འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ།

04:30
སྐད་ཡིག་གཞན།

༄༅།། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །

ཞུ་བ་ལ་ཚིགས་བཅད་བཅུ་དྲུག

༡༽དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །

༢༽པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་འདྲའི་ཞལ་མངའ་བ། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །

༣༽ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །

༤༽རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །

༥༽དགའ་མགུ་རངས་པའི་བསམ་པ་ཅན། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་འཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །

༦༽དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བར་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །

༧༽ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །

༨༽ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་པ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །

༩༽རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །

༡༠༽བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་ བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །

༡༡༽མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་ མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །

༡༢༽འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་པ་གང་། །

༡༣༽རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་བཀའ་བཞིན་དུ། །གླུ་བླངས་གང་ལགས་བཤད་དུ་གསོལ། །

༡༤༽མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་འདི། །བདག་གི་བསམ་པ་བརྟན་པོས་བཟུང་། །

༡༥༽ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤངས་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །

༡༦༽གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག།

 ཞུས་ལན་ཚིགས་བཅད་དྲུག

༡༧༽དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱངས་མཛད་དེ། །

༡༨༽འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །

༡༩༽ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་སྟེ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །

༢༠༽སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པས་ནི་དོན་ཆེ་བ། །

༢༡༽དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །

༢༢༽གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་གྱིས་ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །

རིགས་དྲུག་ལ་གཟིགས་པ་ལ་ཚིག་བཅད་གཉིས།

༢༣༽དེ་ནས་བཅམོ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །གསང་སྔགས་རིགས་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས །

༢༤༽འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་ རིགས་ མཆོག་དང་། །རིགས་ཆེན་གཙུག་གཏོར་ཆེར་གཟིགས་ནས། །

སྒྱུ་འཕྲུལ་དྲྭ་བ་མངོན་པར་རྫོགས་པའི་བྱང་ཆུབ་པའི་རིམ་པ་ལ་ཚིགས་བཅད་གསུམ

༢༥༽ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །

༢༦༽ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ ཨཿ སྠི་ཏོ་ཧྲཱི་དི། ཛྙཱ་ན་མཱུརྟི་ར་ཧཾ་བུདྡྷཱོ། བུདྡྷཱ་ནཱཾ། ཏྲཡ་དྷྭ་བརྟྟི་ནཱཾ།

༢༧༽ཨཾ་བཛྲ་ཏིཀྵྞ་དུཿཁཙྪེ་ད། པྲཛྙཱ་ཛྙཱན་མཱུརྟྟ་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ

རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་ཚིགས་བཅད་བཅུ་དྲུག

༢༨༽འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིན། །

༢༩༽ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །

༣༠༽མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །

༣༡༽མཆོད་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་ བ་ཆེན་པོ་དགྲ་ཆེ་བ། །

༣༢༽མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་ བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །

༣༣༽གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དགོ་ཆེ་ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །

༣༤༽ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ཆེན་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །

༣༥༽མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ། །སྒྱུ་འཕྲུལ་ཆེན་པོའི་དགའ་བའི་དགའ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །

༣༦༽སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །

༣༧༽བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ།  །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །

༣༨༽བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །

༣༩༽རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རལོ་གནོན་པ་པོ། །

༤༠༽སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །

༤༡༽མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །

ཤིན་ཏུ་རྣམ་པར་དག་པ་ཆེན་་པོ་དབྱིངས་ཀྱི་ཡེ་ཤེས་ལ་ཚིགས་བཅད་ཉི་ཤུ་རྩ་ལྔ།

༤༢༽སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །

༤༣༽ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །

༤༤༽མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །

༤༥༽རྣམ་པ་བཅུ་པོ་དོན་་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །

༤༦༽ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །

༤༧༽གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །

༤༨༽ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །

༤༩༽ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲང་མི་འཇོག །

༥༠༽ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་པ་དང་བདེན་པར་སྨྲ། །བདེན་པ་བཞི་ནི་སྟོན་པ་པོ། །

༥༡༽ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པུ། །

༥༢༽དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པས་རྙོག་པ་མེད། །

༥༣༽རིག་པ་དང་ནི་རྐང་བར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །

༥༤༽འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །

༥༥༽དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །

༥༦༽དོན་འགྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོགས་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོགས་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །

༥༧༽བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །

༥༨༽རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །

༥༩༽སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །

༦༠༽སངས་རྒྱས་ཐམས་ཅད་བསྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་པའི་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་འབྱུང་བ་སྲིད་པ་སེལ། །

༦༡༽གཅིག་པུ་སྲ་མཁྲེགས་རྗོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །

༦༢༽འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་ སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །

༦༣༽སྔགས་མཆོག་མངའ་བདག་རིགས་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །

༦༤༽སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་ཅིང་བརྗོད་པ་དྲང་སྲོང་ཆེ། །

༦༥༽རིགས་གསུམ་འཆང་བ་གསང་སྔགས་འཆང་། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །

༦༦༽དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །

མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ལ་ཚིགས་བཅད་བཅུ།

རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །

༦༧༽ཁྲོ་བོའི་རྒྱལ་པོ་གདངོ་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །

༦༨༽གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཆེན་འཇིགས་བྱེད་པ། །རྡོ་རྗེ་གྲགས་པོ་རྡོ་རྗེའི་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །

༦༩༽རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་བ་གཅིག་གིས་བསྒྱིངས། །གླང་ཆེན་ཀོ་རློན་གོས་སུ་གྱོན། །

༧༠༽གྲགས་ཆེན་ཧཱའ་ཧཱ་ཞེས་སྒྲོགས་པ། །ཧཱི་ཧཱི་ཞེས་སྒྲོག་འཇིགས་པར་བྱེད། །གད་མོ་ཆེན་མོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །

༧༡༽རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །

༧༢༽མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །

༧༣༽རྡོ་རྗེ་འབར་བ་མིག་མི་བཟང་། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །

༧༤༽ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །

༧༥༽རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧ་ཧ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །

༧༦༽འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོག་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །

སོ་སོར་རྟོག་པའི་ཡ་ཤེེས་ལ་ཚིགས་བཅད་ཞེ་བཅུ་ཞེ་གཉིས།

༧༧༽ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོག་པ། །

༧༨༽ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །

༧༩༽གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །

༨༠༽ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །

༨༡༽འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་བཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །

༨༢༽འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱབས་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །

༨༣༽ནམ་མཁའི་མཐའ་ཀླས་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་སྒོ་ ངའི་སྦུབས་འབྱེད་པ། །སྲིད་པའི་དྲྭ་བ་འཇོམས་པ་པོ། །

༨༤༽ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །

༨༥༽སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །

༨༦༽ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་གྱི་ཐོད། །

༨༧༽ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་བདག །

༨༨༽དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །

༨༩༽བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་བོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །

༩༠༽ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །

༩༡༽དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བའི་གྲགས་བདག་དཔལ། །

༩༢༽མཆོག་ལྡན་མཆོག་སྤྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །

༩༣༽གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་བ་མུན་ཛ་ཅོད་པན་ཐོག །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །

༩༤༽མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གའོུ་ཏམ། །

༩༥༽བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །

༩༦༽མྱ་ངན་འདས་ཞིང་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བར་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །

༩༧༽ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །

༩༨༽རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །

༩༩༽རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །

༡༠༠༽སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །

༡༠༡༽ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །

༡༠༢༽ཀུན་ཏུ་ལྟ་བ་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །འོད་བཟང་འབར་བ་དཔལ་གྱི་བེའུ། །ལག་ན་འོད་འབར་སྣང་བ་པོ། །

༡༠༣༽སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། །

༡༠༤༽སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །

༡༠༥༽འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག ། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །

༡༠༦༽སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །སངས་རྒྱས་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །

༡༠༧༽རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །

༡༠༨༽སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །

༡༠༩༽རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །

༡༡༠༽རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །

༡༡༡༽རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་རྒྱལ། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་ དག །

༡༡༢༽ཐེག་པ་ཆེན་པོའི་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་ཛི་ན་ཛིཀ །རྡོ་རྗེ་བློ་གྲོས་དོན་བཞིན་རིག །

༡༡༣༽ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །

༡༡༤༽བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །

༡༡༥༽ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང། །

༡༡༦༽དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་དེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །

༡༡༧༽ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་བའི་མཐའ། །

༡༡༨༽མི་གཡོ་རབ་ཏུ་དང་པའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང། །སངས་རྒྱས་ཀུན་གྱིས་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །

མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ཚིགས་བཅད་ཉི་ཤུ་རྩ་བཞི། 

༡༡༩༽འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བའི། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །

༡༢༠༽ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །བརྟན་པོ་མི་སྡུག་གཟུགས་འཆང་བ། །

༡༢༡༽ལག་པ་བརྒྱ་བོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །

༡༢༢༽ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱི་གནོན། །རྐང་མཐེབ་སེན་མོའི ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །

༡༢༣༽དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །

༡༢༤༽དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །སྲིད་གསུམ་དགའ་བ་ཆེན་པོ་སྟེ། །

༡༢༥༽སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའ་ིའོད་ནི་ཤས་ཆེར་དམར། །

༡༢༦༽ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆགོ་མཐོན་ཀ་ཆེན་པོ་ཅན། །ནོར་བུ་ཆེན་པོ་འདོ་ ཆགས་དཔལ། །སངས་རྒྱས་སྤྲུལ་བའི་རྒྱན་དང་ལྡན། །

༡༢༧༽འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་བའི་སྟོབས་ཆེན་ལྡན། དེ་ཉིད་དྲན་པ་ཆེན་པོ་འཆང་། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །

༡༢༨༽བྱང་ཆུབ་ཡན་ལག་མེ་ཏོག་སྤོས། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །

༡༢༩༽སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །

༡༣༠༽སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ་། །

༡༣༡༽ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །

༡༣༢༽ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །

༡༣༣༽བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག །

༡༣༤༽སངས་རྒྱས་ཀུན་གྱི་སྤྲུལ་བའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །

༡༣༥༽ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །

༡༣༦༽ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །

༡༣༧༽ཉོན་མོངས་ཉེ་བའི་ཀུན་མངོས། །བགས་ཆགས་བཅས་པ་གཏན་སྤངས་པ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །

༡༣༨༽འདུ་ཤེས་ཀུན་གྱི་དནོ་སྤངས་ཤིང་། །རྣམ་ཤེས་དོན་ནི་འགག་པར་བྱེད། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །སེམས་ཅན་ཀུན་གྱི་ཡིད་རིག་པ། །

༡༣༩༽སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །

༡༤༠༽གྲུབ་པ་མཐར་ཕྱིན་འཁྲུལ་བ་མེད། །ནོར་པ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །

༡༤༡༽ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་ཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །

༡༤༢༽ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་ཏོག །

བྱ་བ་ནན་གྱི་ཡེ་ཤེས་ལ་ཚིགས་བཅད་བཅུ་ལྔ།

༡༤༣༽སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །

༡༤༤༽གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་བ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །

༡༤༥༽རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ འཆང་། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །

༡༤༦༽བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །

༡༤༧༽སྤྲུལ་བའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་བའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །

༡༤༨༽ལྷ་དང་ལྷ་དབང་ལྷ་ཡི་བླ། །ལྷ་ཡི་བདག་པོ་ལྷ་མིན་བདག །འཆི་མེད་དབང་བོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །

༡༤༩༽སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །

༡༥༠༽བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགསོ ། །ཤེས་རབ་རལ་གྲི་མདའ་གཞི་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །

༡༥༡༽དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །

༡༥༢༽མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །

༡༥༣༽འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིགས་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །

༡༥༤༽བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱི་ནི་དེ་ཉིད་ཐོབ། །

༡༥༥༽བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །

༡༥༦༽གཙོ་བོ་ཆོས་ཀྱི་སྤྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའིདོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །

༡༥༧༽དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་བ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །

རིགས་ལྔའི་སྒོ་ནས་ཡེ་ཤེས་ལྔ་ལ་བསྟོད་པ་ལ་ཚིགས་བཅད་ལྔ། 

༡༥༨༽མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །

༡༥༩༽སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །

༡༦༠༽སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །

༡༦༡༽མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །

༡༦༢༽སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །

གཟུངས་སྔགས།

ཨཾ་སརྦ་དྷརྨཱ་ཨ་བྷ་ཝ་སྭ་བྷཱ་ཝ། བི་ཤུདྡྷ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཱཿ

པྲ་ཀྲྀ་ཏི་པ་རི་ཤུདྡྷཿ སརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ། ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡ་ཏི།

ཨཾ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨཾ་ཧཱུྃ་ཧྲཱིཿ བྷ་ག་ཝན་ཛྙཱ་ན་མུརྟྟི་ཝཱ་གཱི་ཤྭ་ར། མ་ཧཱ་པཱ་ཙ་སརྦ་དྷརྨ། ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ

མཇུག་བྱང་།

༡༦༣༽དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །

༡༦༤༽དེ་ནས་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །

༡༦༥༽མགོན་པོ་བདག་ཅག་ཡི་རིང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །

༡༦༦༽འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་འཐོབ་པའི་དོན་ཆེན་མཛད། །སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྟན་པ། །

༡༦༧༽འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །

བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ།།

རྒྱ་གར་གྱི་མཁན་པོ་ཤྲད་དྷ་ཀཱ་ར་ཝཱརྨ་དང་། ཀ་མ་ལ་གུབྟ་དང་། ཞུ་ཆེན་གྱི་ལོ་ཙྭ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། ། ། དགེའོ། །

Top