ཡར་ཀླུངས་བཙན་པོའི་རྒྱལ་རྒྱུད།
སྲོལ་རྒྱུན་གྱི་ལོ་རྒྱུས་ལྟར་ན། བོད་དབུས་ཕྱོགས་ཀྱི་ཡར་ཀླུངས་བཙན་པོའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་ཐོག་མ་ནི་དབུས་བྱང་རྒྱ་གར་གྱི་ས་ཆ་མ་ག་དྷ་ནས་བསླེབས་པ་ཞིག་རེད། ཁོང་གི་མཚན་ལ་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས་པ་དང་དེའི་ཚེ་མི་རྣམས་ཀྱིས་ཁོང་ནི་ལྷ་ཡུལ་ནས་མར་ཕེབས་པར་ཡིད་ཆེས་བྱས་ཡོད། བོད་ཀྱི་ལོ་ཐོའི་ནང་བོད་རྒྱལ་ལོ་བརྩི་འགོ་ཚུགས་པ་དེ་ནི་དུས་ཚོད་འདི་ནས་བརྩིས་ཡོད་དེ། དེ་ནི་སྤྱི་ལོའི་སྔོན་གྱི་ལོ་ ༡༢༧ ལོར་ཡིན། ཁོང་དང་ཁོང་གི་རྗེས་ཀྱི་རྒྱལ་པོ་དྲུག་སྐུ་གཤེགས་པའི་ཚེ་ན་དམུ་ཐག་ཅིག་ལ་བརྟེན་ནས་ལྷ་ཡུལ་དུ་ཕྱིར་ལོག་ཕེབས་པར་གྲགས་ཤིང་། ཁོང་ཚོའི་སྐུ་ཕུང་རྣམས་པུར་ཁང་ངམ་བང་སོའི་ནང་སྦས་མེད། ཡར་ཀླུངས་རྒྱལ་ཐོག་བརྒྱད་པ་གྲི་གུམ་བཙན་པོའི་དུས་ནས་བཟུང་སྟེ། བང་སོ་དང་པུར་ཁང་སོགས་དར་ཞིང་། འདིར་བོད་ཀྱི་ལོ་རྒྱུས་འགོ་ཚུགས།
གྲི་གུམ་བཙན་པོའི་རྗེས་ཀྱི་རྒྱུད་འཛིན་གྱི་རྒྱལ་པོ་སྟེ། རྒྱལ་ཐོག་དགུ་པ་ནི་བྱ་ཁྲི་བཙན་པོ་བྱུང་ཞིང་། ཁོང་གི་མཚན་ལ་པུ་དེ་ཀུན་རྒྱལ་ལམ་པུ་དེ་གུང་རྒྱལ་ཞེས་ཀྱང་གྲགས། ཁོང་ནི་རྒྱ་ནག་གི་གོང་མ་རྒྱལ་པོ་ཧཱན་ཏེ། ཧཱན་ཝུ་ཏི་ (Han Wudi) (སྤྱི་ལོའི་སྔོན་གྱི་ལོ་ ༡༤༠-༨༥) དང་དུས་མཉམ་ཡིན་པ་རེད། པུ་དེ་གུང་རྒྱལ་གྱིས་བོད་དུ་ཕྱི་དངོས་པོའི་ཡར་རྒྱས་ཆེན་པོ་བཏང་ཡོད་པ་དང་། ཁོང་ནི་ཆུ་ཡུར་དང་ཟམ་པ་སོགས་ཀྱི་འཛུགས་སྐྲུན་ཆེད་འགན་བཞེས་གནང་བར་སྐད་གྲགས་ཡོད་པ་རེད། ཁོང་གི་ལམ་སྟོན་འོག་རིན་ཐང་ཆེ་བའི་ལྕགས་དང་ཟངས་ཀྱི་གཏེར་རྡོ་རྣམས་བོད་དུ་གསར་རྙེད་བྱུང་།
རྒྱལ་པོ་རྣམས་ཀྱི་མི་རབས་བཅོ་བརྒྱད་ཀྱི་རྗེས་སུ་སྤྱི་ལོ་ ༡༧༣ ལོར་སྐུ་འཁྲུངས་པའི་ཡར་ཀླུངས་རྒྱལ་ཐོག་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་ལ་རྒྱ་གར་ནས་རིན་པོ་ཆེ་ཟ་མ་ཏོག་གི་ནང་དུ་ཡོད་པའི་ལེགས་སྦྱར་སྐད་དུ་བྲིས་པ་ནང་པའི་གླེགས་བམ་གཅིག་ཐོབ་པ་རེད། དེ་ལ་གཉན་པོ་གསང་བ་ཞེས་སུ་གྲགས། ལོ་རྒྱུས་ཀྱི་ཁུངས་གཞན་ལྟར་བྱས་ན། སྒམ་དེ་གནམ་ནས་བབས་པར་བཤད། དེའི་ནང་ལེགས་སྦྱར་སྐད་དུ་བྲིས་པའི་མདོ་ཞིག་ཡོད་པ་དེ་ལ་ལེགས་སྦྱར་སྐད་དུ་ཀ་རན་དབྱུ་སཱུཏྲ་དང་བོད་སྐད་དུ་ཟ་མ་ཏོག་བཀོད་པའི་མདོ་ཞེས་བྱ་བ་དེ་རེད། མདོ་དེ་ནི་ཡི་དམ་གྱི་ལྷ་སྙིང་རྗེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཞན་དོན་གྱི་མཛད་པ་དང་འབྲེལ་བའི་སྐོར་རེད། སྒམ་དེའི་ནང་སྤྱན་རས་གཟིགས་ཀྱི་མ་ཎི་ཡི་གེ་དྲུག་དང་། མི་མ་ཡིན་ཏེ་ཕྱེད་མི་དང་ཕྱེད་ཀླུ་ཡིན་པ་རྣམས་འདུལ་བའི་ཐབས་དང་འབྲེལ་བའི་མདོ་སྡེ་སྤང་སྐོང་ཕྱག་རྒྱ་པ། དེ་བཞིན་གསེར་གྱི་མཆོད་རྟེན་བཅས་ཀྱང་ཡོད་པ་རེད། གཉན་པོ་གསང་བ་ཞེས་བྱ་བ་ནི་ཟ་མ་ཏོག་དེའི་ནང་ཡོད་པའི་དངོས་པོ་བཞི་ཀར་གོ་བ་ཡིན། འདི་ནི་སྤྱི་ལོ་ ༢༣༣ ལོར་བྱུང་ཞིང་། བྱུང་རྐྱེན་གལ་ཆེན་འདི་རྗེས་དྲན་ཆེད་བོད་ཀྱི་དངུལ་ལོ་རྣམས་ལ་དེ་ནས་བཟུང་སྟེ་ལོ་གྲངས་ཇི་ཙམ་འདས་པ་དང་བསྟུན་ནས་ཚེས་གྲངས་བཀོད་ཡོད་པ་རེད།
ཡང་འགའ་ཞིག་གིས་ལེགས་སྦྱར་གྱི་དཔེ་ཆ་དེ་དག་ནི་ལི་ཐི་སི་ནས་ཐོབ་པ་དང་ཐོ་གར་གྱི་ལོ་ཙཱ་བ་བློ་སེམས་འཚོས་ (Tocharian translator Buddhirakshita) བོད་མི་ཚོས་དཔེ་ཆ་དེ་བཞིན་མི་རབས་བཞིའི་རྗེས་སུ་བཀླག་ཐུབ་ངེས་རེད་ཅེས་ལུང་བསྟན་གནང་ཡོད་ཅེས་བརྗོད། ཐོ་གར་ (Tocharia) ནི་དར་སྐུད་ཚོང་ལམ་དུ་ཡོད་པའི་ནང་པའི་རྒྱལ་གཞིས་ཤིག་ཡིན་པ་དང་དེ་ནི་ཀུ་ཆ་ (Kucha) དང་ཏུར་ཧྥན་ (Turfan) གཉིས་ཀྱི་དཀྱིལ་དུ་གནས་ཡོད་པ་དང་ཆབས་ཅིག་བོད་བྱང་གི་དེང་སང་རྒྱ་ནག་ཤིང་ཅང་ (Xinjiang) རྫོང་དུ་ཡོད་པའི་ཏ་རིམ་བྷ་སིན་ (Tarim Basin) གྱི་བྱང་མཐར་ཡོད། ཐོ་གར་བ་རྣམས་ནི་རྒྱ་གར་དང་ཡུ་རོབ་ཀྱི་མི་རྣམས་ཡིན་པ་དང་། ཁོང་ཚོ་ས་ཁུལ་འདིར་ཐོག་མར་རཽ་མན་རྒྱལ་ཁམས་ནས་སླེབས་ཤིང་། ཁོང་ཚོར་ནང་ཆོས་དེ་རྒྱ་གར་ནས་ཐོབ་པ་དང་དེ་དག་གི་གཞུང་ལུགས་རྣམས་རྒྱ་ནག་གི་སྐད་དང་ཏུར་ཀི་རྙིང་མའི་སྐད་དུ་ཡིག་སྒྱུར་བྱེད་པ་ལ་ཁོང་ཚོར་ནི་བྱེད་པོ་གཙོ་བོ་ཡིན་པ་རེད།
དེའི་རྗེས་ཀྱི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ཡིན་པའི་དབང་དུ་བཏང་ན། ཁོང་ལ་ཡོངས་སུ་གྲགས་པའི་མཚན་ནི་སྲོང་བཙན་སྒམ་པོ་ཡིན་པ་དང་ཡར་ཀླུངས་རྒྱལ་ཐོག་སོ་གཉིས་པ་དེ་རེད། ཁོང་ལྷ་ཐོ་ཐོ་རི་གཉན་བཙན་ནས་མི་རབས་བཞིའི་རྗེས་སུ་གཞི་ནས་རྒྱལ་པོར་མངའ་གསོལ། འོན་ཀྱང་སྲོང་བཙན་སྒམ་པོ་ནི་སྤྱི་ལོ་ ༦༡༧ ལོར་སྐུ་འཁྲུངས་པ་དང་བར་དུ་རྒྱལ་ཐོག་གསུམ་བྱུང་ཡོད་པས། སྐུ་ཚེ་ཧ་ཅང་རིང་པོ་བཞུགས་པར་སྟོན་གྱི་ཡོད། དེར་བརྟེན་བོད་ཀྱི་སྲོལ་རྒྱུན་གྱི་ལོ་རྒྱུས་སྣ་ཚོགས་པའི་ནང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་ཚིགས་དེ་གདམ་ཀ་ཅན་གསལ་གྱི་ཡོད། དཔེར་ན། ༢༥༤ ནས་ ༣༧༣ དང་ ༣༧༤ ནས་ ༤༩༣ ལྟ་བུ་དང་ཁོང་ལ་གླེག་བམ་དེ་དག་སྤྱི་ལོ་ ༣༣༣ ཡང་ན་ ༤༦༨ གང་རུང་ལ་ཐོབ་ཡོད། སྤྱི་ལོ་ ༦༡༨ ལོ་སྟེ་སྲོང་བཙན་སྒམ་པོ་སྐུ་འཁྲུངས་པའི་ལོ་གཅིག་གི་རྗེས་སུ་ཐང་རྒྱལ་རྒྱུད་ (༦༡༨-༩༠༧) དེ་རྒྱ་ནག་ཏུ་ཐང་གའོ་ཙུས་ (Tang Gaozu) (༦༡༨-༦༢༧) སྲོལ་གཏོད་པ་རེད།
རྒྱལ་པོ་སྲོང་བཙན་སྒམ་པོ།
སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་སྐབས་སུ་རྒྱལ་པོར་མངའ་གསོལ། ཁོང་ནས་རྒྱལ་ཁབ་གཞན་དང་ཕན་ཚུན་འབྲེལ་བ་དམ་ཟབ་ཡོང་ཕྱིར། རང་གི་བློན་པོ་ཞིག་བལ་པོའི་ཡུལ་དུ་བཏང་ནས་བལ་བཟའ་ཁྲི་བཙུན་དང་གཉེན་སྒྲིག་གོ་སྒྲིག་བྱས། བལ་པོའི་སྲས་མོ་ལ་བྷིར་ཀུ་ཏི་དེ་ཝི་ཞེས་ལྷ་མོ་ཁྲོ་གཉེར་ཅན་མ་ཟེར། བལ་བཟའ་ཁྲི་བཙུན་བོད་དུ་གཉེན་སྒྲིག་ཆེད་དུ་ཕེབས་པའི་སྐབས། རྟེན་སྐལ་དུ་ཇོ་བོ་མི་བསྐྱོད་རྡོ་རྗེ་གདན་དྲངས།
སྲོང་བཙན་སྒམ་པོས་ཁོང་གི་བློབ་པོ་ཐོན་མི་སཾ་བྷོ་ཊ་རྒྱ་གར་དུ་ལེགས་སྦྱར་སྐད་སྦྱོང་ཕྱིར་ག་དུས་བཏང་མིན་གསལ་པོ་ཞིག་མེད། གང་ལྟར་ཡང་། ཐོན་མིས་ཁ་ཆེའི་ཡུལ་ལམ་ཀཥྨིར་ཡུལ་དུ་དགེ་བའི་བཤེས་གཉེན་བྲམ་ཟེ་ལི་པི་ཀ་རའམ་ལི་བྱིན་དང་ལྷ་རིག་པའི་སེང་གེ་གཉིས་ཀྱི་མདུན་ནས་སློབ་སྦྱོང་གནང་བ་རེད། ཐོན་མི་སཾ་བྷོ་ཊ་བོད་དུ་ལོག་ཕེབས་པའི་སྐབས། ཁོང་གིས་རྒྱ་གར་གྱི་བྲཧྨི་དང་གུཔྟའི་ཡིག་གཟུགས་ལ་གཞི་བྱས་ནས་བོད་སྐད་འབྲི་བའི་ཆེད་དུ་འབྲི་གཟུགས་ཤིག་གསར་སྐུན་མཛད་ཡོད། གཉན་པོ་གསང་བའི་གླེགས་བམ་དག་ཀྱང་ཁོང་གིས་བོད་སྐད་དུ་བསྒྱུར།
ཨེ་ ཨེཧྥ་ རུ་ཌོཧྥ་ ཧོ་རེ་ནལ་ (A. F. Rudolf Hoernle) གྱིས་ (Manuscript Remains of Buddhist Literature Found in Eastern Turkistan) (ཤར་ཏུར་ཀི་ནས་རྙེད་སོན་བྱུང་བའི་ནང་པའི་རྩོམ་རིག་གི་ཤུལ་ལུས་ཡིག་ཆ་ཁག་) ཅེས་པའི་ནང་གསལ་ལྟར་ན། བོད་ཀྱི་འབྲི་གཟུགས་ནི་གཙོ་བོ་ལི་ཡུལ་གྱིས་བསྟུན་འགྱུར་བྱས་པའི་རྒྱ་གར་གུཔྟའི་འབྲི་གཟུགས་དེ་ལས་བྱུང་བ་ཞིག་རེད། འདི་ནི་བོད་དང་ལི་ཡུལ་གྱི་འབྲི་གཟུགས་ཀྱིས་ཡིག་འབྲུ་དང་པོ་དང་དབྱངས་རིང་པོ་སྟོན་པ་དང་། དེ་བཞིན་ཀ་མད་གོ་རིམ་གྱི་ནང་དུ་དབྱངས་རྣམ་འཇོག་པའི་ཆེད་བཀོལ་སྤྱོད་ཀྱི་ལུགས་སྲོལ་འདྲ་མཚུངས་བྱེད་ཀྱི་ཡོད་པ་ལས་རྗེས་སུ་དཔགས་པ་ཡིན། ལུགས་སྲོལ་དེ་དག་ནི་རྒྱ་གར་ནས་བྱུང་བའི་འབྲི་གཟུགས་གཞན་ཕལ་ཆེ་བའི་ནང་བཀོལ་སྤྱོད་བྱས་པ་དང་ཧ་ཅང་མི་འདྲ་བའི་ཁྱད་པར་ཡོད།
ལི་ཡུལ་ནི་ཏ་རིམ་བྷ་སིན་གྱི་ལྷོ་ནུབ་མཐར་གྱི་དར་སྐུད་ཚོང་ལམ་དུ་ཡོད་པའི་ནང་པའི་རྒྱལ་ཁམས་ཤིག་ཡིན་པ་དང་། དེ་ནི་བོད་ནུབ་ཕྱོགས་ཀྱི་བྱང་ལ་ཆགས་ཡོད། ལི་ཡུལ་གྱི་མི་རྣམས་ཀྱི་འབྱུང་ཁུངས་ནི་ཨི་རཱན་གྱི་མི་ཡིན་པ་དང་ནང་ཆོས་ཀྱི་རྣམ་པ་ནི་རྒྱ་གར་ནས་བྱུང་། ཁ་ཆེའམ་ཀཥྨིར་བརྒྱུད་ནས་ཚོང་ལམ་ཞིག་ལི་ཡུལ་ནས་བོད་དུ་ཡོད་པ་སོང་ཙང་། ཇི་ལྟར་ཨེ་ ཨེ་ཆུ་ ཧྥ་རེན་ཀེས་ (A. H. Francke) བྲིས་པའི་ (The Tibetan Alphabet, Epigraphia India, vol. 11) (བོད་ཀྱི་ཀ་མད། རྒྱ་གར་རྐོས་ཡིག །པོད་ ༡༡) པ་ལས། ཐོན་མི་སཾ་བྷོ་ཊས་ཀཥྨིར་ལ་ལི་ཡུལ་གྱི་དགེ་རྒན་མཇལ་འཕྲད་དང་སློབ་སྦྱོང་གནང་ཡོད་ཅེས་བརྗོད་ན་དེ་ནི་རྒྱུ་མཚན་མེད་པ་མིན་ཞེས་གསུངས།
ལི་བྱིན་ནི་ཐོན་མིའི་དགེ་བའི་བཤེས་གཉེན་ལི་པི་ཀ་ར་ཞེས་པའི་བོད་སྐད་དུ་བསྒྱུར་བའི་མིང་ཡིན་པ་དང་། དེ་ནི་ “འབྲི་གཟུགས་བཟོ་མཁན་ནམ་འབྲི་གཟུགས་སྦྱིན་མཁན་” ཞེས་སྒྱུར་གྱི་ཡོད། ཁོང་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེ་ཞིག་ཡིན་པར་གྲགས། བོད་སྐད་ནང་ཁོང་གི་མིང་གི་ཡིག་འབྲུ་དང་པོ་ “ལི་” ཞེས་བྱ་བ་དེས་ཁོང་ལི་ཡུལ་ནས་ཡིན་པ་སྟོན་སྲིད། གང་ཡིན་ཞེ་ན། ལི་ཟེར་བ་ནི་བོད་སྐད་ནང་ལི་ཡུལ་ལ་གོ་བ་ཡིན། དེར་བརྟེན་བོད་སྐད་ཀྱི་ལི་བྱིན་ནི་ལི་ཡུལ་གྱི་འབྲི་གཟུགས་སྦྱིན་མཁན་ཞེས་པར་གོ་སྲིད་པ་ཞིག་རེད། འོན་ཀྱང་ལི་ཟེར་བ་དེ་ལི་པི་ཀ་རའི་ཡིག་འབྲུ་དང་པོ་ལི་ཟེར་བ་དེའི་སྒྲ་སྒྱུར་བ་ཞིག་ཀྱང་ཡིན་སྲིད། གང་ཡིན་ཞེ་ན། དེའི་སྐབས་སུ་བོད་ཀྱི་སྐད་ཡིག་ནང་འབྲི་གཟུགས་ཞེས་པ་དེ་ལ་བོད་ཡུལ་རང་དུ་ས་སྐྱེས་རྡོ་སྐྱེས་ཀྱི་ཚིག་ཅིག་མེད་པ་རེད།
མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་གཟི་ཡི་ཕྲེང་བའི་ནང་། བོད་ཀྱི་འབྲི་གཟུགས་ནང་གི་ཡི་གེ་རྣམས་ནི་ཞང་ཞུང་རྙིང་མའི་སྨར་ཡིག་ལས་བྱུང་བ་ཡིན་ཞེས་གསུངས་ཤིང་། དེའང་མཐར་ཐུག་རྒྱ་གར་གྱི་འབྲི་གཟུགས་ཤིག་ནས་བྱུང་ཡོད་ངེས་རེད། ཞང་ཞུང་ནི་བོད་ནུབ་ཕྱོགས་སུ་ཆགས་པའི་སྟོད་མངའ་རིས་རྒྱལ་གཞིས་ཤིག་ཡིན་པ་དང་། དེ་ནི་སྲོང་བཙན་སྒམ་པོའི་སྔོན་ནས་བྱུང་བ་དང་གནའ་བོ་བོད་དུ་ཐོག་མར་བྱུང་བའི་ཆོས་ལུགས་བོན་གྱི་བསྟན་པ་དར་ཡུལ་དེ་ཡིན་པ་རེད། དེ་ལ་ཡར་ཀླུངས་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོའི་སྔོན་དུ་རྒྱལ་པོ་བཅོ་བརྒྱད་བྱུང་ཡོད། ཐོན་མི་སཾ་བྷོ་ཊ་ཀཥྨིར་ལ་བསླེབ་པར་ཞང་ཞུང་བརྒྱུད་དགོས་ཀྱི་ཡོད། ལི་ཟེར་བ་ཞང་ཞུང་གི་རྫོང་ཞིག་གི་མིང་ཡང་ཡིན་པ་དང་དེ་ནི་ཞང་ཞུང་རྒྱལ་པོའི་ཁྱིམ་ཚང་གི་མིང་གི་ཆ་ཤས་ཡིན་པ་རེད། དེར་བརྟེན་ཕྱོགས་གཞན་ཞིག་ནས་ལི་བྱིན་ཟེར་བ་དེ་ཞང་ཞུང་ཁྱིམ་ཚང་གི་འབྲི་གཟུགས་སྦྱིན་མཁན་ཞེས་པའི་དོན་ཡིན་སྲིད། དེ་ནས་བོད་ཀྱི་འབྲི་གཟུགས་དེ་ཕལ་ཆེར་རྒྱ་གར་དང་། ལི་ཡུལ། ཞང་ཞུང་བཅས་འཁུང་ཁུངས་གསུམ་ཀས་ཤུགས་རྐྱེན་བྱས་ཡོད་པའི་བཟོ་འདྲ་ཞིག་ཡོད།
དེ་ནས་སྲོང་བཙན་སྒམ་པོས་རྒྱ་ནག་དང་མཉམ་དུའང་མནའ་འབྲེལ་གཅིག་མཚུངས་ཤིག་བཙལ་གནང་ཞིང་། དེ་ནི་རྒྱ་ནག་གི་སྲས་མོ་རྒྱ་བཟའ་ཀོང་ཇོའམ་ཝུན་ཤིང་ཀོང་ཇོ་ཟེར་བ། ཐང་རྒྱལ་རབས་ཀྱི་གོང་མ་ཐེ་ཙུང་ (༦༢༧-༦༥༠) གི་སྲས་མོ་ཡིན་པ་རེད། འོན་ཀྱང་གཉེན་སྒྲིག་འདིའི་གོ་སྒྲིག་འདི་ཕྱིར་བཤོལ་བྱུང་ཡོད། གང་ཡིན་ཞེ་ན། ཐོ་ཀི་ཀི་ (Thokiki) ཟེར་བ་དེང་སང་རྒྱ་ནག་གི་མངའ་སྡེ་ཆིང་ཧ་ཡེ་དང་ཨ་མདོའི་བྱང་ཕྱོགས་ཀོ་ཀོ་ནོར་དུ་ཡོད་པའི་ཐུ་ལུ་ཧུན་ཨ་ཞའི་ (Tuyuhun) རྒྱལ་གཞིས་ཀྱི་དབང་སྒྱུར་བ་ཞིག་ཡིན་པ་དེས་ཀྱང་རྒྱ་ནག་གི་སྲས་མོ་གཉེན་དུ་བསླང་རྒྱུའི་རེ་བ་བྱེད་བཞིན་ཡོད། ཐུ་ལུ་ཧུན་ཨ་ཞས་དུས་རབས་བཞི་པའི་འགོ་ནས་བཟུང་སྟེ་ས་ཁུལ་དེར་དབང་སྒྱུར་བྱས་ཡོད།
སྲོང་བཙན་སྒམ་པོས་བོད་དབུས་ལས་བརྒལ་ནས་ས་གནས་གཞན་དང་གཞན་དུ་རང་གི་རྒྱལ་ཁམས་རྒྱ་སྐྱེད་དང་རྩ་འཛུགས་ཀྱི་དགོངས་གཞི་ཡོད་པ་དང་། དེ་ཡང་ཐོག་མར་བྱང་དང་ཤར་ནས་འགོ་འཛུགས་གནང་འཆར་ཡོད། རྗེས་སུ་དམག་འཁྲུག་ཡུན་རིང་ཞིག་བྱུང་ཞིང་། དེའི་སྐབས་སུ་ཁོང་གིས་ཅང་ (Qiang) དང་། སྦས་ལང་། (Bailan) ཐང་ཤང་ (Dangxian) གི་རུས་སྡེ་རྣམས་དབང་སྒྱུར་བྱས། ད་ལྟར་རྒྱལ་ཁམས་རྒྱ་ཆེར་དབང་སྒྱུར་བྱེད་མཁན་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་སླར་ཡང་རྒྱ་ནག་གི་རྒྱལ་པོ་ཐེ་ཙུང་ལ་རང་གི་སྲས་མོ་གཉེན་དུ་བསླང་རྒྱུའི་སྐོར་དྲིས་ཀྱང་། དེ་ལ་ངོས་ལེན་མ་བྱས་པའི་སྐབས། སྲོང་བཙན་སྒམ་པོས་རྒྱ་ནག་གི་མཐའ་མཚམས་ཞིང་ཆེན་སུང་ཞོའུ་ (Songzhou) ཟེར་བ་དེ་དེང་སང་སི་ཁྲོན་ (Sizhuan) ཞིང་ཆེན་ལ་འཐབ་རྒོལ་བྱས་པ་རེད། མཐར་སྤྱི་ལོ་ ༦༤༡ ལོར་ཁོང་ལ་རྒྱ་ནག་གོང་མའི་སྲས་མོ་མནའ་མར་ཐོབ། རྒྱ་བཟའ་བོད་དུ་ཕེབས་སྐབས་རྟེན་སྐལ་དུ་སྟོན་པའི་སྐུ་འདྲ་གཞན་ཞིག་གདན་དྲངས་པ་ནི་ཇོ་བོ་ཤཱཀྱ་མུ་ནེ་ཡིན་པ་རེད།
དེ་ལྟར་སྲོང་བཙན་སྒམ་པོས་ར་སར་གཙུག་ལག་ཁང་གཉིས་བཞེངས་མཛད། ཕྱིས་སུ་དེ་ལ་ལྷ་ས་ཞེས་གྲགས་པ་རེད། དེ་ནི་རྒྱལ་པོའི་བཙུན་མོ་བལ་བཟའ་དང་རྒྱ་བཟའ་གཉིས་ནས་རྟེན་སྐལ་དུ་གདན་དྲངས་པའི་སྟོན་པའི་སྐུ་འདྲ་གཉིས་འཇོག་ས་ཡིན་པ་རེད། ར་མོ་ཆེ་གཙུག་ལག་ཁང་ནི་བལ་བཟའ་ཁྲི་བཙུན་གྱིས་གདན་དྲངས་པའི་སྐུ་བརྙན་གྱི་ཆེད་དུ་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཞེས་ཕྱིས་སུ་ཇོ་ཁང་ཟེར་བ་དེ་རྒྱ་བཟའ་ཀོང་ཇོའི་སྐུ་རྟེན་གྱི་ཆེད་དུ་བཞེངས་མཛད་པ་རེད། བདེ་འཇགས་ཉེན་སྲུང་རྒྱུ་མཚན་དུ་བྱས་ནས་སྐུ་འདྲ་གཉིས་ཀྱི་ཆགས་ཡུལ་མི་རབས་རྗེས་མའི་དུས་སྐབས་སུ་ཕན་ཚུན་བརྗེ་ལེན་བྱས་ཡོད།
དུས་སྐབས་དེའི་རིང་ལ་སྲོང་བཙན་སྒམ་པོས་བོད་ཀྱི་རྒྱལ་ཁམས་དེ་མུ་མཐུད་རྒྱ་སྐྱེད་བཏང་ནས་བྱང་སྦར་མ་དང་དེ་རྗེས་སྤྱི་ལོ་ ༦༤༠ ལོར་བལ་པོའི་ཡུལ་དུའང་དར་སྤེལ་བཏང་། འདི་ནི་བལ་ཡུལ་ནང་གཙང་དང་། བླ་མ། ཤར་པ། རྟ་མང་བཅས་བོད་ཀྱི་མི་རྒྱུད་ཐོག་མར་བྱུང་བའི་སྐབས་རེད། སྤྱི་ལོ་ ༦༤༣ ལོར་ཞང་ཞུང་རྒྱལ་རྒྱུད་ཀྱི་དབང་སྒྱུར་བ་མཐའ་མ་སྟེ། ལེགས་མིའམ་ཡང་ན་དེ་ལས་གྲགས་ཆེ་བ་ནི་བོད་སྐད་ནང་ལི་མིག་རྐྱ་ཞེས་དང་། ཞང་ཞུང་སྐད་དུ་ལིག་མྱི་རྐྱ་མགོ་བཏགས་ཞུས་པ་དང་ཞང་ཞུང་ནི་མངའ་འབངས་ཀྱི་ཞིང་ཆེན་ཞིག་ཏུ་གྱུར་བ་དང་བསྟུན་བོད་ཀྱི་རྒྱལ་ཁམས་དེ་མུ་མཐུད་ནས་རྒྱ་སྐྱེད་བྱུང་ཡོད།
བོད་ཀྱི་སྲོལ་རྒྱུན་གྱི་འབྱུང་ཁུངས་ཁག་ནས་ལུང་འདྲེན་བྱེད་པ་ལྟར། མཁས་དབང་ནམ་མཁའི་ནོར་བུའི་གཟི་ཡི་ཕྲེང་བའི་ནང་། སྲོང་བཙན་སྒམ་པོའི་ཆེས་ཐོག་མའི་ཞང་ཞུང་དང་ཞི་བདེའི་འབྲེལ་ལམ་ཞིག་ཡོད། དོན་ངོ་མར་བོད་ཀྱི་བཙན་པོའི་བཙུན་མོ་དང་པོ་དེ་ནི་རྒྱལ་པོ་ལི་མིག་རྐྱའི་སྲས་མོ་ལི་ཐིག་སྨན་ཡིན་པ་དང་། དེའི་བརྗེ་ལེན་གྱི་ཚུལ་དུ་རང་གི་མཆེད་མོ་ཞང་ཞུང་རྒྱལ་པོའི་བཙུན་མོར་བཏང་བ་རེད། ཞང་ཞུང་རྒྱལ་པོའི་སྲས་མོས་ཡར་ཀླུངས་རྒྱལ་པོའི་ཁབ་ཏུ་གནའ་བོའི་བོན་གྱི་རིག་གཞུང་གི་རྣམ་པ་མང་པོ་ཞིག་གདན་དྲངས་ཡོད། འོན་ཀྱང་སྤྱི་ལོ་ ༦༤༣ ལོར་སྲོང་བཙན་སྒམ་པོས་ཞང་ཞུང་ལ་འཐབ་རྒོལ་དང་བཅས་དབང་སྒྱུར་བྱས་ཤིང་། རྒྱལ་པོ་ལི་མིག་རྐྱ་བཀྲོངས་པ་རེད།
བོད་དང་རྒྱ་ནག་དབར་གྱི་འབྲེལ་བ་བཟང་པོ་དེ་ཁེ་བཟང་བླངས་ཏེ། སྲོང་བཙན་སྒམ་པོས་སྤྱི་ལོ་ ༦༤༥ ལོར་ཐང་གོང་མར་འབོད་སྐུལ་ཞིག་བཏང་བ་དང་དེའི་རྗེས་ཐོག་ནས་དེང་སང་གི་ཤང་ཙིའི་ (Shanxi) ཞིང་ཆེན་དུ་ཡོད་པའི་འཇམ་དཔལ་དབྱངས་ཀྱི་གནས་མཆོག་རྒྱ་ནག་རི་བོ་རྩེ་ལྔར་ (Wutaishan) ལྷ་ཁང་ཞིག་ཀྱང་བཞེངས།
སྤྱི་ལོ་ ༦༤༨ ལོར་རྒྱ་ནག་གོང་མ་ཐའི་ཛུང་གིས་རྒྱ་གར་གྱི་རྒྱལ་པོ་ཧརྴ་ (༦༠༦-༦༤༧) ལ་མཐུན་འབྲེལ་གྱི་བརྡ་ལན་སྐྱེལ་མཁན་ཞིག་བཏང་། བརྡ་ལན་སྐྱེལ་མཁན་དེ་རྒྱ་གར་ལ་འབྱོར་བའི་སྐབས། རྒྱལ་པོ་ཧརྴ་འདས་གྲོངས་སུ་ཕྱིན་པ་དང་ཁོང་གི་བློན་པོ་ཨརྗུན་ནམ་སྲིད་སྒྲུབ་ཀྱིས་རྒྱུད་འཛིན་བྱེད་བཞིན་ཡོད། སྲིད་སྒྲུབ་ནི་ནང་ཆོས་ལ་བཟོད་སྒོམ་མི་ཐུབ་མཁན་ཞིག་ཡིན་པ་སོང་ཙང་། རྒྱ་ནག་ནས་བཏང་བའི་བརྡ་ལན་སྐྱེལ་མཁན་མང་ཆེ་བ་བསད་པ་རེད། སྲོག་ཉེན་ལས་ཐར་མཁན་རྣམས་བལ་ཡུལ་དུ་བྲོས་ནས་དེར་བོད་མི་ནས་རོགས་བཙལ་བ་རེད། དེའི་རྗེས་སུ་བོད་ཀྱི་དམག་མིས་རྒྱ་གར་གྱི་མངའ་སྡེ་བི་ཧཱར་ལ་སྲིད་སྒྲུབ་ལ་བཙན་འཛུལ་དང་བཅས་ཕམ་པར་བྱས། འོན་ཀྱང་དེ་ལྟར་ཕམ་ཉེས་ཤོར་བ་འདི་རྒྱ་གར་གྱི་ལོ་རྒྱུས་ཁག་གི་ནང་བཀོད་མེད། དེའི་རྗེས་སུ་མི་རིང་བར་སྤྱི་ལོ་ ༦༤༩ ལོར་སྲོང་བཙན་སྒམ་པོ་སྐུ་གཤེགས་པ་རེད།
རྒྱལ་པོ་མང་སྲོང་མང་བཙན།
དེའི་རྗེས་ཀྱི་བོད་ཀྱི་བཙན་པོ་ནི་མང་སྲོང་མང་བཙན་ (༦༤༩-༦༧༨) རེད། ཁོང་གི་བློན་པོ་མགར་སྟོང་བཙན་ཡུལ་སྲུང་ (འདས་ལོ་ ༦༦༧) གི་འགོ་ཁྲིད་འོག་བོད་ཀྱི་དམག་མིས་སྤྱི་ལོ་ ༦༥༥ ནས་བཟུང་སྟེ་ ༦༦༦ བར་དུ་དམག་འགུལ་རིང་པོ་ཞིག་སྤེལ་བ་བརྒྱུད་དེ་ཐུ་ལུ་ཧུན་གྱི་ (Tuyuhun) རྒྱལ་གཞིས་དབང་དུ་བསྡུས་པ་རེད། སྤྱི་ལོ་ ༦༧༢ ལོར་ཁོང་ཚོའི་ཕམ་ཉེས་མཐའ་མ་ལ་བརྟེན་ནས་ཐུ་ལུ་ཧུན་གྱི་སྐྱབས་བཅོལ་བ་མང་པོ་ཞིག་ནི་དེང་སང་ལྷོ་ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་ལིང་ཞའོ་ (Liangzhou) ལ་ཐང་གི་སྲུང་སྐྱོབ་འོག་སླར་ཡང་གཞིས་ཆགས་པ་རེད།
བོད་ཀྱི་དམག་མི་རྣམས་ཀན་སུའུའི་སྐམ་རྒྱུད་སྲང་ལམ་བརྒྱུད་ནས་རྒྱ་ནག་ནས་དར་སྐུད་ཚོང་ལམ་འགྲམ་གྱི་གྲོང་ཁྱེར་ཆེ་ཁག་རྣམས་དབང་དུ་བསྡུ་བའི་ཕྱིར་མུ་མཐུད་ནས་ཐོན་པ་རེད། སྤྱི་ལོ་ ༦༦༨ ལོར་ཁོ་ཚོས་ཏ་རིམ་བྷེ་སིན་ (Tarim Basin) གྱི་ཤར་མཐའ་ལ་དྲི་མ་འཁོལ་ཞེས་པའི་ས་ཆར་དམག་མིའི་མཁར་རྫོང་ཞིག་བཙུགས། ལོ་རྗེས་མའི་སྤྱི་ལོ་ ༦༦༩ ལོར་ས་ཁུལ་དེའི་ཤར་ཏུར་ཀིའི་དཔོན་པོ་མང་པོས་བོད་ཀྱི་བཙན་པོ་རྣམས་ལ་ལར་ཞེན་ཡོད་པའི་དམ་བཅའ་བཞག་པ་རེད། འདི་ནི་ཤར་ཏུར་ཀིའི་རྒྱལ་རྒྱུད་དང་པོ་ (༥༥༢-༦༣༠) ཉམས་པ་དང་ཤར་ཏུར་ཀིའི་རྒྱལ་རྒྱུད་གཉིས་པ་ (༦༨༢-༧༤༤) འགོ་ཚུགས་པའི་བར་གྱི་དུས་སྐབས་སོ།།
སྤྱི་ལོ་ ༦༧༠ ཙམ་ནས་བོད་ཀྱི་དམག་དཔུང་གིས་ཏ་རིམ་བྷ་སིན་ཏེ། ཨན་ཤིའི་དམག་དཔུང་བཞི་པོ་ཚང་མ་དབང་དུ་བསྡུས། ཨན་ཤིའི་དམག་དཔུང་བཞི་ནི་ཀུ་ཆ་ (Kucha) དང་། ལི་ཡུལ། (Khotan) ཀཤ་གར། (Kashgar) ཀ་ར་ཤ་ཧྲི་ (Karashahr) (འདི་ལ་ཨགྣི་ཞེས་ཀྱང་གྲགས་) བཅས་བྱེ་ཐང་དཀྱིལ་གྱི་ས་ཆ་གཤིན་པོའི་རྒྱལ་གཞིས་སུ་ཆགས་ཡོད། དེ་ནི་དེང་སང་གི་དུས་སུ་ཤིང་ཅང་ཞིང་ཆེན་ཏེ། ཏ་རིམ་བྷ་སིན་གྱི་ནུབ་མཐའི་ཉེ་འགྲམ་དུ་ཡོད་པ་རེད། ཐང་རྒྱ་ནག་གིས་སྤྱི་ལོ་ ༦༤༨ ནས་༦༥༨ བར་ལ་དམག་མིའི་མཁར་རྫོང་དེ་དག་བཙུགས།
དུས་ཡུན་དེའི་སྔ་ཕྱི་བར་གསུམ་དུ་བོད་དང་ཐང་རྒྱ་ནག་གི་དམག་མི་རྣམས་ཕན་ཚུན་འཐབ་རྒོལ་བྱས། ཐང་གི་ལོ་རྒྱུས་ནང་ཕམ་ཉེས་སྡུག་ཤོས་དེ་ནི་དེང་སང་གི་དུས་སུ་ཆིང་ཧ་ཡེ་ (Qinghai) ཞིང་ཆེན་གྱི་ཀོ་ཀོ་ནོར་མཚོའི་ལྷོ་ཕྱོགས་སུ་ཡོད་པའི་རྡ་སན་ཅན་ (Dafeichuan) ཞེས་པའི་ས་ཆར་བྱུང་ཡོད། དེའི་སྐབས་སུ་བོད་ཀྱི་དམག་མི་འབུམ་གཉིས་ཀྱིས་ཐང་གི་དམག་དཔོན་ཞེ་རེན་ཀུའེའི་ (Xue Rengui) དམག་མི་ཆིག་འབུམ་རྩ་གཏོར་བཏང་། ཀན་སུའི་ཞིང་ཆེན་དུ་བོད་དམག་གིས་ཐང་གི་གྲོང་སྡེ་མང་པོ་དཔུང་འཇུག་བྱས་ཀྱང་། དམག་འཁྲུག་དེ་ཐག་ཆོད་པ་ཞིག་བྱུང་མེད་པ་དང་བོད་ཀྱིས་ས་ཁུལ་ཡོངས་སུ་རྫོགས་པ་དབང་དུ་བསྡུ་ཐུབ་པ་བྱུང་མེད།
རྒྱལ་པོ་ཁྲི་འདུས་སྲོང་མང་རྗེ།
བོད་ཀྱི་རྒྱལ་པོ་མང་སྲོང་མང་བཙན་སྤྱི་ལོ་ ༦༧༦ ལོར་སྐུ་གཤེགས། ཁོང་གི་རྗེས་སུ་ཁྲི་འདུས་སྲོང་མང་རྗེ་ (༦༧༧-༧༠༤) ཟེར་བ་དེ་བྱུང་། རྒྱལ་པོ་བྱིས་པ་ན་ཚོད་མ་ལོངས་པའི་སྐབས། མང་སྲོང་མང་བཙན་གྱི་བློན་པོ་མགར་གྱི་རིགས་རྒྱུད་པ་མར་བཙན་ཉེན་གྱིས་རྒྱལ་ཚབ་ལྟ་བུར་དབང་ཆ་ཤུགས་ཆེན་གྱིས་དབང་སྒྱུར་མུ་མཐུད་བྱས། དེ་དག་གི་ལམ་སྟོན་འོག་བོད་ཀྱི་དམག་དཔུང་གིས་མུ་མཐུད་དེ་ཐང་རྒྱ་ནག་ལ་འཐབ་འཛིངས་བྱས།
ཁྲི་འདུས་སྲོང་མང་རྗེ་སྤྱི་ལོ་ ༧༠༤ ལོར་དེང་སང་གི་དུས་སུ་ཡུ་ནན་ཞིང་ཆེན་དུ་ཆགས་པའི་ནན་ཆའོ་ (Nan Chao) ཞེས་པའི་ས་ཆར་སྐུ་གཤེགས། ཐོག་མར་ཐེ་ལེནྜའི་བེའི་རུས་རྒྱུད་ནང་གི་གཅིག་གིས་དེར་སྤྱི་ལོ་ ༦༤༩ ལོར་རྒྱལ་གཞིས་ཆུང་ཆུང་ཞིག་བཙུགས། སྤྱི་ལོ་ ༦༨༠ ལོར་བོད་ཀྱི་དམག་གིས་དེ་དབང་དུ་བསྡུས། འོན་ཀྱང་སྤྱི་ལོ་ ༧༠༣ ལོར་རྒྱལ་གཞིས་དེ་བོད་འོག་ཏུ་མིང་ཙམ་དབང་སྒྱུར་མངའ་སྡེ་ཞིག་ཏུ་གྱུར། ས་ཁུལ་དེའི་ནང་གི་བེའི་རྒྱལ་གཞིས་ཆུང་ངུ་འགའ་ཞིག་དང་ཆིག་སྒྲིལ་ཐོག་ནས་རྒྱལ་གཞིས་དངོས་ལ་རིམ་གྱིས་འགྱུར་ལྡོག་གོང་འཕེལ་ཕྱིན་ཏེ་ནན་ཞའོ་ (Nanzhao) (༧༣༧-༩༠༢) ཟེར་བའི་མིང་ཐོགས། ས་ཁུལ་འདི་ནི་རྒྱ་དཀར་ནག་གཉིས་ཀྱི་ཚོང་ལམ་དུ་ཆགས་ཤིང་། དེ་ནི་བྱང་སྦར་མ་ནས་བརྒྱུད་དེ་འགྲོ་གི་ཡོད། བོད་པ་ཚོ་མ་སླེབས་གོང་ལ་གནས་བརྟན་སྡེ་པ་དང་སྔ་མོའི་རྒྱ་ནག་གི་ཐེག་པ་ཆེན་པོའི་ནང་ཆོས་གཉིས་ཀ་དེར་ཡོད། ནང་པའི་ལུགས་ལྟར་ན། ས་ཁུལ་དེའི་ནང་གི་ཐེག་དམན་རྣམས་ནི་རྒྱ་གར་མཽརྱ་རྒྱལ་རྒྱུད་ཀྱི་རྒྱལ་པོ་མྱ་ངན་མེད་ (སྤྱི་ལོའི་སྔོན་གྱི་ལོ་ ༢༧༣-༢༣༢) ཀྱི་སྲས་གསུམ་ལས་བྱུང་བ་ཡིན།
རྒྱལ་པོ་མེས་ཨག་ཚོམ།
ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་གྱིས་རང་གི་ཡབ་རྗེ་ཁྲི་འདུས་སྲོང་མང་རྗེའི་ཤུལ་འཛིན་དུ་རྒྱལ་ཁྲིར་འཁོད་པའི་སྐབས་སུ་ཁོང་དགུང་ལོ་བདུན་དུ་སོན། དར་མའི་དུས་སྐབས་སུ་མ་བསླེབ་བར་དུ་ཁོང་གི་རྨོ་མོ་སྟེ། བཙུན་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་ཁོང་གི་རྒྱལ་ཚབ་ཏུ་སྲིད་དོན་བསྐྱངས། དེ་ནི་སྤྱི་ལོ་ ༧༠༤་ནས་༧༡༢ བར་ཡིན། རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྐུ་དུས་ (༧༡༢-༧༥༥) སུ་ཁོང་གིས་ལྷ་སའི་ལྷོ་ཕྱོགས་སུ་ལྷ་ཁང་གསུམ་བཞེངས། བོད་ཀྱི་སྲོལ་རྒྱུན་གྱི་ཡིག་ཆ་གཞན་ཁག་ལྟར་ན། ཁོང་གིས་ལྷ་ཁང་ལྔ་མཉམ་དུ་བཞེངས་ཞེས་གསལ།
སྤྱི་ལོ་ ༧༡༠ ལོར་རྒྱག་ནག་རྒྱལ་པོའི་སྲས་མོ་ཀིམ་ཤིང་ (Jincheng) ཟེར་བ་ཐང་གི་གོང་མ་ཀྲུང་ཙུང་ (Zhongzong) (སྲིད་དབང་སྐྱོང་ཡུན། ༧༠༥-༧༡༠) གི་བུ་མོའི་ཚབ་ཉར་བ་ཞིག་མེས་ཨག་ཚོམ་ལ་མནའ་མར་སྤྲད་པ་རེད། འདི་ནི་ཁྲི་མ་ལོད་ཀྱི་འབོད་སྐུལ་ལྟར་བྱུང་ཞིང་། དེ་ལ་ཐང་གོང་མས་བོད་དང་རྒྱ་ནག་དབར་གྱི་དངངས་འཚབ་དེ་གཅོག་ངེས་པའི་རེ་བ་དང་བཅས་མོས་མཐུན་བྱས། འོན་ཀྱང་དམིགས་ཡུལ་དེ་དངོས་སུ་སྒྲུབ་མེད། ཀིམ་ཤིང་བོད་དུ་སྐྱིད་པོ་མེད་པ་དང་ཁེར་རྐྱང་ཚོར་བ། དེ་བཞིན་མེས་ཨག་ཚོམ་གྱི་བཙུན་མོ་གཞན་དག་གིས་ཕྲག་དོག་བྱེད་ཀྱི་ཡོད། ཀིམ་ཤིང་ནི་ནང་པ་ཆོས་སེམས་ཅན་ཞིག་ཡིན་པས། ཁོང་གིས་སྤྱི་ལོ་ ༧༣༧ ལོར་ལི་ཡུལ་དུ་ནང་པའི་རྒྱབ་འགལ་གྱི་སྡུག་སྦྱོང་འོག་ནས་བྲོས་བྱོལ་སླེབས་པའི་ནང་པའི་སྐྱབས་བཅོལ་བ་རྣམས་ལ་སྐྱབས་བཅོལ་བའི་ཐོབ་ཐང་སྤྲད་ཡོད།
སྤྱི་ལོ་ ༧༡༩ ལོར་རྒྱ་ནག་གོང་མ་ཞུན་ཙུང་ (Xuangzong) (༧༡༣-༧༥༦) གིས་བོད་དང་ཨེ་རབ་ཀྱི་ཡར་རྒྱས་བཀག་འགོག་ཆེད་དམག་མིའི་རྩོལ་བ་མང་དུ་བཏང་ཡོད། དུས་སྐབས་དེའི་རིང་དང་དེའི་སྔོན་གྱི་དུས་སྐབས་མི་འདྲ་བའི་ནང་། བོད་ནི་མཐུན་ཕྱོགས་རྒྱལ་ཁབ་ཅིག་ཏུ་གྱུར་བ་དང་ཁྱིམ་མཚེས་ཀྱི་རྒྱལ་ཁབ་ཨེ་རབ་ཨུ་མེ་ཡ་དའི་ཁ་ལིཧྥ་ (Umayyad Caliphate) (༦༦༡-༧༥༠) དང་མཉམ་དུ་ཚོང་འབྲེལ་བྱུང་། དཔེར་ན། སྤྱི་ལོ་ ༧༡༧ ལོར་བོད་དང་ཨེ་རབ་རྣམས་ཀྱིས་ཀུ་ཆར་ (Kucha) ཡོད་པའི་རྒྱ་མི་ལ་འཐབ་འཛིངས་ཆེད་དམག་ལ་མཉམ་བཞུགས་བྱས། ཨུ་མེ་ཡ་དའི་རྒྱལ་རྒྱུད་དང་དྷ་མས྄་ཁུས྄་ (Damascus) ལ་ཡོད་པའི་དེའི་རྒྱལ་ས་དང་བཅས་པས་ཕལ་ཆེར་དབུས་ཤར་ཡོངས་སུ་རྫོགས་པ་དང་ནུབ་ཏུར་ཀིའི་ཆ་ཤས་བཅས་ཁོངས་སུ་བསྡུས།
འོན་ཀྱང་། སྤྱི་ལོ་ ༧༣༠ ལོར་བོད་དང་རྒྱ་ནག་ཞི་བའི་ཆིངས་ཡིག་ཅིག་བཞག་ནས་ཀོ་ཀོ་ནོར་མཚོའི་ཤར་ཕྱོགས་སུ་རྒྱལ་རྒྱུད་གཉིས་ཀྱི་དབར་ལ་ས་མཚམས་གཏན་འབེབས་བྱས། ཞི་བའི་ཆིངས་ཡིག་དེ་ལོ་བཅུའི་རིང་གནས། དེའི་རིང་ལ་གཞུང་གི་སྐུ་ཚབ་རྣམས་འཆར་ཅན་དུ་བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱ་ནག་གི་ཧྲང་ཨན་ (Chang’an) (དེང་སང་ཤིའན་) བར་ལ་འགྲོ་སྐྱོད་བྱས། འོན་ཀྱང་སྤྱི་ལོ་ ༧༤༠ ལོར་ཐང་དམག་དཔུང་གིས་འཐབ་རྒོལ་བྱས་ཏེ། སླར་ཡང་རྒྱ་བོད་ས་མཚམས་སུ་གནད་འགག་ཆེ་བའི་ས་ཁུལ་ཁག་སྟངས་འཛིན་བྱ་རྒྱུའི་དབང་ཆ་ཐོབ།
སྤྱི་ལོ་ ༧༤༡ ལོར་རྒྱ་བཟའ་ཀིམ་ཤིང་འདས་གྲོངས་སུ་གྱུར་བ་སྙན་སྒྲོན་ཞུ་བ་དང་ཞི་བདེའི་རེ་སྐུལ་བཅས་ཀྱི་ཆེད་དུ་བོད་ནས་རྒྱ་ནག་ལ་ཕོ་ཉ་ཞིག་བཏང་། འོན་ཀྱང་རྒྱ་ནག་གིས་ངོས་ལེན་བྱས་མེད། བོད་ཀྱིས་རྒྱ་ནག་གིས་བཟུང་བའི་ས་ཁུལ་ལ་དམག་མི་ཞིག་བཏང་ནས་དེ་དང་གི་ཆིང་ཧཡེ་ (Qinghai) དང་སི་ཁྲོན་ (Sichuan) ཞིང་ཆེན་ནང་ཡོད་པའི་ས་མཚམས་ཀྱི་གྲོང་ཁྱེར་འགའ་ཞིག་འཛིན་བཟུང་བྱས། ཡིན་ནའང་སྤྱི་ལོ་ ༧༤༧ ལོར་ཀོ་རི་ཡའི་དམག་སྤྱི་གའོ་ ཞིཡྱན་ཞིའི་ (Gao Zianzhi) བཀའ་འོག་ཏུ་རྒྱ་མིས་ས་ཁུལ་འདི་ནས་བོད་མི་ཚོ་མཐར་སྐྲོད་བཏང་།
དམག་འཁྲུག་དེ་དག་ལ་མ་ལྟོས་པར། ཨེས་ཨག་ཚོམ་གྱིས་སྤྱི་ལོ་ ༧༥༡ ལོར་ཐང་གོང་མའི་ཕོ་བྲང་དུ་ཧཱན་རྒྱ་ཡི་ནང་ཆོས་སྦྱོང་ཆེད་ད་དུང་ཕོ་ཉ་ཞིག་བཏང་། སྤྱི་ལོ་ ༧༥༡ ནི་ཨུ་མེ་ཡ་ད་བརྗེ་ཚབ་བྱས་པའི་གསར་དུ་བཙུགས་པའི་ཨེ་རབ་ ཨབྷ་སིད་ ཁ་ལིཧྥ་ (Arab Abbasid Caliphate) (སྤྱི་ལོ་ ༧༥༠-༡༢༥༨) ཡིས་ཐང་རྒྱ་ནག་གི་དམག་དཔུང་རྣམས་ཏ་ལས྄་ཆུ་བོར་ (Talas River) ཕམ་ཉེས་བཏང་བའི་ལོ་དེ་ཡིན་ཞིང་། རྒྱ་ནག་གི་ས་ཁུལ་ནུབ་ཏུར་ཀི་ལ་རྒྱ་སྐྱེད་གཏོང་བ་དེ་མཇུག་སྒྲིལ་བ་རེད།
སྤྱི་ལོ་ ༧༥༥ ལོར་བོད་ཀྱི་རྒྱལ་པོའི་ཁབ་ཏུ་རྒྱལ་པོའི་ནང་ཆོས་ལ་སྤྲོ་བ་ཡོད་པ་དང་རྒྱ་ནག་ལ་མུ་མཐུད་ནས་ཞི་མཐུན་གྱི་བསམ་ཕྱོགས་ཡོད་པ་ལ་འགལ་ཟླར་ལང་མཁན་གྱི་རྙིང་ཞེན་ཅན་དང་ཕྱི་ལུགས་ལ་ཞེད་སྣང་ཅན་གྱི་བོན་ཤོག་ཁག་གི་ཆ་ཤས་ཡིན་པའི་བོན་པོ་གཉིས་ཀྱིས་མེས་ཨག་ཚོམ་ལྐོག་གསོད་བྱས། འདི་ནི་རྒྱ་ནག་ཏུ་བྱུང་བའི་ཨན་ལུ་ཤན་ངོ་ལོག་ (An Lushan Rebellion) (༧༥༥-༧༦༣) འགོ་ཚུགས་པ་དང་ལོ་གཅིག་པ་ཡིན་ཞིང་། དེས་གནས་སྐབས་རིང་ཐང་རྒྱལ་རྒྱུད་བཙན་དབྱུང་བཏང་།
མེས་ཨག་ཚོམ་གྱི་སྲས་གཞོན་པ་སྟེ། ཁྲི་སྲོང་ལྡེ་བཙན་ (སྤྱི་ལོ་ ༧༤༢-༧༩༨) བོད་ཀྱི་རྒྱལ་ཐོག་རྗེས་མ་ཆགས་པ་རེད།
ཁྲི་སྲོང་ལྡེ་བཙན།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡང་ནང་ཆོས་ལ་ཐུགས་འཁུར་ཆེ་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། བོན་པོའི་ཆོས་ལུགས་མོས་འདེམས་བྱེད་མཁན་གྱི་རྙིང་ཞེན་ཅན་དང་ཕྱི་ལུགས་ལ་ཞེད་སྣང་ཅན་གྱི་བློན་པོ་མང་པོས་རྒྱལ་པོའི་འགལ་ཟླར་ལངས། སྤྱི་ལོ་ ༧༦༡ ལོར་ཁྲི་སྲོང་ལྡེ་བཙན་གྱིས་རང་གི་བློན་པོ་གསལ་སྣང་བལ་པོའི་ཡུལ་བརྒྱུད་དེ་རྒྱ་གར་དུ་བཏང་། དེ་ནི་རྒྱ་གར་བྱང་གི་ཕྱོགས་སུ་ཆགས་པའི་ནང་པའི་ཤེས་ཡོན་གྱི་བསྟི་གནས་སྐད་གྲགས་ཆེ་ཤོས་ཡིན་པ་དཔལ་ནཱལནྜཱའི་དགོན་པའི་མཁན་ཆེན་ཞི་བ་འཚོ་གདན་འདྲེན་དུ་མངགས་པ་ཞིག་རེད། རྒྱ་གར་གྱི་མཁན་པོ་བོད་དུ་བྱོན་པ་དང་ཆོས་གསུང་པ་བཅས་ཀྱིས་ཕལ་ཆེར་ས་གནས་ཡུལ་མིའི་བོན་གྱི་གདོན་རྣམས་མི་དགའ་བ་བཟོས་ཡོད་སྲིད་པས། དེའི་རྐྱེན་གྱིས་རླུང་འཚུབ་དང་ཆུ་ལོག་མང་པོ་བྱུང་། ཡང་ལོ་རྒྱུས་ཀྱི་ཁུངས་གཞན་ལྟར་ན། འབྲུམ་པའི་ནད་ཡམས་ཤིག་གློ་བུར་དུ་དར་འགོ་ཚུགས་པའང་གསལ། ཕྱི་ལུགས་ལ་ཞེ་འཁོན་ཅན་བོན་ལ་རྒྱབ་སྐྱོར་བ་བློན་པོ་དག་གིས་རྒྱལ་པོར་གནོན་ཤུགས་སྤྲད་པའི་རྐྱེན་གྱིས་མཁན་ཆེན་ཞི་འཚོ་ནི་བཀྲ་མི་ཤིས་པའི་རྐྱེན་ངན་ཞིག་ཏུ་སྐྱོན་བརྗོད་དང་བཅས་བོད་ནས་བཙན་འབུད་བཏང་། འོན་ཀྱང་རྒྱ་གར་དུ་མ་ཐོན་གོང་ཞི་བ་འཚོས་རྒྱལ་པོར་བོན་གྱི་གདོན་རིགས་འདུལ་བའི་ཕྱིར། རྟོགས་པ་དང་ལྡན་པའི་ཨོ་རྒྱན་ (དེང་སང་ནུབ་བྱང་པཱ་ཀིསྟཱན་གྱི་ས྄་ཝཱཏ་ལུང་པ་ (Swat Valley) གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གདན་འདྲེན་ཞུ་དགོས་སྐོར་གསུངས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་དེའི་རྗེས་སུ་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་པ་མ་ཟད། མཁན་ཆེན་ཞི་བ་འཚོའང་ཡང་བསྐྱར་བོད་དུ་ཕེབས་དགོས་ཞེས་གདན་དྲངས། དེ་ལྟར་སླར་ཡང་གསལ་སྣང་གིས་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ལ་གྲོགས་ཀྱི་ཆེད་དུ་བོད་ཀྱི་ཕོ་ཉའི་སྣེ་ཁྲིད་བྱས།
རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་དགོན་པ་ཐོག་མ་དེ་བཞེངས། རྒྱལ་རབས་དང་ལོ་རྒྱུས་ཕལ་ཆེ་བ་ལྟར་བྱས་ན། དགོན་པ་དེ་བཞེང་རྒྱུ་སྤྱི་ལོ་ ༧༦༦ ལོ་ནས་འགོ་ཚུགས་པ་དང་སྤྱི་ལོ་ ༧༧༥ ལོར་ལེགས་པར་གྲུབ་ཅེས་གསལ། དགོན་པའི་མཚན་ལ་བསམ་ཡས་ཞེས་སུ་གྲགས་ཤིང་། བསམ་ཡས་གཙུག་ལག་ཁང་ནི་རྒྱ་གར་དུ་རྒྱལ་པོ་གོ་པཱ་ལ་ (སྲིད་དབང་སྐྱོང་ཡུན། ༧༥༠-༧༧༠) སྟེ། རྒྱ་གར་པཱ་ལའི་རྒྱལ་རྒྱུད་ཀྱི་སྲོལ་གཏོད་པ་པོ་དེ་ཡིན། ཁོང་གི་སྦྱིན་བདག་ལ་བརྟེན་ནས་ལོ་འགའ་ཤས་ཀྱི་སྔོན་དུ་བཞེངས་པའི་རྒྱ་གར་ཨོ་དནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་པ་ཞིག་རེད།
བསམ་ཡས་ཆ་ཚང་བཞེངས་མ་གྲུབ་གོང་ནས་སློབ་དཔོན་ཆེན་པོ་བོད་ནས་ཕེབས་ཐོན་ཟིན། ཁོང་མ་ཕེབས་ཐོན་མ་གནང་གོང་ལ་གང་ལྟར་ཡང་ཚད་མཐོའི་ཉམས་ལེན་དང་འབྲེལ་བའི་རྫོགས་པ་ཆེན་པོའི་དཔེ་ཆ་སྣ་ཚོགས་པ་བསམ་ཡས་གཙུག་ལག་ཁང་གི་རྩིག་པའི་ནང་གཏེར་དུ་སྦས་མཛད། སློབ་དཔོན་ཆེན་པོས་བོད་མི་རྣམས་དཔེ་ཆ་དེ་དག་རྟོགས་ནུས་པའི་སྨིན་ཚད་ལོངས་མེད་པར་དགོངས། དེར་བརྟེན་དེ་དག་གཏེར་མའི་ངོ་བོར་གཏེར་དུ་སྦས་ཤིང་། དུས་ཕྱིས་སུ་བོད་མི་ཚོས་དེ་དག་རྟོགས་ཐུབ་ཅིང་། ཡང་དག་པར་ཉམས་སུ་ལེན་པར་གྲ་སྒྲིག་ཡོང་བའི་སྐབས། གཏེར་ནས་བཏོན་ཆོག་པར་མཛད།
བོད་ཀྱི་ལོ་རྒྱུས་འགའ་ཞིག་ལྟར་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲུང་མ་པེ་ཧར་བོད་དུ་གདན་དྲངས་པའི་ཕྱིར། མཚོ་བཻ་ཀལ་ (Lake Baikal) ས་ཁུལ་ཡོད་སར་བྷ་ཏ་ཧོར་གྱི་ཁ་གཏད་དུ་ལས་འགུལ་ཞིག་འགོ་འཛུགས་གནང་། བྷ་ཏ་ཧོར་ཟེར་བ་ནི་ཨོར་ཀོན་ཡུ་གུར་རྒྱལ་རྒྱུད་ (༧༤༥-༨༤༠) ཀྱི་ཡུ་གུར་ཏུར་ཀི་མི་རིགས་ལ་གོ་བ་ཡིན། རྒྱལ་རྒྱུད་དེའི་ཁོངས་སུ་སོག་པོ་དང་སོག་ཡུལ་གྱི་བྱང་ཕྱོས་སཡེ་བྷེ་རི་ཡའི་ལྷོའི་མཚོ་བཻ་ཀལ་གྱི་ས་ཁུལ་རྣམས་གཏོགས་ཡོད། པེ་ཧར་ནི་སྲུང་མ་སྡེ་ལྔ་ལ་གོ་བ་དང་དེ་དག་ལ་རྒྱལ་པོ་སྐུ་ལྔ་ཞེས་སུ་གྲགས། ཡང་ན་དེ་དག་ལས་གཅིག་ལ་འཕྲིན་ལས་རྒྱལ་པོ་ཞེས་སུ་གྲགས། དམིགས་བསལ་གྱི་སྟོབས་དང་རྫུ་འཕྲུལ་ལ་བརྟེན་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་པེ་ཧར་ནི་བོད་ཀྱི་ཆོས་སྐྱོང་སྲུང་མ་རན་ཞིང་འཚམས་པ་ཞིག་ཆགས་ངེས་ཡིན་པར་སྔོན་གཟིགས་བྱུང་། བྷ་ཏ་ཧོར་རྣམས་ནི་རཀྵའམ་སྲིན་པོ་ཞིག་གི་པགས་པའི་འདྲ་འབག་ཉར་མཁན་ཡིན་པ་དང་། དེ་ནས་རྗེ་བཙུན་སྒྲོལ་མའི་གཡུ་ཡི་སྐུ་འདྲ་དང་སྤྱན་རས་གཟིགས་ཀྱི་མུ་ཏིག་གི་སྐུ་འདྲའི་ཡུམ་ཡིན་པ་རེད། དེ་གསུམ་ནི་པེ་ཧར་འབོད་འགུགས་བྱེད་པའི་ལུས་ཀྱི་རྟེན་དང་གནས་ཡིན་པ་རེད། བོད་ཀྱི་ལོ་རྒྱུས་གཞན་ཁག་ལྟར་ན། བྷ་ཏ་ཧོར་ལ་རྟོགས་ཞིབ་ལས་འགུལ་བསྐོ་བཞག་གནང་མཁན་དེ་ནི་ཁྲི་སྲོང་ལྡེ་བཙན་གྱི་སྲས་དང་རྗེས་འཛིན་པ་རྒྱལ་པོ་ལྷ་སྲས་མུ་ནེ་བཙན་པོ་ (༧༩༧-༨༠༠) ཡིན་ཞེས་གསལ། བོད་མི་ཚོས་ཡུལ་དེ་གསུམ་པོ་བདག་ཏུ་བཟང་སྟེ། བོད་དུ་གདན་དྲངས་པ་དང་བསམ་ཡས་གཙུག་ལག་ཁང་དུ་སྐོ་འཛུགས་བྱས་པ་རེད།
སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་རྒྱལ་ཁབ་སྲུང་བའི་ཕྱིར་པེ་ཧར་བཏུལ་ནས་དམ་ལ་བཏགས། བསམ་ཡས་ལ་དུས་ཕྱིས་སུ་ “གནས་ཆེན་” ཞེས་སུ་གྲགས། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་ (༡༥༤༣-༡༥༨༨) སྐུ་དུས་སུ་པེ་ཧར་སྐུ་བརྟེན་ཞིག་བརྒྱུད་ནས་ལུང་གསུང་པའི་སྲུང་མའི་རྣམ་པར་སྤྲུལ་འགོ་ཚུགས། རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་ (༡༦༡༧-༡༦༨༢) པེ་ཧར་དེ་གསར་དུ་རྩ་འཛུགས་བྱས་པའི་བོད་གཞུང་གི་གཞུང་བསྟེན་སྲུང་མར་བསྐོ་བཞག་མཛད་པ་དང་། དེའི་ཆེད་དུ་སྲུང་མའི་གདན་ས་ལྟ་བུར་དགོན་པ་གསར་པ་ཞིག་བཞེངས་པ་དེ་ལ་ “གནས་ཆུང་” ཞེས་སུ་གྲགས། དགོན་པ་དེ་བཞིན་པེ་ཧར་གྱི་དོན་དུ་སྤྱི་ལོ་ ༡༦༨༣ ལོར་ལེགས་པར་གྲུབ་པ་དང་དེའི་རྗེས་སུ་པེ་ཧར་ནི་ཡོངས་གྲགས་སུ་སྲུང་མ་གནས་ཆུང་ཆོས་རྒྱལ་ཞེས་སུ་གྲགས་པ་རེད།
བསམ་ཡས་གཙུག་ལག་ཁང་དེ་ཐོག་མར་བོད་རང་ནས་བྱུང་བའི་གྲྭ་པ་དང་པོ་བདུན་ནམ་སད་མི་མི་བདུན་དེར་གནས་བཅས་ཤིང་ལེགས་སྦྱར་སྐད་དང་སྒྲ་སྒྱུར་གྱི་སློབ་གྲྭ་ཞིག་འགོ་བཙུགས། སད་མི་བདུན་དང་བོད་དུ་ཁོང་གི་གྲོགས་སུ་སླེབས་པའི་རྒྱ་གར་གྱི་སློབ་མ་རྣམས་ལ་མཁན་ཆེན་ཞི་བ་འཚོས་རབ་བྱུང་གི་སྡོམ་པ་གནང་། རབ་བྱུང་གི་སྡེ་ཆེར་འཕེལ། བསམ་ཡས་གཙུག་ལག་ཁང་དུ་མཁས་དབང་རྣམས་ཀྱིས་ནང་པའི་དཔེ་ཆ་ཁག་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་བ་ཙམ་དུ་མ་ཟད། རྒྱ་ནག་སྐད་ནས་བོད་སྐད་དུ་བསྒྱུར་ཡོད་པ་དང་གཞན་དག་གིས་བོན་གྱི་གཞུང་རྣམས་ཞང་ཞུང་སྐད་ནས་བོད་སྐད་དུའང་བསྒྱུར་ཡོད།
མཁན་ཆེན་ཞི་བ་འཚོ་སྤྱི་ལོ་ ༧༨༣ ལོར་བསམ་ཡས་སུ་སྐུ་མྱ་ངན་ལས་འདས། ལོ་དེའི་ནང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཆོས་ཕྱོགས་ཀྱི་ལྷན་ཚོགས་ཤིག་རྩ་འཛུགས་མཛད་ཅིང་། དེའི་བརྒྱུད་ནས་ཆོས་ཕྱོགས་ཀྱི་གནད་དོན་ཁག་ཐག་གཅོད་བྱེད་ཀྱི་ཡོད། རྒྱལ་པོས་མཁན་ཆེན་གྱི་རྗེས་འཛིན་པ་བསམ་ཡས་ཀྱི་མཁན་པོར་བསྐོ་བཞག་མཛད་པ་དང་གསལ་སྣང་ལྷན་ཚོགས་དེའི་བློན་པོ་གཙོ་བོར་བསྐོས། གསལ་སྣང་གིས་བོད་དུ་རྒྱ་གར་ལ་རྒྱབ་སྐྱོར་བྱེད་པའི་ཤོག་ཁག་གི་འགོ་ཁྲིད་བྱས་པ་དང་། བོད་དེ་ཁ་ཕྱོགས་གང་དུ་ཡར་རྒྱས་གོང་འཕེལ་འགྲོ་ངེས་ཡིན་པར་བརྟན་ཆ་བྱེད་པའི་ཕྱིར། བློན་པོ་གཞན་དག་གི་ཐག་གཅོད་ལ་དགག་བྱ་བྱེད་པའི་དབང་ཆ་ལྷན་ཚོགས་ལ་ཡོང་ཆེད་ཁོང་ནས་རྒྱལ་པོར་ཤུགས་རྐྱེན་སྤྲད་ཡོད།
སྤྱི་ལོ་ ༧༨༤ ལོར་ལྷན་ཚོགས་ཀྱི་ལས་དོན་དང་པོའི་ནང་གི་གཅིག་ནི་རྙིང་ཞེན་དང་ཕྱི་ལུགས་ལ་ཞེ་འཁོན་ཅན་གྱི་བོན་པོའི་ཤོག་ཁག་དེ་རྒྱལ་པོའི་ཁབ་ནས་གྷིལ་གིཏ་ (Gilgit) (དེང་སང་གི་བྱང་པཱ་ཀིསྟཱན་) དང་ནན་ཞའོ་ (Nanzhao) ལ་མཐར་སྐྲོད་བཏང་བ་རེད། སློབ་དཔོན་པདྨ་འབྱུང་གནས་ཀྱི་རྗེས་སུ་འབྲངས་ནས་བོན་གྱི་སློབ་དཔོན་དྲན་པ་ནམ་འཁའ་ཞུ་བ་དེས་བརྗོད་གཞི་ཀུན་ཚང་བའི་བོན་གྱི་དཔེ་ཆ་སྣ་ཚོགས་ཀྱང་གཏེར་དུ་སྦས་ཤིང་། དེ་དག་གཅེས་སྲུང་ཆེད་དུ་བསམ་ཡས་ཀྱི་འདམ་གྱི་རྩིག་པའི་ནང་སྦས་པ་རེད།
བསམ་ཡས་རྩོད་པ།
མཁན་ཆེན་ཞི་བ་འཚོ་སྐུ་མྱ་ངན་ལས་མ་འདས་གོང་ཁོང་གིས་ནང་པའི་གྲུབ་མཐའ་གཉིས་ཀྱི་དབར་ལ་རྩོད་རྙོག་ཅིག་ཡོང་འགྱུར་ལུང་བསྟན་མཛད་ཡོད། གྲུབ་མཐའི་ལུགས་དེ་གཉིས་ནི། རྒྱ་ནག་གི་ཛེན་བསམ་གཏན་པའི་གྲུབ་མཐའ་སྨྲ་བས་ (Ch. Chan. Jap. Zen) རྟོག་པ་དང་བྱེད་སྒོ་ཡོངས་རྫོགས་བཀག་ནས་ཅིག་ཅར་བར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་མཁན་སྟོན་མེན་དང་། གཞན་དེ་ནི་ཁོང་གི་ལུགས་ཀྱི་རྒྱ་གར་གྱི་ཐོས་པ་དང་། དཔྱད་པ། ཚུལ་ཁྲིམས་ལ་བརྟེན་ནས་རིམ་གྱི་བ་ཞེས་རྩེན་མེན་གྱི་ཆོས་ཚུལ་གཉིས་རེད། ཁོང་གིས་རང་གི་སློབ་མ་ཀ་མ་ལ་ཤཱི་ལའམ་པདྨའི་ངང་ཚུལ་གདན་འདྲེན་ཞུས་ནས་རྒྱ་གར་གྱི་ལུགས་ལ་རྒྱབ་སྐྱོར་ཆེད་རྩོད་འཇུག་དགོས་ཞེས་ལམ་སྟོན་གནང་། གྲུབ་མཐའ་དེ་གཉིས་དབར་ལ་ཡུན་སྲིང་བའི་རྩོད་པ་ཞིག་སྤྱི་ལོ་ ༧༩༢ ནས་ ༧༩༤ བར་དུ་བསམ་ཡས་སུ་བྱུང་བ་རེད། རྒྱ་ནག་གི་ལུགས་དེ་རྒྱ་ནག་གི་གྲྭ་པ་ཧྭ་ཤང་མ་ཧཱ་ཡ་ན་ (Hoshang) ཟེར་བ་ཞིག་གིས་རྩོད་པ་རེད། ཧྭ་ཤང་ཟེར་བ་ནི་རྒྱ་སྐད་དུ་གྲྭ་པ་ཞེས་པའི་དོན་ཡིན་པ་དང་རྒྱ་གར་གྱི་ལུགས་དེ་སློབ་དཔོན་ཀ་མ་ལ་ཤཱི་ལས་རྩོད་པ་རེད། རྒྱ་གར་ལུགས་ཀྱི་བཞེད་ཚུལ་དེ་རྣམ་པར་རྒྱལ་བར་ཐག་གཅོད་བྱུང་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་དེ་ནི་བོད་རྒྱལ་ཁབ་ཀྱི་གཞུང་འབྲེལ་ཆོས་ལུགས་སུ་ཁྱབ་བསྒྲགས་མཛད་པ་རེད།
རྩོད་པ་དེའི་འབྲས་བུ་ནི་ཆབ་སྲིད་ཀྱི་བྱུང་རྐྱེན་ཁག་གིས་ཀྱང་ཤུསས་རྐྱེན་སྤྲད་ཡོད་སྲིད། གང་ཡིན་ཞེ་ན། དེའི་སྐབས་ཀྱི་དུས་རབས་བརྒྱད་པའི་ཕྱེད་གཉིས་པའི་ནང་རྒྱ་ནག་དང་མཉམ་དུ་རྟག་ཏུ་ས་མཚམས་ཀྱི་རྩོད་རྙོག་ཡོད་པ་རེད། (Political Aspects of the Snga dar, the Diffusion of Buddhism in Tibet, Bulletin of the Department of Sanskrit and Indian Studies, Harvard University, vol. 2, no.3) (བོད་དུ་བསྟན་པ་སྔ་དར་སྐབས་ཀྱི་ཆབ་སྲིད་ཀྱི་རྣམ་པ་ཞེས་ཧཝརྜ་སློབ་ཆེན་ནས་ཐོབ་པའི་ལེགས་སྦྱར་དང་རྒྱ་གར་གྱི་སློབ་སྦྱོང་སྡེ་ཚན་གྱི་གསར་འཕྲིན་གྱི་པོད་ ༢། ཨང་། ༣) པའི་ནང་ཧགྷ་ རི་ཆཱརྜ་སན་ (Hugh Richardson) གྱིས། རྩོད་པ་དེའི་རྒྱབ་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་ཀྱི་བདེན་དཔང་ལ། ཁ་གཏད་ཀྱི་བོད་པའི་སྐུ་དྲག་ནང་མི་ནས་ཡིན་པའི་གྲྭ་པ་དེ་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་དང་རྒྱབ་འགལ་བྱེད་མཁན་ཡིན་ཞིང་། རྩོད་པའི་ཐོག་མཐའ་བར་གསུམ་དུ་ཡོད་པ་རེད།
སྤྱི་ལོ་ ༧༦༣ ལོར་མཁན་ཆེན་ཞི་བ་འཚོ་བོད་ནས་ཕྱིར་འབུད་དང་ལོ་འགའ་ཤས་རྗེས་སུ་ཕྱིར་ལོག་ཕེབས་པའི་བར་ལ། བོད་དམག་གིས་ཐ་ན་ཐང་གི་རྒྱལ་ས་ཧྲང་ཨན་ (Chang’an) དབང་དུ་བསྡུས་ཏེ། བཙན་དབང་གིས་ཕྱིར་འཐེན་བྱེད་དུ་མ་བཅུག་གོང་ཉིན་བཅོ་ལྔའི་རིང་བཟུང་བ་རེད། འདི་ནི་རྒྱ་ནག་གིས་ཨན་ལུ་ཤན་གྱི་གྱེན་ལོག་ (An Lushan Rebellion) ཚར་གཅོད་དང་ཐང་གི་རྒྱལ་པོ་གསར་པ་ཏེའུ་ཙུང་ (Daizong) ལུའོ་ཡང་ (Luoyang) ནས་ཧྲང་ཨན་ (Chang’an) དུ་ལོག་པའི་བར་གྱི་བར་སེང་སྐབས་སུ་བྱུང་ཡོད།
འོན་ཀྱང་བོད་དང་རྒྱ་ནག་དབར་གྱི་དམག་འཁྲུག་དེ་མུ་མཐུད་ནས་བྱུང་ཤིང་། སྤྱི་ལོ་ ༧༨༡ ལོར་བོད་དམག་གིས་ཏ་རིམ་བྷ་སིན་གྱི་ཤར་མཐར་ཡོད་པའི་ཏུན་ཧོང་ (Dunhuang) བདག་བཟུང་བྱས། དེར་ཡོད་པའི་བྲག་གི་དགོན་ཆེན་ཁང་མིག་སྣ་ཚོགས་པ་དེ་དག་རྒྱ་ནག་སྐད་ནས་བོད་སྐད་དུ་ནང་པའི་དཔེ་ཆ་ཡིག་སྒྱུར་གྱི་བསྟི་གནས་སུ་གྱུར། རྫོགས་པ་ཆེན་པོ་དང་བོད་ལུགས་ཀྱི་ཛེན་ནང་པ་གཉིས་ཀ་དེར་དར་ཁྱབ་བྱུང་།
སྤྱི་ལོ་ ༧༨༣ ལོ་སྟེ། མཁན་ཆེན་ཞི་བ་འཚོ་སྐུ་མྱ་ངན་ལས་འདས་ལོའི་ནང་གི་ཅིང་ཅོའི་ (Qingshui) ཞི་བའི་ཆིངས་ཡིག་གིས་དེང་སང་ཅིང་ཧ་ཡེའི་ (Qinghai) ཞིང་ཆེན་ཨ་མདོ་ལ་རྒྱ་བོད་ས་མཚམས་རྩ་འཛུགས་བྱས་ཤིང་། བོད་ལ་ཀོ་ཀོ་ནོར་ས་ཁུལ་གྱི་སྟངས་འཛིན་ཐོབ་ཐང་སྤྲད་པ་རེད། འོན་ཀྱང་རྒྱལ་རྒྱུད་གཉིས་དབར་གྱི་ཞི་བའི་ཆིངས་ཡིག་དེ་ལོ་གསུམ་གཅིག་པུའི་བར་དུ་གནས་པ་དང་། སྤྱི་ལོ་ ༧༨༦ ལོར་སླར་ཡང་གློ་བུར་དམག་འཁྲུག་འགོ་ཚུགས། དེ་ནི་བསམ་ཡས་རྩོད་པའི་ལོ་དྲུག་གི་གོང་ལ་ཡིན།
རྒྱ་བོད་ཀྱི་རྩོད་རྙོག་དེ་ཨ་མདོའི་ས་མཚམས་དང་དར་སྐུད་ཚོང་ལམ་གྱི་ས་ཁུལ་རྣམས་ལ་དམ་བསྒྲགས་བྱས་མེད། བོད་ནི་ཁྲི་སྲོང་ལྡེ་བཙན་གྱི་མངའ་འོག་ཏུ་དམག་དོན་གྱི་མཐུན་ཕྱོགས་རྒྱལ་འབྲེལ་སྣ་ཚོགས་པའི་ནང་ཞུགས་ཡོད་པ་དང་། དམིགས་བསལ་ས་ཨེམ་རྒྱལ་པོ་སྤེ་ལེ་ཀོའི་ (Pilaoko of Siam) སྲས་རྒྱལ་པོ་ཀ་ལོ་ཕིང་ (Kolofeng) དང་འབྲེལ་བ་བྱུང་ཡོད། རྒྱལ་པོ་སྤེ་ལེ་ཀོ་ (སྲིད་དབང་སྐྱོང་ཡུན། ༧༢༨-༧༥༠) ནི་ཡུ་ནན་དུ་ཡོད་པའི་ཐེ་ལེནྜའི་རྒྱལ་གཞིས་ལ་རྒྱབ་སྐྱོར་བྱེད་མཁན་ནན་ཞོའུ་ (Nanzhou) ཡི་དབང་སྒྱུར་བ་ཡིན་པ་དང་། ཁོང་ལ་སྤྱི་ལོ་ ༧༣༠ ལོར་བྷ་ཡེ་ (Bai) མངའ་འབངས་སྣ་ཚོགས་པ་ཆིག་སྒྲིལ་བྱས་པ་ལས་བསྐྲུན་པ་རེད། སྤེ་ལེ་ཀོས་སྤྱི་ལོ་ ༧༣༥ ལོར་ཐང་གི་བཀས་དབང་སྒྱུར་བ་དེ་ཁས་ལེན་བྱས་ཏེ། སྤྱི་ལོ་ ༧༤༥ ལོར་ཉེ་འཁོར་བོད་ཀྱི་ས་ཁུལ་ཁག་ལ་འཐབ་རྒོལ་བྱས། འོན་ཀྱང་ཁོང་གི་སྲས་དང་རྗེས་འཛིན་པ་རྒྱལ་པོ་ཀ་ལོ་ཕིང་ (༧༥༠-༧༧༩) གིས་རྒྱ་ནག་གི་ཁ་གཏད་དུ་ངོ་རྒོལ་བྱས་ཤིང་། སྤྱི་ལོ་ ༧༥༠ ལོར་བོད་དང་མཐུན་གྲོས་བྱས། སྤྱི་ལོ་ ༧༧༨ ལོར་བོད་དང་ནན་ཞོའོ་གཉིས་མཉམ་དུ་སི་ཁྲོན་ (Sichuan) ལ་རྒྱ་ནག་ལ་འཐབ་འཛིངས་བྱས། མཐུན་གྲོས་ཀྱི་འབྲེལ་བ་འདི་སྤྱི་ལོ་ ༧༨༦ བར་དུ་ཚུགས་ཤིང་། དེའི་རྗེས་ཀྱི་ནན་ཞོའོ་ཡི་དབང་སྒྱུར་བྱེད་མཁན་རྒྱལ་པོ་ཨི་མོ་ཤུན་ (༧༧༩-༨༠༨) གྱིས་རང་གི་རྒྱལ་གཞིས་དེ་སླར་ཡང་རྒྱ་ནག་དང་མཉམ་དུ་མཐུན་གྲོས་ཀྱི་འབྲེལ་བ་བྱས་པ་དང་། ཡང་བསྐྱར་རྒྱ་བོད་གཉིས་ཀྱི་དབར་དམག་འཁྲུག་བྱུང་བ་རེད། དེར་བརྟེན་དེའི་དུས་སུ་རྒྱ་བོད་གཉིས་ཕན་ཚུན་དམག་ས་གཉིས་ལ་འཐབ་པ་རེད། ནན་ཞོའོ་ཡི་རྒྱལ་གཞིས་དེ་སྤྱི་ལོ་ ༩༠༢ བར་དུ་གནས་པ་རེད།
སྤྱི་ལོ་ ༧༩༠ ལོ་སྟེ། བསམ་ཡས་རྩོད་པའི་ལོ་གཉིས་གོང་ལ། བོད་ཀྱིས་ཨན་ཤིའི་དམག་དཔུང་བཞི་སླར་ཡང་བདག་བཟུང་བྱས། དེ་ནི་སྤྱི་ལོ་ ༦༩༢ ལོར་བཙུན་མོ་ཝུ་ (སྲིད་དབང་སྐྱོང་ཡུན། ༦༨༤-༧༠༥) ཡི་མངའ་འོག་ཏུ་རྒྱ་ནག་ལ་ཤོར་བ་དེ་རེད། བཙུན་མོས་རང་ཉིད་ནས་མ་འོངས་པའི་སངས་རྒྱས་བྱམས་པ་མགོན་པོའི་དྲུང་དུ་གསལ་བསྒྲགས་བྱེད་པའི་སྒོ་ནས་གནས་སྐབས་རིང་ཐང་རྒྱལ་རྒྱུད་དེ་གནས་དབྱུང་གཏོང་བའི་ཕྱིར་གློ་བུར་གྱེན་ལངས་ཤིག་སྣེ་ཁྲིད། ལྷག་པར་དུ་སྤྱི་ལོ་ ༧༩༠ ལོར་བོད་ཀྱིས་སླར་ཡང་ལི་ཡུལ་བདག་བཟུང་བྱས་པར་བརྟེན་དར་སྐུད་ཚོང་ལམ་གྱི་ཡན་ལག་ལྷོ་ཏ་རིམ་བྷ་སིན་ཡོངས་སུ་རྫོགས་པར་དབང་དུ་སྒྱུར་བྱས། དེའི་སྐབས་སུ་བོད་ཀྱིས་ཀཤ་གར་ (Kashgar) ཡང་དབང་སྒྱུར་བྱས་ཡོད་ནའང་། ཁོང་ཚོས་ཨན་ཤིའི་དམག་དཔུང་གཞན་གཉིས་དབང་སྒྱུར་བྱས་མེད།
བོད་ཀྱིས་མུ་མཐུད་ནས་སྤྱི་ལོ་ ༧༨༥ ནས་ ༨༠༥ བར་བྱང་གི་ཕྱོགས་སུ་འཐབ་རྒོལ་བྱས། དེའི་སྐབས་ཀྱི་བོད་མི་ཚོས་ཨེ་རབ་ཨ་བྷ་སི་དའི་ (Abhasid Arab) ཁ་གཏད་དུ་ཁར་ལུཀ་ཏུར་ཀི་ (Qarluq Turks) དང་ཏུར་ཀི་ཤ་ཧིས྄་ (Turki Shahis) མཐུན་གྲོས་ཀྱི་འབྲེལ་བ་བྱས་ནས་ཡོད། ཁར་ལུཀ་རྣམས་ནི་དེང་སང་གི་ཁར་གྷིསྟཱན་ (Kyrgyzstan) དུ་གནས་ཤིང་། དུས་ཕྱིས་སུ་དེར་རྟེན་གཞི་བྱས་པའི་ཁ་ར་ཁ་ནི་དའི་ (Qarakhanid) (༨༤༠-༡༡༣༧) རྒྱལ་ཁམས་གསར་འཛུགས་བྱས། ཏུར་ཀི་ཤ་ཧིས྄་རྣམས་ཀྱིས་དུས་རབས་ལྔ་པའི་དཀྱིལ་ནས་བཟུང་སྟེ་སྤྱི་ལོ་ ༨༧༠ ལོའི་བར་དུ་ཀཱ་བྷུལ་ལུང་པར་དབང་སྒྱུར་བྱས། དེའི་སྐབས་སུ་དེ་དག་གི་རྒྱལ་གཞིས་ནི་བོད་ཀྱི་མངའ་འབངས་སུ་གཏོགས་པ་ཞིག་རེད།
བོད་ཀྱི་དམག་མི་པ་མིར་རི་བོ་ (Pamir Mountains) བརྒལ་ནས་དེང་སང་ཨ་མུ་དརྱ་ཆུ་བོ་ (Amu Darya River) དང་གནའ་བོའི་དུས་སུ་ཨོཀྶས྄་ཆུ་བོའི་ (Oxus River) བར་དུ་ཐག་རིང་ཕྱིན། ཆུ་བོ་དེ་ནི་པ་མིར་རི་བོ་ནས་འབབ་བཞིན་དུ་ཏ་ཇི་ཀིསྟཱན་ (Tajikistan) དང་ཨཧྥ་གྷ་ནིསྟཱན་ (Afghanistan) གྱི་ས་མཚམས་བརྒྱུད་དེ་ཨུཛ་བེཀིསྟཱན་ (Uzbekistan) ནས་ཨེ་རལ་མཚོ་ (Aral Sea) རུ་འབབ་ཀྱི་ཡོད། བོད་དམག་མདུན་སྐྱོད་ལ་བཀག་སྡོམ་བྱེད་སླད། ཨ་བྷ་སིད་ ཁ་ལིཧྥ་ ཧ་རུན་ ཨལ་ར་ཤི་དས་ (Abbasid Caliph Harun al-Rashid) (༧༨༦-༨༠༩) རྒྱ་ནག་དང་མཉམ་དུ་མཐུན་གྲོས་ཀྱི་འབྲེལ་བ་བཟོས་པ་རེད། བོད་དམག་ནུབ་ཏུར་ཀིའི་ས་ཆར་མདུན་སྐྱོད་ཀྱི་ཁྱབ་ཚད་དེ་ཨལ་ཏུ་སྦག་ (Al-Tubbat) ཟེར་བའི་ཨོཀྶས྄་ཆུ་བོའི་ (Oxus River) བྱང་གི་མཚོ་ཞིག་གིས་མཚོན་པར་བྱས་ཡོད། བོད་སྐད་དུ་དེ་ལ་མཚོ་ཆུང་ཞེས་ཟེར། ཨལ་ཏུ་སྦག་ནི་ཨེ་རབ་ཀྱི་སྐད་དུ་བོད་ཅེས་པའི་མིང་ཡིན།
དེར་བརྟེན་བསམ་ཡས་རྩོད་པའི་དུས་སྐབས་སུ་བོད་དང་རྒྱ་ནག་གཉིས་ཁོ་ནའི་བར་ལ་དམག་འཁྲུག་རྒྱག་བཞིན་ཡོད་པ་མ་ཟད། དམག་ས་གསུམ་གྱི་སྟེང་ལ་དམག་འཁྲུག་རྒྱག་བཞིན་ཡོད། དེས་རྒྱ་ནག་ཕྱོགས་དེ་རྩོད་པ་ཤོར་བ་དང་དེའི་རྗེས་བོད་ཀྱིས་རྒྱ་ནག་ནང་ཆོས་ཁས་མི་ལེན་པར་དེའི་ཚབ་ལ་རྒྱ་གར་གྱི་ནང་ཆོས་རང་ལུགས་སུ་བསྟེན་པ་བཅས་ལ་ཤུགས་རྐྱེན་སྤྲད་ཡོད་པ་གོར་མ་ཆག
རྒྱལ་པོ་མུ་ནེ་བཙན་པོ་དང་སད་ལ་ལེགས།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནི་སྤྱི་ལོ་ ༧༩༧ ལོར་ལས་ཡོལ་ཞུས་པ་དང་སྤྱི་ལོ་ ༧༩༨ ལོར་སྐུ་མྱ་ངན་ལས་འདས། ཁོང་གི་རྒྱལ་སྲིད་སྐྱོང་བའི་དུས་ཡུན་ཐུང་ངུའི་ནང་སྲས་མུ་ནེ་བཙན་པོས་ (༧༩༧-༨༠༠) ས་ཆ་བཅོས་སྒྱུར་འགའ་ཞིག་ལག་བསྟར་བྱ་རྒྱུ་འབད་བརྩོན་བྱས་ཀྱང་། མཐར་དེ་དག་ལམ་ལྷོང་བྱུང་མེད། ཁོང་གི་རྗེས་འཛིན་དེ་ཁྲི་སྲོང་ལྡེ་བཙན་གྱི་སྲས་གཞན་ཞིག་གིས་བྱས་ཤིང་། ཁོང་གི་མཚན་ལ་ཁྲི་ལྡེ་སྲོང་བཙན་ (སྲིད་དབང་སྐྱོང་ཡུན་ ༨༠༠-༨༡༥ བར་) ནམ་སད་ན་ལེགས་ཞེས་ཀྱང་གྲགས། རྒྱལ་པོ་སད་ལ་ལེགས་ཀྱིས་མུ་མཐུད་དེ་ནང་པའི་བསྟན་བཅོས་ཁག་བོད་སྐད་དུ་སྒྱུར་བར་རྒྱབ་སྐྱོར་གནང་། ཁོང་གི་རྒྱལ་སྲིད་སྐྱོང་བའི་དུས་ཡུན་རིང་ལ་བོད་ཀྱི་དམག་དཔུང་གིས་མུ་མཐུད་ནས་ནུབ་ཀྱི་ཨེ་རབ་ལ་དཔུང་རྒོལ་བྱས་ཏེ། ཐ་ན་དེང་སང་གི་ཨུཛ་བེ་ཀིསྟཱན་གྱི་ཊྲན་སོཀྶ་ནི་ཡའི་ (Transoxania) རྒྱལ་ས་ས་མར་ཀནྡ་ (Samarkand) དཔུང་དམག་གིས་མཐའ་བསྐོར་བ་རེད། འདི་ནི་ར་ཧྥི་བ་ལཻཐའི་ (Rafi’b. Layth) གྱེན་ལོག་གི་དུས་སྐབས་སུ་བྱུང་ཞིང་། དེ་ནི་བོད་དང་། གར་ལོག (Qarluq) ཏུར་ཀི་ཤ་ཧི་ (Turki Shahi) བཅས་ཕྱོགས་སྒྲིལ་གྱིས་རྒྱབ་སྐྱོར་བྱས་ཡོད། ཁ་ལིཧྥ་ ཧ་རུན་ ཨལ་ར་ཤི་ད་ (Caliph Harun al-Rashid) ས་མར་ཀནྡ་སྲུང་སྐྱོབ་ཆེད་འགྲོ་བའི་ལམ་བར་དུ་འདས་གྲོངས་སུ་གྱུར།
ཧ་རུན་ ཨལ་ར་ཤི་དའི་བུ་གཉིས་པ་ཁ་ལིཧྥ་ཨལ་མ་ནུན་ (Caliph al-Ma’nun) ཏུར་ཀིའི་བོད་ཀྱི་མངའ་སྡེའི་སྲིད་སྐྱོང་མཉམ་དུ་གྲོས་མཐུན་ཞིག་གི་ཆེད་དུ་སླེབས་པ་དང་། དེས་ཁོང་ལ་གསེར་གྱི་སྐུ་འདྲ་ཞིག་སྤྱན་འབུལ་ཞུས་ཤིང་། དེ་ནི་དུས་ཕྱིས་སུ་མེ་ཁའི་ (Mecca) ཀཱ་བྷ་ (Kaaba) ལ་བཏང་། ཨེ་རབ་རྣམས་ས་མར་ཀནྡ་ལ་དབང་སྒྱུར་ཤོར་བའི་རྗེས་སུ་ཨལ་མ་ནུན་གྱིས་རང་ཉིད་ཀྱི་གཅེན་པོ་དང་མཉམ་དུ་མི་སེར་ནང་འཁྲུག་ཅིག་ལ་འཐབ་པའི་ཆེད་བོད་དང་ཏུར་ཀི་ཤ་ཧི་མཉམ་དུ་ཞི་བའི་འབྲེལ་བ་བཟོས། ནང་འཁྲུག་དེ་རྒྱལ་ཁ་ཐོབ་པའི་རྗེས་སྤྱི་ལོ་ ༨༡༥ ལོར་ཁ་ལིཧྥ་ཡིས་འཐབ་རྒོལ་བྱས་ཏེ་ཀཱ་བུལ་ (Kabul) དབང་དུ་བསྡུས། ཕམ་ཉེས་ཤོར་བའི་ཏུར་ཀིའི་བོད་ཀྱི་མངའ་སྡེ་སྲིད་སྐྱོང་ནི་ཏུར་ཀི་ཤ་ཧིའི་བོད་ཀྱི་མངའ་འབངས་རྒྱལ་པོ་ས་ལ་པ་ཏི་ (Salapati) ལ་གོ་ཞིང་། དེ་ཁ་ཆེའི་ཆོས་ལུགས་སུ་བཙན་ཤེད་ཀྱིས་བརྗེ་སྒྱུར་བྱས་ཡོད། ཁོང་གིས་རྗེས་སུ་རྟེན་འབུལ་གྱི་ཚུལ་དུ་གསེར་ལས་གྲུབ་པའི་སྟོན་པའི་སྐུ་འདྲ་ཆེན་པོ་ཞིག་དབང་དུ་འདུ་མཁན་རྣམས་ལ་སྟེར་ཡོད། སྐུ་འདྲ་དེ་ནི་མེ་ཁཱའི་ཀཱ་བྷ་ལ་སྤྱི་ལོ་ ༨༡༧ ལོར་ཆག་སྐྱོན་མ་ཤོར་བར་དུ་འགྲེམས་སྟོན་བྱས་པ་རེད།
རྒྱལ་པོ་ཁྲི་རལ་པ་ཅན།
བོད་ཀྱི་རྒྱལ་པོ་སད་ན་ལེགས་ཀྱི་རྗེས་སུ་སྤྱི་ལོ་ ༨༡༥ ལོར་ཁོང་གི་སྲས་ཁྲི་གཙུག་ལྡེ་བཙན་ (སྲིད་དབང་སྐྱོང་ཡུན་༨༡༥-༨༣༦) ཡིན་ཞིང་། ཁོང་གི་མཚན་ལ་རལ་པ་ཅན་ཞེས་ཀྱང་གྲགས། ཁྲི་རལ་པ་ཅན་གྱིས་བོད་དབུས་སུ་རྒྱ་གར་གྱི་པཎྜི་ཏ་གསུམ་གདན་དྲངས་པ་སྟེ། ཤཱིལེནྡྲ་བོ་དྷི་དང་། ད་ན་ཤཱི་ལ། ཇཱི་ན་མིཏྲ་བཅས་གསུམ་རེད། པཎྜི་ཏ་དེ་གསུམ་དང་བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་དང་ལྷན་དུ་འགྱུར་རྙིང་བ་རྣམས་ལ་བསྐྱར་ཞིབ་མཛད་པ་དང་། མདོ་དང་བསྟན་བཅོས་ནང་གི་ཆོས་སྐད་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་བ་རྣམས་ཐ་སྙད་ཚད་ལྡན་གཏན་ལ་ཕབ་ནས་བྱེ་བྲག་རྟོག་བྱེད་ཆེན་པོ་ཞེས་བྱ་བ་དེ་ཕྱོགས་བསྒྲིགས་མཛད། དེ་ནི་བོད་དང་ལེགས་སྦྱར་སྐད་ཤན་སྦྱར་གྱི་ཚིག་མཛོད་ཐོག་དེ་ཡིན་པ་རེད།
བོད་ཀྱི་ཁྲིར་མངའ་གསོལ་བའི་རྗེས་སུ་རྒྱལ་པོ་ཁྲི་རལ་པ་ཅན་གྱིས་དམག་དཔུང་རྒྱ་ནག་གི་ས་མཚམས་སུ་བཏང་། ས་མཚམས་ཀྱི་ཕྱོགས་གཉིས་ཀར་ཡོད་པའི་ནང་པ་ཚོས་བར་སྡུམ་བཙལ་ཞིང་། སྤྱི་ལོ་ ༨༢༡ ལོའི་རྡོ་རིང་ཡིག་ཆའི་ནང་རྗེས་འབྲས་ཐོན་པ་དེ་སྤྱི་ལོ་ ༧༨༣ ལོའི་ས་མཚམས་ཀྱི་ཆིངས་ཡིག་སླར་ཡང་ངེས་བརྟན་བཟོ་གི་ཡོད། ཆིངས་ཡིག་འདི་ནི་རྡོ་རིང་གསུམ་ལ་བརྐོས་ཡོད་དེ། གཅིག་ནི་ཐང་རྒྱལ་པོ་མུ་ཙུང་ (Muzong) (སྲིད་དབང་སྐྱོང་ཡུན་ ༨༢༡-༨༢༥) གི་ཕོ་བྲང་གི་ཕྱི་ལོགས་ཆན་གིའན་ (Chang’an) ལ་ཡོད་པ་དང་། གཞན་གཅིག་ནི་རྒྱ་བོད་ཀྱི་ས་མཚམས་གུ་གུ་རྨེ་རུ་ལ་ཡོད། གསུམ་པ་དེ་ནི་སྤྱི་ལོ་ ༨༢༣ ལོར་ལྷ་སར་བཙུགས་པའི་བཀའ་གཙིགས་རྡོ་རིང་དེ་ཡིན། ཆིངས་ཡིག་གི་ནང་དུ་བོད་དང་རྒྱ་ནག་གཉིས་འདྲ་མཉམ་ཡིན་ཞེས་གཏན་ལ་ཕབ་ཡོད།
རལ་པ་ཅན་གྱིས་དབུས་ཤང་རྡོ་གཙུག་ལག་ཁང་ཞེས་བྱ་བའི་དགོན་པ་ཞིག་བཞེངས་པ་དང་དགོན་པར་རྒྱབ་སྐྱོར་གྱི་ཆེད་དུ་ཁྲལ་བསྡུའི་ལམ་ལུགས་ཤིག་ལག་བསྟར་བྱས་ཤིང་། རབ་ཏུ་བྱུང་བ་རེ་རེ་ལ་ཁྱིམ་ཚང་བདུན་བགོ་སྐལ་བཟོས་པའི་སྒོ་ནས་རྒྱབ་སྐྱོར་བྱེད་དགོས་ཞེས་ལག་བསྟར་བྱས་ཡོད།
སྤྱི་ལོ་ ༨༣༦ ལོར་རལ་པ་ཅན་ལྐོག་གསོད་བྱས་པ་དང་ཁོང་གི་ཕྲག་དོག་ཅན་གྱི་གཅེན་པོ་ཁྲི་འུ་དུམ་བཙན་པོས་ (སྲིད་དབང་སྐྱོང་ཡུན་ ༨༣༦-༨༤༢) རྒྱལ་སྲིད་བཟུང་། ནམ་རྒྱུན་ཡོངས་གྲགས་སུ་གུས་ཞབས་མེད་པའི་སྒོ་ནས་ཁོང་ལ་གླང་དར་མ་ཞེས་ཟེར། ཁོང་གིས་དགོན་སྡེ་ལྷ་ཁང་རྣམས་སྒོ་རྒྱག་པ་དང་ནང་པའི་དགེ་འདུན་པ་ཚོར་གཉེན་སྒྲིག་བྱ་ཆོག་པ་དང་། ཁྱི་ར་བ་བྱེད་ཆོག་པའི་གདམ་ཀ་སྤྲད་པའམ། ཡང་ན་དེ་དག་བོན་དུ་བསྒྱུར་བ་རེད། ངོས་ལེན་མི་བྱེད་མཁན་རྣམས་སྲོག་ཐོག་བཏང་། དེ་ལྟར་བོད་དབུས་ནས་ནང་ཆོས་བསྣུབས་ནའང་། བོད་ཤར་ཕྱོགས་དང་ནུབ་ཕྱོགས་སུ་བསྟན་པ་གནས་ཡོད། ཊུ་རལ་ ཝཡེ་ཝིལ་ (Turrell Wylie) གྱིས་ (Some Political Factors in the Early History of Tibetan Buddhism in Studies in the History of Buddhism) (བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་སྔ་བའི་ནང་གསལ་བའི་ཆབ་སྲིད་ཀྱི་དོན་རྐྱེན་འགའ་ཞིག་ཅེས་ནང་ཆོས་ལོ་རྒྱུས་ལ་སློབ་སྦྱོང་ཞེས་པའི་ནང་) རྩོད་ལེན་བྱེད་པ་ལྟར་ན། གླང་དར་མའི་སྡང་འཛིན་དང་སྡུག་སྦྱོང་གི་བྱུང་རྐྱེན་ནི་ཁོང་གི་གཅེན་པོའི་རབ་ཏུ་བྱུང་བ་རྣམས་ཀྱི་ཆེད་དུ་གཞུང་གི་ཁྲལ་འབབ་ཁ་སྒྱུར་བ་དེ་ལ་བརྟེན་ནས་དཔལ་འབྱོར་འཛད་པའི་དཀའ་ངལ་དེ་མེད་པ་བཟོ་ཕྱིར་ཡིན་ཞེས་བརྗོད། དེར་མ་ཟད། ཆོས་ལུགས་ལྷན་ཚོགས་ཀྱིས་ཤུགས་སྣོན་འབད་འབུངས་ལ་བརྟེན་ནས་ཆབ་སྲིད་ཀྱི་བྱ་བཞག་ཁག་ལ་གནོན་ཤུགས་ཧ་ཅང་ཆེན་པོ་སྤྲོད་ཀྱི་ཡོད་པ་དེ་མེད་པ་བཟོ་བའི་ཆེད་དུའང་ཡིན་པ་རེད།
སྤྱི་ལོ་ ༨༤༢ ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་མ་བཀྲོངས། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་གུ་རུ་རིན་པོ་ཆེའི་སློབ་མ་རྗེ་འབངས་ཉེར་ལྔའི་ནང་གི་གཅིག་ཡིན་པ་རེད། བསམ་གཏན་རྒྱལ་མཚན་ཀརྨེས་རྫོགས་པ་ཆེན་པོ་ཞེས་པའི་དཔེ་དེབ་ནང་བཀོད་པ་ལྟར་ན། ཁོང་ནི་ཆོས་ལུགས་ལྷན་ཚོགས་ཀྱི་གནས་དབྱུང་བཏང་བའི་དབུ་ཁྲིད་དང་བསམ་ཡས་ཀྱི་མཁན་ཟུར་ཡིན་ཞེས་ཟེར། འདིའི་རྗེས་སུ་རྒྱལ་རབས་ཀྱི་དབྱེན་སྦྱོར་ཞིག་གིས་སྲིད་དབང་འཕྲོག་ལེན་གྱི་འཐབ་རྩོད་ལོ་མང་བྱུང་ཞིང་། བོད་དེ་རྒྱལ་གཞིས་དང་ས་གནས་ཆ་བགོས་གཏོང་བའི་དབང་ཚད་སྣ་ཚོགས་པར་ཁ་ཐོར་བཏང་བ་དང་བཅས་བོད་སིལ་བུར་ཐོར་རོ།།