ནང་པའི་རྒྱལ་ཁབ་མ་ཡིན་པའི་ལུང་པ་ཁག་ནས་ཡོང་བའི་མི་རྣམས་ལ་ནང་པའི་ལྟ་གྲུབ་སྐོར་ཤོད་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང། འདི་ནི་ཕན་ཚུན་གཉིས་མོས་ཀྱི་གོ་རྟོགས་ཡར་རྒྱས་གཏོང་བར་གལ་ཆེན་པོ་རེད། གཉིས་མོས་ཀྱི་གོ་རྟོགས་ནི་དགོས་ངེས་ཅན་ཞིག་རེད། གང་ཡིན་ཞེ་ན། ང་ཚོ་ཚང་མ་གོ་ལར་འདིའི་སྟེང་འཚོ་གནས་བྱེད་པ་དང་། གོ་ལ་འདིའི་ནང་ཆོས་ལུགས་མང་པོ་ཡོད་པ་རེད། དེ་རིང་ཁ་སང་ཆོས་ལུགས་དེ་དག་དང་འབྲེལ་བའི་གནས་ཚུལ་ཧ་ཅང་མང་པོ་ཞིག་ང་ཚོར་ཐོབ་ཐུབ་ཀྱི་ཡོད། སྐབས་རེ་འདས་པའི་དུས་སུ་མི་རྣམས་ལོགས་སུ་གནས་པའི་སྐབས། བདེན་པ་གཅིག་དང་ཆོས་ལུགས་གཅིག་གི་ལྟ་ཚུལ་བཟུང་ན་དཀའ་ངལ་གང་ཡང་མེད་ལ་ཡག་པོ་བྱུང་ཡོད། དེ་དག་འཚམ་པོ་ཞིག་ཀྱང་ཡོད། འོན་ཀྱང་དེང་སང་གི་དུས་སུ་ང་ཚོའི་མི་ཚེ་སྐྱེལ་སྟངས་དེ་ག་རང་གིས་ཕན་ཚུན་འབྲེལ་བ་བྱེད་དགོས་པ་སྟོན་གྱི་ཡོད་ཅིང་། ང་ཚོས་ཕན་ཚུན་འབྲེལ་བ་བྱེད་ཀྱི་ཡོད། གནས་སྟངས་འདི་འདྲའི་སྐབས། སྐབས་རེ་བདེན་པ་གཅིག་དང་ཆོས་ལུགས་གཅིག་གི་ལྟ་ཚུལ་དེ་གང་ཟག་སྒེར་ཞིག་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། གང་ཟག་སྒེར་པ་དེ་ལ་སེམས་རྩེ་གཅིག་ཏུ་དད་མོས་བྱེད་པར་བེད་སྤྱོད་ཆེན་པོ་ཡོད་སྲིད་ཀྱང་། རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་ཆ་ནས་བཤད་ན། ང་ཚོས་བདེན་པ་དུ་མ་འདོད་པའི་ལྟ་ཚུལ་དེ་ཡར་རྒྱས་གཏོང་དགོས། དེ་ནི་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་ཡོད། འདས་པའི་དུས་རབས་ཁ་ཤས་ནང་བདེན་པ་དུ་མ་དང་ཆོས་ལུགས་དུ་མའི་གོ་རྟོགས་གོང་འཕེལ་ཕྱིན་དུ་ཡོད། དེར་བརྟེན་ཆོས་ལུགས་ཁ་ཤས་དང་བདེན་པ་ཁ་ཤས་འདོད་པའི་ལྟ་ཚུལ་ཡར་རྒྱས་གཏོང་བར། ཆོས་ལུགས་གཞན་ལ་སློབ་སྦྱོང་བྱ་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད།
ངོས་ཀྱི་ཕ་ཡུལ་བོད་ལ་མཚོན་ན། བོད་ནང་ཁ་ཆེ་དང་བོད་པ་ཁ་ཆེ་དུས་རབས་མང་པོའི་རིང་མཉམ་དུ་བསྡད་ཡོད། དེར་བརྟེན་ཁ་ཆེའི་ཆོས་བོད་ནང་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་ཆོས་ལུགས་དེ་དག་གི་ལྟ་བའི་སྐོར་བགྲོ་གླེང་སོགས་དེ་ཙམ་བྱུང་མེད། ང་ཚོའི་བསམ་པར། ནང་པའི་ཆོས་སྲོལ་དེ་ཡག་ཤོས་རེད་བསམས་ནས་བསྡད་པ་རེད། འོན་ཀྱང་རྒྱ་གར་ནང་བསླེབས་པའི་རྗེས་ཆོས་ལུགས་དང་མི་རིགས་གཞན་མང་པོ་དང་ཐུག་འཕྲད་བྱུང་ནས། ཆོས་ལུགས་འདྲ་མིན་ཐད་བགྲོ་གླེང་རིམ་པ་མང་པོ་ཞིག་བྱེད་འགོ་ཚུགས་པ་རེད། ངོས་ནས་ཡེ་ཤུ་དང་། ཁ་ཆེ། ཧིན་དུ། སིག་ཆོས་ལུགས། གཅེར་བུ་པའི་ཆོས། ཛོ་ར་སི་ཆོས། སུ་ཧྥི་ཆོས་བཅས་ཀྱི་དབར་ཁྱད་པར་ག་རེ་ཡོད་མེད་ཐད་ཤེས་རྟོགས་བྱ་རྒྱུ་བྱུང་། དེ་ལ་བརྟེན་ནས་ཆོས་ལུགས་མི་འདྲ་བ་དེ་དག་གི་མི་སྣ་དང་འབྲེལ་བ་བྱུང་། ཆོས་ལུགས་དེ་དག་ལ་གུས་བརྩི་སླེབས་པར་དེ་དག་གི་ལྟ་གྲུབ་སློབ་སྦྱོང་བྱས་ན་ཕན་ཐོགས་ཆེན་པོ་འདུག །དེ་ནི་ཆོས་ལུགས་ནང་ཁུལ་བར་མཛའ་མཐུན་ཡོང་བའི་གཞི་རྟེན་ཡིན། དེ་འདྲ་སོང་ཙང་། མི་རྣམས་ཀྱིས་ང་ལ་ནང་ཆོས་དང་འབྲེལ་བའི་གཞི་རྩའི་ཆོས་ཀྱི་སྐོར་སྐད་ཆ་དྲིས་སྐབས། ངོས་ནས་མི་གཞན་རྣམས་ནང་པར་སྒྱུར་རྒྱུ་དེ་ངའི་དམིགས་ཡུལ་རྩ་བ་ནས་མ་ཡིན་པར། ཁོང་ཚོར་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་ཙམ་དེ་ཡིན་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད།
བོད་བརྒྱུད་ནང་བསྟན་གྱི་གྲྭ་པ་དང་བཙུན་མ་འགའ་ཞིག་བདུན་ཕྲག་ཁ་ཤས་རིང་ཡེ་ཤུ་དགོན་པའི་ནང་བསྡད་དེ། ཡེ་ཤུའི་སྲོལ་རྒྱུན་གྱི་རིན་ཐང་སློབ་སྦྱོང་བྱས་ཏེ་ཤེས་རྟོགས་ཐུབ་པ་བྱུང་ཡོད། ངས་ནམ་རྒྱུན་ང་ཚོ་ནང་པའི་གྲྭ་བཙུན་རྣམས་ཀྱིས་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཕྱོགས་དང་། སློབ་སྦྱོང་། འཕྲོད་བསྟེན་སོགས་ཀྱི་ཐད་ཡེ་ཤུ་ཆོས་པ་ཚོའི་གནང་ཕྱོགས་ལྟར་མང་ཙམ་སེམས་འཁུར་བྱེད་དགོས་ཞེས་ཤོད་ཀྱི་ཡོད། ཡེ་ཤུའི་གཅེན་གཅུང་ཚོས་ཤེས་ཡོན་དང་འཕྲོད་བསྟེན་ཐོག་ནས་སྤྱི་ཚོགས་ནང་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད། ང་ཚོས་ཀྱང་འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཞུ་རྒྱུར་སློབ་སྦྱོང་བྱེད་དགོས། འོན་ཀྱང་ཕྱོགས་གཞན་ཞིག་ནས། སྐབས་རེ་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གྱི་ལས་ཀས་དཀའ་ངལ་ཡང་བཟོ་གི་ཡོད། ང་ཚོས་ཆོས་ལུགས་གཞན་གྱི་སྲོལ་རྒྱུན་ལས་སློབ་སྦྱོང་བྱ་རྒྱུ་མང་པོ་ཡོད་པ་དང་། དེ་ག་ནང་བཞིན་ཆོས་ལུགས་གཞན་གྱིས་ཀྱང་ནང་ཆོས་ནས་སློབ་སྦྱོང་བྱ་རྒྱུ་མང་པོ་ཡོད།
ནང་ཆོས་ནི་རྒྱ་གར་གྱི་གནའ་བོའི་ཆོས་ལུགས་ནང་གི་གཅིག་རེད། རྒྱ་གར་ནང་འདས་པའི་མི་ལོ་གསུམ་སྟོང་རིང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ལྟ་ཚུལ་ལམ་ཆོས་ལུགས་རིས་མེད་དར་ཁྱབ་བྱུང་ཡོད། དེ་ཡང་ཆོས་ལ་གུས་བརྩི་མེད་པའི་དོན་མིན་པར། ཆོས་དད་མེད་མཁན་ཐེ་བའི་ཆོས་ལུགས་ཚང་མ་ལ་གུས་བརྩི་བྱེད་ཀྱི་ཡོད། གནའ་བོའི་ཆད་མཐའ་སྨྲ་བ་རྒྱང་འཕེན་པའི་ཆོས་ལུགས་ཀྱིས་སྐྱེ་བ་ཕྱི་མ་ཁས་ལེན་བྱེད་ཀྱི་མེད། ཁོང་ཚོས་ཆོས་ཕྱོགས་དང་འབྲེལ་བ་གང་ལའང་ཡིད་ཆེས་བྱེད་ཀྱི་མེད། ཡིན་ནའང་ཆོས་ལུགས་རིས་མེད་ཀྱི་ལྟ་བས་ཆོས་དད་མེད་མཁན་དེ་ཚོ་ལའང་བརྩི་བཀུར་བྱེད་དགོས་པའི་དོན་ཡིན། ནང་ཆོས་ནི་འདི་ལྟ་བུའི་ཁོར་ཡུག་ཅིག་གི་ནང་དར་རྒྱས་བྱུང་། དེར་བརྟེན་ནང་ཆོས་ནང་ལྟ་ཚུལ་འདྲ་མིན་ཡོད་པའི་མི་རིགས་འདྲ་མིན་ལ་གུས་བརྩི་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས། སངས་རྒྱས་ཀྱིས་ལྟ་གྲུབ་མི་འདྲ་བ་མང་པོ་གསུངས་པ་རེད། གང་ཡིན་ཞེ་ན། སངས་རྒྱས་ཁོང་ཉིད་ཀྱི་གདུལ་བྱ་སློབ་མའི་ཁྲོད་དུ་ཁམས་དང་མོས་པ་སྣ་ཚོགས་ཡོད། གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པར་བརྟེན་ལྟ་ཚུལ་དང་ལྟ་གྲུབ་འགའ་ཞིག་གི་ལངས་ཕྱོགས་ཕན་ཚུན་འགལ་བ་ལྟར་སྣང་གི་ཡོད། བྱས་ཙང་། ལྟ་གྲུབ་གཅིག་ཁོ་ནས་མི་ཚང་མའི་འདོད་པ་སྐོང་མི་ཐུབ། དེ་འདྲ་སོང་ཙང་། སངས་རྒྱས་ཀྱིས་གང་ཟག་སོ་སོའི་ལྟ་ཚུལ་ལ་བརྩི་བཀུར་གནང་སྟེ་ཁོང་ཚོའི་འདོད་པ་གཞིར་བཟུང་ཆོས་གསུངས་ཡོད། འདི་ནི་ཐ་ན་ཆོས་དད་མེད་མཁན་ཚོའང་སྤུན་ཟླ་མི་རིགས་སུ་བརྩིས་ནས་གུས་བརྩི་དང་ལེན་གནང་བའི་རྟགས་མཚན་གསལ་པོ་ཞིག་རེད། ནང་པ་སངས་རྒྱས་པའི་སེམས་ཀྱི་སྐོར་དང་། སེམས་ཚོར་གྱི་སྐོར་ལྟ་བུ་ཤེས་བྱ་འགའ་ཤས་ནི་ཆོས་དད་མེད་མཁན་ཚོ་ལའང་ཉོན་མོངས་ལ་གདོང་ལེན་བྱེད་ཕྱོགས་ཐད་ཕན་ཐོགས་པོ་ཡོད། དེ་འདྲ་སོང་བ་ཡིན་ཙང་། དེ་རིང་འདིར་ཆོས་དད་མེད་མཁན་དང་ཆོས་ལུགས་གཞན་ལ་དད་མོས་བྱེད་མཁན་མང་པོ་ཞིག་འཛོམས་པའི་དབུས་སུ་ངས་ནང་ཆོས་སྐོར་ཕྲན་བུ་བཤད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།
ང་ཚོ་འགྲོ་བ་མི་རྣམས་གོ་ལ་འདིའི་སྟེང་འཚོ་གནས་བྱ་རྒྱུ་འགོ་ཚུགས་པ་ནས་རིམ་བཞིན་ང་ཚོའི་རྣམ་དཔྱོད་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་། དེས་ང་ཚོར་སོ་སོའི་མི་ཚེའི་ནང་འ་ཆད་འུ་ཐུག་གི་གནས་སྟངས་དང་ཕྲད་སྐབས་རོགས་པ་བྱས་པའི་ལྟ་ཚུལ་ངེས་ཅན་ཞིག་མཁོ་སྤྲོད་བྱས་ཡོད། དེ་བཞིན་མི་གཞན་རྣམས་སོ་སོའི་རེ་བ་མ་བརླགས་པར་མུ་མཐུད་དེ་འབད་བརྩོན་ཐུབ་པའི་ཆེད་ལྟ་ཚུལ་ལམ་ཐབས་ལམ་འགའ་ལ་དངོས་སུ་འཇུག་ནས་ཡར་རྒྱས་གཏོང་དགོས། དེ་ཡང་དཀའ་ངལ་ཅན་གྱི་གནས་སྟངས་བྱུང་སྐབས་ད་དུང་རེ་བ་ཞིག་ཡོད་པར་ཡིད་ཆེས་ཐུབ་པ་ཞིག་དགོས་རྒྱུ་དེ་ཡིན།
ས་གནས་གང་སར་འདས་པའི་མི་ལོ་ལྔ་སྟོང་རིང་། མི་རྣམས་ཀྱིས་ཡིད་ཆེས་སམ་དད་པའི་རྣམ་པ་སྣ་ཚོགས་ཤིག་གོང་འཕེལ་བཏང་ཡོད། དད་པ་ནི་ང་ཚོའི་རེ་བ་མུ་མཐུད་གནས་ཐུབ་པ་ལ་ཕན་ཐོགས་ཆེ་བ་ཞིག་ཡིན། དད་པ་དེ་རིམ་པས་རྒྱུ་མཚན་དང་མཉམ་དུ་འགྲོགས་ནས་ལྟ་གྲུབ་ཀྱི་ལངས་ཕྱོགས་སུ་གོང་འཕེལ་ཕྱིན་ཏེ། དེས་དད་སེམས་ཧ་ཅང་བརྟན་པོ་དང་ཤུགས་ཆེན་པོ་བཟོ་གི་ཡོད། དེ་ནས་གཞི་དེའི་ཐོག་ནས་ལྟ་གྲུབ་དུ་མ་ཡོད་པའི་ཆོས་ལུགས་འདྲ་མིན་ཐོན་ཡོང་གི་ཡོད། དེ་ལས་ང་ཚོའི་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་རྣམས་བྱུང་བ་ཡིན།
འདས་པའི་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་། ང་ཚོས་རེ་བ་ཚང་མ་ཆོས་ཕྱོགས་ཀྱི་དད་པར་བཅོལ་ཡོད། འོན་ཀྱང་འདས་པའི་ལོ་ངོ་གསུམ་བརྒྱའི་རིང་། བསྐྱར་དུ་ང་ཚོ་འགྲོ་བ་མིའི་རྣམ་དཔྱོད་ལ་རྩ་བའི་ཆ་ནས་དངོས་པོའི་གནས་ལུགས་ཐོག་དཔྱད་པ་བྱ་རྒྱུའི་ལམ་ཞིག་རྙེད་ཡོད། དེར་བརྟེན་དེང་དུས་ཀྱི་ཚན་རིག་དར་བ་དང་། དེ་ལས་དེང་དུས་ཀྱི་འཕྲུལ་ལས་རིག་པ་དར། འཕྲུལ་རིག་གིས་ང་ཚོར་འཕྲལ་གྱི་དགོས་མཁོ་སྒྲུབ་པ་དང་། མི་རྣམས་དངོས་གཙོ་སྨྲ་བར་དོ་དབྱིངས་སླེབས། རྒྱུ་མཚན་དེ་ལ་བརྟེན་ནས་མི་མང་པོ་ཞིག་གིས་དཀོན་མཆོག་དང་ཆོས་ཀྱི་དད་པར་ཁ་ཞེ་གཉིས་མེད་ཀྱི་དོ་གལ་བརྩི་གི་མེད།
ད་ལྟའི་ཆར་ཡེ་ཤུ་མ་ཤི་ཀའམ་དེ་མིན་གྱི་ལྷ་དང་ལྷ་མོ། ཡང་ན་སངས་རྒྱས་སོགས་ཀྱི་རྗེས་སུ་འབྲང་མཁན་ཚོས། ནང་པའི་ཁྲོད་དུ་ཡོད་པ་ནང་བཞིན། སོ་སོ་ཆོས་ལ་ཡིད་ཆེས་སམ་དད་པ་ཡོད་མཁན་ཏུ་བརྩི་གི་ཡོད། འོན་ཀྱང་སོ་སོའི་མི་ཚེ་དངོས་ཀྱི་ནང་སོ་སོའི་ཆོས་ལུགས་ནས་གང་གསུངས་པ་ལ་དེ་ཙམ་གྱིས་བསམ་བློ་གཏོང་གི་མེད། ང་ཚོས་ཚེ་འདི་སྣང་དང་འབྲེལ་བའི་རྒྱུ་ནོར་ལོངས་སྤྱོད་དང་དབང་ཆ་འཐོབ་ཆེད་འཇིག་རྟེན་པའི་ཐབས་ལམ་དེ་འདྲར་འབད་བརྩོན་བྱེད་ཀྱི་ཡོད། བྱས་ཙང་། གཞན་ལ་རྫུན་བཤད་པ་དང་ཐུབ་ཚོད་གཏོང་བ་སོགས་ཡོང་གི་ཡོད། དེས་ག་རེ་སྟོན་གྱི་ཡོད་ཟེར་ན། སོ་སོའི་ཆོས་ལ་ཁ་ཞེ་གཉིས་མེད་ཀྱིས་དད་པའམ་བརྩི་འཇོག་མེད་པ་སྟོན་གྱི་ཡོད། དེ་འདྲའི་མི་ཇེ་མང་དུ་འགྲོ་བཞིན་ཡོད། བྱས་ཙང་། ཆོས་ལུགས་བྱེ་བྲག་པ་ཞིག་གི་རྗེས་འཇུག་པ་ཡིན་ཚུལ་བརྗོད་མཁན་རྣམས་དོན་དངོས་སུ་ཆོས་ལ་ཡིད་ཆེས་མེད་མཁན་ཞིག་ཏུ་ངས་བརྩི་གི་ཡོད།
ཉིན་གཅིག་གི་ནང་ཆུ་ཚོད་ཉི་ཤུ་རྩ་བཞི་བྱམས་པ་དང་སྙིང་རྗེ་ཉམས་ལེན་བྱེད་མཁན་ཞིག་ལ་བཅོས་མིན་གྱི་ཆོས་ལ་ཡིད་ཆེས་ཡོད་མཁན་ཟེར་གྱི་ཡོད། རང་གིས་རང་ལ་བརྩེ་བ་བྱེད་པ་ནི་དུད་འགྲོ་ཚོས་ཀྱང་ཤེས་ཀྱི་ཡོད། འོན་ཀྱང་བྱམས་པའམ་བརྩེ་བ་དངོས་གནས་དེའི་ནང་གཞན་གྱི་བདེ་དོན་ལ་སེམས་འཁུར་བྱེད་པ་ཚུད་ཡོད། དེ་ལྟ་བུ་ཞིག་གཞི་རྩར་བཟུང་བ་ཡིན་ན། སྐྱག་རྫུན་དང། མགོ་སྐོར་བསླུ་ཁྲིད། ཐུབ་ཚོད་སོགས་མ་རབས་ཀྱི་ལས་ཀ་བྱེད་ས་མེད་པ་རེད། སོ་སོ་རང་གི་ཁེ་ཕན་ཆེད་དྲང་བདེན་མིན་པའི་ལམ་ནོར་བ་ཞིག་ཇི་ལྟར་བེད་སྤྱོད་བྱེད་ནུས་སམ། དེ་ལྟར་མ་རབས་ཀྱི་ལས་ཀ་བྱེད་མཁན་ཚོར་ངས་ཆོས་དད་མེད་མཁན་ནམ། ཡང་ན་ལྷག་བསམ་རྣམ་དག་གིས་ཉམས་ལེན་མི་བྱེད་མཁན་དུ་བརྩི་གི་ཡོད། ཆོས་དད་ཡོད་ཟེར་མཁན་མང་པོ་ཞིག་གིས་སོ་སོའི་ཆོས་ནས་གསུང་པ་རྣམས་ཉམས་ལེན་བྱེད་ཀྱི་མེད་པ་རྒྱུ་མཚན་དུ་བྱས་ཏེ། མི་འགའ་ཞིག་གིས་ཆོས་ལ་ངོ་ལྐོག་མེད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད། དེར་བརྟེན་ཆོས་ལ་ཡིད་ཆེས་ཡོད་མེད་གང་ལྟར་ཡང་། ང་ཚོས་ནང་བསམ་བློའི་རིན་ཐང་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བསྟེན་དགོས། དེ་ནི་ཚན་རིག་དང་མཐུན་པ་ཡིན།
ད་ལྟ་ང་ཚོས་དེ་བྱེད་ཐུབ་སྲིད་པ་ཞིག་རེད། དེ་ཡང་ཆ་རྐྱེན་གཉིས་ཀྱི་ཐོག་ནས་སྟོན་གྱི་འདུག །དང་པོ་ནི། མཐུན་རྐྱེན་དགོས་མཁོ་ཚང་མ་འཛོམས་ཏེ་མི་ཚེ་སྐྱིད་པོའི་ངང་སྐྱེལ་མཁན་མི་མང་པོ་ཡོད། འོན་ཀྱང་མི་ཞིག་ཡིན་པའི་ཆ་ནས་སེམས་གཏིང་ནས་གཅིག་མ་ཚང་མ་ཚོར་གྱི་ཡོད། ཁོང་ཚོས་སེམས་འཚབ་དང་། འཇིགས་སྣང་། གནོན་ཤུགས་སོགས་ཚོར་གྱི་ཡོད། དེར་བརྟེན་མ་སྐྱིད་པ་ཆགས་ཏེ། ཁེར་རྐྱང་གི་ཚོར་བ་སླེབས་ཀྱི་ཡོད། མི་དེ་ཚོས་མཐར་ཕྱི་དངོས་པའི་རིན་ཐང་ལ་ཚད་གཞི་ངེས་ཅན་ལས་མེད་པ་དེ་རྟོགས་ཀྱི་ཡོད། ཕྱིའི་དཔལ་འབྱོར་གཅིག་པུས་ནང་གི་སྟོབས་ཤུགས་སམ་བདེ་སྐྱིད། ཡང་ན་ཞི་བདེ་བསྐྲུན་ཐུབ་ཀྱི་མེད་པ་ཤེས་ཀྱི་ཡོད།
གཉིས་པ་ནི། འདས་པའི་ལོ་ངོ་བརྒྱ་ཕྲག་གཉིས་སམ་གསུམ་ནང་། ཚན་རིག་ཡར་རྒྱས་བྱུང་ཡོད། ཚན་རིག་གི་ཞིབ་འཇུག་ལ་བརྟེན་ནས་བདེན་དོན་འཚོལ་སྒྲུབ་བྱེད་ཀྱི་ཡོད། ཁོང་ཚོས་དངོས་པོའི་གནས་ལུགས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཀྱི་ཡོད། ལྷག་བསམ་རྣམ་དག་གི་ཚན་རིག་པ་ཚོ་སེམས་གུ་ཡངས་པོའམ་བློ་རྒྱ་ཆེན་པོ་ཡོད། ཁོང་ཚོས་ཐེ་ཚོམ་ཅན་ཡིན་པ་དང་ཡུལ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཀྱི་ཡོད། ནང་ཆོས་ཀྱིས་ཀྱང་ཐེ་ཚོམ་བྱེད་དགོས་པ་དེ་ནན་བཤད་བྱེད་ཀྱི་ཡོད། ཐེ་ཚོམ་ལ་བརྟེན་ནས་དྲི་བ་འདོན་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པ་བརྒྱུད་ལན་རྙེད་ཐབས་བྱེད་པ་སོགས་ཡོང་གི་ཡོད། དེར་བརྟེན་ཐེ་ཚོམ་གྱི་བློ་ནི་བེད་སྤྱོད་ཆེན་པོ་ཡོད། ཚན་རིག་ཞིབ་འཇུག་གིས་དངོས་པོའི་གནས་ལུགས་འཚོལ་ཞིབ་བྱེད་ཀྱི་ཡོད།
དེ་རྗེས་དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་དེང་དུས་ཚན་རིག་གིས་ཀླད་པ་དང་། རྡུལ་ཕྲན། བེམ་པོ་སོགས་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་འགོ་བཙུགས་པ་རེད། ལྷག་པར་དུ་ཀླད་ཁམས་ཁྱད་ལས་པ་རྣམས་སྨན་དཔྱད་ཚན་རིག་བརྒྱུད་ཞིབ་འཇུག་བྱས་པ་ལས་སེམས་ཚོར་ནི་འཕྲོད་བསྟེན་ལ་གལ་ཆེན་པོ་ཡིན་སྐོར་ར་སྤྲོད་བྱས་ཡོད། ང་ཚོའི་སེམས་ཚོར་དང་ཀླད་པའི་བྱེད་ལས། དེ་བཞིན་ང་ཚོའི་ལུས་ཀྱིས་རྣམ་འགྱུར་སྟོན་སྟངས་བར་འབྲེལ་བ་གཏིང་ཟབ་ཡོད། ཚན་རིག་པ་འགའ་ལ་གཞིགས་ན། ང་ཚོའི་སེམས་ནང་འཇིགས་སྣང་སླེབས་པའི་སྐབས། རྐང་པའི་ནང་ཁྲག་རྒྱུག་ཚད་འཕེལ་ནས་ཉེན་ཁ་ལས་བྲོས་པར་གྲ་སྒྲིག་བྱེད་འཇུག་པ་དང་། ཡང་ང་ཚོ་ཁོང་ཁྲོ་ཟ་བའི་སྐབས། ལག་པའི་ནང་ཁྲག་རྒྱུག་ཚད་འཕེལ་ཏེ་འཐབ་རྒོལ་དང་རང་སྲུང་བྱ་རྒྱུར་གྲ་སྒྲིག་བྱེད་འཇུག་གི་ཡོད་ཅེས་བཤད་ཀྱི་ཡོད། དེ་འདྲ་ཡིན་དུས་སེམས་ཚོར་དང་སྐྱེ་དངོས་རིག་པའམ་ལུས་པོའི་གྲུབ་ཆའི་རང་བཞིན་གཉིས་ཕན་ཚུན་བརྟེན་ནས་ཡོད། སྐབས་རེ་ཕྱིའི་ལུས་པོའི་ཐོག་ནས་སེམས་ཚོར་ལ་ཤུགས་རྐྱེན་ཐེབས་པ་དང་སྐབས་རེ་སེམས་ཚོར་གྱི་ཐོག་ནས་ཕྱིའི་ལུས་ལ་ཤུགས་རྐྱེན་སྦྱིན་གྱི་ཡོད། དེ་འདྲ་སོང་ཙང་། དེང་སང་ཀླད་པའི་ཆེད་ལས་པ་ཚོས་སེམས་ཚོར་དང་དེའི་འཕེལ་རིམ་ལ་དོ་སྣང་ཇེ་ཆེར་སླེབས་ནས་རྩད་གཅོད་བྱེད་ཀྱི་ཡོད།
སེམས་ཚོར་ནི་སེམས་ཀྱི་ཆ་ཤས་ཤིག་ཡིན། ཚན་རིག་པ་ཁ་ཤས་ཀྱིས་དྲན་ཤེས་དང་སྙིང་རྗེའི་ཐད་ཕྲུ་གུ་ཐེ་བའི་མི་འགའ་ཞིག་ལ་སྦྱོར་བརྡར་སྤྲད་དེ། བརྟག་དཔྱད་ཞིབ་འཇུག་འགོ་བཙུགས་ཟིན་པ་རེད། སྦྱོར་བརྡར་འགོ་མ་བཙུགས་སྔོན་ཁོང་ཚོས་ཁྲག་ཤེད་དང་གནོན་ཤུགས་ཀྱི་སྐུལ་རྒྱུའི་ (hormone) རིམ་པར་བརྟག་དཔྱད་བྱས་པ་དང་། དེ་ནས་བདུན་ཕྲག་གསུམ་མམ་བཞིའི་རྗེས་ཡང་བསྐྱར་བརྟག་དཔྱད་བྱེད་ཀྱི་ཡོད། མཐའ་མའི་གྲུབ་དོན་ནི་སྦྱོང་བརྡར་དེ་ལ་བརྟེན་ནས་ཁྲག་ཤེད་དང་གནོན་ཤུགས་ཉུང་དུ་སོང་བ་ར་འཕྲོད་བྱུང་ཡོད། ཐ་ན་སློབ་ཕྲུག་རྣམས་ཀྱིས་ཀྱང་སྦྱོང་བརྡར་དེ་ལ་བརྟེན་ནས་ཁོང་ཚོའི་བློ་རྩེ་གཅིག་སྒྲིམ་གྱི་ནུས་པ་ཡར་རྒྱས་སོང་བ་དང་། སྤྱི་ཚོགས་ནང་འབྲེལ་ལམ་བཟང་དུ་སོང་ནས་ཞི་བདེ་དང་མཛའ་མཐུན་སྔར་བས་ལེགས་སུ་འགྲོ་བ་ཤེས་རྟོགས་བྱུང་ཡོད། དེར་བརྟེན་དམིགས་བསལ་ཨ་རིའི་ནང་ཐེ་བའི་མཐོ་སློབ་མང་པོ་དང་། དེ་ག་ནང་བཞིན་རྒྱ་གར་ནང་སྔོན་འགྲོའི་ལས་འཆར་འགའ་ལག་བསྟར་བྱེད་བཞིན་ཡོད། བྱས་ཙང་། ད་དུས་རབས་ཉི་ཤུ་པའི་དུས་མཇུག་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་དུས་སྟོད་ནས་བཟུང་ཚན་རིག་གི་ཁྱབ་ཁོངས་ནང་སེམས་ཚོར་དང་སེམས་ཀྱི་ཐོག་བརྟག་དཔྱད་ཞིབ་འཇུག་གི་ལས་གཞི་མང་དུ་སྤེལ་བཞིན་ཡོད།
ལོ་ངོ་སྟོང་ཕྲག་ཁ་ཤས་ནང་གི་ཆོས་ལུགས་ཀྱི་སྲོལ་རྒྱུན་རྣམས་ཀྱིས་ཐབས་ལམ་འདྲ་མིན་ཐོག་ནས་སེམས་ཀྱི་གནས་ལུགས་རྟོགས་ཐབས་ལ་འབད་བརྩོན་བསྟེན་ཡོད། ཆོས་ལུགས་ཚང་མས་བྱམས་པ་དང་། བཟོད་གསོལ། སྙིང་རྗེ། རང་ཉིད་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་བསླབ་བྱ་དེ་དག་གསུང་གི་ཡོད། དེ་དག་ཚང་མ་སེམས་དང་འབྲེལ་བ་ཡོད། དད་པའང་སེམས་དང་འབྲེལ་བ་ཡོད་པ་ཞིག་ཡིན། རྩེ་གཅིག་པའི་དད་པས་ནང་སེམས་ཀྱི་སྟོབས་ཤུགས་དང་བདེ་བ་སྐྲུན་གྱི་ཡོད། ཆོས་ལུགས་ཆེ་ཁག་ནང་ལ་སྡེ་ཚན་གཉིས་ཡོད་པ་ནི། དང་པོ་ལྷ་ཡོད་པར་སྨྲ་མཁན་ཚོས་རྟག་པ་དང་རང་རྐྱ་བའི་ངོ་བོར་གནས་པའི་འཇིག་རྟེན་བཀོད་པ་པོ་ལ་ཡིད་ཆེས་བྱེད་པ་དང་། དེ་ཡང་འཇིའུ་ཆོས་ལུགས་དང་། ཡེ་ཤུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས། དེ་བཞིན་ཧིན་དུའི་ཆོས་ལུགས་མང་པོ་ནང་དེ་ལྟར་འདོད་ཀྱི་ཡོད། གཉིས་པ་ནི་གཅེར་བུ་པ་དང་། ནང་པ། དེ་བཞིན་གྲངས་ཅན་པའི་གྲུབ་མཐའ་རིགས་གཅིག་བཅས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད། བྱས་ཙང་། དེ་དག་ནང་དཀོན་མཆོག་གམ་འཇིག་རྟེན་བཀོད་པ་པོའི་བསམ་ཚུལ་དེ་མེད་པར། ཆོས་རྣམས་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བར་འདོད། རྒྱ་གར་གྱི་ཆོས་ལུགས་གསུམ་པོ་འདི་དག་གིས་ཌར་ཝིན་གྱི་གྲུབ་མཐའི་རྣམ་གཞག་ (Darwinism) དང་འདྲ་བར་རྒྱུ་འབྲས་ཀྱི་རྣམ་གཞག་ཁས་ལེན་གྱི་ཡོད། ཐམས་ཅད་རྒྱུ་འབྲས་ཀྱི་རྣམ་གཞག་གཞིར་བཟུང་འབྱུང་བར་འདོད་ཅིང་། འཇིག་རྟེན་བཀོད་པ་པོ་མི་འདོད་པ་ཡིན།
ལྷ་ཡོད་པར་སྨྲ་བའི་ཆོས་ལུགས་ཚོས། ང་ཚོ་རང་ཉིད་ཐེ་བའི་ཆོས་ཐམས་ཅད་དཀོན་མཆོག་གིས་བཟོས་པར་འདོད། དེར་བརྟེན་དཀོན་མཆོག་ནི་དོན་དམ་པའི་ང་ཚོའི་ཕའམ་ཡབ་དེ་ཡིན་པ་རེད། ཁོང་ཚོས་འཇིག་རྟེན་བཀོད་པ་པོ་ལ་དད་སེམས་རྩེ་གཅིག་གི་སྒོ་ནས་ཐམས་ཅད་དཀོན་མཆོག་ལ་མགོ་བཏགས་ཞུ་གི་ཡོད། དེས་རང་རྒྱུད་ཀྱི་རང་གཅེས་འཛིན་གྱི་ང་རྒྱལ་ཆུང་དུ་གཏོང་གི་ཡོད། “ང་ནི་དཀོན་མཆོག་གི་བཟོས་པ་རེད། བྱས་ཙང་། ངས་དཀོན་མཆོག་ལ་ཞབས་ཏོག་སྒྲུབ་ཀྱི་ཡོད།” ཅེས་ཟེར་ཞིང་། དཀོན་མཆོག་ལ་བསྙེན་བཀུར་ཞུ་བ་ནི་སྨོན་ལམ་གྱི་ཆ་ཤས་ཤིག་ཡིན། འོན་ཀྱང་དཀོན་མཆོག་ལ་བསྙེན་བཀུར་ཞུ་བའི་རྩ་བའི་དོན་དག་གཙོ་བོ་ནི། དཀོན་མཆོག་གིས་བཟོས་པའི་ལུས་ཅན་ཀུན་ལ་བརྩེ་བ་སྤྲོད་ཆེད་ཡིན། དེར་བརྟེན། ལྷ་ཡོད་པར་སྨྲ་བའི་ཆོས་ལུགས་ལའང་རང་གཅེས་འཛིན་ཆུང་དུ་གཏོང་རྒྱུ་དང་གཞན་གཅེས་འཛིན་གོང་མཐོར་གཏོང་རྒྱུའི་ནུས་པ་ཧ་ལམ་གཅིག་པ་འདྲ་པོ་ཡོད།
ནང་ཆོས་དང་གཅེར་པུ་བའི་ཆོས་ལུགས་ཀྱིས་ཀྱང་རང་གཅེས་འཛིན་དང་ང་རྒྱལ་སྤོང་ཐབས་བྱེད་ཀྱི་ཡོད། ནང་པ་ཚོས་རང་དབང་བ་དང་། ཚུགས་ཐུབ་ཏུ་གནས་པའི་བདག་ཁས་མི་ལེན་པར། བདག་གམ་ང་ཟེར་བ་ནི་བཏགས་ཙམ་དུ་ཁས་ལེན་དགོས་པའི་ཐོག་ལ་ནན་བཤད་བྱེད་ཀྱི་ཡོད། དེ་ནི་རང་གཅེས་འཛིན་ཤུགས་ཆུང་དུ་གཏོང་བའི་ཐབས་ལམ་ཞིག་ཡིན། དེར་བརྟེན་ཐབས་ལམ་སྣ་ཚོགས་ཡོད་ཀྱང་། རང་གཅེས་འཛིན་ཆུང་དུ་གཏོང་རྒྱུ་དང་གཞན་གཅེས་འཛིན་ཆེ་རུ་གཏོང་རྒྱུའི་དམིགས་ཡུལ་ལམ་ནུས་པ་གཅིག་པ་ཡིན་པ་རེད།
གལ་སྲིད་ང་ཚོས་གནའ་བོའི་རྒྱ་གར་གྱི་ནང་པའི་སྲོལ་རྒྱུན་དང་། ལྷག་པར་དུ་ནཱལནྡའི་སྲོལ་རྒྱུན་གྱི་གཞུང་རྣམས་ལ་བལྟས་ན། ལྟ་གྲུབ་ཀྱི་འདོད་ཚུལ་དུ་མ་གསུངས་ཡོད། དུས་ཕྱིས་ཀྱི་བོད་པའི་གཞུང་རྣམས་ཀྱིས་གཞུང་དེ་དག་གི་རྗེས་འཇུག་པ་ནི་ནང་པ་གཅིག་པུ་ཞིག་ཡིན་ཤག་བྱེད་ཀྱི་ཡོད། བྱས་ཙང་། ངའི་བསམ་པར། ང་ཚོས་གནའ་བོའི་རྒྱ་གར་གྱི་གཞུང་ལ་ལྟ་དགོས། གཞུང་དེ་དག་ནང་གྲུབ་མཐའ་སྣ་ཚོགས་ཡོད་པ་དང་འདོད་ཚུལ་དུ་མར་དཔྱད་པ་བྱས་ཡོད་ཅིང་། སྐབས་རེ་ཕན་ཚུན་རྩོད་གླེང་ཡང་བྱས་ཡོད། འོན་ཀྱང་བོད་ནང་དུས་རབས་བརྒྱད་པའམ་དགུ་པ་ནས་བཟུང་། བོད་མི་མང་ཆེ་བ་ནང་པ་ཆགས་ཡོད། དེར་བརྟེན་ལྟ་གྲུབ་ཀྱི་འདོད་ཚུལ་མི་འདྲ་བ་ཚང་མའི་ཐོག་བགྲོ་གླེང་བྱ་རྒྱུར་འབྲེལ་བ་དེ་ཙམ་མེད་པ་འདྲ་པོ་ཆགས་པ་རེད། འོན་ཀྱང་ད་ལྟ་བོད་ཀྱི་ཕྱི་ལོགས་སུ་ཆོས་ལུགས་དང་ལྟ་ཚུལ་མི་འདྲ་བ་མང་པོ་ཡོད་པས། དེ་དག་ཤེས་རྟོགས་ཚུལ་བཞིན་དུ་བྱ་རྒྱུ་གལ་ཆེན་པོ་ཡིན། དེ་ལྟར་གོ་རྟོགས་ཡང་དག་པ་ལ་བརྟེན་ནས་ཕན་ཚུན་གཉིས་མོས་ཀྱི་བསམ་ཤེས་གོང་མཐོར་གཏོང་བ་དང་། དེ་ལ་བརྟེན་ནས་ཕན་ཚུན་གུས་བརྩི་དང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་མཐོར་གཏོང་ཐུབ་པ་ཡོང་ངེས་ཡིན།།