བློས་དཔྱད་ཀྱི་ལངས་ཕྱོགས།
ཆོས་ལུགས་སམ་ལྟ་གྲུབ་རིང་ལུགས་གང་འདྲ་གཉིས་ཀྱི་དབར་ལ་ཆོས་ཅན་ཐུན་མོང་གི་གཞི་འཚོལ་ཞིབ་བྱེད་པར་དཀའ་ཚེགས་དང་ཉེན་ཚབས་མང་པོ་ཡོད་པ་རེད། ཆོས་ལུགས་མཚུངས་བསྡུར་གྱི་ཤེས་ཡོན་སྒྲིག་ཁྲིམས་ལ་གཞིགས་ནས་དཀའ་ངལ་ནང་གི་གཙོ་བོ་གཅིག་ནི་མི་ཞིག་གིས་ལྟ་བའི་ལང་ཕྱོགས་གང་ཞིག་ཁས་ལེན་བྱེད་པ་དང་འབྲེལ་བ་ཆགས་ཀྱི་ཡོད། ཇི་ལྟར་ཀྲིས྄་ཊཱིན་ བྷེ་སེ་ ཀིབ་ལིངྒར་ (Kristin Baise Kiblinger) གྱིས་བྲིས་པའི་ “གཞན་གྱི་ཕྱོགས་སུ་ནང་པའི་བསམ་ཕྱོགས། རིགས་དང་། དཔེ། བསམ་ཞིབ་” ཅེས་ནང་པའི་ཆོས་ལུགས་གཞན་ལ་བལྟ་སྟངས་ཞེས་པའི་ནང་པར་སྐྲུན་ཞུས་པའི་རྩོམ་བྲིས་ནང་འཁོད་པ་ལྟར། ངས་མཚུངས་བསྡུར་དེ་འདྲ་བ་ཡེ་ཤུའི་ཆོས་ལུགས་རྣམ་གཞག་གི་ནང་ལང་ཕྱོགས་མི་འདྲ་བ་རྣམས་སྡེ་ཚན་དུ་དབྱེ་བའི་ཕྱིར་ཐབས་ལམ་ཞིག་ཞུ་རྒྱུ་ཡིན།
རྩོམ་བྲིས་དེའི་ནང་། ཀིབ་ལིངྒར་གྱིས་ལང་ཕྱོགས་གསུམ་བཀོད་ཡོད་པ་ནི། ཆོས་ལུགས་གཅིག་བདེན་རིང་ལུགས་དང་། ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས། གནས་ལུགས་དུ་མ་ཡོད་པར་སྨྲ་བའི་རིང་ལུགས་བཅས་རེད།
- ཆོས་ལུགས་གཅིག་བདེན་རིང་ལུགས་ཀྱི་ལང་ཕྱོགས་དེ་ནི་ཆོས་ལུགས་གཅིག་ཁོ་ནར་ཐར་པའི་ལམ་དེ་ཡོད་པ་རེད། ཆོས་ལུགས་གཞན་དག་གིས་བརྗོད་གཞི་གཅིག་པའི་ཐོག་ང་ཚོ་དང་ཐུན་མོང་གི་ལྟ་ཚུལ་འཛིན་སྲིད་ནའང་། ཁོང་ཚོའི་ལང་ཕྱོགས་དེ་ནོར་བ་རེད། ནང་པའི་དཔེ་ཆ་མང་པོའི་ནང་ནང་པ་མིན་པའི་ཕྱི་རོལ་པ་ཙམ་དུ་མ་ཟད། ནང་པ་བཞན་དག་ལའང་བསམ་ཕྱོགས་འདི་འདྲ་ཞིག་ཡོད།
- ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་ལང་ཕྱོགས་ལྟར་ན། ཐར་པ་འཐོབ་པའི་ལམ་མང་པོ་ཡོད་པ་དང་དེ་དག་ལས་གཅིག་ནི་གཞན་ལས་ལྷག་པ་མཆོག་ཏུ་གྱུར་བ་ཡིན་པ་རེད། ཕྱོགས་གཞན་ཞིག་ནས་ཆོས་ལུགས་གཞན་དག་གིས་ང་ཚོ་དང་མཉམ་དུ་ཐུན་མོང་གི་གཞི་རྣམས་མཉམ་སྤྱོད་བྱེད་སྲིད་པ་དང་ཚང་མ་ཚད་ལྡན་ཡིན་ནའང་། ང་ཚོའི་ཆོས་ལུགས་ནི་གཞན་དག་ལས་ཡག་ག་རེད་ཟེར་བ་ལྟ་བུ་རེད། བོད་བརྒྱུད་ནང་བསྟན་སྣ་ཚོགས་པའི་རྗེས་འབྲང་འགའ་ཞིག་ལ་བོད་ཀྱི་ཆོས་བརྒྱུད་གཞན་ལ་འདི་ལྟ་བུའི་བློའི་ཁྱེར་སོ་ཡོད་པའི་བཟོ་འདྲ་འདུག །དཔེར་ན། ཆོས་བརྒྱུད་ཚང་མས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱེད་ནའང་། ང་ཚོའི་ལུགས་འདི་ཡག་ཤོས་ཡིན་བསམ་པ་ལྟ་བུ་རེད།
- གནས་ལུགས་དུ་མ་ཡོད་པར་སྨྲ་བའི་རིང་ལུགས་ལ་ཆ་བཞག་ན། ཐར་པར་འཐོབ་པའི་ལམ་མང་པོ་ཡོད་པ་དང་དེ་དག་ལས་གཅིག་ཀྱང་གཞན་ལས་ལྷག་པ་དང་མཆོག་ཏུ་གྱུར་བ་མིན། འདི་ནི་ཆོས་ལུགས་རིས་མེད་ཀྱི་ལྟ་བ་ཞིག་ཡིན་པ་དང་། འདིས་ཆོས་ལུགས་མི་འདྲ་བའི་ལང་ཕྱོགས་སྣ་ཚོགས་པ་དང་འབྲེལ་བའི་ཐུན་མོང་གི་བརྗོད་བཞི་ཁག་གསལ་སྟོན་བྱེད་པ་ཙམ་ཞིག་ཡིན་ལས། དེ་དག་ལ་གོ་གནས་མཐོ་དམན་གྱི་སྐད་ཆ་མེད་པ་རེད།
ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་དང་གནས་ལུགས་དུ་མ་ཡོད་པར་སྨྲ་བའི་རིང་ལུགས་ནང་དུ་ཁྱད་པར་དངོས་ག་ཚོད་ཙམ་ཞིག་ཁས་ལེན་བྱེད་ཀྱི་ཡོད་པ་དང་ཁྱད་པར་དེ་དག་གཏིང་ཟབ་ལོད་ཇི་ཙམ་ཞིག་ཏུ་བསམ་དགོས་པའི་ཚད་གཞི་ཡོད་པ་རེད།
- རིགས་དང་པོས་འདྲ་བའི་ཆ་རྣམས་ལ་ནན་བརྗོད་བྱེད་ཀྱི་ཡོད་པ་དང་དེས་མི་འདྲ་བའི་ཆ་རྣམས་ངོས་འཛིན་བྱེད་ཀྱི་ཡོད་ནའང་། དེས་མི་འདྲ་བའི་ཁྱད་པར་རྣམས་མཚུངས་ཆ་དང་། ཆོས་མཐུན་པ། ཡང་ན་གལ་ཆེན་མིན་པའི་ཞོར་གྱི་གནད་དོན་ལྟ་བུར་བརྩིས་ནས་བསྐྱར་བཟོ་བྱེད་པའི་སྒོ་ནས་གལ་ཆུང་ཆུང་ལྟ་བུ་བཟོ་གི་ཡོད། དེས་ཆོས་ལུགས་གཞན་གྱིས་ང་ཚོས་བྱེད་པ་དེ་དང་གཅིག་མཚུངས་སུ་ཐབས་མི་འདྲ་བ་ཙམ་གྱི་སྒོ་ནས་བྱེད་ཀྱིན་ཡོད་པའི་ལྟ་ཚུལ་འཛིན་གྱི་ཡོད། དེ་ཡང་དོན་ངོ་མར་ཁོང་ཚོས་མི་ཤེས་བཞིན་དུ་ང་ཚོའི་ཆོས་ལུགས་ལ་འཇུག་བཞིན་ཡོད། དཔེར་ན། དགེ་ལུགས་པས་རྙིང་མའི་རྫོགས་ཆེན་གྱི་ཉམས་ལེན་དེ་དགེ་ལུགས་པའི་རྣལ་བྱོར་བླ་མེད་རྒྱུད་ཀྱི་ལྟ་བའི་རྣམ་གཞག་དང་བསྟུན་ནས་འགྲེལ་བརྗོད་བྱེད་པ་ལྟ་བུ་རེད།
- རིགས་གཉིས་པས་རང་སོ་སོའི་ཆོས་ལུགས་གཞན་ལས་ལྷག་པ་དང་མཆོག་ཏུ་གྱུར་བ་ཞིག་ཏུ་བསམ་མིན་ལ་མ་བལྟོས་པར། མི་འདྲ་བའི་ཁྱད་པར་ངོ་མ་རྣམས་ལ་གུས་ཞབས་བྱེད་པ་དང་ཡར་རྒྱས་གོང་འཕེལ་འགྲོ་བར་བསྐུལ་རྐྱེན་བྱེད་པའི་ཆེད་ཕན་ཚུན་བགྲོ་གླེང་བྱ་རྒྱུ་ནི་རིན་ཐང་ལྡན་པའི་ཐབས་ཤིག་ཏུ་མཐོང་གི་ཡོད།
རིགས་དང་པོ་ལ་མཚོན་ན། (ཁོང་ཚོས་དོན་ངོ་མར་ང་ཚོས་གང་བྱེད་པ་དེ་ཐབས་མི་འདྲ་བའི་སྒོ་ནས་བརྗོད་ཀྱི་ཡོད་) དེ་ལ་ཉེན་ཁ་གང་ཡོད་ཅེ་ན། དེ་ནི་རློམས་སེམས་ཅན་དང་། ཁེངས་དྲེགས་ཅན། རང་ཉིད་ལ་དགའ་བརྩེ་བཅས་ཆགས་སྲིད། དེ་ཡང་ཁོང་ཚོའི་ཆོས་ལུགས་ཀྱི་དོན་ངོ་མ་གང་ཡིན་པ་དེ་ཁོང་ཚོ་ལས་ང་ཚོ་ཡག་ག་ཤེས་ཀྱི་ཡོད་ཁུལ་བྱེད་ཀྱི་ཡོད། འདིའི་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་སྣམ་པ་སྣ་ཚོགས་ལ་གཞིགས་ན་སོ་སོའི་ཆོས་ལུགས་དེ་གཞན་ལས་ལྷག་པར་ཡིད་ཆེས་ཀྱི་ཡོད་པས། ལྟ་ཚུལ་འདིས་དོན་ངོ་མར་མི་ཤེས་བཞིན་དུ་ཆོས་ལུགས་གཞན་དེས་ང་ཚོའི་དམིགས་ཡུལ་གྱི་ཕྱོགས་སུ་དམིགས་ཀྱི་ཡོད་པའི་རྣམ་པ་ཞིག་སྟོན་གྱི་ཡོད། ཡང་ན་དེ་དག་ནི་ང་ཚོའི་ལམ་ལས་རིམ་པ་དམའ་བ་ཙམ་ཞིག་ཏུ་ལྟ་གི་ཡོད། བསམ་ཕྱོགས་དེའི་རིགས་ལ་བརྟེན་ནས་ང་ཚོས་དེ་དག་ལས་གང་ཡང་ལེགས་ཆ་བླང་ཐུབ་ཀྱི་མེད་ནའང་། ཁོང་ཚོས་ང་ཚོ་ནས་ལེགས་ཆ་མང་པོ་ཞིག་བླང་ཐུབ་ཀྱི་ཡོད། འདིའི་ནང་གསེས་ཀྱི་དབྱེ་བ་ཁག་ནི།
- ཆོས་ལུགས་ཚང་མའམ་ཡང་ན་མང་ཆེ་བ་ནི་དམིགས་ཡུལ་གཅིག་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་དང་། ཁོང་ཚོའི་ལམ་དེ་ང་ཚོ་ནང་བཞིན་ཡག་པོ་དེ་ཙམ་མེད་ནའང་། མཐར་གཏུགས་ན་ང་ཚོའི་དམིགས་ཡུལ་ནང་བཞིན་དམིགས་ཡུལ་གཅིག་པ་ལ་འགོད་པར་བྱེད་ཀྱི་རེད།
- ཁོང་ཚོ་ནི་མཐར་ང་ཚོའི་ལམ་དུ་འགོད་པར་བྱེད་དགོས་ཤིང་། ཁོང་ཚོས་དམིགས་བཞིན་པའི་ང་ཚོའི་ལམ་དེ་ལ་བརྟེན་ནས་དམིགས་ཡུལ་གཅིག་པ་འཐོབ་དགོས་ཀྱི་ཡོད། འོན་ཀྱང་། གལ་ཏེ་ཁོང་ཚོས་སོ་སོའི་ལམ་དེའི་རྗེས་སུ་འབྲངས་བ་ཡིན་ན། དམིགས་ཡུལ་དེ་འཐོབ་མི་ཐུབ། ནང་ཆོས་ནང་དུ་དེའི་དཔེ་མཚོན་ཞིག་ནི་རྣལ་འབྱོར་བླ་མེད་རྒྱུད་ནས་གསུངས་པ་དེ་རེད། དེ་ཡང་མདོ་དང་རྒྱུད་སྡེ་འོག་མས་ས་བཅུ་པ་ཁོ་ནའི་བར་དུ་འཁྲིད་ཐུབ་ཀྱང་། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར། ཁྱེད་ཀྱིས་རྣལ་འབྱོར་བླ་མེད་ཀྱི་ཉམས་ལེན་དང་ཐབས་ལ་བརྟེན་དགོས་ཀྱི་ཡོད།
རིགས་དང་པོའི་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་རྣམ་པ་མི་འདྲ་བ་གཞན་དག་ (ཁྱད་པར་རྣམས་ལ་གལ་ཆུང་དུ་བརྩི་བ་དང་དོན་ངོ་མར་འདྲ་བའི་ཆ་ཡོད་ཅེས་བརྗོད་མཁན་) གིས་ནི།
- ཚིག་དང་དོན་ཆོས་བཅས་པ་ནི་སྒོམ་གྱི་མྱོང་བའི་ངེས་བཟུང་མེད་པའི་རྣམ་འགྱུར་ཡིན་པ་དང་ཆོས་ལུགས་ཚང་མས་ཉམས་མྱོང་གཅིག་པའི་སྐོར་ཤོད་ཀྱིན་ཡོད་ཅེས་ཁས་ལེན་བྱེད་ཀྱི་ཡོད།
- ཆོས་ལུགས་ཚང་མར་ཐུན་མོང་ལྟ་བའི་རྣམ་གཞག་གི་སྙིང་པོ་ཞིག་གམ་ཁས་ལེན་གྱི་སྙིང་པོ་ཞིག་ཡོད་པ་དང་། མི་འདྲ་བའི་ཁྱད་པར་ལ་རིག་གཞུང་དང་ལོ་རྒྱུས་རྒྱུ་རྐྱེན་ཁོ་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། དཔེར་ན། རྒྱ་གར་དང་། ལྷོ་ཤར་ཨེ་ཤི་ཡ། རྒྱ་ནག །ཉི་ཧོང་། བོད་ལ་སོགས་པའི་རྒྱལ་ཁབ་མི་འདྲ་བའི་ནང་གི་ནང་ཆོས་ཀྱི་རྣམ་པ་སྣ་ཚོགས་པ་དེ་དག་གི་ནམ་རྒྱུན་འཆར་ཅན་གྱི་ངོ་སྤྲོད་གསལ་བཤད་ལྟ་བུ་རེད།
དེར་མ་ཟད། ང་ཚོས་ནང་ཆོས་དང་ཁ་ཆེའི་ཆོས་ལུགས་ཀྱི་དབར་ལ་ཐུན་མོང་དུ་འབྱུང་སྲིད་པའི་གཞི་ཞིག་འཚོལ་ཞིབ་བྱེད་པའི་སྐབས། དེས་ཆོས་ལུགས་བརྗེ་འགྱུར་གྱི་བརྗོད་གཞི་དང་འབྲེལ་བ་ཆགས་ཀྱི་ཡོད།
- ཆོས་ལུགས་གཅིག་བདེན་རིང་ལུགས་ཤིག་ལ་བརྟེན་ནས་གལ་ཏེ་ང་ཚོའི་ཆོས་ལུགས་འདི་ཁོ་ན་བདེན་པ་ཡིན་ན། ཁྱེད་རང་འཇིགས་ཉེན་ལས་སྐྱོབ་པར་ཁྱེད་ཀྱི་ཆོས་ལུགས་སྤངས་ནས་ང་ཚོའི་ཆོས་ལུགས་རང་ལུགས་སུ་བསྟེན་དགོས།
- ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་ལྟ་བ་ཞིག་ལ་བརྟེན་ནས་ཁྱེད་ཀྱིས་ཁྱེད་རང་གི་ཆོས་ལུགས་ཀྱི་རྗེས་སུ་འབྲང་རྒྱུ་དེ་འགྲིག་པ་རེད། གང་ཡིན་ཞེ་ན། དེ་ནི་དོན་ངོ་མར་ང་ཚོའི་ཆོས་ལུགས་ཀྱི་རྣམ་པ་དམའ་བ་དེ་ཡིན་པ་དང་མཐར་ཁྱེད་ཀྱིས་ང་ཚོའི་ལྟ་བ་དེ་རང་བཞིན་གྱིས་རྟོགས་པའམ་ (དཔེར་ན། སེམས་ཙམ་པས་རྣལ་འབྱོར་བླ་མེད་རྒྱུད་ཉམས་ལེན་བྱེད་པ་དེ་རྫོགས་རིམ་ཉམས་ལེན་གྱི་སེམས་དབེན་པ་ཐོབ་པའི་སྐབས། རང་བཞིན་གྱིས་དབུ་མ་ཐལ་འགྱུར་བ་འགྱུར་གྱི་ཡོད་པ་ལྟ་བུ་) ཡང་ན་མཐར་ང་ཚོས་ཁྱེད་རང་ཆོས་ལུགས་བརྗེ་སྒྱུར་བྱེད་དགོས་ཀྱི་རེད།
- གནས་ལུགས་དུ་མ་ཡོད་པར་སྨྲ་བའི་རིང་ལུགས་ཀྱི་ལྟ་བ་ལ་བརྟེན་ནས་ཆོས་ལུགས་རེ་རེས་རང་སོ་སོའི་མཐར་ཐུག་གི་དམིགས་ཡུལ་ལ་འགོད་པར་བྱེད་པ་དང་དེ་དག་ཐམས་ཅད་ནི་བསྔགས་འོས་པ་རེད། དེ་ཡང་རྣམ་པ་མི་འདྲ་བ་གཉིས་ལ་བརྟེན་ནས་དམིགས་ཡུལ་རྣམས་འདྲ་མཉམ་ཡིན་པའམ་ཡང་ན་འདྲ་མཉམ་མིན་པ། དེ་བཞིན་གཉིས་ཀ་གཞན་ལས་ལྷག་པ་མིན། དེར་བརྟེན་ཆོས་ལུགས་བརྗེ་འགྱུར་དེ་མི་དགོས་པ་རེད། འདི་ནི་དཔེར་ན། ཁྱེད་ཀྱིས་ནང་པའི་ཉམས་ལེན་བྱེད་ཀྱི་ཡོད་ན། ཁྱེད་རང་ནང་པའི་ལྷ་ཡུལ་དུ་སྐྱེ་དགོས་པ་ལས་ཁ་ཆེའི་ལྷ་ཡུལ་དུ་མི་སྐྱེ་བ་དང་། ཡང་གལ་ཏེ་ཁྱེད་ཀྱིས་ཁ་ཆེའི་ཉམས་ལེན་བྱེད་ཀྱི་ཡོད་ན། དེ་མཚུངས་ཁྱེད་རང་ཁ་ཆེའི་ལྷ་ཡུལ་དུ་སྐྱེ་དགོས་པ་ལས་ནང་པའི་ལྷ་ཡུལ་དུ་མི་སྐྱེ་བ་ལྟ་བུ་རེད།
རིགས་གཉིས་པ་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་དང་གནས་ལུགས་དུ་མའི་རིང་ལུགས་ (འདི་ནི་ཆོས་ལུགས་ཚང་མས་སོ་སོའི་ལུགས་དེ་གཞན་ལས་ལྷག་པ་ཞིག་ཡིན་པར་བསམ་མིན་ལ་མ་བལྟོས་པར། ཚང་མ་ཚད་ལྡན་ཡིན་པར་ཁས་ལེན་བཞིན་དུ་ཆོས་ལུགས་དབར་གྱི་མི་འདྲ་བའི་ཁྱད་པར་ལ་གུས་ཞབས་བྱེད་པའི་རིགས་) ལ་མཚོན་ན། གནད་འགག་ཅན་གྱི་གནད་དོན་ནི་ཆོས་ལུགས་གཞན་དག་རྟོགས་ཚུལ་དང་དེ་སོ་སོ་རང་ཉིད་ཀྱི་ཆོས་ལུགས་དང་མཚུངས་བསྡུར་ཇི་ལྟར་བྱེད་པའི་ཚུལ་དེ་རེད།
- ཁྱེད་ཀྱིས་ཆོས་ལུགས་གཞན་ཞིག་དེའི་ཐུན་མོང་མ་ཡིན་པའི་ལུགས་སུ་རྟོགས་ཐུབ་བམ། ཡང་ན་ཆོས་ལུགས་གཞན་དག་ཤེས་རྟོགས་ཐུབ་རུང་བཟོ་བའི་ཕྱིར། ཁྱེད་ཀྱིས་རང་སོ་སོའི་ལུགས་ལ་བརྟེན་ནས་དེ་དག་གི་ཁས་ལེན་རྣམས་ཐ་སྙད་ཀྱི་ནང་འཇུག་དགོས་སམ།
- གལ་ཏེ་ཁྱེད་ཀྱིས་ཕྱི་མ་ (ཤེས་རྟོགས་ཐུབ་རུང་བཟོ་བའི་ཕྱིར་སོ་སོ་རང་ཉིད་ཀྱི་དད་པའི་ལམ་ལུགས་ལ་བརྟེན་ནས་ཁོང་ཚོའི་ཁས་ལེན་རྣམས་ཐ་སྙད་དུ་འཇུག་པ་) དེ་བྱས་ན། ཁྱེད་ཀྱིས་ལང་ཕྱོགས་འདི་རིགས་དང་པོའི་ནང་བརྒྱུད་པ་མེད་པའམ་ཉམས་པ་མེད་པའི་སྒོ་ནས་བྱེད་ཐུབ་བམ། དེ་ལ་བརྟེན་ནས་ཁྱེད་ཀྱིས་ཁོང་ཚོའི་དད་པ་ནི་ཁྱེད་ཀྱི་དད་པའི་རྣམ་པ་མི་འདྲ་བ་ཙམ་ཞིག་ཡིན་པར་ཁས་ལེན་པ་རེད་དམ།
ཕྱོགས་གཞན་ཞིག་ནས་གལ་ཏེ་ཁྱེད་ཀྱིས་ནང་ཆོས་དང་ཁ་ཆེ་ལྟ་བུ་ཆོས་ལུགས་གཉིས་ཀྱི་དབར་ལ་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་གནད་དོན་དང་བརྗོད་གཞིའི་རིགས་ཤེས་ཐུབ་པ་དང་། ཐ་ན་ཁྱེད་ཀྱིས་བརྗོད་གཞི་དེ་དག་དང་རང་སོ་སོའི་ལུགས་ཀྱི་རྟོག་པའི་སྒྲོམ་གཞིའི་ནང་ཆོས་ལུགས་གཞན་དེའི་ལང་ཕྱོགས་བཅས་བརྗོད་དགོས་ན། ཁྱེད་ཀྱིས་མི་འདྲ་བའི་ཁྱད་པར་རྟོགས་ཐུབ་པ་དང་དེ་ལ་གུས་ཞབས་བྱེད་ཐུབ། ཁྱེད་ཀྱིས་སོ་སོ་རང་ཉིད་ཀྱི་ཆོས་ལུགས་དེ་ཡག་ཤོས་ཡིན་ཞེས་བརྗོད་མི་དགོས་པ་དང་ཆོས་ལུགས་གཞན་དེ་ལ་རང་མཆོག་འཛིན་གྱི་བསམ་བློ་མེད་པའི་ཐོག་བཟོད་སྒོམ་ལྡན་ཞིང་དཔྱད་ཁྲ་མེད་པའི་བསམ་ཕྱོགསདང་བཅས་མི་འདྲ་བའི་ཁྱད་པར་ལ་གུས་ཞབས་བྱེད་ཐུབ། དེ་ལྟ་བུའི་གོ་རྟོགས་དང་བསམ་ཤེས་གུས་ཞབས་བཅས་ལ་གཞི་བྱས་ནས་ཁྱེད་ཀྱིས་ཆོས་ལུགས་ཞི་མཐུན་སྐྲུན་ཐུབ།
ལང་ཕྱོགས་དང་ཐབས་ཚུལ་འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོས་ཕྱག་བསྟར་གནང་གི་ཡོད། “ཆོས་ལུགས་ཡག་ཤོས་དེ་གང་རེད་དམ་” ཞེས་ཁོང་ལ་བཀའ་འདྲི་ཞུས་པའི་སྐབས། ཁོང་གིས། “ཁྱེད་རང་མི་བཟང་བ་དང་སྙིང་རྗེ་ཆེ་བ་ཞིག་ཏུ་འགྱུར་བར་ཕན་པའི་དད་པ་དང་ཉམས་ལེན་གྱི་ལེ་ལག་ཆ་ཚང་བ་ནི་ཆོས་ལུགས་ཡག་ཤོས་དེ་རེད་” ཅེས་བཀའ་ལན་གནང་ཡོད།
ལོ་རྒྱུས་ཀྱི་ལྟ་ཚུལ།
ནང་ཆོས་ཐད་ལ་ལོ་རྒྱུས་དང་འབྲེལ་བའི་ཁ་ཆེའི་ལངས་ཕྱོགས།
ད་ང་ཚོས་ནང་ཆོས་དང་ཁ་ཆེའི་ཆོས་ལུགས་ཐད་ལ་ཞིབ་པར་བལྟ་རྒྱུ་ཡིན། ཁ་ཆེའི་ཆོས་ལུགས་ལ་ཆ་བཞག་ན། རང་ཉིད་ནས་བརྗོད་གཞི་དེའི་སྐོར་ལ་ཉམས་ཞིབ་བྱས་པ་མ་ཟད། རེ་ཛ་ ཤའ་ ཀ་ཛེ་མིས་ (Reza Shah Kazemi) བྲིས་པའི་ (Common Ground between Islam and Buddhism) (ཁ་ཆེ་དང་ནང་ཆོས་དབར་གྱི་ཐུན་མོང་གི་གཞི་) ཟེར་བའི་དཔེ་དེབ་ལས་ཀྱང་དྲངས་ཡོད། དཔེ་དེབ་དེའི་སྔོན་བརྗོད་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཇཽར་དེན་གྱི་པྲཱིན་ས྄་ གྷ་ཛི་ བྷིན་ མུཧྨམད་ (Prince Ghazi bin Muhammad of Jordan) གཉིས་ནས་བྲིས་གནང་ཡོད། དེ་ག་ནང་བཞིན་ངས་དམིགས་བསལ་འབུམ་རམས་པ་ཀ་ཛེ་མིས་བྲིས་པའི་ཁ་ཆེའི་གསུང་རབ་ཁུ་རཱན་ནས་ཀྱང་འབྲེལ་ཡོད་ཀྱི་ལུང་ཚིག་རྣམས་དྲངས་ཡོད།
ལོ་རྒྱུས་ཀྱི་ཐོག་ནས་ཁ་ཆེ་དང་ནང་པ་གཉིས་ཀས་ (འདིར་ང་ཚོས་རྒྱ་གར་དང་བོད་ཀྱི་ནང་ཆོས་ལ་ཚད་འཛིན་རྒྱུ་ཡིན་) ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་ལང་ཕྱོགས་དེ་མོས་འདེམས་བྱས་ཡོད། དཔེར་ན། གསུང་རབ་རྗེས་འབྲང་པའི་ནང་པ་རྣམས་ཐེ་བའི་ཁ་ཆེ་བ་ཚོ་དང་། དེ་ག་ནང་བཞིན་འཇིའུ་དང་། ཡེ་ཤུ། ཛོ་ར་སི་ཆོས་ལུགས་རྗེས་འབྲང་པ་ལྟ་བུ་རེད། དེ་ཇི་ལྟར་བྱུང་ཡོད་དམ།
ཁ་ལི་ཧྥའམ་ཁ་ཆེའི་སྟོན་པ་མུཧྨམ་དའི་ཁྲི་འཛིན་གཉིས་པ་ཨུ་མེ་ཡ་དའི་ (Umayyad Caliphate) (ཡེ་ལོ་ ༦༦༡ -༧༥༠) དུས་སྐབས་སུ་ཨེ་རབ་ཀྱིས་ཁྲིམས་གཞི་དང་ཁ་ཆེའི་ཆོས་ལུགས་དེ་བཞིན་དབུས་ཤར་གང་སར་ཁྱབ་སྤེལ་བཏང་ཡོད། དེར་བརྟེན་དུས་རབས་བརྒྱད་པའི་འགོ་སྟོད་ལ་ཨུ་མེ་ཡ་ད་སྤྱི་ཁྱབ་མུ་ཧྨམ་ད་ བྷིན་ ཁཱ་སིམ་ (Umayyad general Muhammad bin Qasim) གྱིས་གཙོ་བོ་ནང་པའི་ས་ཁུལ་ཡིན་པ་སིན་ད་ (Sind) དབང་སྒྱུར་བྱས་པ་རེད། འདི་ནི་ད་ལྟའི་ཆར་ལྷོ་པཱ་ཀིསྟཱན་ལ་ཆགས་ཡོད། དེའི་གྲོང་ཁྱེར་ཆེ་ཁག་ནང་གི་གཅིག་སྟེ། བྷྲཧྨ་ན་བྷད་ (Brahmanabad) ཞེས་པ་ནས་ཡིན་པའི་ནང་པ་དང་ཧིནྡུ་ཚོས་ཁོང་ཚོའི་ལྷ་ཁང་བསྐྱར་བཞེངས་དང་ཆོས་དད་རང་དབང་རྒྱུན་འཛིན་བྱེད་ཆོག་པའི་འབོད་བསྐུལ་ཞུས་ཡོད། སྤྱི་ཁྱབ་ཁཱ་སིམ་གྱིས་དེའི་སྐོར་མངའ་སྡེའི་སྲིད་སྐྱོང་ཧཇ་ཇ་ཇ་ བྷིན་ ཡུ་སུཧྥ་ (Hajjaj bin Yusuf) དང་གོ་སྡུར་བྱས་པ་དང་། དེས་ཀྱང་ཁ་ཆེའི་སེར་མོ་བའམ་ཆོས་དཔོན་ (clerics) རྣམས་དང་གོ་སྡུར་བྱས་པ་རེད། ཆོས་ཕྱོགས་ཀྱི་སེར་མོ་བ་རྣམས་ནི་བྷྲཧྨ་ན་བྷད་གཞིས་ཆགས་ (Brahmanabad settlement) ཞེས་སུ་གྲགས་པ་དེ་ཚོས་ནང་པ་ (ཧིནྡུའང་ཚུད་ཡོད་) ཚོ་ནི་གསུང་རབ་རྗེས་འབྲང་པར་ཁྱབ་བསྒྲགས་བྱས་པ་རེད།
ཨུ་མེ་ཡ་དའི་མངའ་སྡེའི་སྲིད་སྐྱོང་གི་བཀའ་ཁྱབ་བཏང་བའི་ནང་།
ནང་པའི་ལྷ་ཁང་དང་ལྷ་ཁང་གཞན་ཁག་བཞེངས་དགོས་པ་དང་། དེ་བཞིན་ཆོས་ལུགས་ཀྱི་གནད་དོན་ཐད་ལ་བཟོད་སྒོམ་དགོས་སྐོར་ལ་བྷྲཧྨ་ན་བྷ་དའི་འགོ་ཁྲིད་ཚོས་འབོད་བསྐུལ་ཞུ་བ་དེ་ནི་དྲང་བདེན་དང་རྒྱུ་མཚན་ལྡན་པ་རེད། འཆར་ཅན་གྱི་ཁྲལ་དེ་ལས་འདས་པའི་ཐོབ་ཐང་གཞན་གང་དག་ཁོང་ཚོར་མཁོ་སྤྲོད་དགོས་པ་ངས་མཐོང་གི་མི་འདུག །ཁོང་ཚོས་ང་ཚོར་སྙེན་བཀུར་གུས་འདུད་བྱས་ཡོད་པ་དང་ཁ་ལི་ཧྥ་རྣམས་ལ་གཏན་འབེབས་ཀྱི་རྟེན་འབུལ་མི་ཁྲལ་ (ཨེ་རབ་སྐད་དུ་ཇིཛྱ་ཟེར། jizya) སྤྲོད་རྒྱུ་ལྷུར་ལེན་ལག་བསྟར་བྱས་ཡོད། ཁོང་ཚོ་ནི་སྲུང་སྐྱོབ་ཅན་གྱི་འབངས་མི་སེར་ (ཨེ་རབ་སྐད་དུ་དྷིམྨི་ཟེར། dhimmi) ཆགས་ཡོད་པ་སོང་ཙང་། ཁོང་ཚོའི་མི་ཚེ་དང་བདག་རྫས་ཐད་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་གང་ཡང་ང་ཚོར་མེད། ཁོང་ཚོའི་སོ་སོའི་ཆོས་ལུགས་གང་ཡིན་པ་དེའི་རྗེས་སུ་འཇུག་པའི་ཆོག་མཆན་སྤྲོད་དགོས། སུས་ཀྱང་ཁོང་ཚོར་འགོག་རྐྱེན་བྱ་མི་ཉན། ཞེས་གསལ།
དེ་རྗེས་སུ་ནང་པ་ཚོས་རང་སོ་སོའི་ལྷ་ཁང་དང་དགོན་པ་ཁག་བསྐྱར་བཞེངས་དང་། ཇི་སྲིད་རྟེན་འབུལ་གྱི་མི་ཁྲལ་སྤྲོད་པ་དེ་སྲིད་དུ་ཁོང་ཚོར་ཁ་ཆེ་མིན་པའི་སྲུང་སྐྱོབ་ཅན་གྱི་འབངས་མི་སེར་གྱི་གོ་གནས་བྱིན་པ་རེད། ཨུ་མེ་ཡ་དའི་ཁ་ལི་ཧྥ་རྣམས་དང་དུས་ཕྱིས་སུ་ཨ་བྷ་སིད་ཁ་ལི་ཧྥ་ (Abbasid Caliphs) རྣམས་ཀྱིས་བགྷ་དཱད་ (Baghdad) (༧༥༠-༡༢༥༨) ཡེ་ལོ་ དང་དེའི་རྗེས་ཀྱི་རྒྱ་གར་ཁ་ཆེའི་དབང་སྒྱུར་བ་ཚོས་སྲིད་བྱུས་དེ་གཅིག་མཚུངས་སུ་བཟུང་ཡོད། འོན་ཀྱང་དེ་ནི་རྟག་ཏུ་དབང་རྒྱུར་མཁན་དང་དམག་སྤྱི་ཚང་མས་རྗེས་སུ་འབྲངས་མེད་ངེས་རེད། འོན་ཀྱང་དབང་སྒྱུར་འདིའི་ཤུགས་བསྟན་ནི་ནང་ཆོས་ནི་ཀླ་ཀློའི་ལྷ་མང་བསྟེན་པའི་ཆོས་ལུགས་དང་འདྲ་མཚུངས་མིན་ཞིང་། དེ་དག་གི་རྗེས་འབྲང་པ་རྣམས་ལ་ནི་དེ་ལྟ་བུའི་དམིགས་བསལ་གྱི་ཐོབ་ཐང་བྱིན་མེད།
ད་ནང་པ་ཚོར་ཁྲིམས་མཐུན་གྱི་ངོས་འཛིན་གནང་བ་སྦྱིན་རྒྱུ་དེ་ནི་ཆོས་ལུགས་ཀྱི་རྣམ་གཞག་ལས་ཆབ་སྲིད་ཀྱི་རྣམ་པ་ཤས་ཆེ་བ་ཡོད་པ་དང་། དེ་ནི་ལྟ་བའི་རྣམ་གཞག་གི་དཔྱད་པ་ཕྲ་བ་ལས་ཀྱང་དངོས་ཡོད་དང་མཐུན་པའི་ལུགས་ནས་མང་བ་འབྱུང་གི་འདུག་ཅེས་ཁྱེད་ཀྱིས་རྩོད་གླེང་བྱེད་སྲིད། དེ་ནི་ཕལ་ཆེར་ཡིན་སྲིད། ནང་པ་དང་ཧིནྡུའི་ལྷ་ཁང་རྣམས་བསྐྱར་བཞེངས་ཀྱི་ཆོག་མཆན་སྤྲད་པའི་རྗེས་སུ་ཨེ་རབ་ཀྱི་མངའ་སྡེའི་སྲིད་སྐྱོང་ཚོས་ལྷ་ཁང་དེ་དག་གི་ནང་མཆོད་འབུལ་ཆེད་ཡོང་མཁན་གྱི་གནས་སྐོར་བ་ཚོར་ཁྲལ་འགེལ་གྱི་ཡོད། འོན་ཀྱང་ཁ་ཆེའི་མཁས་དབང་ཚོར་ཁྲལ་བཀལ་མེད་པ་དང་། དངོས་ཡོད་དང་མཐུན་པའི་སྲིད་བྱུས་འདི་བཞིན་ཁ་ཆེའི་གཞི་རྩའི་ཆོས་ལུགས་ཀྱི་གཞིའི་རྣམ་གཞག་གང་འདྲ་ཞིག་ལ་བརྩི་མེད་གཏོང་བའམ་འདུམ་འགྲིག་བྱེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ནང་པ་ཚོར་ཁྲིམས་མཐུན་གྱི་ངོས་འཛིན་སྦྱིན་པ་དང་། ཆབ་སྲིད་ཀྱི་སྲུང་སྐྱོབ། དེ་བཞིན་ཆོས་ལུགས་ཀྱི་བཟོད་སྒོམ་བཅས་ཀྱི་ཤུགས་བསྟན་ནི་དབང་ཚད་མཐོ་པོ་ཞིག་གམ་ལྷའི་ལུང་བསྟན་ཚད་ལྡན་ཞིག་ནས་འབྱུང་བའི་ནང་པའི་ཆོས་དད་ཀྱི་ལམ་དང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེ་རེད།
ནང་པ་ཚོར་གསུང་རབ་ཀྱི་རྗེས་འབྲང་པ་ཞེས་ཁྱབ་བསྒྲགས་བྱེད་པའི་གཞི་དེ་གང་རེད་དམ། དེ་ནི་གསོལ་མཆོད་ཀྱི་ལམ་སྲོལ་མཉམ་སྤྱོད་བྱེད་པ་ཁོ་ན་དེ་གཞི་རྩ་རེད་དམ། དཔེར་ན། དུས་རབས་བརྒྱད་པའི་འགོ་སྟོད་ལ་བྷལྐ་ཨ་ཧྥ་གྷ་ནིསྟཱན་ (Balkh Afghanistan)ནང་ཡོད་པའི་དགོན་པ་ན་ཝ་གཙུག་ལག་ཁང་ (Vava Vihara) གི་ལོ་རྒྱུས་རྒྱས་པ་ཞིག་ཨི་རཱན་གྱི་ལོ་རྒྱུས་སྨྲ་བ་ཨལ་ཀེར་མ་ནིས་ (al-kermani) བྲིས་ཡོད་པ་དང་། དེའི་ནང་ཁ་ཆེ་དང་འདྲ་མཚུངས་ཡིན་པའི་ནང་པའི་ལམ་སྲོལ་འགའ་ཞིག་འགྲེལ་བརྗོད་བྱས་ཡོད། ཁོང་གིས་ལྷ་ཁང་གཙོ་བོ་འགྲེལ་བརྗོད་བྱེད་པ་ལྟར་ན། དཀྱིལ་དུ་རྡོའི་རྒྱ་དཔངས་གྲུ་བཞི་མ་ཞིག་ཡོད་པ་དང་དེ་གོས་ཀྱིས་སྤྲས་པ། དེ་ལ་དད་ལྡན་རྣམས་ཀྱིས་སྐོར་བ་རྒྱག་པ་དང་ཕྱག་འཚལ་བ་སོགས་མེཀྐ་ (Mecca) ལ་ཡོད་པའི་ཀཱ་བྷའི་ (Kaaba) གནས་སྟངས་དང་འདྲ་པོ་ཡོད། གང་ལྟར་ཡང་། ཁོང་གིས་ནང་པའི་དད་པ་དང་འབྲེལ་བའི་སྐོར་གང་ཡང་གོ་བསྡུར་བྱས་མེད།
དེར་བརྟེན་ནང་པ་ཚོ་གསུང་རབ་ཀྱི་རྗེས་འབྲང་པ་ཡིན་པའི་ཁྱབ་བསྒྲགས་བྱེད་པ་དེ་ལ་ཆོས་ཀྱི་གཞི་རྩ་ཞིག་ཡོད་དམ། འདི་ནི་དྲི་བ་གལ་ཆེན་པོ་ཞིག་རེད། ནང་པ་ཚོ་གསུང་རབ་རྗེས་འབྲང་པར་ངོས་འཛིན་བྱས་ན། དེ་དག་ནི་ཁ་གསལ་པོའི་སྒོ་ནས་འཇིགས་ཉེན་ལས་སྐྱོབ་པའི་མི་སྡེའི་རྒྱ་ཁྱོན་ནང་འཇུག་གི་ཡོད། དེ་ཡང་གཤམ་དུ་ཁ་ཆེའི་གསུང་རབ་ཁུ་རཱན་ (ལེའུ། ༢ ཚིགས་བཅད། ༦༢) ནས་གསུངས་པ་ལྟར་རེད།
དངོས་འབྲེལ་དུ་དད་པ་ཡོད་མཁན་དང་འཇིའུ་ཡིན་པ་དེ་བཞིན་ཡེ་ཤུ་དང་གནའ་བོ་ལྷོ་ཨེ་རབ་ཀྱི་ས྄བྷིཡནས྄་ (Sabeans) མི་རིགས་བཅས་སུས་དཀོན་མཆོག་ལ་ཡིད་ཆེས་ཡོད་པ་དང་། ཉིན་མཐའ་མ་དང་དགེ་བའི་ལས་བྱེད་མཁན་དེ་དག་ལ་ཁོང་ཚོའི་ལེགས་སྐྱེས་ནི་དཀོན་མཆོག་དང་མཉམ་དུ་ཡོད། ཁོང་ཚོ་ལ་འཇིགས་སྣང་དང་སྡུག་བསྔལ་ཐོག་ཏུ་འབབ་ཀྱི་མ་རེད་ཅེས་གསུངས།
འདིས་ཁ་ཆེའི་གསུང་རབ་ཁུ་རཱན་ལྟར་དཀོན་མཆོག་ལ་ཡིད་ཆེས་བྱེད་པ་དང་། ཉིན་མཐའ་མའི་དཔྱད་ཁྲ། དགེ་བ་དང་བཟང་པོའི་ལས་བརྩམ་པའི་ཐོག་ནས་ནང་ཆོས་དང་ཁ་ཆེ་གཉིས་དབར་གྱི་ཐུན་མོང་གི་གཞི་དེ་སྟོན་གྱི་ཡོད། ཐ་ན་ལྟ་བ་རྣམས་གཅིག་མཚུངས་མིན་ནའང་། མ་མཐར་ཡང་ཁ་ཆེས་དེ་དག་ནི་ལྷན་གཅིག་གནས་རུང་ལ་འདང་ངེས་ཀྱི་འདྲ་བའི་ཆ་ཡོད་པར་བརྩི་འཇོག་བྱེད་ཀྱི་ཡོད། དེ་ཡང་ཁུ་རཱན་ (ལེའུ། ༢ ཚིགས་བཅད། ༡༣༧) ལས།
དེ་ལྟར་གལ་ཏེ་ཁོང་ཚོས་ཁྱེད་ཀྱིས་གང་ཡིད་ཆེས་བྱེད་པ་དེའི་འདྲ་ཆོས་ལ་ཡིད་ཆེས་ན། དེ་དག་ནི་ཡང་དག་པའི་སྒོ་ནས་ལམ་སྟོན་བྱས་ཡོད་པ་རེད་ཅེས་གསུངས།
ལང་ཕྱོགས་འདི་ནི་ཆོས་ལུགས་ཕྱེད་བདེན་རིང་ལུགས་ཡིན་པ་ཧ་ཅང་གསལ་པོ་རེད། ནང་པས་ཀྱང་ཁ་ཆེའི་ཆོས་ཀྱི་ནང་གསུངས་པའི་ཐར་པའི་གོ་འཕང་འཐོབ་ཀྱི་རེད། གང་ཡིན་ཞེ་ན། དེ་དག་གིས་ལྟ་བ་ཕྱོགས་མཚུངས་ཀྱི་རྗེས་སུ་འབྲང་གི་ཡོད།
དྲི་བ་དེ་གང་རེད་ཅེ་ན། དཀོན་མཆོག་ཅེས་པའི་བསམ་ཚུལ་དེའི་ནང་གང་ཞིག་གཏོགས་ཐུབ་པའི་ས་མཚམས་དེ་དག་གང་རེད་དམ། དཀོན་མཆོག་གིས་གསལ་སྟོན་བྱས་པའི་ཆོས་ལུགས་དེ་རེད་དམ། ཉིན་མཐའ་མའི་དཔྱད་ཁྲ་དེ་རེད་དམ། བདེན་པ་གཅིག་གི་རང་བཞིན་ལ་སོགས་པ་གང་རེད་དམ། ཁ་ཆེ་དང་ནང་པ་གཉིས་ཀའི་ཕྱོགས་ནས་གང་འཚམས་ཀྱི་སྒྲིག་དམ་པའི་མཚན་ཉིད་བཟོ་མཁན་གྱི་སེར་མོ་བའམ་བླ་ཆེན་འགའ་ཞིག་ཡོད་མུས་རེད། འོན་ཀྱང་འགའ་ཞིག་གིས་དེ་དག་གང་འཚམས་ཀྱི་སྟབས་བསྟུན་བདེ་པོའིི་ངང་བཞག་ཡོད།
ཁ་ཆེའི་ཆོས་ཀྱི་ཐད་ལ་ལོ་རྒྱུས་དང་འབྲེལ་བའི་ནང་པའི་ལངས་ཕྱོགས།
ང་ཚོས་བསམ་ཚུལ་དེ་དག་གི་ས་མཚམས་འཚོལ་ཞིབ་མ་བྱས་གོང་ལ་ཐོག་མར་ནང་པའི་ཁ་ཆེ་ལ་ཡོད་པའི་ལོ་རྒྱུས་ཀྱི་ལང་ཕྱོགས་སྐོར་ལ་ཤོད་རྒྱུ་ཡིན། ཁ་ཆེའི་ལམ་དང་ལུགས་སྲོལ་དེ་བཞིན་ཕན་ཡོན་བཅས་ཀྱི་སྐོར་བཤད་པའི་ནང་པའི་སྲོལ་རྒྱུན་གྱི་གཞུང་ལུགས་གཅིག་རང་ཡོད་པ་ནི་དུས་འཁོར་གྱི་རྒྱུད་དེ་ཡིན་པ་དང་། དེ་ནི་ཡེ་ལོའི་དུས་རབས་བཅུ་པའི་མཇུག་དང་དུས་རབས་བཅུ་གཅིག་པའི་སྟོད་ལ་བྱུང་ཞིང་། དེ་ཡང་ཕལ་ཆེར་ལྷོ་ཤར་ཨ་ཧྥ་གྷ་ནིསྟཱན་དང་བྱང་པཱ་ཀིསྟཱན་གྱི་ས་ཁུལ་ནས་བྱུང་ཡོད། དེའི་ཚེ་ན་ས་ཁུལ་དེ་དག་གི་ནང་ཡོད་པའི་ནང་པ་ཚོར་དབུས་པཱ་ཀིསྟཱན་ནང་གི་མུལ་ཏཱན་ (Multan) གྱི་དབང་སྒྱུར་བ་ཚོས་བཙན་འཛུལ་བྱེད་སྲིད་པའི་འཇིགས་སྐུལ་གྱི་དཀའ་ངལ་འཕྲད་བཞིན་པའི་སྐབས་རེད། མུལ་ཏཱན་གྱི་དབང་སྒྱུར་བྱེད་མཁན་ཚོས་ཨིས྄་མཡེ་ལི་ ཤི་ཡ་ (Ismaili Shia) སྟེ། ཁ་ཆེའི་ནང་གསེས་ཆོས་བརྒྱུད་ཅིག་ཡིན་པ་དེའི་ཤར་ཕྱོགས་ཀྱི་ལུགས་ཤིག་གི་རྗེས་སུ་འབྲང་གི་ཡོད། མུལ་ཏཱན་ནི་ཨི་ཇིཔྟའི་ཧྥ་ཏི་མི་ད་ ཁ་ལི་ཧྥ་ (Fatimid Caliphs) དང་མནའ་འབྲེལ་ཐོག་ཁ་ཆེའི་འཛམ་གླིང་ལ་སྟངས་འཛིན་འཐོབ་པའི་ཆེད་ཨེ་རབ་ ཨ་བྷ་སི་དའི་ (Arab Abbasid) ཁ་གཏད་རྩོད་ཟླ་ཡིན་པ་རེད། ལྷོ་ཤར་ཨཧྥ་གྷ་ནིསྟཱན་དང་བྱང་པཱ་ཀིསྟཱན་དུ་ཡོད་པའི་ནང་པ་དང་ཧིནྡུ་རྣམས་འགྲན་རྩོད་འདི་འགྲོ་བཞིན་པའི་སྐབས་དེར་འཛིན་བཟུང་བྱས་པ་རེད།
དུས་འཁོར་གྱི་གཞུང་ནང་འབྱུང་རུང་བའི་བཙན་འཛུལ་བྱེད་མཁན་རིགས་ཀྱི་དད་པ་དང་ལུགས་སྲོལ་འགའ་ཞིག་གསལ་ཡོད། དད་པའི་ལམ་ལུགས་འགའ་ཞིག་འགྲེལ་བརྗོད་བྱས་པ་དག་ནི་དེའི་སྐབས་ཀྱི་ཨིས྄་མཡེ་ལི་བསམ་བློ་དང་དམིགས་བཀར་འབྲེལ་བ་ཡོད་པ་ལྟར་སྣང་། དཔེར་ན། ལུང་སྟོན་པ་པོའི་ཐོ་གཞུང་ལྟ་བུ་ཡིན་པ་དང་། ཡང་གཞན་དག་ནི་བསམ་བློ་དེ་དག་འགལ་བ་ཆགས་ཀྱི་ཡོད། དཔེར་ན། མཻ་ནིས་ཞེས་སུ་གྲགས་པ་མཻ་ནི་ཁིའེ་སམ་ (Manichaeism) སྲོལ་གཏོད་པ་པོ་དེ་ཐོ་གཞུང་ནང་དུ་ཁ་སྣོན་བྱེད་པ་ལྟ་བུ་རེད། འོན་ཀྱང་དད་པའམ་ཡིད་ཆེས་ཀྱི་ལུགས་དེ་དག་མང་ཆེ་བ་ནི་ཁྱོན་ཡོངས་ནས་ཁ་ཆེའི་གཞི་རྩ་ཆགས་ཡོད། འགའ་ཞིག་གིས་བཟང་སྤྱོད་དང་ནང་པས་ཁས་ལེན་གྱི་ཚུལ་ཁྲིམས་དང་འདྲ་པོ་འདུག་བསམས་ནའང་། རྩོམ་རིག་གི་ནང་དུ་དེ་དག་འདྲ་མཚུངས་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། གང་ལྟར་ཡང་། གནད་དོན་དེ་དག་ནི་ཆོས་ལུགས་གཉིས་དབར་གྱི་ཐུན་མོང་གི་གཞི་ལ་ཆ་འཇོག་བྱ་ཆོག །དཔེར་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་ལས།
དེ་དག་ལ་རིགས་རུས་གཅིག་ཡོད་པ་དང་། མ་སྦྱིན་པ་མི་བླང་ཞིང་བདེན་པར་སྨྲ་བའོ། །རང་ཉིད་གཙང་བར་གནས་ཤིང་གཞན་གྱི་ཆུང་མ་མི་བསྟེན། དོན་དམ་བརྟུལ་ཞུགས་ཀྱི་སྤྱོད་པ་ཉམས་སུ་ལེན་པ་དང་རང་གི་ཆུང་མར་ཡིད་རྟོན་རུང་བར་གནས་པའོ། །ཞེས་གསུངས།
གཞན་དང་གཞན་དུ་དུས་འཁོར་གྱི་གཞུང་ནས་ནང་པའི་ཐ་སྙད་ཀྱི་ནང་བཙན་འཛུལ་བྱེད་པོ་དག་གི་དད་པ་དང་ཡིད་ཆེས་འགྲེལ་བརྗོད་བྱེད་འགོ་ཚུགས་སྐབས། ང་ཚོས་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་ལང་ཕྱོགས་དེ་མང་བ་མཐོང་གི་ཡོད། དཔེར་ན། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་ (པོད་༢།༡༦༤) ལས།
འཇིག་རྟེན་བྱེད་པོས་བྱས་པ་དེ་ནི་གང་འབྱུང་བ་དང་། གཡོ་བ། མི་གཡོ་བ་ཐམས་ཅད་ཡིན། དེ་མཉེས་རར་བྱེད་པ་ནི་ཏཱ་ཡི་ (Tayis) རྣམས་ཀྱི་ཆེད་དུ་ཐར་པའི་རྒྱུ་ལྟ་བུར་ལྷ་ཡུལ་ཡོད། འདི་ནི་དོན་ངོ་མར་སྐྱེས་པ་རྣམས་ཀྱི་ཆེད་དུ་ར་ཧ་མཱན་ (Rahman) གྱི་ཆོས་ཡིན་ཞེས་གསུངས།
“ཏཱ་ཡི་” ཟེར་བ་ནི་དུས་འཁོར་ནང་བཙན་འཛུལ་བྱེད་པོར་གོ་བའི་མིང་ཞིག་ཡིན་པ་དང་དེ་ནི་ཨེ་རབ་ཀྱི་ཚིག་ (པར་སིག་སྐད་དུ་ཏ་ཟི་ཟེར་) ཨི་རཱན་གྱི་ཨེ་རབ་བཙན་འཛུལ་བྱེད་པོ་རྣམས་ལ་བེད་སྤྱོད་བྱས་ཡོད། “ར་ཧ་མཱན་” ནི་སྙིང་རྗེ་ཅན་ཏེ། ཨལ་ལཱའི་ཁྱད་པར་སྟོན་པའི་མིང་ཞིག་རེད།
པདྨ་དཀར་པོས་ཚིགས་སུ་བཅད་པ་འདི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་དྲི་མ་མེད་པའི་འོད་ཀྱི་ནང་རྒྱས་པར་གསུངས་ཡོད་པ་ནི།
ད་ལྟ་ཏཱ་ཡི་བཙན་འཛུལ་བྱེད་པོ་ཁང་ལེན་པ་ལ་ཆ་བཞག་ན། བྱེད་པོ་ར་ཧ་མཱན་གྱིས་གཡོ་བ་དང་མི་གཡོ་བ་གཉིས་ཀའི་བྱེད་ལས་ཅན་གྱི་ཆོས་ཡོངས་སུ་རྫོགས་པའི་རྒྱུ་བྱེད་ཀྱི་ཡོད། ཏཱ་ཡི་རྣམས་ཀྱི་ཆེད་དུ་ཐར་པའི་རྒྱུར་གྱུར་བའི་གོས་དཀར་པོ་གྱོན་པའི་བཙན་འཛུལ་བྱེད་པོ་ཞེས་མིང་དུ་གྲགས་པ་དེ་དག་གིས་ར་ཧ་མཱན་མཉེས་པར་བྱེད་ཀྱིན་ཡོད་པ་དང་། འདིས་སྐྱེས་པ་རྣམས་སྐྱེ་བ་མཐོ་བར་ (ལྷ་ཡུལ་) སྐྱེ་བར་བྱེད་ངེས་རེད། ར་ཧ་མཱན་མཉེས་པར་མ་བྱས་ན། དམྱལ་བར་སྐྱེ་བར་བྱེད་ཀྱི་ཡོད། དེ་དག་ནི་ར་ཧ་མཱན་གྱི་ཆོས་ཏེ། ཏཱ་ཡི་རྣམས་ཀྱི་ཁས་ལེན་ཁག་རེད་ཅེས་གསུངས།
གཞན་ཡང་པདྨ་དཀར་པོས་རྒྱས་བཤད་བྱེད་པ་ནི།
ཏཱ་ཡི་བཙན་འཛུལ་བྱེད་པོ་རྣམས་ཁས་ལེན་པ་ནི། འཆི་མཁན་གྱི་འགྲོ་མི་རྣམས་མིའི་ལུས་རྟེན་ལ་བརྟེན་ནས་ར་ཧ་མཱན་གྱི་ཐག་གཅོད་བརྒྱུད་ནས་སྐྱེ་བ་མཐོ་བར་ (ལྷ་ཡུལ་) བདེ་སྐྱིད་མྱོང་བའམ་ཡང་ན་དམྱལ་བར་སྡུག་བསྔལ་མྱོང་གི་ཡོད་ཅེས་གསུངས།
འདིར་ནང་པ་དང་ནང་པའི་ཁ་ཆེ་ལ་གོ་རྟོགས་རྙེད་ཚུལ་དབར་གྱི་ཐུན་མོང་གི་གཞི་ནི། རང་སོ་སོའི་བཟང་སྤྱོད་ལ་གཞི་བྱས་ནས་ལྷ་ཡུལ་དང་དམྱལ་བའི་ཡུལ་གང་རུང་དུ་སྐྱེ་བ་བླང་ཚུལ་དེ་རེད། བརྗོད་བྱ་དུམ་ཚན་དེ་དག་ལ་གཞིགས་ན་དོ་སྣང་བྱ་འོས་ཤིག་རེད། དེ་ཡང་དུས་འཁོར་གྱི་ནང་བྱེད་པོ་དཀོན་མཆོག་ཁས་ལེན་པའི་སྐོར་འགྲེལ་མེད་ལ། བྱེད་པོ་དཀོན་མཆོག་གིས་རང་ལ་མཉེས་པར་བྱེད་པའམ་མི་བྱེད་པ་གཞི་ལ་བཞག་པའི་སྐྱེ་བ་ཕྱི་མ་ཐག་གཅོད་བྱེད་པའི་འགན་འཁྲིའི་སྟེང་ནས་ཀྱང་མིན། གང་ལྟར་གནད་དོན་མཐའ་མ་སྟེ། མི་ཞིག་གིས་ཁོང་ལ་མཉེས་པར་བྱེད་ཡོད་དང་མེད་ལ་གཞི་བྱས་པའི་ཨལ་ལཱའི་དཔྱད་ཁྲ་དང་འབྲེལ་བའི་ཐོག་ནང་པའི་འགྲེལ་བརྗོད་དེ་དྲང་པོ་མིན། ཧ་དཱི་ཐའི་ (མུ་ཧྨམ་དའི་མཛད་རྣམ་ལོ་རྒྱུས་) ནང་ཨལ་ལཱས།
ཨ་ཙི། ངའི་འཁོར་གཡོག་རྣམས། ཁྱེད་རྣམས་ཀྱི་སྦྱོར་བ་རྒྱུ་མཚན་དུ་བྱས་ནས་ངས་ཆ་འཛིན་བྱེད་པ་དང་དེ་ནས་གུན་གསབ་སྤྲོད་ཀྱི་ཡོད་ཅེས་གསུངས།
གང་ལྟར་ཡང་། དུས་འཁོར་ནང་གཙོ་བོ་སྐྱེ་བ་ཕྱི་མ་ཁོ་ན་དང་སྤྱིར་བཏང་ཚེ་འདིའི་ནང་གང་ཟག་དེའི་ལས་དང་སྤྱོད་ལམ་ལ་བརྟེན་ནས་དེ་ལ་ཤུགས་རྐྱེན་སྤྲོད་ཚུལ་ལ་དམིགས་ཀྱི་ཡོད། འདི་ལྟར་ང་ཚོས་གནད་དོན་གོ་བསྡུར་བྱེད་པའི་ནང་། གཞུང་གི་ནང་དུ་བཙན་འཛུལ་བྱེད་པོ་དེ་དག་གི་སླར་ཡང་སྐྱེ་བ་རྟག་པ་ཞིག་ཡོད་ཚུལ་བརྗོད་པ་དེ་ལྟ་བ་སྐྱོན་ཅན་ཞིག་ཡིན་པ་དང་། དེ་ནི་ནང་ཆོས་ནས་ཡང་དག་པར་འགྲེལ་བརྗོད་བྱས་ཡོད་པ་ངོས་འཛིན་བྱེད་པར་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་ལང་ཕྱོགས་ཤིག་གསལ་སྟོན་བྱེད་ཀྱི་ཡོད། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བ་ (པོད་༢།༡༧༤) ལས།
སྐྱེ་བ་ཕྱི་མ་ (རྟག་པ་) ཞིག་བརྒྱུད་དེ་གང་ཟག་དེས་འཛམ་གླིང་འདིའི་ནང་གི་སྔོན་བྱས་པའི་ལས་ཀྱི་འབྲས་བུ་རྣམས་མྱོང་གི་ཡོད། གལ་ཏེ་དེ་ལྟར་ཡིན་ན། སྐྱེ་བ་གཅིག་ནས་གཞན་དུ་ང་ཚོ་འགྲོ་བ་མིའི་ལས་འཛད་པ་དེ་འབྱུང་ངེས་མ་རེད། ཐ་ན་ཚད་མེད་པའི་སྲིད་པ་འཁོར་བ་ལ་གཞིགས་ནའང་། འཁོར་བ་ནས་ཕྱིར་ཐོན་པ་དང་མྱང་འདས་སམ་ཐར་པར་འཇུག་པ་ཞིག་མེད་ངེས་རེད། དོན་ངོ་མར་བསམ་བློ་དེ་ནི་ཤོག་ཁག་གཞན་དག་གིས་ཁས་བླངས་མེད་ནའང་། ཏཱ་ཡི་རྣམས་ཀྱི་ཁྲོད་དུ་རྣང་གི་ཡོད་ཅེས་གསུངས།
གལ་ཏེ་ང་ཚོས་ནང་པའི་སྐབས་དོན་རྒྱ་ཆེ་བ་ཞིག་གི་ནང་ནས་རྟག་པའི་དམྱལ་བའི་ཉེས་དམིགས་དང་འབྲེལ་བའི་གནད་དོན་འདི་ལ་བལྟ་འདོད་ཡོད་ན། ནང་པ་དང་ཁ་ཆེའི་ལྟ་བའི་དབར་གྱི་ཐུན་མོང་གི་གཞི་དེ་ཏོག་ཙམ་རྒྱ་ཆེ་རུང་འགྲོ་གི་ཡོད། འོན་ཀྱང་དེ་རྒྱ་ཆེ་རུ་འགྲོ་བའི་རྒྱུ་མཚན་ནི། ཁྱེད་ཀྱིས་ཁ་ཆེའི་སྐྱེ་བ་ཕྱི་མ་དང་ཐར་པའི་ལུགས་དེ་ནང་པའི་ལུགས་སུ་འཁྲིད་པར་བྱེད་པའི་ཐབས་ཤིག་ཏུ་ལྟ་ཆོག །ནང་པའི་ལུགས་ལ་ཁྱེད་ཀྱིས་ཁ་ཆེས་སྡུག་བསྔལ་གྱི་སྡུག་བསྔལ་ལས་ཐར་བའམ་ངན་སོང་ལས་ཐར་བ་ཁོ་ན་ཤོད་ཀྱི་ཡོད་ཅེས་བརྗོད་ཆོག །ཐར་པ་འདི་ནི་སྐྱེ་གནས་མཐོ་བ་ལྷ་ཡུལ་ཞིག་ཏུ་སྐྱེ་བ་དེ་རེད། གང་ལྟར་ཡང་འདི་ནི་ལམ་རིམ་ནང་གི་ཆེས་ཐོག་མའི་ཀུན་སློང་ངམ་སྐྱེས་བུ་ཆུང་ངུའི་བསམ་པ་དེ་ཡིན་པ་རེད། ནང་པའི་ལུགས་སུ་ད་དུང་མུ་མཐུད་ནས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་ཐར་ཚུལ་སྐོར་གསུང་གི་ཡོད། དེ་ནི་སྐྱེས་བུ་འབྲིང་གི་དམིགས་ཡུལ་ཡིན་པ་རེད། འདི་ལ་བསམ་མནོ་བཏང་ན། ཁ་ཆེའི་རྗེས་སུ་འཇུག་པ་ནི་ནང་པར་འཇུག་པའི་ནང་ཐོག་མའི་ཀུན་སློང་གི་རིམ་པའམ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ཞིག་ཆགས་ཀྱི་ཡོད།
འོན་ཀྱང་ཁ་ཆེའི་རྟག་པའི་སྡུག་བསྔལ་བཞེད་པའི་ཐད་ལ་ཐབས་ལམ་མི་འདྲ་བ་ཞིག་གི་ཐོག་ནས་ལྟ་ཆོག །དེ་ལ་བརྟེན་ནས་དེ་ནི་ནང་པའི་ལྟ་བ་དང་དེ་ཙམ་གྱི་མི་འདྲ་བའི་ཁྱད་པར་མེད་པ་རེད། དུས་འཁོར་གྱི་གཞུང་ནང་ཁ་ཆེའི་དམྱལ་བའི་བསམ་ཚུལ་ལ་དགག་བྱ་ཡོད་པ་ནི། དམྱལ་བའི་མེའི་ནང་ཐེངས་གཅིག་ཡོད་པ་ནི་རྟག་པ་ཡིན་ཞིང་དེ་ལས་ཐར་མི་ཐུབ། འོན་ཀྱང་ནང་པའི་འཁོར་བར་འགྲེལ་ཚུལ་ལ་གཞིགས་ན། རང་ཉིད་ཁང་པ་མེས་འཚིག་བཞིན་པ་ཞིག་ནས་ཕྱིར་ཐོན་པ་ལྟར་འཁོར་བ་ལས་ཐར་འདོད་ཡོད་པ་རེད། དེར་མ་ཟད། ཁྱེད་ཀྱིས་བློ་ཁ་ཆོས་སུ་ཕྱོགས་ནས་འབད་པ་ཞིག་མ་བྱས་ན། འཁོར་བར་ཡང་ནས་ཡང་དུ་སྐྱེ་བ་ནི་རྒྱུན་མི་ཆད་པའི་རྟག་པ་ཆགས་ཀྱི་རེད།
དུས་རབས་དགུ་བཅུ་པའི་རྙིང་མའི་བླ་ཆེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཚིག་དོན་རབ་ཏུ་གསལ་བྱེད་རྡོ་རྗེ་ཉི་མའི་སྣང་བ། ཡེ་ཤེས་ལེའུའི་འགྲེལ་ཆེན་གྱི་ནང་དུས་འཁོར་གྱི་གཞུང་ངོ་མ་ལས་ཤུགས་ཆེ་བའི་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་ལང་ཕྱོགས་ཤིག་གི་རྗེས་སུ་འབྲངས་ཡོད། དེའི་ནང་བརྡ་སྟོན་པ་ལྟར་ན། ཐབས་ལ་བརྟེན་ནས་སངས་རྒྱས་ཀྱིས་ཁ་ཆེ་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆོས་གསུངས་ཞེས་གསལ། དེ་ཡང་།
རྒྱ་གར་མིན་པའི་བཙན་འཛུལ་བྱེད་པོ་རྣམས་ལ་ལྟ་གྲུབ་ཀྱི་གནད་དོན་གཉིས་འཛིན་གྱི་ཡོད། ཁོང་ཚོས་ཕྱི་རོལ་གྱི་ཆོས་རྣམས་ལ་རྡུལ་ཕྲན་འདུས་པའི་རང་བཞིན་ཞིག་ཡོད་པ་དང་གནས་སྐབས་རིང་སྐྱེ་བ་ལེན་མཁན་ནམ་ཡང་ན་འཁོར་བར་སླར་སྐྱེ་བའི་རྣམ་པ་ཞིག་ཡོད་པའི་གང་ཟག་གི་བདག་ཡོད་པར་བཞེད། དམིགས་ཡུལ་ནི་དེའི་འབྲས་བུར་ལྷའི་བདེ་བ་འཐོབ་རྒྱུ་དེ་རེད། དེ་ལས་གཞན་པའི་མྱང་འདས་ཀྱི་རིགས་མི་བཞེད་པ་ཡིན་ཞེས་གསུངས།
མི་ཕམ་རིན་པོ་ཆེས་མུ་མཐུད་དེ་བཙན་འཛུལ་བྱེད་པོ་དེ་དག་གི་ཁས་ལེན་པའི་རྡུལ་རང་བཞིན་གྱི་དངོས་པོ་ནི་ནང་པའི་དད་པའི་ལམ་ལུགས་ཀྱི་ནང་རན་འཚམས་ཆགས་ཀྱི་ཡོད་ཅེས་མཛུབ་སྟོན་གནང་གི་ཡོད། ཁོང་གིས་ཐེག་དམན་གྱི་གྲུབ་མཐའ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པས་རྡུལ་ཕྲན་ཆ་མེད་བཞེད་ཀྱི་ཡོད་པ་དང་། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་སེམས་ཙམ་པ་དང་དབུ་མ་པས་མཐའ་མེད་པའི་རྡུལ་ཕྲན་ཆ་བཅས་བཞེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་ཡོད།
བདག་གི་སྐོར་ལ་མི་ཕམ་རིན་པོ་ཆེས་མུ་མཐུད་དེ་གསུང་དོན།
དེ་དག་གི་ཁམས་དང་བསམ་པ་རྟོགས་པའི་སྒོ་ནས་སངས་རྒྱས་ཀྱིས་ཁོང་ཚོས་ (བཙན་འཛུལ་བྱེད་པོ་དག་) གང་ཁས་ལེན་ཐུབ་པའི་མདོ་སྡེ་ཁག་གསུངས་ཡོད། དཔེར་ན། ཁུར་འཁུ་བའི་མདོའི་ནང་སངས་རྒྱས་ཀྱིས། ཁུར་འཁུར་མཁན་གྱི་གང་ཟག་རྣམས་ (དེ་དག་གི་ལས་) ཡོད་ཀྱང་། དེ་ནི་གང་ཟག་གི་བདག་དེ་རྟག་དང་མི་རྟག་གང་རུང་གི་སྐོར་མ་བཤད་པའི་སྒོ་ནས་ཡིན། གནད་དོན་འདི་དག་ནི་ཁོང་ཚོའི་ (བཙན་འཛུལ་བྱེད་པོ་དག་གི་ངོར་) བཞེད་ཚུལ་གྱི་ངོར་བདེན་པ་རེད། སངས་རྒྱས་ཀྱི་དགོངས་དོན་ནི་གང་ཟག་ནི་ལས་ཀྱི་འགན་འཁུར་བའི་བདག་གི་རྒྱུད་ལྟར་ཡོད་ནའང་། དེ་ནི་རྒྱུད་དེའི་སྟེང་ལ་བཏགས་པ་ཙམ་ཡིན་ཞིང་། དེ་ཡང་རང་བཞིན་གྱིས་རྟག་པ་དང་མི་རྟག་པ་གང་རུང་ཡིན་པ་རེད།
རྨི་ལམ་གྱི་སྐབས་སུ་དེ་ནི་སེམས་ཀྱི་གོམས་པ་ཁོ་ན་ལས་འབྱུང་གི་ཡོད་པ་དང་གཟུགས་སུ་གྲུབ་པའི་གང་ཟག་སྒེར་པ་བདེ་བ་དང་སྡུག་བསྔལ་མྱོང་མཁན་དེ་མེད་པ་རེད། འདི་ནི་སྣང་བ་ཙམ་ཡིན་པ་སོང་ཙང་། (གང་ཟག་སྒེར་པ་དེའི་) མི་རྟག་པའི་རང་བཞིན་དེ་ནི་ཐ་ན་མི་རྟག་པའི་དངོས་པོ་ཞིག་གི་ངོ་བོ་དང་མི་འདྲ་བ་ཡིན། དེའི་རྒྱུ་མཚན་ནི་གང་ཟག་སྒེར་པ་ཞིག་གི་རང་བཞིན་མེད་པའི་སྒོ་ནས་རེད། བརྟག་པ་ཁོ་ན་ལ་བརྟེན་ནས་དེ་ནི་རྟག་པ་དང་མི་རྟག་པའི་སྒྲོ་འདོགས་མེད་པའི་ཡུལ་ཞིག་ཡིན་པ་ (གསལ་པོ་) རེད། དེ་ལྟ་བས་ན། དེ་ལྟར་གསུངས་སོ། །དེ་བཞིན་གཤེགས་པའི་ཆོས་འདི་ལ་བརྟེན་ནས་ཁོང་ཚོས་ (བཙན་འཛུལ་བྱེད་པོ་དག་) བཙན་འཛུལ་བྱེད་པོ་དག་གི་ཆོས་སྤངས་པ་དང་དེའི་རྗེས་སུ་ནང་པའི་ལུགས་འཛིན་མཁན་གྱི་བྱེ་བྲག་སྨྲ་བར་གྱུར་བ་རེད་ཅེས་གསུངས།
འདིར་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་བསམ་ཕྱོགས་ནི་སངས་རྒྱས་ཀྱིས་བཙན་འཛུལ་བྱེད་པོ་དག་གི་བཞེད་ཚུལ་དང་མཐུན་པའི་ཆོས་གསུངས་པ་དང་། ཐབས་འདི་ལ་བརྟེན་ནས་ཁོང་གིས་བཙན་འཛུལ་བ་དེ་དག་ཐར་པའི་གོ་འཕང་ལ་འགོད་ངེས་རེད། ཁ་ཆེ་ཚོས་འདི་ནི་ཁྱད་གསོད་ལྟ་བུ་མཐོང་ངེས་ཡིན་པ་དང་བསམ་ཕྱོགས་འདི་ལ་བརྟེན་ནས་ཆོས་ལུགས་ཞི་མཐུན་ཡོང་རྒྱུ་མིན་པ་གསལ་པོ་རེད།
ནང་པ་ཚོ་གསུང་རབ་རྗེས་འབྲང་པར་རྩི་འཇོག་བྱེད་པའི་ཐུན་མོང་གི་གཞི།
ད་ང་ཚོས་ཐུན་མོང་གི་གཞི་གཞན་དང་གཞན་ལ་བརྟག་པའི་ཕྱིར། ནང་པ་ནི་གསུང་རབ་རྗེས་འབྲང་པ་ཡིན་པར་རྩི་འཇོག་བྱེད་པའི་ཁ་ཆེའི་ཤུགས་ཀྱི་བསྟན་དོན་ཐད་འཆད་རྒྱུ་ཡིན། ང་ཚོས་མཐོང་ཟིན་པ་ལྟར། བཞེད་ཚུལ་འདི་ནས་བྱུང་བའི་ཐུན་མོང་གི་གཞི་རྣམས་ནི་ནང་ཆོས་དེ་ལྷ་ཞེས་བྱ་བ་དབང་ཚད་མཐོ་བ་ཞིག་གིས་གསལ་སྟོན་བྱས་པའི་ཆོས་ལུགས་ཤིག་ཡིན་པ་དེ་རེད། དེ་ལ་བརྟེན་ནས་ལྷ་ཟེར་བ་དེ་མ་འོངས་ལུང་བསྟན་གྱི་འབྱུང་ཁུངས་ཡིན་པ་དང་ལུང་བསྟན་དེ་ཐོབ་ནས་འཛམ་གླིང་དང་མཉམ་སྤྱོད་བྱེད་མཁན་གྱི་གང་ཟག་ལྟ་བུ་ཡིན་པའི་དྲི་བ་དེ་འབྱུང་གི་ཡོད་ངེས་རེད།
ནང་པ་དང་ཁ་ཆེ་གཉིས་ཀས་མ་འོངས་ལུང་བསྟན་གྱི་དྲི་བ་འདི་དང་འབྲེལ་བའི་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་ལང་ཕྱོགས་ཤིག་གི་རྗེས་སུ་འབྲང་གི་ཡོད། དཔེར་ན། དུས་འཁོར་གྱི་འགྲེལ་བ་དྲི་མེད་འོད་ལས།
བཙན་འཛུལ་བ་དེ་དག་ལ་ཆ་བཞག་ན། མུཧྨ་མ་ད་ནི་ར་ཧ་མཱན་གྱི་འཇུག་པ་ཞིག་ཡིན། བཙན་འཛུལ་བ་དེ་དག་གི་ཆོས་ཀྱི་བརྡ་མཚོན་བྱེད་ལ་ཁོང་ནི་བཙན་འཛུལ་བ་ཏཱ་ཡི་རྣམས་ཀྱི་བླ་མ་དང་དགེ་རྒན་ཡིན་ཞེས་གསུངས།
ཧིནྡུའི་ཆོས་ལུགས་ནང་། ཨཝ་ཏཱར་རམ་འཇུག་པ་ནི་བྱེད་པོ་དཀོན་མཆོག་གི་རྟག་པའི་བདག་དེ་རྣམ་པར་གཞན་ལ་སྤྲུལ་བ་དེ་རེད། དེར་བརྟེན་མུཧྨ་མ་ད་ནི་ར་ཧ་མཱན་གྱི་འཇུག་པ་ཡིན་པ་དེ་ནི་ཧིནྡུའུ་ལུགས་ཀྱི་ཀྲིཥྞ་སྟེ་ནག་པོ་ནི་ཁྱབ་འཇུག་གི་སྤྲུལ་པར་བཞེད་པ་དང་མཐུན་གྱི་ཡོད། ནང་པའི་ཐ་སྙད་ཀྱི་དབང་དུ་བྱས་ན། དཔེ་མཚོན་འདི་ནི་མུཧྨ་མ་ད་ནི་ཨལ་ལཱའི་སྤྲུལ་པའི་སྐུ་དེ་རེད་ཅེས་བརྗོད་པ་འདྲ་པོ་རེད།
ཕྱོགས་གཞན་ཞིག་ནས་སངས་རྒྱས་ནི་ཨལ་ལཱའི་ལུང་སྟོན་པ་པོའམ་ཕོ་ཉ་ཞིག་ཏུ་ཆ་འཇོག་བྱེད་སྲིད་དམ། པར་སིག་གི་ལོ་རྒྱུས་སྨྲ་བའི་མཁས་དབང་ཨལ་བི་རུ་ནིས་ (al-Biruni) ཡེ་ལོའི་དུས་རབས་བཅུ་གཅིག་པའི་འགོ་སྟོད་ལ་གྷཛྣིའི་མ་ཧ་མུདའི་ (Mahmud of Ghazni) རྒྱ་གར་གྱི་ཉེ་བའི་གླིང་ཆེན་བཙན་འཛུལ་ལ་རོགས་ཟླ་བྱས་ཤིང་། ཁོང་གིས་དེར་གང་སྦྱངས་པ་ལ་གཞི་བྱས་ཏེ། ཨལ་བི་རུ་ནིས་རྒྱ་གར་གྱི་སྐོར་ལ་དེབ་ཅིག་བྲིས་པ་དང་དེབ་དེའི་མིང་བྱང་ལ་ཨེ་རབ་སྐད་དུ་ཀིཏཱབ་ ཨལ་ཧིནྡ་ (Ar. Kitab al-Hind) ཟེར། དཔེ་དེབ་དེའི་ནང་ཁོང་གིས་ནང་པའི་གཞི་རྩའི་ལམ་ལུགས་དང་དད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་དང་། རྒྱ་གར་བ་ཚོས་སངས་རྒྱས་ནི་ལུང་སྟོན་པ་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་ཡོད། དེ་ནི་ངེས་པར་དུ་ཁོང་གིས་ཁ་ཆེ་རྣམས་ཀྱིས་སངས་རྒྱས་ནི་ལུང་སྟོན་པ་པོའམ་ཨལ་ལཱའི་ཕོ་ཉ་ལྟ་བུར་ཁས་ལེན་བྱེད་དགོས་པའི་དོན་མིན། འོན་ཀྱང་ཁ་ཆེའི་གསུང་རབ་ཁུ་རཱན་ (ལེའུ། ༤ ཚིགས་བཅད། ༡༦༣ ནས་ ༡༦༤ བར་) ལས།
ཇི་ལྟར་དངོས་འབྲེལ་དུ་ང་ཚོས་ནོ་ཝ་ (Noah) ལ་སེམས་བསྐུལ་བྱས་པ་ལྟར་ཁྱེད་རྣམས་ལ་སེམས་བསྐུལ་བྱེད་ཀྱི་ཡོད་པ་དང་། ཁོང་གི་རྗེས་ཀྱི་ལུང་སྟོན་པ་པོ་རྣམས་ཏེ། ང་ཚོས་ཨབྷྲ་ཧེམ་ (Abraham) དང་ཨིཤ་མཡེལ་ (Ishmael) ཨཡེ་སེཀ་ (Isaac) ཇེ་ཁོབ་ (Jacob) ཤིང་རྟ་ཆེན་པོ་རྣམས་དང་དེ་བཞིན་མ་ཤི་ཀ་དང་། ཇཽབ་ (Job) ཇཽ་ན་ཧ་ (Jonah) ཨཱ་རོན་ (Aaron) སོ་ལོ་མོན་ (Solomon) དེ་ལྟར་ང་ཚོས་ཌེ་ཝིཌ་ (Devid) ལ་ཆོས་གླུ་བསྩལ་བ་ལྟར་རོ། །ང་ཚོས་ཕོ་ཉ་འགའ་ཞིག་སྔོན་ནས་བཏང་བ་ཁྱེད་རྣམས་ལ་ཞུས་ཟིན་པ་དང་ཕོ་ཉ་གཞན་དག་ང་ཚོས་ཁྱེད་རྣམས་ལ་ཞུས་མེད་ཅེས་གསུངས།
སངས་རྒྱས་ནི་ཕོ་ཉ་དེ་དག་གི་ཁོངས་སུ་གཏོགས་སྲིད་པ་དེ་ཧ་ཅང་གསལ་པོའི་སྒོ་ནས་བཤད་མེད།
དཔེར་ན། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ལྟར་ན། སེམས་ཅན་རྣམས་རྣམ་པར་སྨིན་པའི་སྐབས། སངས་རྒྱས་དུས་ཚོད་མི་འདྲ་བའི་ནང་བྱོན་པ་དང་དུས་ཚོད་རེ་རེ་བཞིན་དུ་གདུལ་བྱ་རྣམས་ལ་རན་འཚམས་ཡོང་ཕྱིར། ཆོས་ཚུལ་མི་འདྲ་བ་གསུང་གནང་གི་ཡོད། བསྐལ་པ་འདིའི་ནང་མཆོག་གི་སྤྲུལ་པའི་སྐུའི་སངས་རྒྱས་སྟོང་བྱོན་ཡོད་ནའང་། དེ་དག་རེ་རེའི་བར་གྱི་བསྐལ་པ་ཧ་ཅང་མང་པོའི་བར་བར་ལ་མཆོག་གི་སྤྲུལ་སྐུ་མང་པོ་བྱོན་གྱི་ཡོད། སྤྲུལ་སྐུ་དེ་གཉིས་ཀ་ལ་ཆོས་ཀྱི་ཕོ་ཉ་ཞེས་མིང་དུ་འདོགས་ཆོག་པ་ཡིན། དེར་མ་ཟད། སངས་རྒྱས་རེ་རེས་ཀྱང་ཐབས་མཁས་པོའི་སྒོ་ནས་འདུལ་བྱ་སྣ་ཚོགས་པར་ཆོས་ཚུལ་མི་འདྲ་བ་གསུང་གནང་གི་ཡོད། དེ་དག་ལས་འགའ་ཞིག་ལ་སངས་རྒྱས་ཀྱིས་ཐ་ན་བདག་ཡོད་ཅེས་ཀྱང་གསུངས་ཡོད། དེ་ག་ནང་བཞིན་ཁ་ཆེའི་ཆོས་ལུགས་ནང་དུའང་རང་སོ་སོའི་ཐབས་ཚུལ་ལ་བརྟེན་ནས་ཆོས་འགྲེལ་ཚུལ་ཡོད་པ་རེད། དེ་ཡང་ཁུ་རཱན་ (ལེའུ། ༡༤ ཚིགས་བཅད། ༤) ལས།
ང་ཚོས་ཕོ་ཉའམ་སྟོན་པ་དེས་རང་གི་རྗེས་འཇུག་མི་མང་ལ་གསལ་པོ་བཟོ་སྲིད་པས། དེ་དག་གི་སྐད་ཡིག་དང་མཉམ་དུ་མ་གཏོགས་པ་མེད་པའི་ཕོ་ཉ་ཞིག་ནམ་ཡང་བཏང་མེད་ཅེས་གསུངས།
ང་ཚོ་འདིར་གཟབ་ནན་བྱེད་དགོས། ཁ་ཆེ་ཆོས་ལུགས་ཀྱིས་སངས་རྒྱས་ནི་ལྷའི་ཕོ་ཉ་ཞིག་ཏུ་ཁས་ལེན་བྱེད་སྲིད་ནའང་། གལ་ཏེ་མུཧྨ་མ་ད་དང་། མ་ཤི་ཀ། ཨབྷྲ་ཧེམ། ཌེ་ཝིཌ་བཅས་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡིན་པའམ། ཡང་ན་ཨལ་ལཱའི་སྤྲུལ་པ་ཡིན་ཞེས་བཤད་ཡོད་ན། ཁ་ཆེ་དང་ཡེ་ཤུ་དེ་བཞིན་འཇིའུ་བཅས་པ་ལ་གང་འཚམས་ཀྱི་ཁྱད་གསོད་ཆགས་ངེས་རེད། འདི་ནི་ཆོས་ལུགས་མཚུངས་བསྡུར་ལ་ཡོད་པའི་ཆོས་ལུགས་ཕྱེད་བདེན་རིང་ལུགས་འཛིན་མཁན་ཚོའི་ལང་ཕྱོགས་ཀྱི་སྐྱོན་ཆ་ཆེ་བ་ཞིག་རེད། འོན་ཀྱང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཀླུ་རྣམས་ལ་གཉེར་གཏད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཚུལ་རྣམས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསལ་སྟོན་གནང་བའི་ནང་པའི་བཞེད་ཚུལ་དེ་ང་ཚོས་ཇི་ལྟར་རྟོགས་སམ། དེ་དག་མཚོའི་འོག་ཏུ་སུས་སྦས་སམ། ཡང་ན་སློབ་དཔོན་ཐོགས་མེད་ལ་རྒྱ་ཆེན་སྤྱོད་པའི་ཆོས་བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་བཅས་རྗེ་བཙུན་བྱམས་མགོན་ལས་ཐོབ་ཅེས་པའི་བཞེད་ཚུལ་དང་ཁོང་དགའ་ལྡན་གྱི་གནས་སུ་ག་དུས་ཕེབས་སམ། ང་ཚོས་རྙིང་མའི་ཆོས་སྐོར་ནང་གི་དག་སྣང་གི་སྐོར་དང་གཏེར་ཆོས་ཀྱི་རིགས་དེ་དག་ཇི་ལྟར་རྟོགས་སམ། ནང་པའི་བཞེད་ཚུལ་དེ་དག་བྱེད་པོ་དཀོན་མཆོག་གམ་ལྷའི་ཚིག་དེ་ལུང་སྟོན་པ་པོ་དག་གིས་གསལ་སྟོན་བྱེད་པའི་ཁ་ཆེའི་བཞེད་ཚུལ་དང་རྦད་དེ་མི་འདྲ་བ་ཞིག་རེད་དམ།
བྱེད་པོ་དཀོན་མཆོག་ལ་ཆ་བཞག་ན། ནང་པའི་དགག་བྱར་གྱུར་བ་གཅིག་རང་ཡོད་པ་ནི་གཞན་སུ་དང་གང་གིས་ཀྱང་ཤུགས་རྐྱེན་མི་དགོས་པར་རང་ངོས་ནས་སྐྲུན་ཐུབ་པའི་ནུས་མཐུ་ཀུན་ལྡན་གྱི་བྱེད་པོ་ཞིག་དང་། དེས་ཡིད་སྨོན་བྱེད་པ་ཙམ་གྱིས་སྐྲུན་གྱི་ཡོད་པའི་འདོད་ཚུལ་དེ་ཡིན།
དེ་ལས་གཞན་པའི་བྱེད་པོ་དཀོན་མཆོག་གི་ཡོན་ཏན་ལ་དགག་པ་རྒྱག་གི་མེད་ལ། ཐ་ན་གང་སྐྲུན་པའམ་འཇིག་རྟེན་གྱི་བཀོད་པ་དེའང་སུན་འབྱིན་གྱི་མེད། དཔེར་ན། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལས། གང་ཟག་རེ་རེའི་སེམས་ཀྱི་འོད་གསལ་དེ་ནི་གང་ཟག་དེས་ཉམས་སུ་མྱོང་བའི་སྣང་བ་ཐམས་ཅད་སྐྲུན་པ་པོ་དེ་ཡིན་པ་དང་། འདི་ནི་གང་ཟག་སྒེར་སོ་སོའི་ལས་དང་སྤྱི་མཐུན་གྱི་ལས་གཉིས་ཀས་ཤུགས་རྐྱེན་བྱས་ཡོད་ཅེས་འགྲེལ་གནང་གི་ཡོད། གཞན་ཡང་དོན་དམ་བདེན་པའི་དབང་དུ་བྱས་ན། སེམས་ཀྱི་འོད་གསལ་བ་དེ་ཚིག་དང་དོན་ལས་འདས་པ་རེད། དེ་ནི་ཨལ་ལཱ་དང་འདྲ་བ་རེད། དེ་ཡང་ཁུ་རཱན་ལས།
ཨལ་ལཱ་ནི་གང་འགྲེལ་བརྗོད་བྱས་པ་ལས་འདས་ཤིང་བླ་ན་མེད་པའི་ཡོན་ཏན་བརྗོད་དོ་ཞེས་གསུངས།
དེ་ལྟ་ནའང་ཨལ་ལཱའི་མིང་མི་འདྲ་བ་དགུ་བཅུ་གོ་དགུ་ཡོད་པ་དང་དེ་དག་ནི་ཨལ་ལཱའི་མེད་དུ་མི་རུང་བའི་ཡོན་ཏན་རྣམས་ལ་གོ་བ་ཡིན། དེ་དང་མཚུངས་པར་འཇམ་དཔལ་མཚན་བརྗོད་ཀྱི་ནང་། འཇམ་དཔལ་དབྱངས་ནི་འོད་གསལ་གཉུག་མའི་སེམས་ལ་གོ་བ་དང་། དུས་འཁོར་གྱི་རྒྱུད་འདིའི་ཚིགས་སུ་བཅད་པས་དེའི་ཡོན་ཏན་རྣམས་འགྲེལ་བརྗོད་གནང་གི་ཡོད།
ཨལ་ལཱ་དང་འདྲ་བར། འོད་གསལ་སེམས་ཀྱི་འཇམ་དཔལ་དབྱངས་ནི།
(༥༨) མཆོག་གི་དང་པོ།
(༡༠༠) སངས་རྒྱས་ཐོག་མ་མཐའ་མ་མེད།
(༩༧) མི་མངོན་མི་སྣང་གསལ་བྱེད་མིན། །
གཞན་ཡང་། ཨལ་ལཱ་ནི་གཅིག་ཡིན་པ་དང་། དེ་ག་ནང་བཞིན་འོད་གསལ་སེམས་ཀྱི་འཇམ་དཔལ་དབྱངས་ནི།
(༤༧) གཉིས་སུ་མེད་དང་གཉིས་མེད་སྟོན།
ཨལ་ལཱའི་མེད་དུ་མི་རུང་བའི་ཡོན་ཏན་ནང་གི་གཅིག་ནི་ཨལ་ཧཁ་ (al-haqq) ཡིན་པ་རེད། དེ་ནི་མངོན་སུམ་དང་། བདེན་པ། གང་ཡང་དག་པ། བཟང་སྤྱོད་ཀྱི་དོན་དུའང་ཡིན། འདི་ནི་ཆོས་ཀྱི་དབྱིངས་ཞེས་པའི་དོན་དུ་ཆོས་ལ་རྟོག་པའི་མཚུངས་ཆོས་ཤིག་ཡོད། དེ་ནི་དོན་དམ་བདེན་པ་སྟེ། ཡེ་ཤེས་ཆོས་སྐུ་ཡིན་པ་རེད།
འོད་གསལ་སེམས་ཀྱི་འཇམ་དཔལ་དབྱངས་ནི།
(༥༥-༥༦) དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །
(༤༧) ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །
(༡༥༧) དོན་གྱི་དམ་པ་རྣམ་དག་དཔལ།
ཨལ་ལཱ་ནི་རྟག་ཏུ་ཨལ་ར་ཧ་མཱན་ (al-Rahman) ལ་གོ་ཞིང་། དེ་ནི་སྙིང་རྗེ་ཅན་དང་ཨལ་ར་ཧིམ་ (al-Rahim) ནི་བྱམས་སེམས་ཅན། སྙིང་རྗེ་ཅན་ཞེས་པ་ནི་འཇིག་རྟེན་བཀོད་པའམ་སྐྲུན་པར་སྙིང་རྗེ་དང་ལྡན་པ་དང་བྱམས་སེམས་ཅན་ཞེས་པ་ནི་གཞན་རྣམས་སྡུག་བསྔལ་ལས་སྐྱོབ་པ་དེ་རེད། རྫོགས་པ་ཆེན་པོའི་ཆོས་ཀྱི་ནང་། སྣང་བ་ཐམས་ཅད་སྐྲུན་མཁན་གྱི་རིག་པའི་ཡོན་ཏན་ནི་སྙིང་རྗེ་ལ་གོ་བ་ཡིན། གཞན་ཡང་འཇམ་དཔལ་དབྱངས་འོད་གསལ་གྱི་སེམས་ནི།
(༣༨) བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག
(༨༨) བྱེད་པོ་སེམས་ཅན་ཐམས་ཀུན་དོན་བྱེད། ཕན་འདོད་སེམས་ཅན་མཉེས་གཤིན་པ། །
དེར་མ་ཟད། ཨལ་ལཱ་ནང་བཞིན་འོད་གསལ་སེམས་ཀྱི་འཇམ་དཔལ་དབྱངས་ནི།
(༡༥༢) མཆོད་འོས་བསྟོད་འོས་ཕྱག་གི་གནས། རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །
ཨལ་ལཱ་དང་འབྲེལ་བའི་འོད་གསལ་བའི་སེམས། བདེན་པ་གསལ་སྟོན། སྙིང་རྗེ་ལ་སོགས་པ་ཁྱད་ཆོས་དེ་དག་ཐམས་ཅད་ཀྱིས་གཞི་རྩའི་བཟང་སྤྱོད་དང་ཚུལ་ཁྲིམས་མཉམ་སྤྱོད་བྱེད་པ་མ་ཟད། ནང་ཆོས་དང་ཁ་ཆེའི་དབར་གྱི་ཐུན་མོང་གི་གཞི་ཞིག་སྟོན་གྱི་ཡོད། ཁྱད་ཆོས་གཞན་མང་པོ་བརྗོད་ཆོག་སྟེ། དཔེར་ན། ཁ་ཆེའི་དྷི་ཀར་ (dhikrs) བཟླས་བརྗོད་བྱེད་པ་དང་ནང་ཆོས་ཀྱི་ནང་སྔགས་བཟླས་བརྗོད་བྱེད་པ། དགེ་རྩའི་ལས་དོན་དང་། ཤེས་ཡོན་སློབ་སྦྱོང་། ཡང་དག་པ་དྲང་བདེན་གྱི་འཚོ་བ་སོགས་ཀྱི་ཐད་ནན་བརྗོད་བྱེད་པ་ལྟ་བུ་རེད། གལ་ཏེ་ང་ཚོས་ཐུན་མོང་གི་ཁྱད་ཆོས་དེ་དག་ཐམས་ཅད་ལ་གུས་འདུད་དང་བཅས་གནས་ལུགས་དུ་མ་ཡོད་པར་སྨྲ་བའི་རིང་ལུགས་ཀྱི་སྒོ་ནས་དང་། དེ་ལ་དཔྱད་ཁྲ་མེད་པ་དང་ཕན་ཚུན་གྱི་ཆོས་རྣམས་མི་མཐུན་པའི་གཞི་ཁོ་ན་ལྟ་བུ་མི་འཛིན་པར་འཇུག་པ་ཡིན་ན། དེ་ནས་ང་ཚོར་ཆོས་ལུགས་ཞི་མཐུན་ཡོང་བའི་གཞི་རྩ་བརྟན་པོ་ཞིག་ཡོད་པ་རེད།།