོ་ཡོས་དེ་འཁེལ་གྱི་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་བོད་ཀྱི་ལོ་རྒན་དྲུག་ཅུའི་སྐོར་དེ་མེ་མོ་ཡོས་ནས་འགོ་བཙུག་གི་ཡོད་པ་དང་དེའི་ལོ་རྟགས་བཅུ་གཉིས་ཀྱི་གྲངས་འདྲེན་དེ་བཞིན་ཡོས་ནས་འགོ་བཙུག་གི་ཡོད་པ་ལས་བྱི་བ་ནས་འགོ་བཙུག་གི་མེད། དེར་བརྟེན་ལོ་གསུམ་གྱི་ཧེ་བག་ཡོད། ད་ལྟ་བོད་ཀྱི་རབ་བྱུང་ ༡༧ ནི་ཕྱི་ལོ་ ༡༩༨༧ ལོར་འགོ་ཚུགས་པ་དང་ད་ལྟ་རྒྱ་ནག་གི་རབ་བྱུང་ ༢༧ ནི་ཕྱི་ལོ་ ༡༩༨༤ ལོར་འགོ་ཚུགས་ཡོད།
ལོ་རྒན་དྲུག་ཅུའི་སྐོར་གྱི་རབ་བྱུང་དེ་ཕྱི་ལོ་ ༡༠༢༧ ལོར་ཐོག་མར་འགོ་ཚུགས་ཡོད། དུས་འཁོར་གྱི་ལོ་ཐོ་དེ་དུས་རབས་བཅུ་གསུམ་པའི་ཕྱེད་གཉིས་པའི་བར་དུ་བོད་ནང་དབང་སྒྱུར་བྱས་མེད། དེ་ལྟ་ནའང་མི་རྣམས་ཀྱིས་ད་དུང་ཡང་ལོ་རྣམས་ལ་དེ་དག་གི་འབྱུང་བའི་ཁམས་དང་ལོ་རྟགས་མིང་ལ་བརྟེན་ནས་འཆར་ཅན་གོ་བར་བྱེད་ཀྱི་ཡོད། དེ་ཡང་གྲགས་ཆེན་པོའི་སྒོ་ནས་ད་ལྟའི་དུས་སྐབས་སུ་དེ་ལྟར་ཡིན་པ་ལས། རབ་བྱུང་གི་ནང་གི་དེ་དག་གི་མིང་གིས་མིན། གང་ལྟར་ཡང་། ལོ་ཐོའི་ཨང་རྩིས་རིག་པ་ནི་དུས་འཁོར་ལུགས་ལྟར་ཆགས་ཡོད།
དུས་རབས་བཅུ་གསུམ་པའི་ཕྱེད་གཉིས་པའི་ནང་སྐར་རྩིས་རིག་པའི་སློབ་གཉེར་གྱི་ཐད་ལ་སྙན་གྲགས་ཆེ་བའི་ས་སྐྱའི་མཁས་པ་དང་རྩོམ་པ་པོ་སྔ་མའི་གྲས་ཤིག་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡིན་པ་རེད། ཁོང་གི་རྒྱ་ནག་གི་སོག་པོའི་རྒྱལ་པོ་ཁུབ་ལེ་ཁཱན་གྱི་བླ་མའམ་དགེ་བའི་བཤེས་གཉེན་ཡིན་པ་དང་ཁོང་དང་། ཁོང་གི་ཞང་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་ལྷན་དུ་བོད་བརྒྱུད་ནང་བསྟན་དེ་སོག་ཡུལ་དུ་དར་སྤེལ་མཛད་ཡོད། ཁོང་ནི་དུས་འཁོར་གྱི་རྒྱུད་ལ་ཤིན་ཏུ་མཁས་པའི་བླ་མ་སྙན་གྲགས་ཅན་ཞིག་ཡིན་སྟབས། ཁོང་ནས་བོད་ཀྱི་སྐར་རྩིས་ལུགས་དེ་ཆ་ཚང་བ་ཞིག་དར་སྤེལ་མཛད་པ་གོར་མ་ཆག །གཞན་ཡང་ཐོག་མར་ཁོང་གི་ཞང་པོ་དང་དེ་ནས་སོག་པོ་ཁཱན་གྱིས་ཁོང་བོད་ཀྱི་སྲིད་ཕྱོགས་ཀྱི་དབང་སྒྱུར་མཁན་ལ་བསྐོ་བཞག་མཛད་པ་ལ་བརྟེན་ནས་ཕལ་ཆེར་ཁུབ་ལེ་ཁཱན་དང་མཉམ་དུ་རྒྱ་ནག་ཡོན་རྒྱལ་རྒྱུད་དང་བཅས་དུས་འཁོར་གྱི་ལོ་ཐོ་དེ་བོད་ཀྱི་གཞུང་འབྲེལ་ལོ་ཐོར་གྱུར་བ་རེད།
དེ་ནས་ཁུབ་ལེ་ཁཱན་གྱི་སྤོ་པོ་ཆིང་གྷིས྄་ཁཱན་གྱིས་དུས་རབས་བཅུ་གསུམ་པའི་འགོ་སྟོད་ལ་ལོ་རྟགས་བཅུ་གཉིས་རྩི་སྟངས་དེ་ཨུ་གར་ནས་མོས་འདེམས་བྱས་ཟིན་པ་དང་དེ་ཁོང་གི་རྒྱལ་ཁམས་ལ་ཚད་ལྡན་བཟོས་པ་རེད། ལོ་རྒྱུས་ཡིག་ཆ་གཅིག་ལྟར་བྱས་ན། ཆིང་གྷིས྄་ཁཱན་ནི་སོག་པོའི་ཟླ་བའམ་ཧོར་ཟླ་ཞེས་བྱ་བ་དེ་ངོ་སྤྲོད་བྱེད་མཁན་དེ་ཡིན་པ་དང་དེ་ནི་ཆིང་གྷིས྄་ཁཱན་གྱིས་ཕྱི་ལོ་ ༡༢༠༧ ལོར་མི་ཉག་རྒྱལ་ཁམས་དབང་སྒྱུར་བྱས་པའི་ཉིན་མོ་སྟེ། ད་ལྟ་ཤར་ཀན་སུ་དང་ནང་སོག་གི་ས་ཁུལ་ཁག་ཡིན་ཞིང་། དེ་ནི་རྒྱ་ནག་གི་ཟླ་བ་དང་མཐུན་ཞིང་ཚབ་བྱས་ནས་མིང་འདོགས་བྱས་ཡོད།
དུས་རབས་དེ་གའི་དཀྱིལ་ཙམ་ནས་ཆིང་གྷིས྄་ཁཱན་གྱི་རྒྱུན་འཛིན་པ་ཚོས་བོད་ཀྱི་ལོ་ཐོ་དེ་སོག་པོའི་རྒྱལ་པོར་ངོ་སྤྲོད་བྱེད་པའི་སྐབས། ཁོང་ཚོས་ཧོར་ཟླ་དེ་དུས་འཁོར་ལུགས་ཀྱི་ཟླ་བ་དང་གཅིག་མཚུངས་བཟོས་པ་ལས། རྒྱ་ནག་གི་ལུགས་ལྟར་བཟོས་མེད། དེ་གཉིས་ཀྱི་དབར་ལ་གང་ལ་གང་འཚམས་ཀྱི་ཁྱད་པར་ཡོད། འོན་ཀྱང་རྒྱ་ནག་གི་ལུགས་སྲོལ་ལྟར་དེ་ནི་དུས་འཁོར་གྱི་ཟླ་བ་དང་པོ་ལས་ཟླ་བ་གཉིས་སྔོན་ལ་ཡིན་ནའང་། ཁོང་ཚོས་ཧོར་ཟླ་དང་པོ་དེ་ལོ་འགོ་བཙུག་པའི་སྐབས་སུ་བརྩིས་ཡོད། དེ་ནི་བོད་ལུགས་སུའང་བསྟེན་ཡོད་པ་དང་དེ་ལ་བརྟེན་ནས་སོག་པོའི་རྒྱལ་རྒྱུད་ཚང་མའི་ནང་ལོ་འགོ་བཙུག་པ་དང་འབྲེལ་བའི་ལྟོས་བཅས་ཀྱི་གཅིག་གྱུར་ཞིག་ཆགས་པར་བྱས་ཡོད། གང་ལྟར་ཡང་། རྒྱ་ནག་དང་བོད་ཀྱི་ལོ་གསར་དེ་རྟག་ཏུ་དུས་གཅིག་ལ་ཁེལ་གྱི་མེད། དེའི་རྒྱུ་མཚན་ནི་དེ་དག་གི་ལོ་ཐོའི་ལུགས་རེ་རེར་བཤོལ་ཟླ་ཁ་སྣོན་བྱེད་པ་དང་ཟླ་བ་རེ་རེའི་རིང་ཚད་དང་འགོ་འཛུགས་བཅས་གཏན་འབེབས་བྱེད་པར་རང་སོ་སོའི་རྩིས་ཀྱི་སྦྱོར་ཐབས་མན་ངག་རེར་ཡོད་པས་རེད། བོད་ནང་ཧོར་ཟླ་ནི་གདམ་ཀའི་ཚུལ་དུ་བོད་ཟླ་ཞེས་བརྗོད་ཀྱི་ཡོད་པ་དང་དེང་སང་གི་དུས་སུའང་མིང་གནས་དེ་གཉིས་ཕན་ཚུན་བརྗེ་ལེན་རུང་བའི་སྒོ་ནས་བཀོལ་སྤྱོད་བྱེད་ཀྱི་ཡོད།
བོད་ཀྱི་སྐར་རྩིས་རིག་པའི་བརྒྱུད་པ།
ད་ལྟའི་ཆར་བོད་ཀྱི་གཟའ་སྐར་དཔྱད་རིག་ལ་བརྒྱུད་པ་ཆེ་ཁག་གཉིས་ཡོད་དེ། ཚུར་ཕུའི་དང་ཕུག་པའི་ལུགས་གཉིས་རེད། སྔ་མ་ནི་དུས་རབས་བཅུ་བཞི་པའི་འགོ་སྟོད་ཙམ་ལ་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་བ་མཛད་མཁན་ཚུར་ཕུ་དགོན་གྱི་རྒྱལ་དབང་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ནས་བརྒྱུད་པ་ཞིག་རེད། བརྒྱུད་པ་འདི་ནི་ཀརྨ་བཀའ་བརྒྱུད་ཀྱི་ལུགས་ཁོ་ནར་གསལ་ཞིང་། འདིའི་ནང་ཉི་ཟླ་འི་གནས་གཏན་ལ་དབབ་ཕྱིར་བྱེད་རྩིས་དང་གཟའ་སྐར་གཏན་ལ་དབབ་ཕྱིར་གྲུབ་རྩིས་བཀོལ་སྤྱོད་བྱེད་ཀྱི་ཡོད།
༼བོད་ཀྱི་གཟའ་སྐར་དཔྱད་རིག་ཞེས་པར་གཟིགས།༽
ཚུར་ལུགས་ནས་བྱུང་བ་ནི་དུས་འཁོར་གདན་བཞིའི་རྒྱུད་ཀྱི་རྩིས་ལུགས་དེ་རེད། འབྲུག་ཆེན་པདྨ་དཀར་པོས་དེ་དུས་རབས་བཅུ་དྲུག་པའི་སྨད་ཙམ་ལ་འགོ་འཛུགས་གནང་ཡོད། འབྲུག་པ་བཀའ་བརྒྱུད་དང་འབྲུག་པ་ཚོས་ལུགས་འདིའི་རྗེས་སུ་འབྲང་གི་ཡོད་པ་སོང་ཙང་། མི་རྣམས་ཀྱིས་འདི་ལ་སྐབས་རེར་འབྲུག་རྩིས་ཞེས་ཀྱང་བརྗོད་ཀྱི་ཡོད། འདིའི་ནང་དུས་འཁོར་དང་གདན་བཞི་གཉིས་ཀའི་རྒྱུ་ཆ་ཟུང་དུ་འབྲེལ་ཡོད། འདི་དང་ཚུར་ཕུའི་ལུགས་ཀྱི་ཁྱད་པར་ཆེ་ཁག་ནི། དེས་འདས་ཟིན་པའི་ཚེས་ཞག་དེ་ཆགས་པར་རྩིས་བསྐོར་བའི་ཟླ་བའི་གཟའ་སྐོར་དེ་ཡིན་པ་མ་གཏོགས་ད་ལྟའི་ཚེས་ཞག་དེ་མིན་པར་བཞེད། དཔེར་ན། གལ་ཏེ་ཚུར་ལུགས་ལྟར་རེས་གཟའ་ལྷག་པ་ངེས་ཅན་ཞིག་བོད་ཟླ་དགུ་པའི་ནང་བརྩིས་རྒྱག་ཡོད་ན། བོད་ཟླ་དགུ་པ་དེ་འབྲུག་ལུགས་ལ་འདས་ཟིན་པའི་ཚེས་ཞག་ལ་ངོས་འཛིན་བྱེད་པ་དང་བོད་ཟླ་བཅུ་པ་དེ་རེས་གཟའ་ལྷག་པར་ཆ་འཇོག་བྱེད་པ་ལྟ་བུ་རེད། ཡང་ཕྱོགས་གཞན་ཞིག་ནས་འབྲི་གུང་བཀའ་བརྒྱུད་ཀྱི་ལུགས་སུ་ཚུར་ལུགས་དང་ཕུག་ལུགས་གཉིས་ཟུང་འབྲེལ་ཞིག་གི་རྗེས་སུ་འབྲང་གི་ཡོད།
ཕུག་ལུགས་ནི་ཐོག་མར་དུས་རབས་བཅོ་ལྔ་པའི་ནང་རྒྱ་མཚོའི་མཚན་དང་ལྡན་པའི་མཁས་པ་གསུམ་གྱིས་འགོ་འཛུགས་གནང་ཡོད། ཁོང་རྣམས་ནི་ཕུག་པ་ལྷུན་གྲུབ་རྒྱ་མཚོ་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོ། གཙང་ཆུང་ཆོས་གྲགས་རྒྱ་མཚོ་བཅས་རེད། དུས་རབས་བཅུ་བཞི་པའི་ནང་དུས་འཁོར་རྒྱུད་ལ་འགྲེལ་བ་མཛད་མཁན་ས་སྐྱའི་མཁས་པ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་ཀྱི་ལུགས་ལ་གཞི་བྱས་ཏེ། ཨང་རྩིས་རིག་པའི་གྲུབ་རྩིས་ཆ་ཚང་བ་བསྐྱར་སྐྲུན་བྱས་པ་དེ་ལུགས་འདིར་ནན་བརྗོད་བྱེད་ཀྱི་ཡོད། དུས་རབས་བཅུ་བདུན་པའི་དཀྱིལ་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གཞུང་བཻ་ཌཱུརྱ་དཀར་པོའི་ནང་། གྲུབ་རྩིས་དང་བྱེད་རྩིས་ཀྱི་ལུགས་གཉིས་ཟུང་དུ་འབྲེལ་བའི་སྒོ་ནས་སྲོལ་རྒྱུན་ལམ་ལུགས་དེ་བསྐྱར་བཅོས་མཛད་ཡོད། ཁོང་གིས་ལྟ་གྲུབ་ཆ་ཚང་བ་བཀོལ་སྤྱོད་བྱེད་པའི་སྒོ་ནས་ལོ་ཐོ་ཁ་གསལ་དུ་བཟོས་ཤིང་། དེའི་ནང་གཟའ་འཛིན་རྩིས་སྐོར་བའི་ཆེད་བསྡུས་དོན་གྱི་ལུགས་ནས་གྲངས་མཛོད་ཀྱང་བཅུག་ཡོད། དགེ་ལུགས་དང་། ས་སྐྱ། རྙིང་མ། ཤངས་པ་བཀའ་བརྒྱུད་བཅས་ཀྱིས་ཨུ་རུ་སུའི་སོག་པོ་ཁལ་མུག་ནང་བཞིན་ཕུག་ལུགས་ཀྱི་རྗེས་སུ་འབྲང་གི་ཡོད། དེར་བརྟེན་དེ་ནི་སྐར་རྩིས་ལུགས་དར་ཁྱབ་ཆེ་ཤོས་དེ་ཆགས་ཀྱི་ཡོད།
རྒྱ་རྩིས་སམ་ཡང་ན་གསེར་རྩིས་ཟེར་བ་དེ་ནི་ཕུག་ལུགས་དང་ཚུར་ལུགས་གཉིས་ཀའི་ནང་དར་ཁྱབ་བྱུང་ཡོད། ཕྱི་ལོ་ ༡༦༥༢ ལོར་ཇི་ལྟར་རྒྱ་ནག་ཆིང་རྒྱལ་རབས་ཀྱི་མན་ཇུའི་གོང་མ་དང་པོ་གདན་འདྲེན་ཞུས་པ་ལྟར། རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་རྒྱ་ནག་ལ་ཕེབས་པའི་སྐབས། ཁོང་གིས་པེ་ཅིང་དུ་རྒྱལ་པའི་ཕོ་བྲང་དུ་གསལ་བསྒྲགས་དང་ཡིག་ཆ་ཁག་གི་ནང་རྒྱ་ནག་གི་ལོ་ཐོ་དང་རྩིས་ལུགས་ལྟར་བྲིས་ཡོད་པར་གཟིགས། དེའི་སྐབས་ཁོང་གི་གསུང་སྒྱུར་བ་མེར་རྒན་དཀའ་བཅུ་པ་ཡིན་པས། ཁོང་གིས་དེ་དག་ཟིན་བྲིས་སུ་བཀོད། བོད་དུ་ཕེབས་པའི་རྗེས་སུ་མེར་རྒན་དཀའ་བཅུ་པས་རྒྱ་ནག་ལུགས་ཀྱི་རྒྱ་ཆེ་བའི་རྒྱ་རྩིས་དེ་དག་པོད་བཅུ་གསུམ་ནང་དུ་ཕྱོགས་བཏུས་མཛད། དཔེ་ཆ་དེ་དག་ཏཱ་ལའི་བླ་མའི་ཕོ་བྲང་པོ་ཏ་ལའི་ནང་སྦས་ནས་ཡོད་པ་དང་ནམ་ཡང་བེད་སྤྱོད་བྱས་མེད། རྒྱལ་དབང་ལྔ་པའི་བློན་པོ་ཡིན་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གོང་གི་རྩིས་གཞུང་ནང་དུ་གསེར་རྩིས་ཞེས་གསལ་མེད། འོན་ཀྱང་མེར་རྒན་དཀའ་བཅུ་པ་ནི་སྐར་རྩིས་རིག་པ་དང་ལོ་ཐོའི་བརྒྱུད་པ་འདི་ཐོག་མར་འགོ་འཛུགས་གནང་མཁན་དུ་ཆ་འཇོག་བྱས་ཡོད།
དུས་རབས་བཅོ་བརྒྱད་པར་རྒྱ་ནག་གི་ལོ་ཐོ་དང་རྩིས་རིག་པའི་ནང་བོད་མིའི་ཁྲོད་དུ་སླར་ཡང་དོ་དབྱིངས་གསར་པ་ཞིག་མཐོང་རྒྱུ་ཡོད། དེ་ནི་ལྷག་པར་དུ་རྒྱ་ནག་མན་ཇུའི་རྒྱལ་པོ་ཆིང་ལོང་གི་རྒྱབ་སྐྱོར་འོག་གཅེས་ཉར་བྱས་ཡོད། ཚུར་ཕུའི་བརྒྱུད་པ་ནས་ཀརྨ་པ་སྐུ་ཕྲེང་བཅུ་གཉིས་པ་དང་དུས་ཕྱིས་སུ་ཏའི་སི་ཏུ་སྐུ་ཕྲེང་བརྒྱད་པ་མན་ཇུའི་རྒྱལ་པོའི་ཕོ་བྲང་དུ་ཕེབས་ནས་ཡིག་སྒྱུར་གྱི་འགན་འཁྲི་སྔར་ལས་མང་བ་བཞེས་གནང་ཡོད། ཕུག་ལུགས་ནང་དུ་དོ་དབྱིངས་དང་ཐུགས་འཁུར་ཆེ་བ་ནི་བོད་བྱང་ཤར་མཚམས་ཀྱི་ཨ་མདོའི་ཆོལ་ཁ་ནས་དགེ་ལུགས་པའི་མཁས་པ་རྣམས་ཡིན་ཞིང་། དམིགས་བསལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་རྩིས་རིག་སློབ་ཆེན་ནས་ཡིན། ཁོང་ཚོས་ཀྱང་གཞུང་མང་པོ་བསྒྱུར་ཡོད། ནང་སོག་གིས་ཁོང་ཚོའི་བརྒྱུད་པའི་རྗེས་སུ་འབྲང་གི་ཡོད།
བོད་དབུས་ཕྱོགས་ཀྱི་ཕུག་ལུགས་ཀྱི་གྲུབ་མཐའི་ནང་། དུས་རབས་བཅུ་དགུ་པའི་འགོ་སྟོད་ལ་ཕྱག་མཛོད་གསུང་རབ་གཅིག་གི་ནང་དུ་གསེར་རྩིས་ལུགས་ཀྱི་བསྡུས་དོན་ཞིག་གསལ་གྱི་ཡོད། ཕྱི་ལོ་ ༡༩༨༠ ཡས་མས་སུ་རྒན་བློ་གྲོས་རྒྱ་མཚོའི་ཟིན་བྲིས་སམ་འབུམ་རམས་པ་བྲག་སྟོན་གྱིས་ཕྱོགས་བཏུས་མཛད་ཅིང་། ལུགས་དེ་ལ་གཞིར་བྱས་ནས་ད་ལྟའི་རྡ་སར་རྟེན་གཞི་བྱས་པའི་བོད་གཞུང་སྨན་རྩིས་ཁང་དུ་ལག་བསྟར་བྱེད་བཞིན་ཡོད། ལྷ་སའི་བོད་ཀྱི་སྨན་རྩིས་ཁང་གིས་ཉེ་ཆར་མཁས་དབང་ཚེ་རྟེན་ཞབས་དྲུང་དང་དམུ་དགེ་བསམ་གཏན་གཉིས་ཀྱིས་གཅེས་བཏུས་མཛད་པའི་ལུགས་ཤིག་ལག་བསྟར་བྱེད་ཀྱི་ཡོད།
གསེར་རྩིས་ལུགས་ཀྱིས་དུས་འཁོར་ལུགས་ཀྱི་གཞི་རྩའི་ལོ་ཐོ་བཀོལ་སྤྱོད་བྱེད་པ་སོང་ཙང་། འདི་དང་སྔ་རབས་རྒྱ་ནག་གི་ལོ་ཐོ་དངོས་གཉིས་སྒྲོམ་གཞིའི་ཆ་ནས་མཐའ་གཅིག་ཏུ་མི་འདྲ་བ་ཆགས་ཀྱི་ཡོད། འོན་ཀྱང་ཟླ་བ་ཉིས་ལྡབ་ཁ་སྣོན་བྱེད་ཚུལ་དེ་རྟག་པར་གཅིག་མཚུངས་མིན་ནའང་རྒྱ་ནག་ལུགས་སུ་བཀོལ་སྤྱོད་བྱེད་པ་དང་ཧ་ཅང་འདྲ་པོ་ཡོད། བོད་དང་རྒྱ་གར་གྱི་ལུགས་གཞན་ཚང་མའི་ནང་ཟླ་བའི་ཚེས་ཞག་ཆད་ལྷག་ཡོད་པ་དང་མི་འདྲ་བར་རྒྱ་ནག་གི་ལོ་ཐོ་ལྟ་བུ་རྒྱ་རྩིས་ལུགས་ཀྱི་ལོ་ཐོའི་ནང་ཁྱད་ཆོས་འདི་མེད། ཟླ་བ་རྣམས་ནི་ཚེས་ཉེར་དགུའམ་ཡང་ན་ཚེས་སུམ་ཅུ་གང་རུང་ཡིན་ཞིང་། དེ་དག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་ཨང་གྲངས་བཀོད་ཡོད་པ་དང་རྩིས་ཀྱི་ལུགས་འགའ་ཞིག་དང་བསྟུན་ནས་གཏན་ལ་ཕབ་ཡོད། ཟླ་བ་རེ་རེའི་ཐོག་མ་འགོ་སྟོད་ཀྱི་ཚེས་ཞག་རྣམས་སྔ་རབས་རྒྱ་རྩིས་ཀྱི་ལོ་ཐོའམ་ཡང་ན་ཕུག་ལུགས་དང་ཚུར་ལུགས་གང་རུང་དང་ཡང་སེ་དུས་གཅིག་ཏུ་འབྱུང་གི་ཡོད་ནའང་དུས་རྟག་ཏུ་དུས་མཉམ་འཁེལ་གྱི་མེད།
ནང་སོག་གི་ཕུག་ལུགས་དང་བོད་དབུས་ཕྱོགས་གཉིས་ཀྱི་དབར་ལ་ཁྱད་པར་མང་པོ་ཡོད་པ་དཔེར་ན། ཟླ་ལྷག་གམ་ཟླ་བ་ཉིས་ལྡབ་ཁ་སྣོན་བྱེད་ཚུལ་ལྟ་བུ་རེད། ནང་སོག་གི་ལོ་ཐོ་ནི་གསེར་རྩིས་དང་བསྟུན་ནས་བཀོད་སྒྲིག་བྱས་ཡོད་པ་དང་། ལུགས་འདིའི་གྲངས་མཛོད་ནི་དབུས་ཕྱོགས་ཀྱི་ཕུག་ལུགས་ཀྱི་ལོ་ཟླ་ཐོ་ཁོ་ནར་འཁོད་ཡོད། གསེར་རྩིས་ཀྱི་བེད་སྤྱོད་གཙོ་བོ་ནི་གནམ་གཤིས་ཀྱི་འགྲོས་དང་ལོ་གཅིག་གི་གནས་སྟངས་སྤྱིའི་ཆེད་དུ་འབྱུང་ཁམས་ “ས་གླང་” སྔོན་དཔགས་བྱ་རྒྱུ་དེ་རེད།
སོག་པོ་ཁལ་ཁ་ (Khalkha) དང་དེ་བཞིན་སཡེ་བྷེ་རི་ཡའི་ (Siberia) བྷུར་ཡཏ་ (Buryats) དང་ཏུ་ཝའི་ (Tuvinians) མི་རིགས་གཉིས་ཀས་དགེ་ལྡན་གསར་ལུགས་ཞེས་སུ་གྲགས་པའི་ཕུག་ལུགས་ཀྱི་རྣམ་པ་ཞིག་གི་རྗེས་སུ་འབྲང་གི་ཡོད། དེ་ནི་ཕྱི་ལོ་ ༡༧༨༦ ལོར་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱིས་ཐོག་མར་དར་སྤེལ་གནང་ཞིང་། ཁོང་ནི་ཨ་མདོ་ནས་ཡིན་པའི་སྨན་དང་རྩིས་གཉིས་ཀར་མཁས་པའི་སོག་པོའི་མཁས་པ་ཆེན་པོ་ཞིག་ཡིན། ལུགས་འདི་ནི་དུས་རབས་བཅོ་ལྔའི་ནང་མཁས་གྲུབ་རྗེའམ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་དུས་འཁོར་གྱི་འགྲེལ་བར་གཞི་རྩ་བྱས་ཡོད། རྩིས་མང་ཆེ་བ་ནི་ཕུག་ལུགས་ལྟར་ལམ་ལུགས་གཅིག་མཚུངས་ཀྱི་རྗེས་སུ་འབྲང་གི་ཡོད་པ་དང་ལོ་རྒན་དྲུག་ཅུའི་སྐོར་དེའང་གཅིག་མཚུངས་སུ་བརྩི་གི་ཡོད། འོན་ཀྱང་ལོ་རྒན་དྲུག་ཅུའི་རབ་བྱུང་དེ་མེ་མོ་ཡོས་ནས་འགོ་བཙུག་པ་ལ་མ་ལྟོས་པར། ལོ་རྒན་དྲུག་ཅུ་བརྩི་བའི་ཐོག་མ་མེ་ཕོ་རྟའི་ལོ་སྟེ་ལོ་བཞི་བཅུ་པ་དེ་བརྩིས་ཡོད། དེ་གང་ཡིན་ཞེ་ན། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལོ་དེ་འདྲ་ཞིག་གི་ནང་སྐུ་འཁྲུངས་པ་སོང་ཙང་རེད། ཁྱད་པར་འདི་རྒྱུ་མཚན་དུ་བྱས་ནས་སོག་པོའི་ལོ་ཐོ་དེ་ཐུན་མོང་མ་ཡིན་པའི་ཐོག་ནས་བེད་སྤྱོད་བྱེད་ཀྱི་ཡོད།
བོན་ལུགས་ཀྱི་སྐར་རྩིས་རིག་པ་ལ་ “དཔྱད་གསུམ་དག་རྩིས་” ཟེར། བོན་པོ་ཚོས་བོན་ལུགས་ཀྱི་སྐར་རྩིས་དེ་ནང་པའི་སྐར་རྩིས་རིག་པའི་སྔ་རོལ་ནས་ཡོད་པའི་རྙིང་ཤོས་ཡིན་པར་ཆ་འཇོག་བྱེད་ནའང་། དཔེ་ཆའམ་ཡིག་གཞིའི་ངོར་སྒྲིག་གཞི་གཏན་འབེབས་ཀྱི་ལམ་ལུགས་དེ་ནི་སྐྱོང་སྤྲུལ་འཇིག་མེད་ནམ་མཁའི་རྡོ་རྗེས་ (༡༨༨༠-༡༩༥༣) མཛད་པ་རེད། ལུགས་འདི་ལ་ཕྱི་དང་། ནང་། གསང་། ཡང་གསང་དག་རྩིས་བཅས་ཡོད། ཕྱི་དང་ནང་གི་རྩིས་ནི་ཕུག་ལུགས་དང་མཐུན་ཞིང་། མི་འདྲ་བའི་ཆ་ཆུང་ངུ་འགའ་ཞིག་ཡོད་པ་དང་རྩིས་འགའ་ཞིག་ལ་འཇུག་ཚུལ་ཅུང་ཟད་མི་འདྲ་བ་ཡོད། གསང་བ་དང་ཡང་གསང་དག་རྩིས་ལ་ཕྱི་ནང་ལས་ཀྱང་རྩིས་དོན་སྙིང་བསྡུས་པ་ཡོད། བོན་གྱི་ལོ་ཐོ་ནི་ཕུག་ལུགས་དང་གཅིག་པ་གཅིག་རྐྱང་ཡིན།
བོད་ཀྱི་ལམ་ལུགས་དེ་དག་ཁྲོད་ཀྱི་ཁྱད་པར་རྣམས་ནི་ཟླ་ཐོ་དེ་ཉི་ཐོ་དང་མཉམ་དུ་ཕན་ཚུན་འབྲེལ་ཚུལ་གྱི་ཆ་ནས་ཡག་ཤོས་གསལ་ཡོད། འདི་ལ་བརྩི་མཐོང་བྱེད་པར། ང་ཚོས་བོད་ཀྱི་ལོ་ཐོ་རང་གི་སྐོར་ལ་གོ་བསྡུར་བྱེད་དགོས་ཤིང་། དེ་ནི་གཙོ་བོ་དུས་འཁོར་གྱི་རྒྱུད་ནས་བྱུང་བ་ཞིག་ཡིན་ནོ།།