བོད་ཀྱི་གཟའ་སྐར་དཔྱད་རིག་གི་ཁྱབ་ཚད།
ལོ་ཐོ་བཟོ་སྐྲུན་དང་། གནམ་རིག་ཁམས། སྐར་རྩིས་རིག་པ། རྩིས་རིག་པ་བཅས་ཀྱི་གཟའ་སྐར་དཔྱད་རིག་གིས་བོད་མི་ཚོའི་མི་ཚེའི་རྣམ་པ་མང་པོ་ཞིག་དང་འབྲེལ་བ་ཆགས་ཀྱི་ཡོད། དེ་དག་གི་སྲོལ་རྒྱུན་ལམ་ལུགས་དེ་བཞིན་བོད་ནས་སོག་པོ་ཕྱི་སོག་དང་ནང་སོག །མན་ཇུ། ཤར་ཏུར་ཀི། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྷུར་ཡ་ཏི་དང་ཁལ་མུག་ཏུ་ཝ་བཅས་གཞན་བོད་ཀྱི་རིག་གཞུང་གིས་ཤུགས་རྐྱེན་ཐེབས་པའི་ཧི་མ་ལ་ཡའི་རྒྱལ་ཁབ་ཁག་དང་། དབུས་ཨེ་ཤི་ཡ། དེང་དུས་ཀྱི་རྒྱ་ནག་བཅས་ཀྱི་ནང་དར་ཁྱབ་བྱུང་ཡོད། བོད་ཀྱི་གསོ་བ་རིག་པའམ་སྨན་གྱི་རིག་གཞུང་ནང་རིག་པའི་གནས་འདི་དག་གིས་ནུས་པ་ཐོན་པའི་ལས་འགན་གནད་འགགས་ཅན་ཞིག་བསྒྲུབ་ཀྱི་ཡོད། གནམ་རིག་སྐར་དཔྱད་ཀྱི་སློབ་གཉེར་བ་ཚོས་སྨན་གྱི་སྐོར་སྦྱོང་མི་དགོས་ནའང་། སྨན་གྱི་སློབ་གཉེར་བ་ཚང་མས་གནམ་རིག་སྐར་དཔྱད་ཀྱི་རིམ་པ་ངེས་ཅན་ཞིག་གི་བར་དུ་སློབ་སྦྱོང་བྱེད་དགོས་ངེས་རེད།
བརྗོད་བྱ་འདིས་ལོ་ཐོའི་ཆེད་དུ་རྒྱུ་སྐར་གྱི་གནས་སྟོན་པ་མ་ཟད། ལོ་ཐོ་བཟོ་མཁན་རྣམས་དང་གཟའ་འཛིན་སྔོན་དཔགས་བྱེད་པ་བཅས་ཀྱང་སྟོན་གྱི་ཡོད། དེའི་ནང་ད་དུང་ཡང་སྒེར་སོ་སོའི་ཚེ་རབས་ལས་རྩིས་ཀྱི་སྐར་རྩིས་རིག་པའི་རྩིས་རྣམས་དང་ལོ་རེའི་ལོ་ཐོའི་ནང་འཁོད་པའི་སྟོན་ཐོག་འདེབས་ལས་སོགས་ཀྱི་སྐབས་སུ་ཉིན་གང་ཞིག་བཟང་ངན་ཡིན་པ་དང་འབྲེལ་བའི་གནས་ཚུལ་རྣམས་ཚུད་ཡོད། དེ་ནི་ཧ་ཅང་རྒྱ་ཆེ་བའི་རིག་པའི་གནས་ཤིག་རེད།
དེ་ལ་དབྱེ་ན་གཉིས་ཡོད་དེ། དཀར་རྩིས་དང་ནག་རྩིས་ཡོད། དཀར་རྩིས་དང་ནག་རྩིས་གཉིས་ནི་རྒྱ་གར་དང་རྒྱ་ནག་ནས་བྱུང་བའི་རྩིས་རིག་པ་ཡིན་པར་གོ་དགོས། དེ་ཡང་རྒྱལ་ཁབ་དེ་གཉིས་ཀྱི་ནང་གྱོན་ཆས་གྱོན་སྲོལ་ཡོད་པའི་ཁ་དོག་ཤས་ཆེ་བ་ལ་གཞིགས་ནས་བརྗོད་པ་ཡིན། དེ་ནི་བོད་ཀྱི་གསོ་རིག་སྨན་གྱི་གནས་སྟངས་དང་འདྲ་བར། བོད་ཀྱི་སྐར་རྩིས་རིག་པས་རྒྱ་གར་ཧིནྡུ་དང་རྒྱ་ནག་ལ་དར་བའི་སྐར་རྩིས་རིག་པ་དང་མཚུངས་པའི་ཁྱད་རྣམ་ཁག་ཐུན་མོང་དུ་མཉམ་སྤྱོད་བྱེད་ཀྱི་ཡོད། གང་ལྟར་ཡང་། དེ་དག་ནི་བཟོ་བཅོས་བྱས་པ་དང་བསྲེ་སྦྱོར་བྱས་ནས་བོད་ཀྱི་ལུགས་ཐུན་མོང་མ་ཡིན་པ་རྩ་འཛུགས་ཆེད་ཐབས་ཚུལ་སྣ་ཚོགས་པའི་ནང་བཀོལ་སྤྱོད་བྱས་ཡོད།
ལྟ་གྲུབ་ཀྱི་སྐབས་དོན་འགྲེལ་བ།
གནམ་རིག་སྐར་དཔྱད་ཀྱི་ལྟ་གྲུབ་ཀྱི་སྐབས་དོན་རྣམས་ནི་རྒྱ་གར་ཧིནྡུ་དང་། བོད་བརྒྱུད་ནང་བསྟན། དེ་བཞིན་རྒྱ་ནག་ཁུང་ཙིའི་ལུགས་རྣམས་ཕན་ཚུན་གང་ལ་གང་འཚམས་ཀྱི་མི་འདྲ་བ་ཡོད། བོད་ཀྱི་སྐབས་དོན་འདི་བཞིན་དུས་འཁོར་རྒྱུད་ལས་བྱུང་བ་ཞིག་ཡིན། ལེགས་སྦྱར་སྐད་དུ་ཀཱལ་ཙཀྲ་ཞེས་པ་ནི་དུས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་རེད། རྒྱུད་འདིའི་ནང་སངས་རྒྱས་ཀྱིས། ཕྱི་དང་ནང་གཞན་གསུམ་གྱི་དུས་ཀྱི་འཁོར་ལོའི་ལུགས་ཤིག་གསལ་སྟོན་མཛད་ཡོད། ཕྱིའི་དུས་ཀྱི་འཁོར་ལོ་ནི་ལྷ་ཡུལ་བརྒྱུད་དེ་རྒྱུ་སྐར་གྱི་གཡོ་འགུལ་དང་། ལོ་དང་། ཟླ་བ། ཞག་མ་སོགས་ལ་གཞིགས་ནས་ཚད་འཇལ་བའི་འཁོར་ལོའམ་དུས་ཀྱི་དབྱེ་བ་སྣ་ཚོགས་པ་དང་འབྲེལ་བ་ཆགས་ཀྱི་ཡོད། ནང་གི་དུས་ཀྱི་འཁོར་ལོ་ནི་ལུས་པོ་བརྒྱུད་དེ་རྩ་རླུང་གི་ནུས་པ་དང་དབུགས་བཅས་ལ་བཅོས་ཐབས་བྱེད་པ་ཞིག་རེད། གཞན་དུས་ཀྱི་འཁོར་ལོའི་ནང་དུས་ཀྱི་འཁོར་ལོ་ཞེས་བྱ་བའི་ཡི་དམ་གྱི་ལྷ་ལ་བརྟེན་ནས་སྔགས་ལུགས་ཀྱི་སྒོམ་ཉམས་ལེན་སྣ་ཚོགས་པ་གཏོགས་ཡོད་པ་དང་། འདིས་འཁོར་ལོ་སྔ་མ་གཉིས་སྟངས་འཛིན་བྱེད་པའམ་དག་སྦྱོང་བྱེད་ཆེད་བཀོལ་སྤྱོད་བྱེད་ཀྱི་ཡོད།
ཕྱི་ནང་གི་དུས་ཀྱི་འཁོར་ལོ་གཉིས་ཕན་ཚུན་འདྲ་མཚུངས་ཡིན་པ་དང་ཕྱི་དང་ནང་གི་སོ་སོ་བའི་ནུས་པའི་སྐུལ་སློང་ (ལས་) སྤྱི་མཐུན་ལ་བརྟེན་ནས་འབྱུང་གི་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོ་ཚང་མ་དང་འབྲེལ་ནས་ཡོད་པའི་ནུས་པའི་སྐུལ་སློང་འགའ་ཞིག་ཡོད་པ་དང་དེས་གཟའ་སྐར་དང་མིའི་ལུས་ཀྱི་འཁོར་ལོ་གཉིས་ཀར་ཁ་ལོ་སྒྱུར་གྱི་ཡོད། ནུས་པ་དང་སེམས་ཀྱི་གནས་བབས་གཉིས་འབྲེལ་བ་ཉེ་པོ་ཡོད་པ་སོང་ཙང་། ང་ཚོས་འཁོར་ལོ་དེ་དག་ཉོན་མོངས་ཅན་དང་ཉོན་མོངས་ཅན་མིན་པ་གང་རུང་གི་སྒོ་ནས་མྱོང་ཐུབ། དུས་འཁོར་ཉམས་ལེན་ལ་བརྟེན་ནས་ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་ཕྱི་ནང་གི་གནས་སྟངས་ (འཁོར་བ་) ཀྱི་དབང་འོག་ཏུ་ཚུད་པ་ལས་ཐར་ཐབས་སུ་འབད་བརྩོན་བྱས་ཏེ། དེ་དག་གིས་ཚད་བཀག་དང་སུན་གཙེར་མི་བྱེད་པར་ང་ཚོས་སེམས་ཅན་ཐམས་ཅད་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་པའི་ཕྱིར། སོ་སོའི་ནུས་པ་ཡོངས་སུ་རྫོགས་པ་དེ་རྟོགས་ཐུབ།
མི་རྣམས་ནི་ནམ་རྒྱུན་རང་སོ་སོའི་ཚེ་རབས་ལས་རྩིས་ཀྱི་ཤུགས་རྐྱེན་འོག་ཏུ་ཡོད་པའམ། ཡང་ན་ནམ་དུས་འགྱུར་ལྡོག་དང་། གནམ་གཤིས་འགྱུར་ལྡོག །ཟླ་བའི་འཕེལ་འགྲིབ་ཀྱིས་དབང་མེད་དུ་ཤུགས་རྐྱེན་ཐེབས་པའམ། ཡང་ན་སོ་སོ་རང་ཉིད་ཀྱི་ཆུང་བྱིས་པའི་མི་ཚེའི་འཁོར་ལོ་དང་། དེ་ནས་དར་མའི་གནས་སྐབས། རྒས་པའི་དུས་སོགས་ཀྱི་ནང་ཡོད་པ་རེད། དེ་ག་ནང་བཞིན་སོ་སོའི་ལུས་པོའི་ནང་གི་ནུས་པའི་འཁོར་ལོའི་དབང་འོག་ཏུའང་ཡང་སེ་ཡོད་པ་རེད། དཔེར་ན། ཟླ་མཚན་སྐབས་སམ་ལང་ཚོ་དར་ལ་བབས་པ་ནས་ཟླ་མཚན་ཆད་མཚམས་ཀྱི་ན་ཚོད་བར་ལྟ་བུ་རེད། གནད་དོན་དེ་ལྟ་བུས་མི་རྣམས་ལ་ཚད་བཀག་ཆེན་པོ་བཟོ་གི་ཡོད། དུས་འཁོར་ལུགས་ཀྱིས་ང་ཚོར་སྒོམ་གྱི་སྒྲོམ་གཞི་ཞིག་མཁོ་སྤྲོད་བྱེད་པ་དང་། དེའི་ཐོག་ནས་ང་ཚོས་ཤུགས་རྐྱེན་དེ་དག་གི་དབང་འོག་ལས་ཐར་ཐུབ་པར་བྱས་ཏེ། དེ་དག་གིས་བཙན་ཤེད་བྱེད་པའི་ཚད་བཀག་ལས་ཐར་བར་བརྟེན་གཞན་ལ་གང་ཐུབ་ཀྱིས་ཕན་འདོགས་ཐུབ་པ་ཡོང་གི་ཡོད། བོད་བརྒྱུད་ནང་བསྟན་ལུགས་ཀྱིས་སྤྱིར་བཏང་གི་ལྟ་བའི་རྣམ་གཞག་གི་སྒྲོམ་གཞི་འདིའི་ནང་གཟའ་སྐར་དཔྱད་རིག་དང་སྐར་རྩིས་རིག་པ་གསལ་སྟོན་བྱེད་ཀྱི་ཡོད། འདི་ནི་ཧིནྡུའི་གནའ་བོའི་རིག་བྱེད་ཀྱི་གཞུང་དང་གང་ལ་གང་འཚམས་ཀྱི་མི་འདྲ་བ་ཞིག་རེད། རིག་བྱེད་ཀྱི་གཞུང་ནང་སློབ་ཕྲུག་ཚོས་རིག་བྱེད་ཀྱི་ཆོ་གའི་རིགས་རྣམས་དུས་ཚོད་ཏག་ཏག་ལ་བསྒྲུབ་པར་རྩིས་སྐོར་བའི་ཕྱིར་རིག་གནས་དེ་དག་སྦྱོང་གི་ཡོད།
སྔ་རབས་རྒྱ་ནག་གི་བསམ་བློའི་ནང་། མི་ཞིག་གི་ཆབ་སྲིད་ཀྱི་ཁྲིམས་མཐུན་དང་སྲིད་གཞུང་རྒྱུན་འཛིན་ཆེད་གཟའ་སྐར་དཔྱད་རིག་དང་སྐར་རྩིས་རིག་པར་བསྟེན་གཏུགས་བྱེད་ཀྱི་ཡོད། ཁུང་ཙིའི་ཆོས་ལུགས་ཀྱི་ལྟ་གྲུབ་ཀྱིས་གོང་མའམ་རྒྱལ་པོ་ནི་ལྷ་ཡུལ་དང་འཛམ་གླིང་བར་གྱི་བར་དཔང་ལྟ་བུར་བསམ་མནོ་གཏོང་གི་ཡོད། གལ་ཏེ་གོང་མའི་ཕོ་བྲང་དང་སྲིད་གཞུང་གཉིས་ནས་ནམ་དུས་དང་ལོ་ཐོ་གཞིར་བཟུང་ལས་དོན་བསྒྲུབ་པ་དང་། འཇིག་རྟེན་གྱི་ནུས་ཤུགས་ལ་འགྱུར་ལྡོག་གི་སྤྱིར་བཏང་རྩ་དོན་དང་ཞི་མཐུན་པ་བྱུང་ན། གོང་མའི་རྒྱལ་ཁམས་བདེ་ཞིང་སྐྱིད་པ་ཡོང་གི་ཡོད། དེ་དག་ལ་ “ནམ་མཁའི་བཀའ་ཐམ་” ཡོད་ངེས་རེད། གལ་ཏེ་ཁོང་ཚོ་འཕེལ་འགྲིབ་ཀྱི་རིམ་པའི་ནང་མེད་ན། ཁོང་ཚོའི་ཆབ་སྲིད་ཀྱི་ཁྲིམས་མཐུན་བརླགས་པར་སྟོན་པའི་རང་འབྱུང་གི་བཀྲ་མི་ཤིས་པའི་རྐྱེན་ངན་འབྱུང་གི་ཡོད། དེར་བརྟེན་ཞི་མཐུན་ངང་གནས་པ་དང་ཆབ་སྲིད་ཀྱི་སྟོབས་ཤུགས་རྒྱུན་འཛིན་བྱེད་པར། ནམ་དུས་ཀྱི་དུས་ཚོད་ཏག་ཏག་དང་སྤྱི་ཡོངས་ཀྱི་སྐར་རྩིས་རིག་པའི་ནུས་ཤུགས་ཀྱི་འགྲོས་དེ་རྟོགས་རྒྱུ་གལ་འགངས་ཆེན་པོ་རེད།
དེ་འདྲ་སོང་ཙང་། རྒྱ་ནག་གི་གཟའ་སྐར་དཔྱད་རིག་དང་སྐར་རྩིས་རིག་པའི་ལྟ་གྲུབ་ཀྱི་སྐབས་དོན་ནི་བོད་བརྒྱུད་ནང་བསྟན་གྱི་སྒྲོམ་གཞི་དང་ཧ་ཅང་རྒྱ་ཆེན་པོའི་ཁྱད་པར་ཡོད། དེའི་དགོས་འདུན་གཙོ་བོ་ནི་ཆབ་སྲིད་ཡིན་པ་རེད། རྒྱ་ནག་ལ་སྒེར་སོ་སོའི་ཚེ་རབས་ལས་རྩིས་ནི་དུས་རབས་བརྒྱད་པའི་བར་དུ་གསལ་མེད་པ་དང་། དེ་ཡང་ཕལ་ཆེར་ནང་པའི་ཤུགས་རྐྱེན་ལས་བྱུང་བ་ཞིག་ཡིན།
དཀར་རྩིས།
བོད་ཀྱི་གནམ་རིག་སྐར་དཔྱད་ཀྱི་ནང་རྒྱ་གར་ནས་བྱུང་བའི་རྒྱུ་ཆ་རྣམས་འབྱུང་ཁུངས་གཙོ་བོ་གཉིས་ལས་བྱུང་བ་སྟེ། དམིགས་བསལ་ནང་པའི་གཞུང་ཡིན་པ་དུས་འཁོར་གྱི་རྒྱུད་དང་། དེ་ནས་ཧིནྡུ་དང་ནང་པ་གཉིས་ཀས་ཐུན་མོང་དུ་ཁས་ལེན་བྱེད་པའི་དབྱངས་དང་གསལ་བྱེད་ལ་སྦྱར་ནས་ལེགས་ཉེས་བརྩི་ཚུལ་གྱི་དབྱངས་འཆར་གྱི་རྒྱུད་གཉིས་ཡིན།
ཕྱིའི་དུས་ཀྱི་འཁོར་ལོའི་འགྲེལ་བརྗོད་དང་འབྲེལ་བའི་དུས་འཁོར་རྒྱུད་ནས་འཇིག་རྟེན་ཁམས་ཀྱི་རྒྱུ་བའི་ཆོས་ཉིད་དང་། ལོ་ཟླའི་ཐོ་གཞུང་གི་རྩིས་བཅས་གསལ་སྟོན་བྱེད་ཀྱི་ཡོད། དེ་ལས་རྩིས་རིག་གི་ཆོ་གའི་སྦྱོར་ཐབས་སྡེ་ཚན་གཉིས་དར་རྒྱས་བྱུང་ཡོད། དེ་ཡང་ལེགས་སྦྱར་སྐད་དུ་སིདྡྷཱནྟའམ་གྲུབ་མཐའི་ལུགས་ཏེ། གྲུབ་རྩིས་ཞེས་བྱ་བ་འདི་བོད་དུ་མ་དར་གོང་ནས་བརླགས་ཟིན་པ་རེད། གཞན་དེ་ནི་ལེགས་སྦྱར་སྐད་དུ་ཀ་ར་ན་སྟེ། བྱེད་རྩིས་ཞེས་ཟེར།
དུས་རབས་བཅོ་ལྔ་དང་བཅུ་བདུན་གྱི་བར་ལ་བོད་ཀྱི་མཁས་པ་སྣ་ཚོགས་པས་གྲུབ་རྩིས་ཀྱི་ལམ་ལུགས་སླར་གསོ་མཛད་ཡོད། དེར་བརྟེན་བོད་ཀྱི་གཟའ་སྐར་དཔྱད་རིག་གི་གྲུབ་མཐའ་ཁག་གིས་ད་ལྟའི་ཆར་རྩིས་ལུགས་གཉིས་ཀ་སློབ་འཁྲིད་བྱེད་ཀྱི་ཡོད། བོད་ཀྱི་བརྒྱུད་པ་འགའ་ཞིག་གིས་གྲུབ་རྩིས་ངོས་ལེན་བྱེད་ནའང་། འབྲས་བུ་ཡག་ག་ཡོང་གི་ཡོད་པ་སོང་ཙང་། ད་དུང་ཡང་ཁོང་ཚོས་ཉི་ཟླའི་གཟའ་འཛིན་བརྩི་བའི་ཆེད་བྱེད་རྩིས་ཀྱི་ལུགས་ལག་བསྟར་བྱེད་ཀྱི་ཡོད།
རྒྱ་གར་ནས་བྱུང་བའི་གཟའ་སྐར་དཔྱད་རིག་གི་རྒྱུ་ཆའི་འབྱུང་ཁུངས་གཞན་དེ་ནི་དབྱངས་འཆར་གྱི་རྒྱུད་དེ་ཡིན་ཞིང་། དེ་ལ་དམག་ལས་རྒྱལ་བའི་རྒྱུད་དམ་ལེགས་སྦྱར་སྐད་དུ་ཡུདྡྷ་ཇ་ཡ་ཞེས་ཀྱང་གྲགས་པ་དེ་ནི་བོད་སྐད་ནང་བསྒྱུར་བ་དང་བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པའི་ལྷ་ཆེན་དབང་ཕྱུག་གི་ཧིནྡུའི་རྒྱུད་ཁོ་ན་དེ་ཡིན་པ་རེད། དེ་ལས་བྱུང་བའི་ཁྱད་ཆོས་གཙོ་བོ་ནི་ཚེ་རབས་ལས་རྩིས་སྐོར་རྒྱུ་དེ་ཡིན། ནུབ་ཕྱོགས་པའི་སྐར་རྩིས་རིག་པའི་ནང་། ཚེ་རབས་ལས་རྩིས་ནང་ནན་བརྗོད་བྱེད་པ་གཙོ་བོ་ནི་སྐྱེ་དུས་ཀྱི་གནས་སྟངས་ལ་བལྟ་རྒྱུ་དང་དེ་ལ་བརྟེན་ནས་ཐུན་མིན་གྱི་གཤིས་སྤྱོད་དང་སེམས་ཁམས་ཀྱི་ཉམས་འགྱུར་ལ་དཔྱད་པ་དང་འགྲེལ་བརྗོད་བྱ་རྒྱུ་དེ་རེད། འདི་ནི་རྒྱ་གར་ལུགས་ཀྱི་ནང་པ་དང་ཧིནྡུ་གཉིས་ཀའི་ནང་དོ་སྣང་བྱ་འོས་ཆེ་ཁག་མིན་ནའང་། དེ་ལྟར་ལྟ་ཚུལ་འཛིན་གྱི་ཡོད། དོ་སྣང་ཆེ་ཤོས་དེ་གང་རེད་ཅེ་ན། མི་ཞིག་གི་མི་ཚེའི་ས་ཁྲ་ལྟ་བུ་ཞིག་གསལ་སྟོན་བྱ་རྒྱུ་དེ་རེད།
ཚེ་རབས་ལས་རྩིས།
རྒྱ་གར་གྱི་སྐར་རྩིས་སྲོལ་རྒྱུན་ཚང་མས་རིམ་པར་འབྱུང་བའི་གཟའ་དགུས་དབང་སྒྱུར་བྱེད་པའི་དུས་སྐབས་ལ་གཞིགས་ནས་མི་ཚེའི་རྒྱུད་རིམ་ཞིག་ལ་རྩིས་བསྐོར་བ་དང་བརྟག་དཔྱད་བྱེད་ཀྱི་ཡོད། ནང་པའིི་ཚེ་ཚད་རྩིས་སྐོར་སྟངས་ནི་སྐྱེ་དུས་ཀྱི་ཟླ་བའི་གནས་དང་། དེ་ནས་སྦྱོར་ཐབས་ཀྱི་མན་ངག་འགའ་ཞིག་དང་བསྟུན་ནས་དུས་སྐབས་དགུ་ལ་དབྱེ་བ་ཕྱེ་གི་ཡོད། ཧིནྡུའི་འགྲེལ་ཚུལ་གྱི་ནང་ཚེ་ཚད་ལ་ཆ་འཇོག་བྱེད་ཀྱི་མེད། དེའི་ནང་དུས་སྐབས་རྣམས་ལུགས་གཞན་ཞིག་དང་བསྟུན་ནས་དབྱེ་བ་ཕྱེ་གི་ཡོད། དེ་གཉིས་གང་ཡིན་རུང་རྩིས་པ་རྣམས་ཀྱིས་དུས་སྐབས་རེ་རེ་བཞིན་དེའི་བདག་པོའི་གཟའམ་ཞིང་བདག་གཟའ་དང་། སྐྱེས་པའི་གཟའ་འགྲེམས། དེ་འབྱུང་བའི་སྐབས་ཀྱི་ལོ་ཚད་དང་འབྲེལ་བའི་སྒོ་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད།
ནང་པའི་སྐར་རྩིས་རིག་པའི་ནང་མི་རྣམས་ཀྱི་ཚེ་ཚད་རྩིས་སྐོར་སྟངས་ཤིག་ཡོད་ནའང་། དེ་ནི་སྔོན་ཚུད་ནས་ཐག་གཅོད་གཏན་འདེབས་ཟིན་པའི་སྔོན་ལས་སྨྲ་བའི་ལུགས་ཤིག་མིན། འདིས་གལ་ཏེ་ང་ཚོས་དགེ་བའི་ལས་མང་པོ་བྱས་ན། དེ་ལ་བརྟེན་ནས་ང་ཚོས་སོ་སོའི་ཚེ་ཚད་དེ་རིང་དུ་ཇི་ལྟར་གཏོང་བའི་ཆེད་རྩིས་སྐོར་སྟངས་དེ་མཁོ་སྤྲོད་བྱེད་ཀྱི་ཡོད། རྒྱ་གར་ནང་སྔོན་དུས་འཁོར་གྱི་ལུགས་ངོ་མའི་ནང་ཚེ་ཚད་དེ་མང་མཐར་ལོ་བརྒྱ་དང་བརྒྱད་ (༡༠༨) ལ་བརྩིས་ཡོད་པ་དང་། ཧིནྡུའི་ལུགས་ལྟར་བྱས་ན། མང་ཤོས་ནི་ལོ་བརྒྱ་དང་ཉི་ཤུ་ (༡༢༠) ཡིན་པར་བཞེད། བོད་ནང་ཆ་བཞག་ན། ༡༠༨ དེ་ ༨༠ ནང་ཉུང་དུ་བཏང་ཡོད། དེ་ཡང་ནང་པའི་ཆོས་ལྟར་བྱས་ན། སྤྱི་ཡོངས་ཀྱི་མིའི་ཚེ་ཚད་ནི་སྙིགས་མའི་དུས་སྐབས་སུ་ཉུང་དུ་འགྲོ་གི་ཡོད། དུ་རབས་བཅུ་དགུ་པའི་ནང་། སྔ་འགྱུར་རྙིང་མའི་མཁས་པ་ཆེན་པོ་འཇམ་མགོན་མི་ཕམ་རིན་པོ་ཆེས་ཚེ་ཚད་ཀྱི་རྩིས་དེ་ལེགས་བཅོས་མཛད་ནས་མང་མཐར་ལོ་ཚད་བརྒྱ་ (༡༠༠) ཆགས་པ་རེད། དེར་མ་ཟད། ལོ་ཚད་མང་མཐའ་ལ་མ་ལྟོས་པར་བོད་ཀྱི་ལུགས་ལ་ཚེ་ཚད་བརྩི་སྟངས་མི་འདྲ་བ་བཞི་ཡོད། དེར་བརྟེན་མི་རེ་རེ་ལ་ཚེ་ཚད་མི་འདྲ་བ་མང་པོ་ཡོད་སྲིད་པ་རེད། ང་ཚོ་ནི་སྨིན་སྲིད་པའི་ལས་ཀྱི་རྣམ་པ་སྣ་ཚོགས་པ་ལ་བརྟེན་ནས་སྐྱེས་པ་རེད།
ཐ་ན་ང་ཚོས་མི་ཞིག་གི་ཚེ་ཚད་ངེས་ཅན་ཞིག་ཡོད་པར་བཤད་ནའང་། ཚེ་ཚད་དེ་རིང་དུ་གཏོང་བའམ་ཡང་ན་ཐུང་དུ་གཏོང་བའི་རྐྱེན་ཁྱད་པར་བ་དེ་འདྲ་འབྱུང་སྲིད་པ་རེད། གལ་ཏེ་མི་ཞིག་བཅོས་ཐབས་མེད་པའི་ནད་ཀྱིས་མནར་བཞིན་ཡོད་ན། མི་དེ་ལ་དྲག་སྐྱེད་ཡོང་བའི་ལས་ཀྱི་ནུས་པའམ་ལས་སྐལ་དེ་མེད་སྲིད། ཡིན་ནའང་བླ་མ་རྩ་ཆེན་ཞིག་གི་ཐུགས་སྨོན་དང་ཆོ་ག་ལ་བརྟེན་ནས་ཚེ་རིང་པོ་གནས་ཕྱིར་དགེ་བའི་ལས་བསགས་པ་དེ་ཚེ་འདིའི་ནང་སྨིན་ཐུབ་མེད་པ་རྣམས་སྨིན་པའི་རྐྱེན་དུ་འགྱུར་གྱི་ཡོད། དེ་ག་ནང་བཞིན་ཕྱིའི་བྱུང་རྐྱེན་དཔེར་ན། ས་ཡོམ་རྒྱག་པའམ་ཡང་ན་དམག་ལ་སོགས་པས་རང་རྒྱུད་གཏིང་རིང་པོར་གནས་པའི་མི་དགེ་བའི་ལས་ལ་རྐྱེན་བྱས་ཏེ། ནམ་རྒྱུན་ཚེ་འདིའི་ནང་འབྲས་བུ་མ་སྨིན་པ་དང་ཚེ་ཐུང་ངུ་ལས་མི་གནས་པའི་ལས་དེ་སྨིན་པར་བྱེད་སྲིད། གནས་སྟངས་དེ་འདྲའི་ནང་། ང་ཚོར་དུས་མིན་གྱི་འཆི་བ་ཡོང་སྲིད། གནས་སྟངས་དེ་གཉིས་གང་ཡིན་རུང་གལ་ཏེ་རང་རྒྱུད་ལ་གཏིང་རིང་དུ་གནས་པའི་དགེ་མི་དགེའི་ནུས་པ་དེ་མེད་ན། ཐ་ན་ཚེ་འདིའི་ནང་གི་འཁྲུག་ཆ་དོད་པའི་རྐྱེན་ཞིག་གིས་ཀྱང་འབྲས་བུ་སྨིན་པར་བྱེད་ཀྱི་མ་རེད། དམིགས་བསལ་གྱི་ཆོ་གའི་རིགས་ཀྱིས་མི་འགའ་ཤས་ལ་ཕན་གྱི་མེད་པ་དང་མི་སྒེར་པ་འགའ་ཤས་ནི་ས་ཡོམ་རྒྱག་ནའང་འཚོ་ཐུབ་ཀྱི་ཡོད།
བོད་ཀྱི་ཚེ་རབས་ལས་རྩིས་ནི་མི་ཚེ་གཅིག་གི་ནང་ལ་འབྱུང་སྲིད་པའི་གདམ་ག་གཅིག་གི་སྤྱིར་བཏང་སྔོན་དཔག་ཅིག་ཡིན། ང་ཚོའི་མི་ཚེ་ནི་དོན་ངོ་མར་དེ་འདྲ་ཞིག་གི་ནང་གསལ་སྟོན་བྱེད་ཀྱི་ཡོད་པའི་ཁག་ཐེག་གང་ཡང་མེད། སྐར་རྩིས་རིག་པའི་སྒོ་ནས་ཚེ་ཚད་གཞན་དག་ཀྱང་སྔོན་དཔོག་བྱེད་ཐུབ་པ་སོང་ཙང་། དེ་མིན་གྱི་གདམ་ག་གཞན་དག་ཀྱང་ཡོད། གདམ་ག་རེ་རེ་ནི་ཀོན་ཊམ་ནུས་ཤུགས་ཀྱི་རིམ་པ་དང་འདྲ་མཚུངས་ཡོད། དེ་དག་ཐམས་ཅད་ང་ཚོའི་ལས་དང་ལག་ལེན་དངོས་ལ་ལྟོས་ནས་འབྱུང་རུང་བ་ཞིག་རེད་ལ། ཕྱིའི་རྐྱེན་ཁྱད་པར་བའི་ཐོག་ནས་ཀྱང་འབྱུང་རུང་བ་རེད། ང་ཚོའི་མི་ཚེའི་ནང་གང་འབྱུང་གི་ཡོད་པ་ནི་སྔོན་བསགས་པའི་ཚེ་འདི་དང་ཚེ་སྔ་མའི་ལས་ཀྱི་ནུས་པ་ལ་རག་ལུས་ཡོད། དེ་མིན་ཁྱི་ཞིག་དང་མི་ཞིག་ས་ཆ་གཅིག་པ་ཞིག་ལ་དུས་གཅིག་ལ་སྐྱེས་པ་དེ་གཉིས་ཀྱིས་མི་ཚེ་གཅིག་མཚུངས་མྱོང་དགོས་ངེས་རེད།
བོད་ཀྱི་ཚེ་རབས་ལས་རྩིས་ཀྱི་དགོས་དོན་གཙོ་བོ་ནི་ང་ཚོས་མྱོང་སྲིད་པའི་མི་ཚེའི་རྒྱུད་རིམ་ལ་བག་ཟོན་བྱ་རྒྱུ་དེ་རེད། གནས་སྟངས་དེ་འདྲ་ཞིག་ཆགས་དང་མི་ཆགས་ནི་ང་ཚོ་ལ་རག་ལུས་ཡོད། ང་ཚོར་ནུས་པ་མང་པོ་ཡོད་ནའང་། ཐ་ན་དེ་དག་ལས་ཚེ་རབས་ལས་རྩིས་ནས་ཚན་པ་གཅིག་ཙམ་ཞིག་ཤེས་པ་དེས་ཆོས་ཕྱོགས་ཀྱི་དམིགས་ཡུལ་ཞིག་བསྒྲུབ་པར་མི་ལུས་རིན་ཆེན་འདི་ལས་ཁེ་ཕན་བླང་ཕྱིར་སེམས་སྐུལ་སྦྱིན་ཐུབ། དུས་འཁོར་གྱི་སྐབས་དོན་ལྟར་བྱས་ན། ང་ཚོས་སེམས་ཅན་ཐམས་ཅད་ལ་མཐའ་གཅིག་ཏུ་ཕན་ཐུབ་པ་ལ་འགོག་རྐྱེན་བྱེད་ངེས་པའི་ལས་ཀྱི་ཚད་བཀག་ཡོངས་སུ་རྫོགས་པ་ལས་ཐར་བའི་ཕྱིར་འབད་བརྩོན་བྱེད་ཀྱིན་ཡོད། ང་ཚོའི་སྡུག་བསྔལ་ལ་སྒོམ་རྒྱག་པ་དེས་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་ (ངེས་འབྱུང་) བསྐྱེད་པར་ཕན་པ་མ་ཟད། གཞན་ལ་སྙིང་རྗེ་བསྐྱེད་པ་ལའང་ཕན་གྱི་ཡོད། དེ་བཞིན་ཚེ་རབས་ལས་རྩིས་ཀྱིས་རོབ་རྩིས་བྱས་པ་ལྟར་མི་ཚེ་གཅིག་གི་ནང་ང་ཚོས་མྱོང་སྲིད་པའི་སྡུག་བསྔལ་ལ་སྒོམ་རྒྱག་པ་དེས་ང་ཚོའི་ཆོས་ཀྱི་ལམ་འགྲིམ་པའི་སྐབས་ཕན་ཐོགས་ཡོང་ཐུབ། བོད་ཀྱི་ཚེ་རབས་ལས་རྩིས་ནི་ལམ་འགྲིམ་པའི་སྐབས་ཡར་རྒྱས་གོང་འཕེལ་གཏོང་བར་སྐར་རྩིས་རིག་པ་ལ་དོ་དབྱིངས་ཡོད་མཁན་རྣམས་ལ་ཕན་ཐོགས་པའི་ཐབས་ཤིག་ཡིན་ཆོག །བོད་ཀྱི་ཚེ་རབས་ལས་རྩིས་ནི་སྔོན་ཚུད་ནས་ཐག་གཅོད་ཟིན་པའི་རང་ངོས་ནས་བདེན་པར་གྲུབ་པའི་མ་འོངས་པ་ཞིག་གི་སྔོན་བརྡ་ཞིག་རྩ་བ་ནས་མིན།
སྐར་རྩིས་རིག་པའི་ལུགས་གཞན་དང་བསྡུར་ཞིབ།
དཀར་རྩིས་ལུགས་ཀྱི་རྒྱ་གར་ཁྱོན་ཡོངས་ཀྱི་གཞི་བརྒྱུད་ནས་གནའ་བོའི་གྷི་རིག་གི་གཟའ་སྐར་དཔྱད་རིག་གི་ལུགས་དང་ཐུན་མོང་གི་ཁྱད་ཆོས་འགའ་ཞིག་མཉམ་སྤྱོད་བྱེད་ཀྱི་ཡོད། དེ་དག་ལས་དཔེ་མཚོན་གྲགས་ཆེ་ཤོས་ནི། གཟའ་ཁྱིམ་གྱི་དབྱེ་བ་དེ་དུས་སྦྱོར་དང་ཁྱིམ་བཅུ་གཉིས་སུ་ཕྱེ་ཞིང་། དེང་དུས་ནུབ་ཕྱོགས་ཀྱི་ལུགས་སུ་བཀོལ་སྤྱོད་བྱེད་པའི་དུས་སྦྱོར་གྱི་མིང་རྣམས་གཅིག་མཚུངས་སུ་སྤྱོད་ཀྱི་ཡོད། འོན་ཀྱང་དེ་དག་བོད་སྐད་དུ་བསྒྱུར་ཡོད། དེར་བརྟེན་སྐྱེ་དུས་ཀྱི་ཚེ་རབས་ལས་རྩིས་ལ་བརྟེན་ནས་ཕལ་ཆེ་བ་ནུབ་ཕྱོགས་ཀྱི་གཟའ་འགྲེམས་ནང་འཁོད་པ་ལྟར་གཟའ་སྐར་རྣམས་དུས་སྦྱོར་དང་ཁྱིམ་དུ་བཀོད་སྒྲིག་བྱེད་ཀྱི་ཡོད། ཡིན་ནའང་འགྲེལ་བརྗོད་བྱེད་ཚུལ་དེ་རྦད་དེ་མི་འདྲ་བ་རེད། ཧིནྡུའི་ལུགས་ལྟར་ཁྱིམ་གཅིག་མཚུངས་ཤིག་བེད་སྤྱོད་བྱས་ཡོད་པ་དང་གཟའ་སྐར་རྣམས་ཀྱི་བར་དུ་ཡོད་པའི་ཟུར་ཁུག་རྣམས་ལ་ཆ་འཇོག་བྱེད་ཀྱི་མེད། དེ་བཞིན་འཆར་ཁྱིམ་ནི་དོ་སྣང་བྱ་འོས་པའི་གནད་དོན་ཞིག་མིན།
གཟའ་ཁྱིམ་ཉི་མ་དང་། ཟླ་བ། གཟའ་སྐར་རྣམས་འཛམ་གླིང་ལ་ས་གཞི་དབུས་བཟུང་གི་གཟའ་སྐར་འཕྲོད་སྦྱོར་རེའུ་མིག་གི་ནང་དུ་བསྐོར་བའི་འཁོར་ཐག་དེ་ཡིན་པ་རེད། རྩིས་མང་ཆེ་བ་ལ་འཁོར་ཐག་འདི་ནི་གཟའ་ཁྱིམ་བཅུ་གཉིས་ནང་དབྱེ་བ་ཕྱེ་རྒྱུའི་ཚབ་ལ་རྒྱུ་སྐར་ཉི་ཤུ་རྩ་བདུན་དུ་དབྱེ་བ་ཕྱེས་ཡོད། གཟའ་སྐར་འཕྲོད་སྦྱོར་གྱི་རེའུ་མིག་འདི་ནི་གནའ་བོའི་གྷི་རིག་དང་དེང་དུས་ནུབ་ཕྱོགས་ལུགས་ཀྱི་ནང་མེད། འོན་ཀྱང་སྔ་རབས་ཧིནྡུའི་ལུགས་དང་ཐུན་མོང་དུ་མཉམ་སྤྱོད་བྱས་ཡོད། སྐབས་འགར་རྒྱུ་སྐར་ཉེར་བརྒྱད་དུ་དབྱེ་བ་ཕྱེས་ཡོད་ཀྱང་། ཧིནྡུའི་ལུགས་སུ་གཟའ་ཁྱིམ་ཉེར་བརྒྱད་དུ་ཆ་མཉམ་པར་དབྱེ་བ་ཕྱེས་ཡོད་པ་དང་། བོད་ཀྱི་ལུགས་སུ་ཆ་མཉམ་པའི་རྒྱུ་སྐར་ཉེར་བདུན་གྱི་ཆའི་ནང་གི་གཅིག་དེ་གཉིས་སུ་དབྱེ་བ་ཕྱེ་ངེས་རེད།
རྒྱུ་སྐར་ཉེར་བརྒྱད་ཀྱི་ལུགས་ནི་གནའ་བོའི་རྒྱ་ནག་གི་གནམ་རིག་ཁམས་ནང་དུའང་གསལ་ཡོད། དེའི་ནང་ཇི་ལྟར་རྒྱ་ནག་གི་གོང་མ་རྒྱལ་པོ་ནང་བཞིན་ལྷ་ཡུལ་གྱི་ལྟེ་བ་ལྟ་བུ་འོད་འཚེར་བའི་བྱང་སྣེའི་སྐར་མ་ལ་ནན་བརྗོད་བྱེད་ཀྱི་ཡོད། རྒྱུ་སྐར་རྣམས་ནི་བློན་པོ་ལྟ་བུ་དང་དེ་གནམ་གྱི་རྐེད་ཐིག་ལ་བསྐོར་བ་རྒྱག་གི་ཡོད་པས། དེ་ལ་རྒྱ་གར་ཁྱོན་ཡོངས་ཀྱི་རྒྱུ་སྐར་ནང་ཡོད་པ་ལས་སྐར་ཚོགས་ཅུང་ཟད་མི་འདྲ་བ་ཡོད། གཞན་ཡང་རྒྱ་ནག་གི་རྒྱུ་སྐར་ཉེར་བརྒྱད་ཀྱིས་ནམ་མཁའི་དབྱེ་བ་མཉམ་པ་ཞིག་བཟོ་གི་མེད།
དུས་འཁོར་ལུགས་སུ་གཟའ་བཅུ་རུ་བཞེད་ཀྱི་ཡོད་པ་དང་དེ་དག་ཚང་མ་ལ་གཟའ་སྐར་ཞེས་བརྗོད་ཀྱི་ཡོད། དང་པོ་བརྒྱད་ནི་ཉི་མ་དང་། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། མཇུག་རིངས་བཅས་ཡིན། མཐའ་མ་འདི་ཚེ་རབས་ལས་རྩིས་ཀྱི་ནང་བེད་སྤྱོད་བྱེད་ཀྱི་མེད། དེ་ལས་གཞན་གཟའ་ལྷག་མ་གཉིས་ནི་སྒྲ་གཅན་དང་དུས་མེ་ལ་གོ་ཆོག་པ་ཡིན།
ཉི་མ་དང་ཟླ་བའི་འཁོར་ལམ་གཉིས་ཀ་གཟའ་ཁྱིམ་གྱི་འཁོར་ཐག་ནང་ཡོད་ནའང་། དེ་དག་ཕན་ཚུན་གཅིག་གིས་གཅིག་ལ་དྲ་བ་དྲ་བྱེད་ལྟར་འབྲེལ་ནས་ཡོད། དེ་དག་གི་བཞི་མདོའི་རྩེ་གཉིས་ལ་ཟླ་བའི་སྒྲ་གཅན་དང་དུས་མེ་ཞེས་སུ་གྲགས་པ་རེད། ནམ་གང་རེ་རེའི་སྐབས་སུ་ཉི་མ་དང་ཟླ་བ་གཉིས་ཕན་ཚུན་འབྲེལ་ཙམ་རེད། དེ་ཡང་ཕྱོགས་གཞན་ཞིག་ནས་ས་ཆ་གཅིག་པའི་སྒང་ལ་ཡོད། འཁོར་ལམ་དེ་ཕན་ཚུན་འཕྲེད་སྣོལ་དུ་འཇོག་སའི་སྒྲ་གཅན་དང་དུས་མེ་གང་རུང་དང་མཉམ་པའི་སྐབས་ཁོ་ནར་མཉམ་པ་དེ་ཏག་ཏག་མ་འཕྱུགས་པ་ཆགས་ནས་ཉི་འཛིན་འབྱུང་གི་ཡོད། ཚེས་པ་བཅོ་ལྔའི་ཟླ་བ་ཉ་གང་བའི་སྐབས་ཉི་མ་དང་ཟླ་བ་གཉིས་ཐད་བལྟས་སམ་ཁ་གཏད་དུ་གནས་ཡོད། དེའི་སྐབས་སུ་གཅིག་སྒྲ་གཅན་དང་མཉམ་པ་དང་གཞན་དེ་དུས་མེ་དང་མཉམ་པའི་སྐབས། དེའི་ཁ་གཏད་དེ་ཏག་ཏག་ཆགས་ནས་ཟླ་འཛིན་འབྱུང་གི་ཡོད།
སྔ་རབས་ཧིནྡུའི་ལུགས་དང་དུས་འཁོར་གྱི་ལུགས་གཉིས་ཀས་སྒྲ་གཅན་དང་དུས་མེ་གཉིས་ཀ་གཟའ་སྐར་ལྟ་བུར་བསམ་གྱི་ཡོད་པ་དང་གནའ་བོའི་གྷི་རིག་ལུགས་སུ་དེ་ལྟར་བསམ་གྱི་མེད། རྒྱ་གར་གྱི་ལུགས་གཉིས་ཀས་གཟའ་འཛིན་ནི་སྒྲ་གཅན་དང་དུས་མེ་ལ་བརྟེན་ནས་ཉི་ཟླ་མཉམ་པ་ལྟ་བུར་འགྲེལ་བརྗོད་བྱེད་ཀྱི་ཡོད།
དུས་འཁོར་ལུགས་སུ་སྒྲ་གཅན་ལ་ར་ཧུའམ་ཚིག་དོན་ལྟར་ན་ “ངར་སྒྲ་འབྱིན་མཁན་” ནམ་ཡང་ན་འབྲུག་མགོའི་གཟའ་གང་རུང་འབོད་པ་དང་། དུས་ཀྱི་མེའམ་ཀཱལ་ཨགྷྣིའམ་ཡང་ན་འབྲུག་གི་མཇུག་མ་ཞེས་འབོད་ཀྱི་ཡོད། ཧིནྡུའི་ལུགས་སུ་སྔ་མ་ལ་ར་ཧུ་དང་ཕྱི་མ་ལ་ཀེ་ཏུའམ་ཚིག་དོན་ལྟར་ན་མཇུག་རིངས་ཞེས་འབོད་ཀྱི་ཡོད། དེའང་འབྲུག་གི་མཇུག་མ་ཡིན་པར་གོ་བ་ཡིན། རྒྱ་གར་ཁྱོན་ཡོངས་ཀྱི་ལྷ་སྒྲུང་ལྟར་བྱས་ན། འབྲུག་ཅེས་སུ་འབོད་པ་འདིས་གཟའ་འཛིན་སྐབས་སུ་ཉི་མ་དང་ཟླ་བ་བཟའ་གི་ཡོད་ཅེས་ཟེར། དུས་འཁོར་རྒྱུད་ཀྱི་ནང་། གང་ལྟར་ཡང་ཀེ་ཏུ་ཟེར་བ་ནི་གཟའ་སྐར་བཅུ་པའི་མིང་དུ་བཏགས་ཡོད། དེ་ནི་སྐར་མ་དུ་བ་མཇུག་རིངས་ཡིན་པ་དང་སྔ་རབས་ཧིནྡུ་དང་གྷི་རིག་གི་ལུགས་སུ་དེ་གསལ་གྱི་མེད། དེ་དག་གིས་གཟའ་དགུའམ་བདུན་ཁོ་ནར་བཞེད་པ་ཡིན།
སྔ་རབས་རྒྱ་ནག་གི་ལུགས་སུ་སྒྲ་གཅན་དང་དུས་མེའི་སྐོར་གང་ཡང་གསལ་མེད། རྒྱ་ནག་གི་ལུགས་སུ་གཟའ་ཉི་མ་དང་། ཟླ་བ། ལྷག་པ། པ་སངས། མིག་དམར། ཕུར་བུ། སྤེན་པ་ཁོ་ན་ཤོད་ཀྱི་ཡོད། དུས་ཕྱིས་སུ་རྒྱ་ནག་གི་གནམ་རིག་ཁམས་ཀྱི་ནང་སྒྲ་གཅན་དང་དུས་མེར་ལྟ་ཚུལ་དེ་གསལ་བའི་སྐབས། དེ་དག་ལ་འབྲུག་གི་མགོ་དང་མཇུག་མ་ཞེས་པར་གོ་བ་ཡིན་ཞིང་། དེས་རྒྱ་གར་ནས་བྱུང་བ་གསལ་པོ་སྟོན་གྱི་ཡོད། ཡིན་ནའང་དེ་དག་ནི་གཟའ་སྐར་ལ་ངོས་འཛིན་གྱི་མེད།
གནའ་བོའི་གྷི་རིག་དང་ཧིནྡུའི་ལུགས་ཀྱི་ཐུན་མོང་གི་ཁྱད་ཆོས་གཞན་ཞིག་ནི་གཟའ་སྐར་ཉི་མ་ལ་རེས་གཟའ་ཉི་མ་དང་། གཟའ་སྐར་ཟླ་བ་ལ་རེས་གཟའ་ཟླ་བ་སོགས་ཀྱི་རྗེས་སུ་གཟའ་འཁོར་གཅིག་གི་ཉིན་མོ་ལ་མིང་འདོགས་ཚུལ་དེ་རེད། དེ་ཡང་ཨིན་སྐད་ནང་ (Sun) ལ་ (Sunday) དང་། (Moon) ལ་ (Monday) (Mars) ལ་ (Tuesday) (Mercury) ལ་ (Wednesday) (Jupiter ) ལ་ (Thursday) (Venus) ལ་ (Friday) (Saturn) ལ་ (Saturday) བཅས་མིང་ཐོགས་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་སྐད་ནང་གཟའ་འཁོར་གྱི་ཚིག་དེ་གཟའ་སྐར་དང་གཅིག་པ་བྱས་ནས་ “གཟའ་” ཟེར་བ་དེ་བཀོལ་སྤྱོད་བྱེད་ཀྱི་ཡོད།
རྒྱ་ནག་ལ་སྲོལ་རྒྱུན་ལྟར་ཉིན་བཅུའི་གཟའ་འཁོར་ཟེར་བ་ཞིག་ཡོད་པ་དང་གཟའ་འཁོར་གཅིག་གི་ཉིན་བདུན་རྩི་ཚུལ་དེ་དུས་རབས་བདུན་པའི་ནང་གཞི་ནས་འགོ་ཚུགས་པ་རེད། དེ་ཡང་རྒྱ་ནག་ཏུ་གནས་པའི་པར་སིག་དང་གནའ་བོའི་སོག་ཌི་ཡེ་ཤུའི་ནེས྄་ཊོའི་ (Nestorian) ཚོང་པའི་སྡེ་རྣམས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཡིན་པ་རེད། གང་ལྟར་ཡང་། རྒྱ་མི་ཚོས་གཟའ་འཁོར་གྱི་ཉིན་ཞག་རྣམས་དེ་དག་གི་མིང་ལ་བརྟེན་ནས་བཤད་པ་ལས། གཟའ་སྐར་ལ་བརྟེན་ནས་ཤོད་ཀྱི་མེད།
གནའ་བོའི་གྷི་རིག་དང་ཧིནྡུའི་ལུགས་གཉིས་དབར་གྱི་ཁྱད་པར་ཆེ་ཁག་ནང་གི་གཅིག་ནི་གཟའ་ཁྱིམ་གྱི་རིགས་བཀོལ་སྤྱོད་བྱེད་སྟངས་དང་འབྲེལ་བ་ཆགས་ཀྱི་ཡོད། དེང་དུས་ནུབ་ཕྱོགས་ཀྱི་ལུགས་ནང་བཞིན་གནའ་བོའི་གྷི་རིག་གིས་དཔྱིད་མཉམ་དུས་ཀྱི་འཁོར་ལོ་ཞིག་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་། ཧིནྡུའི་ལུགས་ཀྱིས་བརྟན་པའི་རྒྱུ་སྐར་རམ་བརྟན་སྐར་གྱི་འཁོར་ལོ་ཞིག་བཀོལ་སྤྱོད་བྱེད་ཀྱི་ཡོད། གཟའ་ཁྱིམ་དེ་གཉིས་དབར་གྱི་མི་འདྲ་བའི་ཁྱད་པར་ནི་ལུག་གི་ཁྱིམ་གྱི་དབྱུག་ཀླད་ཀོར་གྱི་གནས་དང་འབྲེལ་བ་ཆགས་ཀྱི་ཡོད། དཔྱིད་མཉམ་དུས་ཀྱི་འཁོར་ལོ་ཞིག་གི་ནང་ཉི་མ་དེ་བྱང་ཕྱེད་གོ་ལའི་དཔྱིད་ཀའི་ཉིན་མཚན་མཉམ་པ་ལ་ག་དུས་ཁེལ་ན། དེའི་སྐབས་སུ་རྒྱུ་སྐར་ལུག་གི་ཁྱིམ་དང་འབྲེལ་བའི་ཉི་མའི་གནས་ལ་མ་བལྟོས་པར། གནས་འདི་ལ་དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་ཟེར་གྱི་ཡོད། ཉི་མ་ནི་རྒྱུ་སྐར་འདིའི་ཐོག་མ་དང་དངོས་སུ་མཉམ་པའི་སྐབས། བརྟན་སྐར་གྱི་གཟའ་ཁྱིམ་ཞིག་གིས་ཉི་མ་ནི་དབྱུག་ཀླད་ཀོར་གྱི་ལུག་ཁྱིམ་ལ་གནས་འཆའ་ཡོད་པ་ལྟ་བུར་མིང་འདོགས་བྱེད་ཀྱི་ཡོད།
དུས་འཁོར་ལུགས་ཀྱིས་ཧིནྡུའི་ལུགས་ལ་དགག་པ་རྒྱག་ནས་དཔྱིད་མཉམ་དུས་ཀྱི་འཁོར་ལོ་ཞིག་ཁས་ལེན་གྱི་ཡོད། ཡིན་ནའང་བོད་མི་ཚོས་དུས་འཁོར་ལས་བྱུང་བའི་སྐར་རྩིས་ཀྱི་ཁྱད་ཆོས་དོར་ནས་བརྟན་སྐར་གྱི་ལུགས་ཤིག་སྔར་རྒྱུན་རང་འཇགས་བཟོས་ཡོད། དུས་འཁོར་གྱི་དཔྱིད་མཉམ་དུས་ཀྱི་འཁོར་ལོ་དང་གནའ་བོའི་གྷི་རིག་དང་དེང་དུས་ནུབ་ཕྱོགས་ཀྱི་ལུགས་བཅས་ནི་གང་ལྟར་ཡང་ཕན་ཚུན་གཅིག་མཚུངས་མིན་པ་དང་། དེ་ག་ནང་བཞིན་ཧིནྡུའི་ལུགས་དང་བོད་ལུགས་ཀྱི་བརྟན་སྐར་གྱི་ལུགས་དེའང་ཕན་ཚུན་མཐུན་གྱི་མེད། འདི་དག་གི་སྐོར་ཞིབ་ཅིང་ཕྲ་བ་ནི་མགོ་རྙོག་ཚ་པོ་ཞིག་རེད། གོ་བསྡུར་ཙམ་གྱི་དབང་དུ་ང་ཚོས་གནའ་བོའི་གྷི་རིག་གི་ལུགས་ལ་བསམ་ཞིབ་བྱ་རྒྱུ་དེ་འདོར་རྒྱུ་ཡིན།
རོབ་རྩིས་བྱས་ན་ཡེ་ལོ་ (༢༩༠) ཡས་མས་ནང་། དཔྱིད་ཀའི་ཉིན་མཚན་མཉམ་པའི་རྩེ་མོ་དེ་དོན་ངོ་མར་རྒྱུ་སྐར་ལུག་ཁྱིམ་གྱི་འགོ་སྟོད་ལ་གནས་འཆའ་ཡོད་ཅེས་གནམ་རིག་རྟོག་ཞིབ་བྱས་པ་ལྟར་རེད། དེ་ནས་བཟུང་སྟེ་དལ་གྱིས་ཕྱིར་ལྡོག་རྒྱུ་མུས་ཡིན་པ་དང་། དེ་ཡང་ལོ་བདུན་ཅུ་དོན་གཉིས་རེ་རེའི་མཚམས་སུ་ཕལ་ཆེར་དབྱུག་གཅིག་ཕྱིར་ལྡོག་རྒྱུ་བ་ཡིན། དེ་འདྲ་བའི་སྣང་ཚུལ་དེ་ལ་ “དཔྱིད་མཉམ་དུས་ཀྱི་ཕྱིར་ལྡོག་རྒྱུ་བ་” ཞེས་སུ་གྲགས་པ་དང་། ཕྱོགས་གཞན་ཞིག་ནས་དེ་ནི་ཉི་མའི་དཔྱིད་མཉམ་དུས་ཀྱི་གནས་ཕྱིར་ལྡོག་རྒྱུ་བ་དེ་ཡིན། དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་གྱི་བརྟག་ཞིབ་ཟིན་པའི་གནས་སྟངས་དང་དཔྱིད་ཀའི་ཉིན་མཚན་མཉམ་པ་དང་བསྟུན་ནས་འགྲེལ་བརྗོད་བྱས་པའི་ཀླད་ཀོར་ཅན་གྱི་ལུག་ཁྱིམ་གྱི་གནས་སྟངས་གཉིས་དབར་གྱི་ཧེ་བག་ནི། འཛམ་གླིང་གི་ལྷོ་སྣེའི་གོ་ལའི་ཚངས་ཐིག་གིས་བརྟན་སྐར་འཁོར་ལོ་རྣམས་ལ་དེའི་སྦྱོང་བརྡར་གྱི་ནང་ལོ་ངོ་སྟོང་ཕྲག་ཉི་ཤུ་རྩ་དྲུག་ (༢༦༠༠༠) གི་འཁོར་དུས་ལ་བརྟེན་ནས་རིམ་གྱིས་སྐོར་གྱི་ཡོད།
དཔྱིད་ཀའི་ཉིན་མཚན་མཉམ་པའི་སྣེ་མོ་ནི་ད་ལྟ་དབྱུག་ཉེར་གསུམ་དང་ཉེར་བཞིའི་བར་ལ་ཉའི་ཁྱིམ་སྟེ། ལུག་ཁྱིམ་སྔོན་གྱི་དེ་མ་ཐག་པའི་ཁྱིམ་དེ་ལ་རང་འཇགས་ཡོད། དེར་བརྟེན་དེང་དུས་ནུབ་ཕྱོགས་ཀྱི་ལུགས་སུ་ད་ལྟ་དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་དེ་ཉ་ཁྱིམ་གྱི་དབྱུག་དྲུག་དང་བདུན་གྱི་བར་ཙམ་ཞིག་ལ་ཡོད་པར་རྩི་འཇོག་བྱེད་ཀྱི་ཡོད། དེ་ཡང་ཇི་ལྟར་གནམ་རིག་རྟོག་ཞིབ་བྱས་པ་ནང་བཞིན་ཕྱོགས་གཞན་ཞིག་ནས་དཔྱིད་མཉམ་དུས་ཀྱི་གནས་ནི་དབྱུག་འཐེན་གྲངས་ཉེར་གསུམ་དང་ཉེར་བཞིའི་ནང་ཡོད།
གནས་སྟངས་ནི་དོན་ངོ་མར་ཏོག་ཙམ་མགོ་རྙོག་ཚ་བ་ཞིག་ཡོད། རྒྱ་གར་ཧིནྡུའི་ལུགས་སུ་སྐར་རྩིས་རིག་པ་མི་འདྲ་བ་ལྔ་ཡོད། དེ་དག་ལས་ད་དུང་རྒྱ་གར་ནང་བཀོལ་སྤྱོད་བྱེད་བཞིན་པའི་གྲགས་ཆེ་ཤོས་ནི་ “ཉི་མའི་གྲུབ་མཐའ་” ཞེས་ཉི་རྩིས་ཀྱི་ལུགས་དེ་ཡིན་པ་རེད། དེས་དཔྱིད་ཀའི་ཉིན་མཚན་མཉམ་པའི་གནས་དེ་དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་ལྟ་བུར་རོབ་ཚོད་བྱས་ན་ཡེ་ལོ་༥༠༠ཙམ་རྩི་འཇོག་བྱེད་པ་དང་། དོན་ངོ་མར་གནས་སྟངས་འདི་ནི་ཇི་ལྟར་གནམ་རིག་རྟོག་ཞིབ་བྱེད་པར་ལྟར་ཉ་ཁྱིམ་གྱི་ནང་དབྱུག་འགའ་ཞིག་སྔོན་ནས་ཡོད། ཉི་རྩིས་སམ་ཉི་མའི་གྲུབ་མཐའ་འདིས་དཔྱིད་ཀའི་ཉིན་མཚན་མཉམ་པའི་གནས་འདི་ལུག་ཁྱིམ་གྱི་ཐོག་མར་ཡིན་པ་ལྟར་གཞི་བྱས་ནས་བརྟན་སྐར་གྱི་འཁོར་ལོ་ཞིག་སྒྲིག་བཀོད་བྱེད་ཀྱི་ཡོད།
རྒྱ་གར་ཧིནྡུའི་ལུགས་དཔྱིད་མཉམ་གྱི་དུས་ཀྱི་ཕྱིར་ལྡོག་རྒྱུ་བ་དེ་ཤེས་ཀྱི་ཡོད་པ་དང་དེའི་རིན་ཐང་རྩིས་སྐོར་བའི་ཆེད་དུ་རྩིས་རིག་གི་སྦྱོར་ཐབས་མན་ངག་རྣམས་བཤད་ཡོད། འོན་ཀྱང་ལུག་ཁྱིམ་གྱི་བརྟགས་ཟིན་པའི་གནས་དཔྱིད་ཀའི་ཉིན་མཚན་མཉམ་པའི་དུས་ཀྱི་སྣེ་གཉིས་དབར་གྱི་ཧེ་བག་ནི་དེ་གཉིས་རོབ་རྩིས་བྱས་ན་ཧ་ལམ་ལོ་སྟོང་ཕྲག་ཉི་ཤུ་རྩ་དྲུག་ (༢༦༠༠༠) གི་རྗེས་སུ་གཅིག་ཏུ་འདུ་བའི་བར་དུ་རྒྱུན་མཐུད་པའི་སྒོ་ནས་འཕེལ་རྒྱས་འགྲོ་གི་ཡོད་པ་དང་། ཉི་རྩིས་སམ་ཉི་མའི་གྲུབ་མཐའ་ནས་ཧེ་བག་དེ་བཞིན་འཕར་ཆག་འགྲོ་གི་ཡོད་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། ཐོག་མར་དཔྱིད་ཀའི་ཉིན་མཚན་མཉམ་པའི་སྣེ་མོ་དེ་རིམ་བཞིན་ཆེས་ཐོག་མའི་དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་གྱི་གནས་ངེས་པའི་རྒྱབ་ཀྱི་དབྱུག་ཉེར་བདུན་མ་བསླེབ་བར་དུ་དེ་རྗེས་ལུས་ཐེབ་ཀྱི་ཡོད། དེ་ནས་ཁ་ཕྱོགས་བརྗེས་ནས་སྒྲིག་བཀོད་བྱས་པའི་གནས་དེའི་དབྱུག་ཉེར་བདུན་མདུན་དུ་མ་གནས་བར་དུ་མདུན་སྐྱོད་བྱེད་ཀྱི་ཡོད། དེ་མཚམས་ཆེས་ཐོག་མ་ནས་བརྟན་པའི་ལུག་ཁྱིམ་གྱི་གནས་ལ་སླར་ཡང་མ་བསླེབ་བར་དུ་ཁ་ཕྱོགས་ཡང་བསྐྱར་གཅིག་བརྗེ་གི་ཡོད། འཕར་ཆག་དེ་བསྐྱར་ལྡབ་ཡང་ལྡབ་བྱེད་ཀྱི་ཡོད། ཆེས་ཐོག་མ་ནས་ཉི་རྩིས་ནས་ངེས་པར་བཟོས་པའི་དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་གྱི་གནས་སྟངས་སམ། ཡང་ན་ནམ་མཁར་ལུག་གི་ཁྱིམ་དེ་འགོ་བཙུག་པའི་དངོས་སུ་བརྟག་ཞིབ་ཟིན་པའི་གནས་གང་དང་འབྲེལ་རུང་འཕར་ཆག་གི་འགྲོས་ནི་དཔྱིད་ཀའི་ཉིན་མཚན་མཉམ་པའི་སྐབས་སུ་ཉི་མའི་འགྱུར་ལྡོག་ཅན་གྱི་གནས་དངོས་དང་མཐུན་གྱི་མེད།
དུས་འཁོར་ལུགས་ཀྱི་སྐར་རྩིས་རིག་པས་ཉི་རྩིས་སྤྱད་ནས་བརྟན་སྐར་འཁོར་ལོའི་ལུགས་བཤད་པ་དེ་དང་། རྒྱ་གར་ཧིནྡུའི་ལུགས་གཞན་བཞི། དེ་བཞིན་དཔྱིད་མཉམ་དུས་ཀྱི་འཕར་ཆག་ཕྱིར་ལྡོག་རྒྱུ་བའི་ལྟ་ཚུལ་ལ་སྐྱོན་བརྗོད་བྱས་ཡོད། དེའི་ཚབ་ལ་དེས་ལེགས་བཅོས་བྱས་པའི་དཔྱིད་མཉམ་དུས་ཀྱི་འཁོར་ལོ་ཞིག་ཁས་ལེན་བྱས་ཡོད། དུས་འཁོར་ལུགས་ལྟར་བྱས་ན། དཔྱིད་ཀའི་ཉིན་མཚན་མཉམ་པའི་སྣེ་མོ་དེ་ལོ་དྲུག་ཅུའི་རེ་རེའི་མཚམས་སུ་བརྟག་ཞིབ་བྱེད་པའི་སྒོ་ནས་ཚད་འཇལ་དགོས་ཀྱི་ཡོད། དཔྱིད་མཉམ་དུས་ཀྱི་སྣེ་མོ་དེ་ལོ་དྲུག་བཅུ་ཆ་ཚང་བའི་དུས་ཡུན་རིང་ལ་དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་ལ་འགྲེལ་བའི་ཐོག་ནས་ངེས་པར་ཉར་ངེས་རེད་ལ། ལོ་དྲུག་ཅུའི་འགོ་སྟོད་ཀྱི་སྐབས་སུ་བཟོ་བཅོས་བྱ་དགོས་ངེས་རེད། གཞན་ཡང་དེང་དུས་ནུབ་ཕྱོགས་ཀྱི་ལུགས་སུ་ཡོད་པ་ནང་བཞིན་དེས་འཕར་ཆག་གང་ཡང་མེད་པའི་ཐོག་དལ་གྱིས་གཟའ་ཁྱིམ་ཉེ་འཁོར་དུ་ཕྱིར་ལྡོག་རྒྱུ་བ་དང་བཅས་ཐད་ཀར་འཕེལ་འགྱུར་འགྲོ་གི་ཡོད་ཅེས་དཔྱིད་མཉམ་དུས་ཀྱི་ཕྱིར་ལྡོག་རྒྱུ་བ་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད།
དུས་རབས་བཅུ་གཅིག་པའི་འགོ་སྟོད་ཙམ་ལ་དུས་འཁོར་ལུགས་དེ་བོད་དུ་དར་བའི་སྐབས། གང་ལྟར་ཡང་། བོད་མི་ཚོས་དཔྱིད་ཀའི་ཉིན་མཚན་མཉམ་པའི་སྣེ་མོའི་རྒྱུ་སྐར་རང་འཁོར་གྱི་ལེགས་བཅོས་གཏོང་རྒྱུ་མཚམས་འཇོག་བྱས་པ་རེད། དེའི་རྗེས་ཐོག་ཏུ་བོད་ཀྱི་གཟའ་ཁྱིམ་ལུགས་དེ་རྒྱུ་སྐར་བརྟན་པའི་ལུགས་སུ་བབས་པ་རེད། འོན་ཀྱང་དེའི་དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་གྱི་གནས་དང་དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་གྱི་གནས་བརྟག་ཞིབ་བྱས་ཟིན་པ་དངོས་དེ་གཉིས་དབར་གྱི་ཧེ་བག་ནི་རྒྱ་གར་ཧིནྡུའི་ལུགས་གཞན་གང་འདྲ་ཞིག་ཡིན་ནའང་དེ་དག་དང་མི་མཐུན་པའི་ཁྱད་པར་གྱུར་ཡོད། ད་ལྟ་དེ་ནི་རོབ་རྩིས་བྱས་ན་དབྱུག་སུམ་ཅུ་སོ་བཞི་ཡིན་པ་རེད།
གནམ་རིག་རྟོག་ཞིབ་ལ་བརྟེན་ནས་ནུབ་ཕྱོགས་ལུགས་ཀྱི་དབྱུག་ཀླད་ཀོར་ཅན་གྱི་ལུག་ཁྱིམ་ནི་དོན་ངོ་མར་རྒྱུ་སྐར་ལུག་ཁྱིམ་གྱི་ཐོག་མའི་གནས་ལ་བརྟག་ཞིབ་བྱས་པ་དེའི་དབྱུག་ཉེར་གསུམ་ནས་ཉེར་བཞིའི་བར་གྱི་ཕྱིར་ལྡོག་རྒྱུ་བའི་ཆ་རྐྱེན་འཐེན་འགྱུར་བྱེད་པ་དང་མཐུན་ཞེས་གསལ་སྟོན་བྱེད་ཀྱི་ཡོད། དེ་ཡང་རྟགས་རྗེས་མ་བུམ་པའི་ཁྱིམ་གྱི་ནང་བརྗེ་ལེན་བྱེད་པའི་སྐབས། ད་ལྟ་ནས་བརྩིས་པའི་དུས་རབས་ཕལ་ཆེར་བཞི་ཙམ་ལ་ “བུམ་ཁྱིམ་གྱི་དུས་རབས་གསར་པ་” ཞེས་སུ་གྲགས་པ་དེ་དངོས་སུ་འགོ་བཙུག་གི་ཡོད། ཐུན་མོང་གི་གོ་བསྡུར་ནང་མི་རྣམས་ཀྱི་བུམ་ཁྱིམ་གྱི་དུས་རབས་ཧ་ཅང་མགྱོགས་པོར་འགོ་བཙུག་གི་ཡོད་པའི་སྐོར་ཤོད་སྐབས། ཁོང་ཚོ་ནི་འདི་དང་ཡེ་ཤུའི་བསམ་ཚུལ་ནང་གི་ལོ་སྟོང་གི་དུས་ཡུན་གྱི་འགྱུར་བ་དེས་གསེར་གྱི་དུས་རབས་གསར་པ་ཞིག་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་ཕལ་ཆེར་མགོ་རྨོངས་བཞིན་ཡོད།
རྒྱ་གར་ནང་མུ་གྷལ་དུས་སྐབས་དང་ལྷག་པར་དུ་དུས་རབས་བཅོ་བརྒྱད་ནས་བཟུང་སྟེ། ཨེ་རབ་ཀྱི་སྐར་རྩིས་ཤུགས་གནོན་མུ་མཐུད་པ་བརྒྱུད་དེ་རྒྱུ་སྐར་གྱི་གནས་སྟངས་ལ་བརྟག་ཞིབ་དེ་རྒྱ་ཆེར་དར་ཁྱབ་ཕྱིན་པ་དང་ནུབ་ཕྱོགས་ཀྱི་གནམ་རིག་ཁམས་དང་འབྲེལ་བ་ཆགས་པའི་སྐབས། ཧིནྡུའི་ལུགས་མང་པོ་ཞིག་གིས་ཉི་མའི་གནས་རྩིས་བསྐོར་བའི་ཆེད་སྲོལ་རྒྱུན་གྱི་རྩིས་རིག་གི་དཔེ་མཚོན་རྣམས་དོར་བ་ཙམ་དུ་མ་ཟད། གཟའ་སྐར་ཚང་མ་དོར་བ་རེད། ནུབ་ཕྱོགས་ཀྱི་དཔེ་མཚོན་ཁག་གིས་རྒྱང་ཤེལ་བརྒྱུད་ནས་ངེས་བརྟན་བཟོ་ཐུབ་པའི་འགྲུབ་འབྲས་སྔར་ལས་འཕྱུགས་པ་མེད་པ་དང་མུ་གྷལ་རྒྱལ་པོ་ཚོས་ཁོ་ཚོའི་བརྟག་དཔྱད་ཁང་དུ་འཛུགས་སྐྲུན་བྱས་པའི་ནམ་མཁའི་ཡོ་བྱད་སྣ་ཚོགས་པ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་ཁོང་ཚོས་མཐོང་ཡོད། ཁོ་ཚོས་དཔྱིད་མཉམ་དུས་ཀྱི་འཕར་ཆག་ཕྱིར་ལྡོག་རྒྱུ་བའི་བསམ་བློ་དེའང་ནོར་བ་ཡིན་པ་མཐོང་ཡོད། དེར་བརྟེན་བརྟན་སྐར་གྱི་གཟའ་ཁྱིམ་ཞིག་ཉར་བཞིན་དུ་མང་པོ་ཞིག་གིས་དེ་དག་གི་གནས་སྟངས་རྣམས་བརྟན་སྐར་གྱི་གཟའ་ཁྱིམ་ལས་འབྱུང་བའི་ཕྱིར། ནུབ་ཕྱོགས་ནས་བྱུང་བའི་གཟའ་སྐར་ཡོངས་སུ་རྫོགས་པའི་དཔྱིད་མཉམ་དུས་ཀྱི་འཁོར་ལོའི་གནས་ལས་ཚད་ལྡན་གྱི་ཕྱིར་ལྡོག་རྒྱུ་བའི་རིན་ཐང་ཞིག་འཐེན་རྩིས་རྒྱག་པའི་ཐབས་ཚུལ་གསར་པ་ཞིག་རན་འཚམས་བཟོས་ཡོད། ཧིནྡུའི་བརྒྱུད་པ་རེ་རེས་ཀྱང་དེའི་བརྗེ་སྒྱུར་གྱི་ཆ་རྐྱེན་ལྟ་བུར་ཕྱིར་ལྡོག་རྒྱུ་བའི་རིན་ཐང་ཅུང་ཟད་མི་འདྲ་བ་ཞིག་རན་འཚམས་བཟོས་ཡོད། དེ་དག་ལས་ཡོངས་གྲགས་བེད་སྤྱོད་བྱེད་པ་ནི་དབྱུག་ཉེར་གསུམ་ནས་ཉེར་བཞིའི་བར་དེ་ཡིན་པ་དང་། དེ་ནི་བརྟག་ཞིབ་བྱས་པའི་ཧེ་བག་དངོས་དེ་ཡིན་པ་རེད།
གང་ལྟར་ཡང་། ཧིནྡུའི་སྐར་རྩིས་རིག་པ་བ་འགའ་ཤས་ཀྱིས་སྲོལ་རྒྱུན་གྱི་སྒོ་ནས་གཟའ་སྐར་གྱི་གནས་རྩིས་བསྐོར་བ་དེས་སྐར་རྩིས་རིག་པའི་གནས་ཚུལ་འཕྱུགས་མེད་དང་མ་ནོར་བ་ཡག་ག་སྤྲོད་ཀྱི་ཡོད་ཚུལ་བརྗོད་ཀྱི་ཡོད། འདི་ནི་གནད་དོན་ཧ་ཅང་གལ་ཆེན་ཞིག་རེད། གང་ཡིན་ཞེ་ན། བོད་ཀྱི་སྐར་རྩིས་རིག་པ་ནི་ད་ལྟའི་གནས་བབས་ལ་གཞིགས་ན་སྔོན་དུས་རབས་བཅོ་བརྒྱད་པའི་ནང་ཧིནྡུའི་སྐར་རྩིས་རིག་པ་དེ་ནུབ་ཕྱོགས་ཀྱི་གནམ་རིག་ཁམས་དང་འབྲེལ་བ་ཆགས་པའི་སྐབས་ཀྱི་གནས་རིམ་ལ་ཡོད། དུས་འཁོར་ལུགས་ཀྱི་རྩིས་རིག་པའི་དཔེ་མཚོན་ཁག་ལས་བྱུང་བའི་གཟའ་སྐར་རྣམས་ཀྱི་གནས་སྟངས་ཀྱང་གང་བརྟག་དཔྱད་བྱས་པ་དང་ཏག་ཏག་མཐུན་པ་ཞིག་མེད། ཧིནྡུའི་དཔེ་མཚོན་གྱི་སྲོལ་རྒྱུན་དོར་ནས་བརྟག་དཔྱད་བྱས་པའི་ཕྱིར་ལྡོག་རྒྱུ་བའི་ཆ་རྐྱེན་གྱིས་ལེགས་བཅོས་བྱས་པའི་ནུབ་ཕྱོགས་ཀྱི་རིན་ཐང་བཀོལ་སྤྱོད་ཀྱི་རྗེས་སུ་འབྲང་དགོས་ངེས་ཡིན་དང་མིན་ནི་ཐག་གཅོད་བྱ་རྒྱུ་ལྷག་ཡོད།
གཟའ་སྐར་རྣམས་ཀྱི་དངོས་སུ་བརྟག་དཔྱད་བྱས་པའི་གནས་རྣམས་གང་ཡིན་མིན་ཁྱད་པར་མེད་ཅེས་རྩོད་གླེང་བྱེད་ཆོག །གང་ཡིན་ཞེ་ན། བོད་བརྒྱུད་ནང་བསྟན་གྱི་སྐར་རྩིས་ལུགས་དེ་ནི་ཟླ་བའི་ནང་མེ་ཤུགས་འཕུར་མདའ་གཏོང་བའམ་ཡང་ན་གྲུ་གཟིངས་ཤིག་ཁ་ལོ་སྒྱུར་རྒྱུའི་ཆེད་དུ་དམིགས་པ་ཞིག་ནམ་ཡང་མིན། གནམ་རིག་ཁམས་ཀྱི་གཞི་ཐོའམ་གྲངས་མཛོད་དེ་ནི་སྐར་རྩིས་རིག་པའི་དགོས་དོན་ཆེད་རྩིས་བསྐོར་ནས་ཡོད་པ་དང་། གལ་ཏེ་སྐར་རྩིས་རིག་པའི་གནས་ཚུལ་དེ་དངོས་ཐོག་མྱོང་འདྲིས་ཀྱི་ཐོག་ནས་ཏག་ཏག་ཡིན་པ་དང་ཕན་ཐོགས་ཅན་ཡིན་ན། དེ་ནི་གནད་འགག་ཆགས་ཀྱི་ཡོད།
བོད་ཀྱི་སྐར་རྩིས་རིག་པ་ནི་ང་ཚོའི་མི་ཚེའི་གཞི་རྩའི་ལས་ཀྱི་གནས་སྟངས་ཤེས་པར་བྱེད་པར་དམིགས་ནས་ཡོད་པ་དང་། དེ་ལ་བརྟེན་ནས་ང་ཚོས་གཞན་ལ་ཕན་འདོགས་པའི་ཕྱིར་སྐྱོན་གྱི་ཆ་ཚང་མ་ལས་ཐར་བ་དང་ནུས་པ་ཡོངས་སུ་རྫོགས་པ་རྟོགས་པར་འབད་བརྩོན་བྱེད་ཆོག །བོད་ཀྱི་གཟའ་སྐར་དཔྱད་རིག་གི་སློབ་སྦྱོང་དེ་ངེས་པར་དུ་ལྟ་ཞིབ་བྱེད་དགོས་པ་ནི་ནང་པའི་སྐབས་དོན་གྱི་ནང་དུ་ཡོད། དེ་ནི་བརྟག་ཞིབ་བྱས་པའི་གཟའ་སྐར་ཀྱི་གནས་ཁག་དང་མི་མཐུན་པའི་ཐོག་ནས་གནམ་རིག་ཁམས་ཀྱི་གཞི་ཐོ་ལ་གཞི་བྱས་ནས་ཚོད་དཔག་དང་བརྗེ་སྒྱུར་གཏོང་བ་ནི་འབྲེལ་བ་མེད་ལྟ་བུ་སྣང་ངེས་རེད།
ལུགས་སོ་སོ་ནས་གཅིག་ཕན་གཅིག་གྲོགས་ཡོང་བ་དང་ལེགས་སྐྱེས་བླང་བའི་ཕྱིར། ནུབ་ཕྱོགས་པ་དང་བོད་མི་གཉིས་ཀས་གཅིག་གིས་གཅིག་ལ་ཤེས་བྱའི་གནས་དང་རིག་པའི་གནས་ཀྱི་ཕྱོགས་བསྡུས་ཕུང་པོ་ཀུན་ཚང་ལ་གུས་ཞབས་བྱེད་དགོས། བསམ་བློ་རྣམས་མཉམ་སྤྱོད་བྱེད་ཆོག་པ་དང་ཉམས་ཞིབ་ཀྱི་གནས་གསར་པའི་ཆེད་དུ་གོ་དོན་རྣམས་ཀྱང་ཐོབ་ཐུབ་ཀྱང་། སྲོལ་རྒྱུན་གྱི་ཐབས་ཚུལ་རྣམས་ཞིབ་བརྟག་མེད་པའི་སྒོ་ནས་བསྐྱུར་བ་དང་ཕྱི་རྒྱལ་གྱི་ཐབས་ཚུལ་རྣམས་མོས་འདེམ་བྱེད་པ་ནི་ཡིད་སྐྱོའི་གནས་ཤིག་ཡིན་ངེས་རེད། བོད་ཀྱི་སྨན་དང་སྐར་རྩིས་རིག་པ་གཉིས་ཀའི་ལོ་རྒྱུས་ཁག་ལས་ཤེས་ཐུབ་པ་ལྟར། ཕྱི་རྒྱལ་གྱི་རིག་གཞུང་ལས་བྱུང་བའི་བསམ་བློ་རྣམས་མིག་བཙུམས་ནས་དཔེ་བཤུས་བྱས་མེད། དེ་དག་གིས་སོ་སོའི་ཉམས་ཞིབ་དང་ཉམས་མྱོང་ལ་གཞི་བྱས་ཏེ། རང་སོ་སོའི་ཐུན་མོང་མ་ཡིན་པའི་ལུགས་རྣམས་ཆ་རྩིས་སྐོར་བའི་ཆེད་བསྐུལ་རྐྱེན་བྱས་ཡོད་པ་དང་དེའི་ནང་ཕྱི་རྒྱལ་གྱི་བསམ་བློ་དེ་དག་རྣམ་པ་གསར་པར་གྱུར་ཡོད། འདི་ནི་ཚང་མར་ཕན་པའི་ཆེད་ཡར་རྒྱས་འགྲོ་ཚུལ་དེ་རེད།
ནག་རྩིས།
རྒྱ་ནག་ནས་བྱུང་བའི་ནག་རྩིས་ཏེ། དེ་དག་ལ་འབྱུང་རྩིས་ཞེས་ཀྱང་གྲགས་པ་དེས་བོད་ཀྱི་ལོ་ཐོའི་ནང་ཁྱད་ཆོས་གསར་པ་ཞིག་ཁ་སྣོན་བྱེད་ཀྱི་ཡོད། དཔེར་ན། ལོ་རྟགས་མཚོན་བྱེད་ཀྱི་སྲོག་ཆགས་དང་འབྱུང་ཁམས་ཀྱི་ལོ་འཁོར་ཕན་ཚུན་གྱི་འབྲེལ་བ་སྟེ། ལྕགས་རྟའི་ལོ་ལྟ་བུ་རེད། དེ་དག་གིས་མི་སོ་སོའི་གཤིས་སྤྱོད་ལ་དཔྱད་པ་མ་ཟད། སྒེར་གྱི་སྤྱིར་བཏང་ཚེ་རབས་ལས་རྩིས་སྐྲུན་པ་གཉིས་ཀའི་ཆེད་དུ་བརྟག་པར་ད་དུང་འགྱུར་ལྡོག་ཅན་གྱི་ཁྱད་ཆོས་ཁག་མཁོ་སྤྲོད་བྱེད་ཀྱི་ཡོད། ཁྱད་ཆོས་དེ་དག་སྐར་རྩིས་ལུགས་ནས་བྱུང་བའི་ཚེ་རབས་ལས་རྩིས་ཀྱི་གནས་ཚུལ་དང་ཟུང་དུ་འབྲེལ་ཡོད།
རྒྱ་ནག་ནས་བྱུང་བའི་རྒྱུ་ཆའི་ཁྱབ་ཁོངས་གཙོ་བོ་ལྔ་ལ་རྩིས་སྐོར་སྟངས་ཤིག་ཡོད། དང་པོ་ནི་གཞི་རྩིས་དེ་ཡིན་ཞིང་། དེ་ནི་མི་ཚེ་གཅིག་གི་ལོ་རེ་རེའི་ནང་གང་འབྱུང་རྒྱུ་ཡིན་པ་ལྟ་རྒྱུ་དེ་རེད། གཉིས་པས་ནད་ལ་བརྟག་པ་སྟེ། གལ་ཏེ་གདོན་གྱི་རིགས་ཀྱིས་གནོད་འཚེ་བྱས་ཡོད་མེད་ཐག་གཅོད་བྱེད་པ་དང་། གལ་ཏེ་གནོད་ཡོད་ན། གདོན་གྱི་རིགས་གང་ཡིན་པ་དང་དེ་དག་ཞི་བར་བྱེད་པའི་ཆོ་ག་གང་བསྒྲུབ་དགོས་པ། དེ་ག་ནང་བཞིན་ནད་དེ་དུས་ཡུན་རིང་པོ་ཇི་ཙམ་གནས་པའི་སྔོན་དཔག་བྱེད་པ་བཅས་རེད། གསུམ་པ་ནི་འཆི་བའི་སྐབས་དང་འབྲེལ་བ་ཞིག་སྟེ། དེ་ཡང་དམིགས་བཀར་ཕུང་པོ་དེ་ཁྱིམ་ནས་ཕྱིར་ག་དུས་དང་ཕྱོགས་གང་དུ་འདོན་དགོས་པ་དང་། བར་ཆད་ཀྱི་རིགས་སེལ་བའི་ཆེད་ཆོ་ག་གང་ཞིག་བསྒྲུབ་དགོས་པ་བཅས་རེད། བཞི་པ་ནི་བར་ཆད་ལ་རྩིས་བསྐོར་བ་སྟེ། སྤྱིར་བཏང་ལོ་ཐོའི་ནང་བར་ཆད་ཀྱི་རིགས་ག་དུས་གསལ་བ་དང་གང་ཟག་བྱེ་བྲག་ཅིག་གི་མི་ཚེའི་ནང་བར་ཆད་ཀྱི་རིགས་དེ་དག་ག་དུས་འབྱུང་གི་ཡོད་པ་བཅས་རེད། ལྔ་པ་ནི་གཉེན་སྒྲིག་དང་འབྲེལ་བ་ཞིག་སྟེ། བག་རྩིས་ཞེས་དམིགས་ཕུགས་ཀྱི་བཟའ་ཚང་གཉིས་དབར་ཞི་མཐུན་དང་འཆམ་མཐུན་དང་འབྲེལ་བ་ཞིག་རེད། འབྱུང་རྩིས་ནི་གཙོ་བོ་སྐར་རྩིས་རིག་པའི་དགོས་དོན་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད།
རྒྱ་གར་ནས་བྱུང་བའི་རྩིས་ཀྱི་རྒྱུ་ཆའི་གནས་སྟངས་དང་རྒྱ་གར་གྱི་ཧིནྡུའི་ལུགས་ལྟར། རྒྱ་ནག་ནས་བྱུང་བའི་རྒྱུ་ཆ་རྣམས་ཀྱིས་སྔ་རབས་རྒྱ་ནག་གི་གཟའ་སྐར་དཔྱད་རིག་གི་ལྟ་གྲུབ་དང་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་ཁྱད་ཆོས་མང་པོ་ཡོད། དེ་ལྟ་ནའང་བོད་མི་ཚོས་དེ་དག་ཡར་རྒྱས་བཏང་བ་དང་བཀོལ་སྤྱོད་བྱས་པ་ལ་མི་འདྲ་བའི་ཁྱད་པར་མང་པོ་ཡོད།
འབྱུང་རྩིས་ལུགས་ཀྱིས་ལོ་ཐོ་དེ་ལོ་འཁོར་དྲུག་ཅུ་དང་ཉེ་བར་འབྲེལ་གྱི་ཡོད་པ་དང་ལོ་རེ་རེ་ནི་སྲོག་ཆགས་སམ་ལོ་རྟགས་བཅུ་གཉིས་ནང་གི་གཅིག་གིས་རིམ་པ་བཞིན་དུ་དབང་སྒྱུར་བྱེད་ཀྱི་ཡོད། སྔ་རབས་རྒྱ་ནག་གི་གོ་རིམ་དེ་བྱི་བ་ནས་འགོ་བཙུག་པ་དང་བོད་ཀྱི་གོ་རིམ་དེ་རྒྱ་ནག་གི་ལོ་རྟགས་བཞི་པ་ཡོས་ནས་འགོ་བཙུག་གི་ཡོད། དེར་བརྟེན་ལོ་སྐོར་དྲུག་བཅུ་འགོ་བཙུག་སའི་གོ་རིམ་དེ་མི་འདྲ་བ་ཞིག་རེད།
ལོ་རྟགས་བཅུ་གཉིས་ནང་གི་སྲོག་ཆགས་བཅུ་གཉིས་ནི་ལོའི་དབང་སྒྱུར་བྱེད་པའི་འབྱུང་བ་ཞིག་དང་ཕན་ཚུན་གཅུས་སྒྲིམ་རྒྱག་ནས་ཡོད་པ་དང་། དེ་ནི་སྔ་རབས་རྒྱ་ནག་གི་ཚན་པ་ལྔའི་ནང་ནས་གཅིག་ཡིན་པ་རེད། དེ་དག་ཀྱང་ཤིང་དང་། མེ། ས། ལྕགས། ཆུ་བཅས་རེད། འབྱུང་བ་རེ་རེས་གྲལ་རིམ་ལྟར་ལོ་གཉིས་དབང་སྒྱུར་བྱེད་ཀྱི་ཡོད། དང་པོ་ནི་ཕོ་དང་གཉིས་པ་ནི་མོའི་ལོ་ཡིན་པ་རེད། བོད་ལུགས་ནང་རྒྱ་ནག་གི་ “ཡེང་” དང་ “ཡིན་” (yang and yin) ཟེར་བ་དེ་ནམ་ཡང་བཀོལ་སྤྱོད་མི་བྱེད་པ་ཡིན། དེར་བརྟེན་སྦྱོར་བ་བྱེ་བྲག་ཅིག་བསྐྱར་ཟློས་བྱེད་པར་ལོ་དྲུག་ཅུ་འགོར་གྱི་ཡོད། དཔེ་ཆ་བཞག་ན། ཤིང་ཕོ་བྱི་བའི་ལོ་ལྟ་བུ་རེད། སྔ་རབས་རྒྱ་ནག་གི་ཐོ་གྲངས་སམ་ཡང་ན་མེ་མོ་ཡོས་ཏེ། བོད་ལུགས་ཀྱི་དང་པོ་དེ་ཡིན་པ་རེད།
བོད་ཀྱི་གཟའ་སྐར་དཔྱད་རིག་གིས་སྔ་རབས་རྒྱ་ནག་ལུགས་ཀྱི་ནམ་མཁའི་སྡོང་པོ་བཅུ་དང་སའི་ཡན་ལག་བཅུ་གཉིས་བཀོལ་སྤྱོད་མི་བྱེད། རྒྱ་ནག་གིས་འདི་ནི་ལོ་འཁོར་དྲུག་ཅུ་དང་འབྲེལ་བ་མཐུད་པ་དང་ཁོང་ཚོའི་ལོ་ཐོ་དང་སྐར་རྩིས་རིག་པའི་ནང་ལོ་རྟགས་དང་འབྱུང་བ་ལས་ཀྱང་རྦད་དེ་རྒྱ་ཆེ་བ་ནན་བརྗོད་བྱེད་ཀྱི་ཡོད།
སྐྱེ་དུས་ཀྱི་ལོ་རྟགས་དང་འབྱུང་བའི་སྐྱེ་དུས་ཚེས་ཞག་དང་ཟུང་འབྲེལ་གྱི་སྟེང་ལ་ལོག་མེན་ཞིག་ཀྱང་ལོ་རེ་རེའི་ལོ་ཚད་ཀྱི་ནང་འབྱུང་གི་ཡོད། འོན་ཀྱང་ཕོ་དང་མོའི་ཆེད་དུ་རྩིས་མི་འདྲ་བ་བསྐོར་ཡོད། དངོས་གནས་བྱས་ན་རྒྱ་ནག་ནས་བྱུང་བའི་རྩིས་མང་ཆེ་བ་ནི་ཕོ་དང་མོ་ལ་མི་འདྲ་བ་ཡོད། བོད་དང་རྒྱ་ནག་གཉིས་ཀའི་ལུགས་སུ་ང་ཚོའི་ལོ་ཚད་ནི་ལོ་བྱེ་བྲག་ཅིག་ག་ཚོད་ཀྱི་ཐུང་ངུ་ཡིན་སྲིད་པ་ལ་མ་བལྟོས་པར་ང་ཚོ་འཚོ་མུས་ཀྱི་བོད་ལོའི་གྲངས་ལ་གོ་བ་ཡིན་པ་དེ་ཤེས་དགོས། དཔེ་ཆ་བཞག་ན། གལ་ཏེ་མི་ཞིག་ལོ་བྱེ་བྲག་ཅིག་ནང་གི་བོད་ཟླ་བཅུ་པའི་ནང་སྐྱེས་པ་ཡིན་ན། མི་དེ་བོད་ཀྱི་ལོ་གསར་བར་དུ་ལོ་གཅིག་ཡིན་པ་དང་དེའི་རྗེས་སུ་ལམ་སེང་ལོ་གཉིས་ཆགས་ཀྱི་ཡོད། འདིའི་རྒྱུ་མཚན་ནི་མི་དེ་ཟླ་བ་གསུམ་ལས་འཚོ་མེད་ནའང་། འདི་ནི་ལོ་གཉིས་ཀྱི་དུས་ཡུན་ནས་ཡིན་པས་རེད། དེ་འདྲ་སོང་ཙང་། བོད་ཀྱི་ལུགས་ལྟར་ན་ལོ་གསར་སྐབས་སུ་ལོ་གཅིག་རྒན་པ་ཆགས་ཀྱི་ཡོད་པ་དང་། ནུབ་ཕྱོགས་པའི་ལུགས་ལྟར་གྱི་སྐྱེས་སྐར་བརྩི་སྲོལ་མེད། བོད་ཀྱི་ལོ་ཚད་ནི་ནུབ་ཕྱོགས་ཀྱི་ལོ་ཚད་བརྩི་སྟངས་ནང་བཞིན་སྐྱེས་ནས་བཟུང་སྟེ་ལོ་ཧྲིལ་པོར་བརྒལ་ཟིན་པའི་ལོ་གྲངས་བརྩི་བ་དང་གཅིག་མཚུངས་མིན།
ལོ་འཁོར་དྲུག་ཅུ་གཅིག་གི་ནང་ལོ་རྟགས་བཅུ་གཉིས་པོ་དེ་དག་རེ་རེ་བཞིན་དུ་འབྱུང་བ་ལྔ་དང་སྦྱོར་བ་སྣ་ཚོགས་པའི་ནང་དུ་དེ་དང་འབྲེ་བའི་འབྱུང་བ་ལྔ་ཡོད་པ་དེ་ནི་རྡེལ་རྩིས་ཞེས་པར་བཀོལ་སྤྱོད་བྱེད་ཀྱི་ཡོད། དེ་དག་ནི་སྲོག་དང་། ལུས། དབང་ཐང་། ཀླུང་རྟ། བླ་སྲོག་གི་རྡེལ་ཁམས་བཅས་རེད། དང་པོ་བཞི་ནི་སྔ་རབས་རྒྱ་ནག་གི་སྐར་རྩིས་རིག་པའི་ནང་དུའང་གསལ་ཡོད་པ་དང་། དེར་དབང་ཐང་ནི་རྒྱུ་ནོར་ལ་གོ་བ་ཡིན། བླ་ཞེས་པ་ནི་བོད་ཀྱི་བསམ་བློ་ཤུགས་ཆེ་བ་ཡོད་པ་དང་གནའ་བོ་བོད་དུ་ས་སྐྱེས་རྡོ་སྐྱེས་ཀྱི་སྲོལ་རྒྱུན་བོན་ལུགས་སུ་གསལ་ཡོད།
སྐྱེས་དུས་ཀྱི་རྡེལ་བའི་འབྱུང་བ་དང་གནམ་ལོ་དེ་དག་གང་རུང་དབར་གྱི་འབྲེལ་བར་བརྟག་པར་གཞི་བྱས་ཏེ། ང་ཚོས་སྲོག་ལ་བརྟེན་ནས་འབྱུང་སྲིད་པའི་ལོ་དེའི་ནང་གི་མི་ཚེའི་ཉེན་ཁའི་སྐོར་བརྗོད་ཐུབ་པ་དང་། ལུས་ལ་བརྟེན་ནས་འཕྲོད་བསྟེན་དང་ལུས་ཀྱི་གནོད་པའི་སྐོར་བརྗོད་ཐུབ། དབང་ཐང་ལ་བརྟེན་ནས་ང་ཚོས་ཚོང་གི་ལས་དོན་ལྟ་བུའི་ནང་གི་ལམ་ལྷོང་སྐོར་བརྗོད་ཐུབ། ཀླུང་རྟ་ལ་བརྟེན་ནས་ང་ཚོས་སྤྱིར་བཏང་ཀླུང་རྟ་དང་འགྲིམ་འགྲུལ་སྐོར་བརྗོད་ཐུབ། དེ་བཞིན་བླ་ལ་བརྟེན་ནས་ང་ཚོའི་གཞི་རྩའི་བླའི་བདེ་ཐབས་དང་བརྟན་ཆའི་རང་བཞིན་སྐོར་ལ་བརྗོད་ཐུབ། གལ་ཏེ་ལོ་དེའི་དུས་ཡུན་ནང་འབྲེལ་བ་དཀའ་ངལ་ཅན་ཡོད་ན། ཞི་མཐུན་མེད་པའི་གནས་སྟངས་དེ་དག་གི་ནུས་པ་བཟློག་པའི་ཕྱིར་ཆོས་ཕྱོགས་ཀྱི་ཆོ་གའི་རིགས་བསྒྲུབ་དགོས་པའི་ལམ་སྟོན་བྱས་ཡོད།
ལོ་རྟགས་བཅུ་གཉིས་པོ་རེ་རེའང་གཟའ་གསུམ་ལ་དེ་དང་འབྲེལ་བ་ཆགས་ཡོད་པ་སྟེ། སྲོག་གཟའ་དང་། བླ་གཟའ། གཤེད་གཟའ་བཅས་རེད། མི་ཚང་མས་སྐྱེས་དུས་ཀྱི་ལོ་རྟགས་གཅིག་མཚུངས་སུ་མཉམ་སྤྱོད་བྱེད་པར། དང་པོ་གཉིས་ནི་གཟའ་འཁོར་དེའི་དྭོགས་གཞི་ཅན་གྱི་ཞག་མ་ཡིན་པ་དང་ཕྱི་མ་ནི་མིན། འདི་ནི་དམིགས་བསལ་སྨན་བཅོས་ཀྱི་ཉིན་མོ་འདེམ་སྒྲུག་བྱེད་པའི་ཆེད་སྨན་རྩིས་ནང་བཀོལ་སྤྱོད་བྱེད་ཀྱི་ཡོད།
སྨེ་བ་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་ལྷག་དོན་དུ་གསུམ་གྱིས་གསུམ་ལ་འགྱུར་བའི་ལྕགས་སྒྲོམ་ཡོད་པའི་ནང་ཨང་ཀི་གཅིག་ནས་དགུའི་བར་བཀོད་སྒྲིག་བྱེད་པ་དང་། བཙོན་རེ་རེའི་ནང་གཅིག་ཡོད་པ་དེ་འཕྲེད་ཐིག་དང་། ར་ཐིག་གམ་ཡང་ན་གསེག་ཐིག་བཅས་ནས་ཁ་སྣོན་བྱས་རུང་མ་བྱས་རུང་ཐིག་གང་རུང་ཞིག་གི་བསྡོམས་གྲངས་ནི་བཅོ་ལྔ་ཡིན་པ་རེད། ཨང་ཀི་དགུ་ལོ་འཁོར་དྲུག་ཅུ་དང་མཉམ་སྡེབ་བྱེད་པ་དང་། དེའི་རྒྱུ་མཚན་གྱིས་ལོ་བརྒྱ་དང་བརྒྱད་ཅུ་ (༡༨༠) རེ་རེའི་མཚམས་སུ་སྨེ་བ་གཅིག་མཚུངས་དེ་ལོ་རྟགས་དང་ཕན་ཚུན་འབྲེལ་བ་ཆགས་ཀྱི་ཡོད། དེའི་གོ་རིམ་ནི་ཨང་ཀི་གཅིག་ནས་འགོ་འཛུགས་བྱེད་པ་དང་དེ་ནས་གོ་རིམ་ལྡོག་ནས་མུ་མཐུད་དེ་འགྲོ་གི་ཡོད། དཔེར་ན། དགུ་དང་། བརྒྱད། བདུན་ལ་སོགས་པ་ལྟ་བུ་རེད། སྨེ་བ་དགུ་པོ་རེ་རེ་ནི་ཚོན་མདོག་ཅིག་དང་འབྲེལ་ནས་ཡོད་པ་དང་དེ་དག་ཀྱང་རེ་རེ་བཞིན་དུ་རྒྱ་ནག་ལུགས་ཀྱི་འབྱུང་བའི་ཁམས་ལྔའི་ནང་གི་གཅིག་ལ་འབྲེལ་བ་ཆགས་ཀྱི་ཡོད། ཨང་ཀི་རྣམས་ནི་ནམ་རྒྱུན་དེ་དག་གི་ཚོན་མདོག་དང་འབྲེལ་བའི་སྒོ་ནས་གསལ་སྟོན་བྱས་ཡོད། དཀར་པོ་གཅིག་ནི་ལྕགས་དང་། ནག་པོ་གཉིས་ནི་ཆུ། སྔོ་ནག་གསུམ་ནི་ཆུ། ལྗང་ཁུ་བཞི་ནི་ཤིང་། སེར་པོ་ལྔ་ནི་ས། དཀར་པོ་དྲུག་ནི་ལྕགས། དམར་པོ་བདུན་ནི་མེ། དཀར་པོ་བརྒྱད་ནི་ལྕགས། དམར་སྨུག་དགུའམ་ཡང་ན་སྐབས་རེར་དམར་པོ་དགུ་ནི་མེ་བཅས་ཡིན་པ་རེད། སྨེ་བ་དེ་པར་སྐྲུན་བྱེད་པའི་སྐབས། བཙོན་རེ་རེའི་ཚོན་མདོག་ནི་གཟའ་སྐར་འཕྲོད་སྦྱོར་རེའུ་མིག་འདི་དང་བསྟུན་ནས་ཡོད།
སྐྱེ་དུས་ཀྱི་ཨང་ཀི་སྟེ། བབས་སྨེ་ཞིག་ལོ་ཚད་ཀྱི་ལོ་རེ་རེའི་ནང་བྱུང་ཡོད། འབྱུང་བའི་ཁམས་དང་ལོ་རྟགས་ཀྱི་ལོག་མེན་ལ་བརྟེན་ནས་རྩིས་སྐོར་སྟངས་དེ་ཕོ་དང་མོ་ལ་མི་འདྲ་བ་ཡོད། སྐྱེ་དུས་ཀྱི་འཁོར་ལོའི་ཨང་གྲངས་རེ་རེ་ལ་འགྲེལ་བརྗོད་རེ་ཡོད་པ་དང་། དེའི་ནང་སྐྱེ་བ་སྔོན་མའི་འགྲེལ་བཤད་ཅིག་དང་ལྷན་དུ་ཚེ་འདིའི་ནང་གི་བག་ཆགས་ལྷག་འཕྲོ་བཅས་ཡོད། དེ་ག་ནང་བཞིན་ཡར་རྒྱས་གཏོང་བའི་ཕྱིར། འབྱུང་སྲིད་པའི་སྐྱེ་བ་ཕྱི་མ་དང་མཉམ་དུ་ཆོས་ཕྱོགས་ཀྱི་ཆོ་ག་དང་སྐུ་འདྲ་བཞེངས་རྒྱུ་དང་སྐྱེ་བ་གང་འདྲ་ཞིག་ལ་སྐྱེ་སྲིད་པ་བཅས་རེད། འདི་ནི་བོད་ཀྱི་ཚེ་རབས་ལས་རྩིས་ནང་བཀོད་པའི་སྐྱེ་བ་སྔ་ཕྱིའི་གནས་ཚུལ་སྐོར་གྱི་འབྱུང་ཁུངས་དེ་རེད། ལུས་དང་། སྲོག །དབང་ཐང་། ཀླུང་རྟ་བཅས་ཨང་ཀི་རྣམས་ཀྱང་འབྱུང་བའི་ཁམས་ནང་བཞིན་རྩིས་སྐོར་བ་དང་བརྟག་དཔྱད་བྱེད་ཆོག་པ་ཡིན།
རྒྱ་ལུགས་སྤར་ཁ་སྟེ་མོ་དེབ་ཀྱི་སྤར་ཁ་བརྒྱད་དེ། ཐིག་གསུམ་དང་། ཆད་མ་དང་མ་ཆད་པ་འཕྲེད་ཐིག་གི་སྒོ་ནས་བཀོད་སྒྲིག་བྱས་ཡོད། དེ་དག་ནི་བོད་ཀྱི་འབྱུང་བའི་ཁམས་སམ་ཡང་ན་ནག་རྩིས་ནང་བཀོལ་སྤྱོད་བྱེད་ཀྱི་ཡོད། ཡིན་ནའང་གེ་སར་འཁྲུལ་ཆེན་ནམ་ཡང་མིན། ལོ་ཚད་ཀྱི་ལོ་རེ་རེའི་བབས་སྤར་ནི་སྤར་ཁའི་བཀོད་སྒྲིག་ངེས་ཅན་ཞིག་ལས་བྱུང་བ་ཡིན། རྩིས་སྐོར་སྟངས་ནི་ཕོ་དང་མོའི་བར་མི་འདྲ་བ་ཡིན། ཕོ་མོའི་རྟགས་གཅིག་པ་ཚང་མར་ལོ་ཚད་གཅིག་པ་ལ་བབས་སྤར་གཅིག་མཚུངས་ཡོད།
བོད་ཀྱི་སྐར་རྩིས་རིག་པའི་བོན་གྱི་ཁྱད་པར་མ་གཏོགས་གཞན་ལོ་རེའི་སྤར་ཁའི་གནམ་ལོ་མེད། དེའི་ཁོངས་སུ་སྤྱིར་བཏང་ལོ་རེ་རེ་རིམ་པ་ངེས་ཅན་ཞིག་ཏུ་བསྒྱུར་ཡོད། སྐྱེ་དུས་ཀྱི་ཕོ་མོ་གཉིས་ཀའི་སྤར་ཁ་ནི་སྐྱེ་ལོ་ནས་བརྩིས་མེད་ནའང་། དེ་ནི་ཨ་མའི་བབས་སྤར་དེ་ཨ་མ་ནས་སྐྱེས་པའི་ལོ་དེའི་སྐབས་ལ་བརྩི་གི་ཡོད། སྐྱེ་དུས་དང་བབས་སྤར་གྱི་འགྲེལ་བ་དེས་ཚེ་རབས་ལས་རྩིས་ཆེད་གནས་ཚུལ་མུ་མཐུད་སྟེར་གྱི་ཡོད།
དེའི་སྟེང་ལ་ལུས་དང་། སྲོག །དབང་ཐང་། ཀླུང་རྟ་བཅས་ཀྱི་སྤར་ཁའང་རྩིས་བསྐོར་ཆོག་པ་དང་དེ་དག་ནི་སྐྱེ་དུས་ཀྱི་ཨང་ཀིས་བརྩིས་པའི་སྨེ་བ་བཞི་ལས་བྱུང་བ་རེད། སྤར་ཁ་བཞི་པོ་དེ་དག་དང་དེ་བཞིན་ཕུགས་ཀྱི་བཟའ་ཚང་གཉིས་ཀྱི་སྐྱེ་དུས་ལུས་རྡེལ་དང་། སྲོག་རྡེལ། དབང་ཐང་གི་རྡེལ། ཀླུང་རྡེལ་བཅས་པ་ཁྱོ་ཤུག་གཉིས་ཕན་ཚུན་མཐུན་མིན་བརྟག་པའི་ཆེད་གཉེན་སྒྲིག་གམ་བག་རྩིས་སྐོར་བའི་ནང་གང་བསྡུར་ཞིབ་བྱེད་པ་དག་རེད།།