དཀར་ཟས་བསྟེན་ནས་ཁོར་ཡུག་ཡར་རྒྱས་གཏོང་བ།

01:08

ཁོར་ཡུག་དང་འབྲེལ་བའི་གནད་དོན་རིཌ་སེལ་ཆེད་ཐབས་ཇུས་མང་པོ་ཡོད། དཔེར་ན། བསྐྱར་གསོ་ཐུབ་པའི་ནུས་པའི་འབྱུང་ཁུངས་བེད་སྤྱོད་བྱེད་པ་དང་། བཟོ་གྲྭ་དང་འཕྲུལ་འཁོར་རིགས་ཀྱི་རླུང་བཙོག་པ་ཉུང་དུ་གཏོང་བ་ལ་སོགས་པ་ལྟ་བུ་རེད། ཡིན་ནའང་ཕལ་ཆེར་དྲིལ་བསྒྲགས་དེ་ཙམ་བྱུང་མེད་པ་གཞན་ཞིག་ནི་ཤ་རིགས་ཐོན་སྐྱེད་བྱས་ནས་བྱུང་བའི་གནོད་སྐྱོན་ཁག་རེད། ཤ་རིགས་ཉུང་དུ་སྤྱོད་པ་དང་དཀར་ཟས་བསྟེན་རྒྱུར་སྐུལ་མ་བྱེད་པ་རྣམས་ནི། ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ལམ་ཞིག་ཡིན་པ་མ་ཟད། དཔལ་འབྱོར་ཆ་ནས་ཁེ་ཕན་ཆེན་པོ་ཡོད་ལ་འཛམ་གླིང་ནང་ཡོད་པའི་ཆོས་ལུགས་ཕལ་ཆེ་བའི་རྒྱབ་སྐྱོར་ཡང་ཐོབ་ཐུབ་ཀྱི་རེད།

ཡར་རྒྱས་ཕྱིན་ཡོད་པ་དང་འགྲོ་བཞིན་པའི་སྤྱི་ཚོགས་ཕལ་ཆེ་བའི་ནང་། ཤ་ལོངས་སྤྱོད་རྒྱུ་དེ་ནི་འབྱོར་ལྡན་གྱི་རྣམ་པ་མཚོན་ཐུབ་པ་ངོས་འཛིན་བྱེད་ཀྱི་ཡོད། མི་ཚོས་རང་ཉིད་དབུལ་པོའི་གནས་སྟངས་ནས་ཐར་བའི་རྗེས་ཀྱི་མངོན་འདོད་ནང་གི་གཅིག་ནི་ཤ་བཟའ་ཐུབ་པ་བྱེད་རྒྱུ་དེ་རེད། ཤ་ཡི་སྤྲི་དཀར་མང་པོ་ཡོད་པའི་ཟས་རིགས་བཟས་ན་འཚོ་བཅུད་མི་འདང་བའི་མིའི་ཟས་བཅུད་ཀྱི་ཚད་གོང་མཐོར་གཏོང་ཐུབ་མོད། འོན་ཀྱང་གསོ་རིག་ཚན་རིག་གིས་ཤེས་རྟོགས་བྱུང་བ་ལྟར་ན། ཤ་མང་པོ་བཟས་ན་འཕྲོད་བསྟེན་ལ་གནོད་ཀྱི་ཡོད། གང་ཡིན་ཟེར་ན། དེས་སྙིང་གི་ནད་དང་འབྲས་ནད་རིགས་འགའ་ཤས་ཕོགས་པའི་ཉེན་ཁ་ཆེ་རུ་གཏོང་གི་ཡོད། དཔལ་འབྱོར་གྱི་ཕྱོཌ་ནས་བཤད་ན། ཤའི་བཟོ་ལས་ཐོན་སྐྱེད་ཀྱིས་མི་མང་པོར་ལས་ཀ་སྤྲོད་ཀྱི་ཡོད་ཀྱང་། འོན་ཀྱང་ཕུགས་རྒྱང་རིང་པོའི་ཐོག་ནས་བཤད་ན་དཔལ་འབྱོར་དང་ཁོར་ཡུག་གཉིས་ཀར་གནོད་སྐྱོན་བཟོས་པ་དེ་ནི་ད་ལྟའི་ཁེ་ཕན་གང་ཐོབ་པ་དེ་ཚོ་ལས་ཀྱང་མང་བ་ཡིན།

ཉེ་དུས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཟས་དང་ཞིང་ལས་ཚོགས་པས་བཏོན་པའི་སྙན་ཐོ་ཞིག་ནང་གསལ་བ་ལྟར་ན། སའི་གོ་ལའི་སྟེང་ལྗང་ཁང་གི་རླངས་རྫས་བརྒྱ་ཆ་ ༡༨ ནི་སྒོ་ཕྱུཌ་ཐོན་སྐྱེད་ལས་བྱུང་ཡོད། དེ་ནི་ཟས་ཀྱི་ཆེད་དུ་གསོ་སྐྱོང་བྱེད་པའི་སེམས་ཅན་དེ་དག་གི་གཅིན་པ་དང་བཙོག་པ་ལས་བྱུང་བའི་རླངས་རྫས་རེད། འཛམ་གླིང་ཁྱོན་གྱི་ཕག་པ་དང་བྱ་དེ་གཅིག་པུས་སྐར་ཆ་རེར་བཙོག་གཅིན་ལྗིད་ཚད་ཀི་ལོ་གྷྲམ་ས་ཡ་ཕྱེད་ཀ་འདོན་གྱི་ཡོད། དེ་ནི་མི་འབོར་ཡོངས་ཀྱིས་བཏོན་པའི་གྲངས་ཚད་ལས་ལྡབ་དྲུག་ཅུ་ཡིས་མང་བ་ཡོད། ལྗང་ཁང་རླངས་རྫས་སེམས་ཅན་གྱི་བཙོག་གཅིན་ལས་བྱུང་བ་དེ་ནི། འཛམ་གླིང་ཡོངས་ཀྱི་གནམ་གྲུ་དང་གྲུ་གཟིངས་ཚུད་པའི་སྣུམ་འཁོར་རིགས་ཚང་མས་བཏོན་པ་ལས་ཀྱང་བརྒྱ་ཆ་ ༤༠ ཡི་མང་བ་ཡོད། དེར་མ་ཟད། སྐྱུར་ཆར་བཟོ་མཁན་གྱི་ཟེ་ཚའི་རླངས་རླུང་ཡོངས་ཀྱི་གསུམ་ཆ་གཉིས་ཙམ་སེམས་ཅན་གྱི་བཙོག་གཅིན་ལས་བྱུང་ཡོད།

གལ་སྲིད་ང་ཚོས་སེམས་ཅན་ཟས་ཀྱི་ཆེད་དུ་གསོ་སྐྱོང་བྱས་པའི་འགྲོ་སོང་ཡོངས་ཀྱི་གྲངས་ཀ་ཁག་ལ་བལྟས་པ་ཡིན་ན། གྲངས་དེ་དག་ནི་དེ་བས་ཧང་སངས་དགོས་པ་ཞིག་ཡོད། མཉམ་འགྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་སྙན་ཞུ་དེར་བལྟས་ན། ས་ཞིང་གི་བརྒྱ་ཆ་ ༧༠ དང་། འཛམ་གླིང་ས་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༣༠ སེམས་ཅན་གྱི་ཟས་ཀྱི་ཆེད་དུ་བེད་སྤྱོད་བྱེད། འོན་ཀྱང་བརྒྱ་ཆ་ ༨ མིའི་ཟས་འདེབས་པའི་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད། ལྷག་མ་ཚང་མ་སྐྱེ་ལྡན་བུད་རྫས་ཆེད་དུ་བེད་སྤྱོད་བྱེད། གཞན་ཡང་སྐར་ཆ་རེར་ཆུ་ལི་ཊར་ས་ཡ་ ༢༨.༤ ཟས་ཀྱི་ཆེད་གསོ་སྐྱོང་བྱེད་པའི་དུད་འགྲོ་སེམས་ཅན་དང་དེ་དག་ལ་ཞིང་ཆུ་འདྲེན་པའི་ལོ་ཏོག་གསོ་འཚག་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད། ཟས་དེ་འདྲ་མང་པོ་ཐོན་སྐྱེད་ཆེད་དུ་ཤིང་ནགས་གཅོད་འབྲེག་བྱས་པ་ལ་བརྟེན་ནས་བྱུང་བའི་ས་ཉིལ་ནི་ལོ་རེར་ས་ཁྱོན་ཊན་ tons ཐེར་འབུམ་ ༤༠ ཙམ་མེད་པ་ཆགས་ཀྱི་ཡོད། གལ་སྲིད་ཁྱེད་ཀྱི་སེམས་ཅན་གྱི་ཟས་ཆེད་དུ་བཀོལ་སྤྱོད་བྱས་པའི་འགྱུར་རྡོའི་བུད་རྫས་ཀྱི་འགྲོ་སོང་དང་། དེ་དག་འཐག་འཁོར་ཆེད་དུ་འོར་འདྲེན་བྱས་པའི་འགྲོ་སོང་། འཐག་འཁོར་གྱིས་བེད་སྤྱོད་བཏང་བ། འཐག་འཁོར་གྱིས་གཅོད་འབྲེག་བྱས་ཚར་པའི་ཟས་བཟོ་ཞིང་ལ་འོར་འདྲེན་བྱས་པའི་འགྲོ་སོང་། ཞིང་དེ་དག་སྟངས་འཛིན་གྱི་འགྲོ་སོང་། སེམས་ཅན་དོས་སྐྱེལ་རླངས་འཁོར་ནང་དུ་བཅུག་ནས་བཤས་རར་འོར་འདྲེན་གྱི་འགྲོ་སོང་། བཤས་ར་དེ་དག་སྟངས་འཛིན་གྱི་འགྲོ་སོང་། ཤ་རྣམས་ལས་སྣོན་བཟོ་གྲྭའི་ནང་འོར་འདྲེན་བྱས་ནས་བཟོ་གྲྭ་དེ་དག་ལ་སྟངས་འཛིན་གྱི་འགྲོ་སོང་། དེ་ནས་ལས་སྣོན་བྱས་པའི་ཤ་རྣམས་ཚོང་ཁང་ཁག་གི་ནང་འོར་འདྲེན་དང་དེ་དག་འཁྱགས་སྒམ་དུ་གསོག་འཇོག་བྱེད་པའི་འགྲོ་སོང་སོཌ་དེ་དག་ཚང་མ་རྩིས་བརྒྱབ་ན། དུད་འགྲོ་སེམས་ཅན་གྱི་སྤྲི་དཀར་ནས་ནུས་པའི་རྩི་གཞིའམ་ཀེ་ལོ་རི་གཅིག་ཐོན་སྐྱེད་བྱས་པ་དེ་རྩི་ཤིང་གི་སྤྲི་དཀར་གྱི་ནུས་པའི་རྩི་གཞི་གཅིག་དང་བསྡུར་ན་འགྱུར་རྡོའི་བུད་རྫས་ལྡབ་བཅུ་གཅིག་མང་བ་ཐོན་སྐྱེད་དགོས་ཀྱི་ཡོད།

རྣམ་གྲངས་དེ་དག་གིས་གསལ་སྟོན་བྱས་པ་ཞིག་ནི། ཤ་རིགས་ཐོན་སྐྱེད་དང་སྤྱོད་པ་ལ་བརྟེན་ནས་ཁོར་ཡུག་དང་འཛམ་གླིང་གི་དཔལ་འབྱོར་གྱི་འགྲོ་སོང་བཏང་བ་དེ་ནི་ཧ་ཅང་གི་མཐོ་པོ་རེད། གལ་སྲིད་ད་ལྟའི་འགྲོ་ཕྱོགས་འདི་མུ་མཐུད་ན། ཤ་རིགས་དེ་ལས་མང་བ་ཐོན་སྐྱེད་བྱེད་པ་དང་ཁོར་ཡུག་ལ་གནོད་སྐྱོན་དེ་བས་ཆེ་བ་ཡོང་རྒྱུའི་རྗེས་འབྲས་འཐོབ་ངེས་རེད། འགྲོ་ཕྱོགས་འདི་འདྲ་ནི་རྒྱུན་སྲིང་བྱེད་མི་ཐུབ་པ་ཞིག་དང་དེའི་འགྲུབ་འབྲས་ནི་རྐྱེན་ངན་གྱི་ནང་མཇུག་རྫོཌ་རྒྱུ་ཁོ་ན་ལས་མ་འདས། གལ་སྲིད་འཛམ་གླིང་སྟེང་དུ་ཡོད་པའི་མིས། དཔེར་ན། ཨ་རིའི་ནང་ཡོད་པའི་མི་ཡང་ན་ཧོང་ཀོང་ནང་ཡོད་པའི་མི་ཡིས་ལོ་རེར་ཤ་གང་ཐུབ་བཟས་པ་ཡིན་ན། སེམས་ཅན་དེ་དག་གི་ཟས་ཆེད་དུ་དགོས་ངེས་ཀྱི་ས་ཞིང་འདང་ངེས་མེད་ལ་ཆུ་ཡང་འདང་ངེས་མེད། དེ་འདྲ་སོང་ཙང་། ད་ལྟའི་ཛ་དྲག་གི་དྲི་བ་དེ་གང་རེད་ཟེར་ན། འགྲོ་ཕྱོགས་འདི་གང་འདྲ་བྱས་ནས་ཁ་ཕྱོགས་བསྒྱུར་དགོས་པ་དེ་རེད།  

ཆོས་དད་མེད་མཁན་གྱི་མི་ལ་ཆ་མཚོན་ན། དཀར་ཟས་བསྟེན་པའམ་ཡང་ན་ཉུང་མཐར་ཡང་ཁོང་ཚོས་ཤ་བཟའ་ཡག་ཉུང་དུ་བཏང་ན་རྒྱུ་མཚན་དང་ལྡན་པའི་འདམ་ག་ཞིག་ཡིན་པར་སྤྱིར་བཏང་གི་བསམ་ཤེས་ལ་བརྟེན་ནས་ཤོད་ཀྱི་ཡོད། དེ་ནི་དམིགས་བསལ་ཕུགས་རྒྱང་རིང་པོར་བསམ་མི་ཐུབ་པའི་གོམས་གཤིས་དེ་དག་གི་རྐྱེན་བྱས་ནས་རང་གི་ཕྲུ་གུ་དང་ཚ་བོ་ཚོ་མོར་འཕྲད་སྲིད་པའི་རྗེས་འབྲས་ལ་བསམ་བློ་བཏང་ན། དེ་ནི་དེ་བས་ཀྱང་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། ཕྱིའི་དངོས་པོ་གཅིག་པུའི་ཡར་རྒྱས་ལ་བསམ་བློ་གཏོང་མཁན་ཡིན་ན། དཔལ་འབྱོར་གྱི་སྡོམ་རྩིས་བྱས་པ་ནས་ཤེས་ཐུབ་པ་ཞིག་ནི། ཕུགས་རྒྱང་རིང་པོར་ད་ལྟའི་རྒྱུན་མི་ཆད་པར་ཤ་མང་དུ་བཟའ་བའི་འགྲོ་ཕྱོགས་དེའི་རྗེས་འབྲས་ངན་པ་དེ་ཤ་རིགས་བཟོ་ལས་ནས་བྱུང་བའི་འཕྲལ་སེལ་གྱི་ཁེ་ཕན་ཁག་ལས་ཀྱང་ཆེས་མང་བ་ཡོད་པ་དེ་གསལ་པོ་རེད།

ཆོས་ལུགས་ཞིག་ལ་དད་གུས་བྱེད་མཁན་ནམ། ཡང་ན་འཛམ་གླིང་གི་ལྟ་གྲུབ་ཞིག་གི་རྗེས་འཇུག་པ་གང་ཡིན་རུང་། དད་པའི་ལམ་ལུགས་དེ་དག་རེ་རེའི་བསླབ་བྱའི་ནང་དཀར་ཟས་བསྟེན་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ནང་ཆོས་ཀྱིས་སེམས་ཅན་ཚང་མར་སྙིང་རྗེ་དགོས་པའི་སློབ་སྟོན་བྱས་ཡོད། སེམས་ཅན་ཚང་མ་ཚེ་སྲོག་གི་རྣམ་པ་གང་རུང་ནང་སླར་སྐྱེ་བ་ལེན་གྱི་ཡོད་པར་བརྟེན། ང་ཚོས་ཟས་ཀྱི་ཆེད་དུ་གསོ་ཉར་དང་བཟས་པའི་སེམས་ཅན་དེ་ཚོ་ང་ཚོའི་མེས་པོ་ཁོང་ཚོའི་སྐྱེ་བ་སྔོན་མ་ཡིན་སྲིད་པ་དང་། ང་ཚོ་དང་ང་ཚོའི་མེས་པོ་ཚོ་ཡང་མ་འོངས་པར་སེམས་ཅན་གྱི་སྐྱེ་བ་ལེན་སྲིད། ང་ཚོས་དེ་ནས་སེམས་ཅན་དེ་དག་གི་སྡུག་བསྔལ་གང་མྱོང་གི་ཡོད་པ་བསམ་ཞིབ་བྱེད་ཐུབ་པ་དགོས། དཔེར་ན། བཟོ་གྲྭའི་ལམ་ལུགས་ནང་གསོ་ཉར་བྱས་པའི་བྱ་དེ་རྣམས་ནང་པའི་ཆོས་དགེ་སློབ་དཔོན་དགའ་ཤས་ཀྱིས་བྱ་དེའི་བཙོན་ཁང་ཞེས་མཚོན་པར་བྱས་ཡོད་པ་ལྟ་བུ་རེད། ཡ་ང་བའི་བྱ་དེ་ཚོ་རང་གི་མི་ཚེ་གང་ཚང་མི་ཊར་གྱི་བརྒྱ་ཟུར་ཉི་ཤུ་ཙམ་ལས་མེད་པའི་རླུང་ཙིའམ་ལྕགས་ཁྲ་ནང་འཚོ་བ་སྐྱེལ་དགོས་པ་དང་ཕྱི་ལ་རང་དབང་ངང་འགྲོ་བསྐྱོད་རྩ་བ་ནས་བྱེད་ཆོག་གི་མེད། གལ་སྲིད་ང་ཚོ་ཡང་ན་ང་ཚོའི་མེས་པོ་ཚོ་དེ་འདྲའི་ངང་འཚོ་བ་སྐྱེལ་ནས། མཐའ་མ་ཁྱིའི་ཟས་སམ་ཡང་ན་མེག་ཌོ་ནལ་ཟ་ཁང་ནང་གི་བྱ་ཤ་རྡོག་བུའི་ཆེད་དུ་བེད་སྤྱོད་བྱས་ནས། དེ་ཕྲུ་གུར་བྱིན་པ་དང་ལྷག་མ་ཕྱེད་ཀ་གད་སྙིགས་ནང་དོར་ན་ཁྱེད་ལ་ཚོར་བ་གང་འདྲ་ཞིག་ཡོང་སྲིད་དམ།

ནང་པའི་གཞུང་མདོ་ཚངས་པའི་དྲ་བའི་ནང་དཀར་ཟས་བསྟེན་རྒྱུར་རྒྱབ་སྐྱོར་བྱས་ཡོད།  མདོ་དེ་ནི་ཀུ་མཱར་ཇཱིཝའམ་གཞོན་ནུ་འཚོས་མདོ་རྒྱ་ནག་སྐད་དུ་ཧྥན་ཝང་རྗིང་ (梵網經) ཞེས་བསྒྱུར་ཡོད། དམར་ཟས་སྤོང་རྒྱུ་དེ་ནི་བྱང་ཆུབ་སེམས་པའི་སྡོམ་པ་གཙོ་བོ་བཅུ་ཡི་སྟེང་དུ་ཁ་སྣོན་གྱི་སྡོམ་ཁྲིམས་ཞི་བཅུ་ཞེ་བརྒྱད་ཡོད་པའི་ནང་གི་ཁྲིམས་གཅིག་རེད། དེ་ལྟར་སྙིང་རྗེ་ལ་གཞི་བཞག་ནས། ཤར་ཨེ་ཤ་ཡའི་ནང་ཡོད་པའི་ཐེག་པ་ཆེན་པོའི་ལུགས་ཀྱི་རྗེས་འབྲངས་བ་ཚོས་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆ་ཤས་སུ་དམར་ཟས་སྤོང་གི་ཡོད། ཉི་ཧོང་ནང་བསྟན་རྡའི་ Tendai ཆོས་ལུཌ་སྲོལ་གཏོད་མཁན་སེ་ཆོའོ་ Saicho ཡིས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ཚུལ་ཁྲིམས་ཀྱི་སྒོ་ནས་དམར་ཟས་སྤོང་ཚུལ་འདི་རབ་བྱུང་གི་སྡོམ་པའི་ཆ་ཤས་སུ་ཁ་སྣོན་བྱས་ཡོད།

དཀར་ཟས་བསྟེན་པ་དེ་སེམས་ཅན་གཞན་ལ་སྙིང་རྗེའི་སྒོམ་པའི་བློར་གཞི་བཞག་ཡོད། མེང་ཙེ་ Mengzi, Mencius ཡི་ཁུང་ཙི་ Confucius ཡི་ཆོས་ཀྱི་ནང་དུ་དམིགས་སུ་དཀར་ནས་བཤད་མེད་ཀྱང་། ང་ཚོས་དེ་དག་ནས་རིགས་པའི་ལམ་ནས་ཤེས་ཐུབ། ལིའང་་རྒྱལ་པོ་ཧུཡེ་ 梁惠王 དང་བཀའ་མོལ་ཞིག་གནང་བའི་ནང་། མེང་ཙེ་ཡིས་རྒྱལ་པོས་གླང་ཞིག་དྲིལ་བུ་རབ་གནས་བྱེད་སྐབས་དེའི་ཁྲག་དམར་མཆོད་ཆེད་གསོད་ལ་ཉེ་བ་མཐོང་དུས། སེམས་ཀྱིས་མ་བཟོད་པར་གླང་དེ་ཚེ་ཐར་བཏང་ནས་དེའི་ཚབ་ཏུ་ལུག་ཅིག་དམར་མཆོད་ཆེད་དུ་བེད་སྤྱོད་བྱེད་དགོས་པའི་བཀའ་བཏང་ཡོད་པ་དེ་རྒྱལ་པོར་གསུངས། དེ་ནས་མེ་ཙེས་རྒྱལ་པོར་འདི་ལྟར་སློབ་སྟོན་གནང་ཡོ་དེ།

འདི་ནི་ནོར་འཁྲུལ་དང་བྲལ་བ་ཞིག་རེད། དེ་བརྩེ་བའི་ (仁術) ལས་ཤིག་རེད། དེ་མི་བཟང་ (君子) པོ་ཞིག་གིསསེམས་ཅན་ལ་ལྟ་ཚུལ་རེད། སེམས་ཅན་གསོན་པོ་ཡོད་པ་མཐོང་དུས། ཁོས་དེ་དག་གི་འཆི་འགྲོ་བར་མི་བཟོད་པ་དང་། ཁོང་ཚོའིསྨྲེ་ངག་འདོན་པ་གོ་དུས། ཁོས་ཁོང་ཚོའི་ཤ་ཟ་མི་ནུས། དེ་ལྟར་མི་བཟང་པོ་ཞིག་གིས་བཤས་རྭ་དང་ཤའི་ཐབ་ཚང་ནས་རྒྱང་ཐགརིང་སར་སྡོད་ཀྱི་ཡོད། ཅེས་གདམས་ཡོད།

ཁྱེད་ཀྱིས་སེམས་ཅན་གསོན་པོ་མིག་གིས་མི་མཐོང་བ་དང་། ཡང་ན་དེ་དག་གི་སྐད་མི་གོ་བ་བྱས་ནས་ཤ་བཟས་ན་འགྲིགས་ཡོད་པ་མེང་ཙེ་ཡིས་སློབ་སྟོན་བྱེད་ཀྱི་མེད། དེའི་ཚབ་ཏུ། ཁོང་གིས་རྒྱལ་པོར་དུད་འགྲོ་སེམས་ཅན་རྣམས་ལ་སྙིང་རྗེ་ (恩) བྱས་པ་ནང་བཞིན་འབངས་མི་སེར་ལ་ཡང་དེ་འདྲའི་སྙིང་རྗེ་ཁྱབ་ཐུབ་པ་བྱེད་དགོས་པའི་སློབ་སྟོན་གནང་བའི་ཆེད་གོང་གི་དཔེ་དེ་བེད་སྤྱོད་བྱས་པ་རེད། མེང་ཙེ་ཡི་བསླབ་བྱ་དེ་ཤ་བཀག་འགོག་གི་ཆེད་དུ་མིན་ན་ཡང་། ཁོང་གི་བསླབ་བྱ་དེ་ནས་གང་སྟོན་གྱི་ཡོད་ཟེར་ན་མི་དང་དུད་འགྲོ་སེམས་ཅན་ཀུན་ལ་སྙིང་རྗེ་གཅིག་པ་བྱེད་དགོས་ཤེས་ཤུགས་ལ་བསྟན་ཡོད།

དེར་ཆོས་ལུགས་ཀྱི་ཐོག་ནས་རྒྱབ་སྐྱོར་ཡོད་པའི་ཤ་མི་ཟ་བའི་རྒྱུ་མཚན་ཁག་གཞན་ཡོད། སྤྱིར་ཧིན་རྡུའི་ཆོས་པ་ཚོས་ངེས་བརྗོད་ཀྱི་རིག་བྱེད་ Rg Veda ནང་གི་བཀའ་ཁྱབ་ལ་སྲུང་བརྩི་ཞུས་ནས་སྒོ་ཕྱུགས་ཡང་ན་རྟའི་ཤ་མི་ཟ་བ་དང་། དེའི་ཐོག་ལ་ཁྱབ་འཇུག་ Vishnu དང་ནག་པོ་ Krishna ལ་དད་གུས་ཞུ་མཁན་ཧིན་དུའི་ཆོས་པ་ཚོས་མཆོད་སྦྱིན་གྱི་རིག་བྱེད་ Yajur Veda ནང་གི་ལམ་སྟོན་གཞིར་བཟུང་ནས་དཀར་ཟས་བསྟེན་གྱི་ཡོད། གཞུང་དེ་དག་གིས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་གསུམ་བཤད་ཡོད། རྒྱུ་མཚན་དང་པོ་དེ་ནི་འཚེ་བ་མེད་པའི་གལ་གནད་དེ་རེད། དེ་ཡང་སྐབས་འདིར་དུད་འགྲོ་སེམས་ཅན་གཞན་ལ་འཚེ་བ་མི་བྱེད་པ་ལ་གོ་དགོས། རྒྱུ་མཚན་གཉིས་པ་དེ་ནི་ཚེའི་རིག་བྱེད་ Ayurveda ཀྱི་ལམ་ལུགས་དང་འབྲེལ་བའི་གསོ་བ་རིག་པའི་གཞུང་ལུགས་ནང་། ཤ་བཟས་ན་གང་ཟག་དེའི་སེམས་ཁམས་ལ་གནོད་པ་དང་ཆོས་ཕྱོགས་ཀྱི་ཡར་རྒྱས་ལ་འགོག་རྐྱེན་བཟོ་གི་ཡོད་པའི་ཉེན་བརྡ་གཏོང་གི་ཡོད། རྒྱུ་མཚན་གསུམ་པ་དེ་ནི། ཤ་ནི་ལྷད་ཡོད་མི་གཙང་བར་ངོས་འཛིན་བྱེད་ཀྱི་ཡོད། བྱེད་པོ་དཀོན་མཆོག་ལ་མཆོད་པའི་ཆེད་དུ་ལྷད་མེད་གཙང་མའི་ཟས་འབུལ་དགོས་ཤིང་། མཆོད་པ་ཕུལ་བའི་རྗེས་ལ་དཀོན་མཆོག་གིས་གནང་བའི་རྔན་པའམ་བྱིན་རླབས་ prasad ལྟ་བུར་ངོས་འཛིན་བྱས་ནས་ཟ་གི་ཡོད།

གཅེར་བུ་པའི་ Jain ཆོས་པ་ཚོ་ཆོས་ལུགས་གཞན་ལས་ཀྱང་ལྷག་པའི་ཐོག་དཀར་ཟས་བསྟེན་གྱི་ཡོད། གནའ་བོའི་རྒྱ་གར་གྱི་ཆོས་ལུགས་དེའི་རྗེས་འཇུག་པ་ཡིན་ཚེ་ངེས་པར་དུ་དཀར་ཟས་བསྟེན་རྒྱུ་དེ་ལས་འགན་རེད། དམ་བསྒྲགས་དེ་ལྟར་བྱེད་དགོས་དོན་ནི། གཅེར་བུ་པའི་ཆོས་ལུགས་ནང་འཚེ་མེད་ཞི་བ་དང་ཚེ་སྲོག་གི་རྣམ་པ་ཀུན་ལྷད་མེད་ཀྱི་རང་བཞིན་ལ་གཙིགས་ཆེན་ནན་བཤད་བྱེད་པའི་ལྟ་གྲུབ་དང་མཐུན་གྱི་ཡོད། ཤ་ནི་ཡོངས་སུ་ལྷད་པའམ་མི་གཙང་བར་ངོས་འཛིན་བྱེད་ཀྱི་ཡོད།

འཇིའུ་ཆོས་ལུགས་ Judaism དང་། ཡེ་ཤུ་ཆོས་ལུགས། ཁ་ཆེའི་ཆོས་ལུགས་ཚང་མའི་ནང་དཀོན་མཆོག་གིས་འགྲོ་བ་མི་ཡིས་བེད་སྤྱོད་གཏོང་བའི་ཆེད་དུ་སེམས་ཅན་གཞན་བཟོས་ཡོད་པ་བསྟན་ཡོད་ཀྱང་། སེམས་ཅན་དེ་ཚོ་མི་ཡིས་ལོག་པར་བེད་སྤྱོད་བྱེད་པའི་ཆེད་དཀོན་མཆོག་གིས་བཟོས་ཡོད་པ་ཆོས་ལུགས་དེ་གསུམ་པོའི་ནང་ནས་སུས་ཀྱང་སློབ་སྟོན་བྱས་མེད། འཇིའུ་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ནང་དཀོན་མཆོག་གིས་ཕག་པ་ལྟ་བུའི་སེམས་ཅན་བཙོག་པའི་རིགས་བཟའ་མི་ཆོག་པའི་བཀག་སྡོམ་བྱས་ཡོད་ཀྱང་། དཔེ་ཆའི་ནང་དཀོན་མཆོག་གི་འདུན་པའམ་ཀུན་སློང་གཞན་ཡོད་པ་ཤུགས་ཀྱི་བསྟན་ཡོད། ཁུ་རཱན་ Quran གྱི་ཤོ་ལོ་ཀ་ ༡༥:༢༠ ནང་འདི་ལྟར་གསུངས་ཡོད་དེ།

དེ་ལྟར་ང་ཚོས་ཁྱེད་ཀྱི་ཆེད་དུ་དེར་ (དཀོན་མཆོག་གིས་བཟོས་པའི་འཇིག་རྟེན་ནང་འཚོ་གནས་ཀྱི་མཐུན་རྐྱེན་དང་། ཁྱེད་ཀྱིས་ (ཁོང་ཚོའི་འཚོ་ཐབས་ཆེད་) མཁོ་སྤྲོད་མི་བྱས་པ་གང་ཡིན་པ་དེ་ཚོ་ (དུད་འགྲོ་སེམས་ཅན་རྣམས་བསྐྲུན་ཡོད། ཅེསགསུངས།

དེས་གང་སྟོན་གྱི་ཡོད་ཟེར་ན། དཀོན་མཆོག་གིས་དུད་འགྲོ་སེམས་ཅན་གཞན་ཟས་ཀྱི་ཆེད་དུ་ཡིན་པ་བཟོས་ཡོད། དཔེར་ན། ལུག་དང་། ར། སྒོ་ཕྱུགས་ལྟ་བུ། འོན་ཀྱང་ཁོང་ཚོར་ལྟོ་སྟེར་རྒྱུ་དེ་འགྲོ་བ་མིའི་ལས་འགན་མིན་པ་བསྟན་ཡོད། དཔེར་ན། སེམས་ཅན་དེ་དག་གི་ཆེད་དུ་དམིགས་བསལ་གྱི་ཟས་འདེབས་ལས་བྱེད་པ་འདྲ་པོ། ཕྱོགས་གཞན་ནས་བཤད་ན། དཀོན་མཆོག་གིས་སེམས་ཅན་གཞན་ཚོས་རང་ཁ་རང་གསོ་ཡོང་ཆེད་རང་དབང་ལྡན་པའི་ངང་སྔོ་རྩ་ཟ་བའི་འདུན་པ་ཡོད་པ་ལས། མི་མང་པོས་ལོངས་སུ་སྤྱོད་ཐུབ་པའི་ཆེད་བཟོ་ལས་ལམ་ནས་གསོ་སྐྱོང་བྱེད་རྒྱུ་མེད་པ་བསྟན་ཡོད།

མདོར་བསྡུས་ན། འཛམ་གླིང་ནང་ཡོད་པའི་ཆོས་ལུགས་དང་ལྟ་གྲུབ་མང་ཆེ་བས་དཔལ་འབྱོར་དང་། གཏན་ཚིགས་རིག་པ། སྤྱིར་བཏང་གི་བསམ་ཤེས་ཀྱིས་ངེས་པ་རྙེད་པའི་མཇུག་སྡོམ་ལ་བསམ་བློའི་ཐོག་རྒྱབ་སྐྱོར་གནང་གི་ཡོད། དེ་ནི་འཛམ་གླིང་ནང་ཤའི་ཟས་གྲོན་ཧ་ཅང་ཉུང་དུ་བཏང་ནས། མི་གང་མང་གིས་དཀར་ཟས་བརྟེན་ཐུབ་པར་བྱེད་དགོས། གསོ་རིག་ཚན་རིག་དང་། ཆོས། ལྟ་གྲུབ། སྤྱིར་བཏང་གི་བསམ་ཤེས་སོགས་ཀྱིས་ང་ཚོས་དམར་ཟས་སྤོངས་དགོས་པའམ་ཡང་ན་ང་ཚོས་ཤའི་ཁྱོན་འབོར་དང་བཟའ་ཐེངས་ཉུང་དུ་གཏོང་དགོས་པ་ང་ཚོར་བཤད་པ་ཙམ་མ་ཡིན་པར། མི་ཚོས་དོན་དངོས་ཐོག་ཁོང་ཚོའི་སྤྱོད་ཚུལ་ལ་འགྱུར་བ་མ་བཏང་ན། ཁོང་ཚོས་ཁེ་ཕན་གང་ཡང་ཐོབ་མི་ཐུབ།

མི་མང་པོ་ཞིག་གིས་ཆོས་ཉམས་ལེན་ཟེར་ན་ཁ་འདོན་བྱེད་པའམ་སྨོན་ལམ་རྒྱག་པ་ཙམ་དང་། ཡང་ན་འགའ་ཤས་ལ་ནི་བདུག་སྤོས་འགའ་ཤས་འབུལ་བ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་འགྱུར་ལྡོག་དངོས་དེ་ནང་སེམས་ནས་ཡོང་དགོས་ཀྱི་ཡོད། ང་ཚོས་ཕྱིའི་བྱ་ཐབས་གང་རུང་བརྒྱུད་ནས་ཁོར་ཡུག་སྲུང་སྐྱོབ་བྱས་ཀྱང་། ལས་དོན་དངོས་ནི་ང་ཚོའི་བསམ་བློ་གཏོང་སྟངས་དང་བྱ་སྤྱོད་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད། དེ་ཡང་གོ་རྟོགས་དང་འགྲོ་བ་མི་ཡིས་འཛམ་གླིང་ལ་གཏོར་སྐྱོན་གང་གཏོང་གི་ཡོད་པའི་གོ་རྟོཌ་ལ་གཞི་བཞག་དགོས། དེ་འདྲའི་ལས་དོན་མི་ངོ་རེའི་ཐོག་ནས་ཡོང་དགོས་ཀྱི་ཡོད། ང་ཚོ་མི་ངོ་རེས་རྣམ་དཔྱོད་དང་སྙིང་རྗེ་ལྡན་པའི་ངང་བྱ་སྤྱོད་སྤེལ་དགོས་པའི་འགན་འཁྲི་ཡོད།།

Top