དུས་ཀྱི་འཁོར་ལོའི་རྒྱུད་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ལོ་ངོ་ཉིས་སྟོང་བརྒྱད་བརྒྱ་ལྷག་གི་གོང་དུ་ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་ཨན་དྲ་པྲ་དེ་ཤའི་མངའ་སྡེ་རུ་གསུངས། དེ་ནི་བྱང་ཤམ་བྷ་ལའི་ཡུལ་དུ་རྒྱུན་འཛིན་བྱས་ཤིང་། དུས་རབས་བཅུ་པའི་ནང་རྒྱ་གར་དུ་ཚུར་དར། དེ་ལྟར་རྒྱ་གར་ནས་འབར་མ་དང་། མ་ལེ་ པེ་ནིན་སུ་ལ་ (Malay Peninsula) དང་དེ་ནས་ཨིནྜོ་ནེ་ཤི་ཡར་དར་ཁྱབ་བྱུང་། འོན་ཀྱང་། ས་ཁུལ་དེ་དག་གི་ནང་དུས་རབས་བཅུ་བཞི་པ་ནས་ཉམས་གུད་ཕྱིན་ཏེ་ཡལ་བ་རེད། དུས་འཁོར་གྱི་རྒྱུད་དེ་རྒྱ་གར་ནས་བོད་དུ་དུས་རབས་བཅུ་གཅིག་ནས་བཅུ་གསུམ་བར་དུ་ཐེངས་མ་འགའ་ཞིག་དར། དེའི་བརྒྱུད་པ་འཛིན་མཁན་ནི་ས་སྐྱ་དང་། བཀའ་བརྒྱུད། དགེ་ལུགས་བཅས་བོད་ཀྱི་ཆོས་བརྒྱུད་ནང་ཡོད།
དུས་རབས་བཅོ་བརྒྱད་པའི་དཀྱིལ་དུ་དགེ་ལུགས་པའི་དུས་འཁོར་གྱི་བརྒྱུད་པ་དེ་གོང་མ་ཆིའན་ལུང་ (Qianlung) གི་འབོད་བསྐུལ་ཞུས་པ་ལྟར་བོད་ནས་རྒྱ་ནག་མན་ཇུ་ལ་གདན་དྲངས། དེའི་སྐབས་༧གོང་ས་སྐུ་ཕྲེང་བདུན་པའི་ཕྱག་རོགས་ལ་བརྟེན་ནས་པེ་ཅིང་དུ་ཡོད་པའི་ཡུང་གྷོ་གོང་ (Yungho Gong) དགོན་པའི་ནང་དུས་འཁོར་གྱི་མཐོ་སློབ་ཞིག་གསར་འཛུགས་བྱས། དུས་རབས་བཅུ་དགུའི་པའི་འགོ་སྟོད་ལ་དུས་འཁོར་གྱི་རྒྱུད་དེ་སོག་ཡུལ་དུ་དར། ཇི་ལྟར་སོག་པོའི་བོག་རྡོ་གེ་གན་ (Bogdo Gegen) བཞི་པས་མགྲོན་འབོད་བྱས་པ་ལྟར། ༧གོང་ས་སྐུ་ཕྲེང་བརྒྱད་པས་སོག་ཡུལ་གྱི་དུས་འཁོར་དགོན་པ་གཙོ་བོ་བདེ་ཆེན་ཀ་ལ་བ་ཞེས་སུ་གྲགས་པ་དེ་གསར་འཛུགས་གནང་མཁན་ཁོང་ཉིད་ཀྱི་རྣམ་རྒྱལ་དགོན་པ་ནས་རྒྱལ་སྲས་རྡོ་རྗེ་འཆང་བཀའ་མངགས་གནང་ཞིང་། སོག་ཡུལ་གྱི་སྲིད་དབང་སྐྱོང་མཁན་བྷོག་རྡོ་གེ་གན་བཞི་པ་དང་ལྔ་པས་དུས་འཁོར་གྱི་རྒྱུད་དེ་སོག་ཡུལ་གང་སར་དར་ཁྱབ་མཛད། སོག་ཡུལ་དུ་ཡོད་པའི་དུས་འཁོར་གྱི་ཆོ་ག་དང་འབྲེལ་བའི་དགོན་སྡེ་ཆེ་ཁག་གཞན་དག་ནི་སོག་པོའི་རྒྱལ་ས་ཨུ་ལཱན་བྷཱ་ཏར་ལ་ཡོད་པའི་དགའ་ལྡན་ (Gandan) དང་ཛུན་ཁུ་རེ་ (Dzun Khure) ཡིན་པ་རེད། སོག་ཡུལ་ནང་དུས་འཁོར་གྱི་རྡུལ་ཚོན་དཀྱིལ་འཁོར་མཐའ་མ་དེ་ཕྱི་ལོ་ ༡༩༣༧ ལོར་བཞེངས་ཡོད་ནའང་། དུས་འཁོར་གྱི་ཆོ་གའི་རིགས་ནི་དགའ་ལྡན་དགོན་པའི་ནང་ལོ་རེ་བཞིན་མུ་མཐུད་དེ་འདོན་མུས་རེད།
སོག་པོའི་ནུབ་ཕྱོགས་དང་དེང་སང་གི་ཤིང་ཅང་ (ཤར་ཏུར་ཀིསྟཱན་) གི་ཨོ་རོད་སོག་པོའི་ས་ཁུལ་ཁག་གི་ནང་། དུས་འཁོར་གྱི་བརྒྱུད་པ་དེ་བཞིན་བོད་བྱང་ཤར་ཨ་མདོའི་མངའ་ཁུལ་དུ་ཡོད་པའི་བླ་བྲང་བཀྲ་ཤིས་འཁྱིལ་ནས་བྱུང་བ་ཞིག་རེད། དུས་འཁོར་གྱི་བརྒྱུད་པ་གཉིས་ས་ཡེ་བྷེ་རི་ཡར་ (Siberia) ཡོད་པའི་བྷུརྱ་ཏིའི་ས་ཁུལ་དུ་དར་ཁྱབ་བྱུང་ཡོད། དེ་གཉིས་ལས་གཅིག་ནི་སོག་ཡུལ་གྱི་བདེ་ཆེན་ཀ་བ་ལ་ནས་དར་བ་དང་གཞན་དེའང་བླ་བྲང་བཀྲ་ཤིས་འཁྱིལ་ནས་དར། དུས་འཁོར་གྱི་སྲོལ་དེ་སོག་ཡུལ་ནས་བརྒྱུད་དེ་ཏུར་ཀིའི་ནང་པའི་ས་ཁུལ་ཏུ་ཝ་ལའང་དར་ཁྱབ་བྱུང་ཡོད། ཁལ་མུག་དང་ལེ་ནིན་གྲེཌ་ (Leningrade) ནང་གི་གྲྭ་ཚང་དགོན་པར་དུས་འཁོར་གྱི་སྲོལ་དེ་ཐད་ཀར་བོད་ནས་དར་བ་ཞིག་ཡིན་པ་དང་། དེ་ཡང་གཙོ་བོ་ཨག་ཝན་རྡོ་རྗེས་ (Agvan Dorjiev) འབད་བརྩོན་ལ་བརྟེན་ནས་དར་བ་ཞིག་རེད། ཨག་ཝན་རྡོ་རྗེ་ནི་སོག་པོ་བྷུརྱ་ཏི་ནས་ཡིན་པ་དང་༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་མཚན་ཞབས་ཡིན་པ་རེད།
དུས་འཁོར་གྱི་རྒྱུད་ལ་སྨན་དང་རྩིས་ཀྱི་སྲོལ་རྒྱུན་སྣ་ཚོགས་པ་དང་བོད་དང་། སོག་པོ། དབུས་ཨེ་ཤི་ཡའི་བསྟི་གནས་ཁང་ཁག་ནས་དོ་སྣང་མངོན་གསལ་ཅན་ཐོབ་ཡོད། དེ་གང་ཡིན་ཞེ་ན། བོད་ཀྱི་ལོ་ཐོ་བརྩི་ཚུལ་རིག་པ་སྟེ། བོད་ཀྱི་གནམ་རིག་སྐར་དཔྱད་དང་སྐར་རྩིས་རིག་པའི་ཆ་ཤས་མང་པོ་དང་བོད་ཀྱི་སྨན་ནམ་གསོ་བ་རིག་པའི་ཆ་ཤས་ཉུང་ངུ་འགའ་ཞིག་དང་དམིགས་བསལ་རིན་ཆེན་གྱི་སྨན་སྣ་ཚོགས་པ་བཟོ་བའི་ཐབས་ཚུལ་མན་ངག་རྣམས་དུས་འཁོར་གྱི་རྒྱུད་ནས་འབྱུང་གི་ཡོད། སོག་པོའི་ལོ་ཐོ་དང་སྐར་རྩིས་རིག་པ་དེ་བཞིན་གསོ་བ་རིག་པའི་ལམ་ལུགས་རྣམས་བོད་ཀྱི་སྐར་རྩིས་རིག་པ་དང་གསོ་བ་རིག་པ་སོགས་ལས་འབྱུང་གི་ཡོད།།