ཆོས་ལུགས་འདྲ་མིན་ནང་ཁུལ་དུ་མཐུན་སྒྲིལ་འཛུགས་པ།

ཆོས་ལུགས་བརྗེ་པོ་རྒྱག་པའི་ཉེན་ཁ།

འཛམ་བུ་གླིང་འདིའི་ནང་ཆོས་ལུགས་དང་རིག་གཞུང་མི་འདྲ་བ་མང་པོ་ཞིག་ཡོད་པ་དང་། དེ་དག་རེ་རེ་བཞིན་སོ་སོའི་མི་རིགས་ལ་རན་ཞིང་འཚམས་པར་འཕེལ་རྒྱས་ཕྱིན་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ངོས་ནས་རྒྱུན་དུ་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ཉར་ཚགས་བྱེད་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད། ནུབ་ཕྱོགས་རྒྱལ་ཁབ་ནང་འཇེའུ་དང་ཁ་ཆེ་རེ་ཟུང་ཡོད་ནའང་མི་ཕལ་ཆེ་བ་ཡེ་ཤུ་ཡིན་པ་རེད། ཁོང་ཚོའམ་མི་སུ་ཞིག་ལ་མཚོན་ནའང། ཆོས་ལུགས་བསྒྱུར་རྒྱུ་ནི་ལས་སླ་པོ་ཞིག་མིན་པ་དང་སྐབས་རེ་དེས་ང་ཚོ་མགོ་རྨོངས་འཇུག་གི་ཡོད།

དེར་ངོས་ནས་རྒྱུན་དུ་བརྗོད་པའི་དཔེ་མཚོན་གཅིག་ཡོད། ལོ་རབས་དྲུག་ཅུ་པའི་འགོ་སྟོད་དུ་ང་ཚོ་བོད་པ་ཚོས་དཀའ་ངལ་ཆེན་པོ་མྱངས་པ་རེད། དེའི་སྐབས་སུ་ཡེ་ཤུའི་ཚོགས་པ་མང་པོས་ང་ཚོར་རོགས་སྐྱོར་བྱེད་པར་བསླེབས། བུ་ཕྲུག་ཆུང་ཆུང་ཁ་ཤས་ཡོད་མཁན་གྱི་བོད་པའི་བུད་མེད་ཅིག་ཡོད་པ་དང་། ཁོ་མོར་གནས་སྟངས་དཀའ་ངལ་ཆེན་པོ་ཞིག་ཕྲད་ཡོད། དེ་ནས་ཡེཤུའི་ཆོས་ལུགས་ཁྱབ་སྤེལ་བྱེད་མཁན་ཞིག་བསླེབས་ནས་ཁོ་མོའི་ཕྲུ་གུ་རྣམས་ཡེ་ཤུའི་ཆོས་སྤེལ་བའི་སློབ་གྲྭ་ཞིག་ཏུ་སློབ་ཞུགས་བྱེད་རྒྱུར་ངོས་ལེན་བྱས་པ་རེད། ཉིན་ཞིག་ཁོ་མོ་ངོས་ཀྱི་འགྲམ་དུ་བསླེབས་ནས། མོ་རང་གི་མི་ཚེ་འདིར་ཡེ་ཤུ་ཞིག་བྱེད་རྒྱུ་ཡིན། འོན་ཀྱང་སྐྱེ་བ་ཕྱི་མར་ནང་པ་ཞིག་བྱེད་རྒྱུ་ཡིན་ཞེས་ཟེར་གྱི་འདུག །དེས་ཁོ་མོར་ཆོས་ལུགས་ཐད་ཐེ་ཚོམ་དང་རྨོངས་པ་ཡོད་པ་གསལ་པོར་སྟོན་གྱི་ཡོད། གལ་ཏེ་ཁོ་མོ་སྐྱེ་བ་ཕྱི་མར་ལྷ་ཡུལ་དུ་ཕྱིན་པ་ཡིན་ན། མོ་ལ་ནང་པ་བྱེད་རྒྱུའི་དགའ་མོས་མི་འོང་བ་དང་། གལ་ཏེ་མོ་རང་དམྱལ་བར་ཕྱིན་པ་ཡིན་ན། མོ་རང་ནང་པ་ཞིག་བྱེད་མི་ཐུབ་པ་རེད།

ད་དུང་པོའོ་ལན་ཌི་ (Poland) བུད་མེད་རྒན་མོ་གཅིག་ཡོད། ངོས་ཀྱིས་ཕྱི་ལོ་ ༡༩༥༦ ནས་ཁོ་མོ་ངོ་ཤེས་ཀྱི་ཡོད། ཕྱི་ལོ་ ༡༩༥༩ ནས་བཟུང་ཁོ་མོས་ཤེས་ཡོན་ལ་དོ་དབྱིངས་ཤུགས་ཆེ་བྱས་པ་དང་བོད་པའི་སློབ་ཕྲུག་ཁ་ཤས་ལ་སློབ་ཡོན་སྤྲད་པ་རེད། ཁོ་མོ་ནང་ཆོས་ལ་དགའ་མོས་བསླེབས། འོན་ཀྱང་དེའི་སྔོན་ལ་མོ་རང་མཌྲ་སི་ (Madras) ནང་གི་འཇིག་རྟེན་བཀོད་པ་པོ་ཐི་ཡོ་སོ་ཧྥི་ (Theosophy) འམ་ལྷ་ལམ་སྨྲ་བའི་ཆོས་ལུགས་འདོད་མཁན་ཞིག་ཡིན་པ་རེད། ཁོ་མོར་ཆོས་ལུགས་རིས་མེད་ཀྱི་བསམ་ཚུལ་འདྲ་པོ་ཞིག་ཡོད་བཞིན་པ་ཡིན་ནའང། ཁོ་མོས་ནང་པའི་ཆོས་དེ་མོ་རང་སྒེར་གྱི་ཆོས་ལུགས་སུ་ཁས་ལེན་བྱེད་ཀྱི་ཡོད། ཁོ་མོའི་མི་ཚེའི་མཐའ་མཇུག་ཏུ་འཇིག་རྟེན་བཀོད་པ་པོའི་ལྟ་ཚུལ་དེ་མོའི་སེམས་དང་ཐག་ཉེ་རུ་འགྲོ་བ་ལྟ་བུར་སྣང་བ་རེད། བྱས་ཙང་། འདིས་ཀྱང་ཐེ་ཚོམ་དང་རྨོངས་པའི་རྟགས་མཚན་ཞིག་སྟོན་གྱི་ཡོད། དེ་འདྲ་སོང་བ་ཡིན་ཙང། སོ་སོ་རང་ཉིད་ཀྱི་ཆོས་ལུགས་གང་ཡིན་པ་དེ་རྒྱུན་འཛིན་བྱེད་རྒྱུ་ནི་ལེགས་ཤོས་ཡིན་པ་རེད།

གང་ལྟར་ཡང་། མི་ས་ཡ་མང་པོའི་དཀྱིལ་ནས་ཁ་ཤས་ཤར་ཕྱོགས་པའི་ཆོས་ལུགས་དང་དམིགས་བསལ་གྱིས་ནང་པའི་ཆོས་ལ་ལྷན་སྐྱེས་ཀྱི་དོ་དབྱིངས་ཤིག་སླེབ་ཀྱི་ཡོད། མི་དེ་རྣམས་ཀྱིས་བསམ་བློ་གཟབ་གཟབ་བྱས་ནས་གཏོང་དགོས། གལ་ཏེ་ཁོང་ཚོས་ནང་ཆོས་དེ་སོ་སོའི་ཁམས་དང་བསམ་པ་ལ་དེ་བས་འཚམ་པ་ཞིག་ཡོད་པར་མཐོང་ན། དེ་ལ་སྐྱོན་མེད་པས་འགྲིག་པ་རེད། བོད་པ་རྣམས་ཀྱི་དབུས་སུའང་ང་ཚོ་བརྒྱ་ཆ་ ༩༩ ནང་པ་རེད། འོན་ཀྱང་འདས་པའི་དུས་རབས་བཞིའི་རིང་ལ་དྭགས་ཀྱི་ཁ་ཆེ་ཁ་ཤས་བོད་ནང་གནས་སྡོད་བྱེད་བཞིན་ཡོད་ཅིང། ཁོང་ཚོས་བོད་པ་དང་གཉེན་སྒྲིག་བྱས་ཏེ་ཁོང་ཚོའི་ཕྲུ་གུ་རྣམས་ཁ་ཆེ་ཆགས་པ་རེད། ད་དུང་ཨ་མདོ་ས་ཁུལ་དུ་ཡེ་ཤུ་ཁ་ཤས་ཡོད་བཞིན་པ་རེད། དེར་བརྟེན་གཉིས་ཀ་འགྲིག་བསྡད་ཡོད། ཕན་ཚུན་ལྷན་དུ་གནས་རྒྱུར་དཀའ་ངལ་གང་ཡང་མེད།

ད་དུང་ངོས་ནས་ངེས་པར་དུ་བརྗོད་དགོས་པ་ཞིག་ལ། མི་ཞིག་གིས་ཆོས་ལུགས་གསར་པར་ཞུགས་པའི་སྐབས་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ལ་ལྟ་ཚུལ་ལོག་པ་ཞིག་གཏན་ནས་འཛིན་མི་ཉན། མིའི་རང་བཞིན་གྱི་ཆ་ཤས་སུ་དེ་འདྲའི་ལྟ་ཚུལ་ལོག་པ་ཞིག་རྒྱུན་དུ་འོང་བ་ཡིན། གལ་ཏེ་ཁྱེད་རང་གིས་སོ་སོའི་སྲོལ་རྒྱུན་རྙིང་པས་རང་ཉིད་ལ་ཕན་ཐོགས་ཆེར་མི་མཐོང་ནའང། དེ་ཕན་ཐོགས་ཆེར་མེད་པ་དེ་སྤྱི་ཡོངས་ཀྱི་ཐོག་ནས་སྟོན་གྱི་མེད། ཆོས་ལུགས་ཚང་མས་འགྲོ་བ་མིའི་རིགས་ལ་ཕན་པ་སྒྲུབ་ཀྱི་ཡོད། དམིགས་བསལ་གྱི་ཐོག་ནས་དཀའ་ངལ་གྱི་གནས་སྟངས་ནང་ལྷུང་བའི་སྐབས་ཆོས་ལུགས་ཚང་མས་རེ་བ་སྦྱིན་གྱི་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང་། ང་ཚོས་ངེས་པར་དུ་ཆོས་ལུགས་ཚང་མར་གུས་བརྩི་ཞུ་དགོས།

ཆོས་ལུགས་ཕན་ཚུན་དབར་སློབ་སྦྱོང་ལེན་རེས་བྱེད་པ།

དེང་སང་གི་དོན་དངོས་ནི་འདས་པའི་དོན་དངོས་ལས་ཕྲན་བུའི་མི་འདྲ་བ་ཞིག་ཡོད་པ་རེད། འདས་པའི་ནང་སྲོལ་རྒྱུན་མི་འདྲ་བའི་མི་རྣམས་གང་ཙམ་གྱིས་ལོགས་སུ་གནས་ཡོད། ནང་པ་རྣམས་ཨེ་ཤི་ཡའི་ནང་གནས་པ་དང། ཁ་ཆེ་རྣམས་དབུས་ཤར་དང་ཁ་ཤས་ཨེ་ཤི་ཡའི་ནང་གནས། ཡེ་ཤུ་མང་ཆེ་བ་ནི་ནུབ་ཕྱོགས་སུ་གནས་ཀྱི་ཡོད། དེར་བརྟེན། དེ་དག་ཕུན་ཚུན་འབྲེལ་བ་ཉུང་ངུ་ཞིག་ལས་མེད་པ་རེད། འོན་ཀྱང་ད་ལྟའི་དུས་ཚོད་འདྲ་གི་མ་རེད། གནས་སྤོ་མང་པོ་བྱེད་པའི་རྦ་རླབས་གསར་པ་འཕྱུར་བཞིན་ཡོད་པ་སྟེ། གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་དང་། དེར་མ་ཟད་ཡུལ་སྐོར་སྤྲོ་འཆམ་གྱི་ལས་ཁང་སོགས་ཡོད་པ་རེད། ད་ལྟའི་ཆར་ནང་པའི་ཆོས་ཀྱི་སྐོར་ཚུད་པའི་གནས་ཚུལ་ཧ་ཅང་མང་པོ་ཞིག་མཁོ་སྒྲུབ་བྱེད་སླ་བ་ཡིན། རྒྱུ་རྐྱེན་སྣ་ཚོགས་དེ་དག་ལ་བརྟེན་ནས་ང་ཚོའི་འཛམ་གླིང་སྤྱི་ཚོགས་དེ་བཞིན་ངོ་བོ་གཅིག་ལྟ་བུར་འགྱུར་ཡོད་པ་སྟེ། ངོ་བོ་གཅིག་ལ་རིག་གཞུང་དང་ཆོས་ལུགས་སྣ་མང་འཛོམས་པ་ཞིག་ཆགས་ཀྱི་ཡོད།

དེར་བརྟེན་དེ་ལ་ཅི་ཞིག་འབྱུང་མིན་ལ་སྲིད་པའི་ཆ་གཉིས་ཡོད་པ་རེད། སྲིད་པའི་ཆ་དང་པོ་ནི། སྲོལ་རྒྱུན་འདྲ་མིན་དབར་གྱི་འབྲེལ་ལམ་ཉེ་པོ་བྱུང་བ་དེ་ལ་བརྟེན་ནས་སོ་སོ་རང་ཉིད་ཀྱི་སྲོལ་རྒྱུན་ལ་ཉེན་སྲུང་མེད་པའི་ཚོར་བ་ཕྲན་ཙམ་ཞིག་ཡོད་པ་ཡིན། སྲོལ་རྒྱུན་གཞན་རྣམས་ང་ཚོ་དང་འབྲེལ་ལམ་ཆེ་རུ་འགྲོ་བ་ལ་བརྟེན་ནས་ང་ཚོར་མི་བདེ་བ་ཕྲན་བུ་ཞིག་འོང་གི་ཡོད། དེ་ནི་ངན་ཕྱོགས་ཀྱི་སྲིད་པའི་ཆ་དེ་རེད། སྲིད་པའི་ཆ་གཉིས་པ་ནི། འབྲེལ་གཏུགས་ཆེ་བའི་དོན་དངོས་འདི་ལ་བརྟེན་ནས་སྲོལ་རྒྱུན་དབར་ལ་བཅོས་མིན་གྱི་འཆམ་མཐུན་ཡར་རྒྱས་གཏོང་བའི་གོ་སྐབས་དེ་འཚར་ལོངས་བྱུང་ཟིན་པ་རེད། དེ་ནི་ཆེས་བཟང་ཕྱོགས་ཀྱི་སྲིད་པའི་ཆ་ཡིན་པས། ང་ཚོས་ད་ལྟ་ནས་དོན་དམ་གྱི་འཆམ་མཐུན་འཛུགས་རྒྱུར་འབད་རྩོལ་ངེས་པར་དུ་བསྟེན་དགོས། གལ་ཏེ་ང་ཚོས་ལྟ་གྲུབ་རིང་ལུགས་ཀྱི་གཞི་རྩ་མེད་པའི་ཆོས་ལུགས་ཏེ། ཉི་མ་དང་ཟླ་བ་ལ་སོགས་པའི་རིགས་ལ་ཆོས་བྱེད་རྒྱུར་དད་པ་ཙམ་ཡོད་པ་རྣམས་ཟུར་དུ་བཞག་ནས་ཆོས་ལུགས་ཆེ་ཁག་སྟེ། ཡེ་ཤུ་དང། འཇེའུ། ཁ་ཆེ། ཧིན་དུའི་ཆོས་ལུགས་འདྲ་མིན་དང་། ནང་པའི་ལུགས། གཅེར་བུ་པ། རྒྱ་ནག་ཏའོ་ཆོས་ལུགས། ཀོང་ཙེ་ལ་སོགས་མང་པོར་ལྟ་ཞིབ་བྱེད་དགོས། དེ་དག་རེ་རེར་སོ་སོའི་དམིགས་བསལ་ཁྱད་ཆོས་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང་། འབྲེལ་གཏུགས་ཉེ་པོ་དེ་བརྒྱུད་ནས་ང་ཚོས་ཕན་ཚུན་ཤེས་བྱ་གསར་པ་ལེན་རེས་བྱེད་ཐུབ་ཅིང། ང་ཚོས་སོ་སོའི་སྲོལ་རྒྱུན་ཕྱུག་ཏུ་གཏོང་ཐུབ།

ང་ཚོ་བོད་རྒྱུད་ནང་པ་ཚོར་མཚོན་ན། ང་ཚོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱབ་ལ་ལོགས་སུ་གནས་ཤིང། ང་ཚོར་འཛམ་གླིང་ཕྱི་ཕྱོགས་སུ་ག་རེ་བྱེད་ཀྱི་ཡོད་པའི་ཐོག་ལ་ཤེས་རྟོགས་མེད་པ་རེད། འོན་ཀྱང་ད་ལྟ་ནི་གནས་སྟངས་དེ་ཡོངས་སུ་འགྱུར་བ་ཕྱིན་ཚར་བ་རེད། ད་ལྟ་ནི་ལོ་ལྔ་བཅུ་ཙམ་ཕྱིན་པའི་རང་ཁྱིམ་མེད་པའི་སྐྱབས་བཅོལ་ལ་མཚོན་ན། ང་ཚོར་གནས་སྡོད་བྱེད་ས་གསར་པ་རྙེད་ཡོད་པ་དང་ལུང་པ་གཞན་གྱི་ནང་ནས་སྲོལ་རྒྱུན་གཞན་ལས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མང་པོ་ཐོབ་ཡོད་པ་རེད། དེ་ཧ་ཅང་གི་བེད་སྤྱོད་ཆེན་པོ་བྱུང་ཡོད། འདས་པའི་ནང་ང་ཚོས་རྒྱ་གར་ནང་ཤེས་ཡོན་སྤེལ་རེས་ཀྱི་ལས་རིམ་མང་པོ་གཉེར་ཡོད་ཅིང། ཡེ་ཤུའི་ཆོས་གྲོགས་ཕོ་མོ་རྣམས་ཀྱིས་ང་ཚོའི་འགྲམ་ནས་སློབ་སྦྱོང་བྱེད་རྒྱུའི་དོན་དུ་རྒྱ་གར་ལ་བསླེབས་པ་དང་། ང་ཚོའི་གྲྭ་བཙུན་ཁ་ཤས་ནུབ་ཕྱོགས་ལ་བསྐྱོད་ནས་ཡེ་ཤུ་ཆོས་ལུགས་ཀྱི་དགོན་སྡེ་ཁག་དང་། མང་ཆེ་བ་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་དགོན་སྡེ་ཁག་གི་ནང་ཉམས་མྱོང་བསགས་ཡོད། དེར་བརྟེན། དེ་འདྲའི་འབྲེལ་བ་དམ་ཟབ་ཀྱི་ལྷན་དུ་གལ་ཏེ་ང་ཚོས་སེམས་གུ་དོག་པོ་མ་བྱས་པར་གུ་ཡངས་པོ་བྱས་ན་ཕན་ཚུན་གཅིག་ནས་གཅིག་གིས་གང་ཡང་རུང་བ་ཞིག་སློབ་སྦྱོང་བྱེད་ཐུབ། ལམ་དེ་བརྒྱུད་ནས་ང་ཚོས་ཕན་ཚུན་གཉིས་མོས་ཀྱི་གོ་རྟོགས་དང་གུས་བརྩི་གོང་འཕེལ་གཏོང་ཐུབ་པ་ཡིན། གང་ལྟར་ཡང་། དོན་དངོས་སམ་དངོས་པོའི་གནས་ལུགས་གསར་པ་ཞིག་དེར་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང། ངོས་ཀྱི་བསམ་པར། ཆོས་ལུགས་འདྲ་མིན་གྱི་དབུས་སུ་ཕན་ཚུན་གཉིས་མོས་ཀྱི་འཆམ་མཐུན་གོང་འཕེལ་ཡོང་བ་དེ་གལ་འགངས་ཆེན་པོ་ཡིན། ངོས་རང་མ་ཤི་བའི་བར་གྱི་དམ་བཅའི་ནང་ནས་གཅིག་ནི་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ་དེ་ཡིན། དེ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག

དེར་བརྟེན། ངོས་ནས་ཆོས་ལུགས་གཞན་གྱི་རྗེས་འཇུག་ཡིན་པའི་ནུབ་ཕྱོགས་སུ་ནང་པའི་ཆོས་ཀྱི་ཐོག་གཏམ་བཤད་བྱེད་པའི་སྐབས་དམིགས་ཡུལ་ནི་མི་དེ་དག་ལ་ནང་ཆོས་ཀྱི་གོ་རྟོགས་གང་ཙམ་ཞིག་བསླེབ་རྒྱུར་ཕན་ཐོགས་བྱེད་རྒྱུ་དེ་ཡིན། དེ་ནི་བཟོད་སྒོམ་ཡར་རྒྱས་གཏོང་བར་ཕན་ཐོགས་སྲིད་པ་རེད། དེ་ནས་ད་ལྟའི་ཡེ་ཤུའི་མཆོད་དཔོན་པཱཽབ་ཀྱིས་ནན་ཆེར་བརྗོད་གནང་བ་དང་ཕལ་ཆེར་འདྲ་བར། རྒྱུ་མཚན་དང་དད་པ་གཉིས་ཀའི་ཐོག་ནས་ནན་བཤད་བྱེད་དགོས་པ་ཡིན། དེ་ཧ་ཅང་གལ་ཆེན་པོ་རེད། རྒྱུ་མཚན་མེད་ན་སྐབས་རེ་དད་པ་དེ་འབྲེལ་བ་མེད་པ་འདྲ་པོ་ལྷག་གི་ཡོད། འོན་ཀྱང་རྒྱུ་མཚན་ཡོད་ན་དད་པ་ནི་འབྲེལ་བ་ཆེན་པོ་ཡོད་པའི་མི་ཚེའི་ཆ་ཤས་སུ་འགྱུར་གྱི་ཡོད། དཔེར་ན། འཇིག་རྟེན་བཀོད་པ་པོར་དད་པ་བྱེད་པ་དེ་གང་ཟག་ཞིག་དཀའ་ངལ་ནང་དུ་ལྷུང་བའི་དུས་ལྟ་བུར་ཕན་ཐོགས་ཆེན་པོ་ཡོད་པ་སྟེ། དེས་མི་དེར་རེ་བ་ཆེན་པོ་ཞིག་སྤྲོད་ཀྱི་ཡོད། གལ་སྲིད་ང་ཚོས་ཁོང་ཁྲོ་དང་། ཞེ་སྡང་། ཕྲ་དོག །གཞན་མགོ་སྐོར་འདོད་དང་ཐུབ་ཚོད་གཏོང་འདོད་ཀྱི་ཐད་བསམ་བློ་བཏང་བ་དང་། དེ་ནས་ང་ཚོར་དད་པ་ཡོད་ན། དད་པ་དེས་སེམས་ཚོར་དང་བྱ་བ་ངན་པའི་རིགས་དེ་དག་ལས་སྐྱོབ་ཀྱི་ཡོད། ང་ཚོས་དེ་རྟོགས་པའི་སྐབས་སུ་དད་པ་དེ་ང་ཚོའི་ཉིན་རེའི་འཚོ་བའི་ནང་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ནང་པའི་ལུགས་ལ་ང་ཚོས་དད་པ་དང་རྒྱུ་མཚན་གཉིས་གལ་ཆེན་ཡིན་པར་གཅིག་མཚུངས་སུ་ནན་བཤད་བྱེད་ཀྱི་ཡོད། དེར་བརྟེན། ནང་པའི་གཞུང་འགྲེལ་ཁ་ཤས་དང། ཁྱད་པར་དུ་རྒྱུ་མཚན་གཞི་རྩར་བྱས་པ་རྣམས་ལུགས་གཞན་གྱི་ཉམས་ལེན་པ་རྣམས་ལ་ཕན་ཐོགས་ཡོང་སྲིད་པ་ཡིན།

ཚན་རིག་དང་མཉམ་དུ་ཤེས་ཡོན་མཉམ་སྤྱོད་བྱེད་པ།

དེང་གི་འཛམ་བུ་གླིང་འདིའི་ནང་ཡོད་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་སྣ་ཚོགས་ནང་དུ་སྡེ་ཚན་གཉིས་ཡོད་པ་ནི། འཇིག་རྟེན་བཀོད་པ་པོ་ཡོད་པར་སྨྲ་བའི་ལུགས་ཤིག་དང་མེད་པར་སྨྲ་བའི་ལུགས་ཤིག་ཡོད་པ་རེད། ནང་པ་སངས་རྒྱས་པའི་ཆོས་ནི་འཇིག་རྟེན་བཀོད་པ་པོ་མེད་པར་སྨྲ་བའི་ལུགས་ཡིན། འཇིག་རྟེན་བཀོད་པ་པོ་མེད་པར་སྨྲ་བའི་ཆོས་ལུགས་ལ་གཞིགས་ན། རྒྱུ་འབྲས་ཀྱི་རྣམ་གཞག་ལ་ནན་བཤད་བྱེད་ཀྱི་ཡོད། དེར་བརྟེན། རང་བཞིན་གྱི་ཐོག་ནས་ནང་པའི་ཆོས་ཀྱི་ནང་རྒྱུ་དང་འབྲས་བུའི་རྣམ་གཞག་ལ་འགྲེལ་བརྗོད་ཧ་ཅང་མང་པོ་ཡོད་པ་དང། རྒྱུ་འབྲས་ཀྱི་རྣམ་གཞག་དེ་རྟོགས་ན་ཕན་ཐོགས་ཆེན་པོ་ཡོད་པ་ཡིན། དེའི་ནང་ཕན་ཐོགས་ཡོད་པ་ནི། དེས་ང་ཚོས་རང་ཉིད་ཀྱི་སྐོར་དང་སོ་སོའི་སེམས་ཀྱི་སྐོར་ལ་གང་མང་མང་ཤེས་རྒྱུར་ཕན་ཐོགས་ཡོད་པ་དེ་རེད།

དཔེར་ན། ང་ཚོས་གནོད་བྱེད་ཀྱི་སེམས་ཚོར་དང་བློའི་འཁྱེར་སོ་རྣམས་སོ་སོའི་སྡུག་བསྔལ་དང་དཀའ་ངལ་གྱི་འབྱུང་རྩ་ཡིན་པ་ཤེས་རྟོགས་དགོས། སྡུག་བསྔལ་དང་དཀའ་ངལ་སེལ་བར། ང་ཚོས་ལུས་དང་ངག་གི་རིམ་པ་ཁོ་ན་ཙམ་གྱི་ཐོག་དོ་སྣང་སྤྲད་པ་མ་ཡིན་པར། སེམས་ཀྱི་ཐོག་ལའང་དོ་སྣང་སྤྲོད་དགོས། དེ་ཚོར་ཁ་གཏད་གཅོག་པའི་ནུས་པ་དེ་ཡང་ཤུགས་ཆེ་བ་སེམས་ཀྱི་ཐོག་ནས་ཡོང་གི་ཡོད།

ནང་པའི་ལུགས་ལ་སེམས་ཀྱི་འགྲེལ་བཤད་ནི་ཧ་ཅང་རྒྱས་པོ་ཡོད། ང་ཚོས་དེ་དང་མཚུངས་པ་སྔ་མོའི་རྒྱ་གར་གྱི་ལུགས་ཁ་ཤས་ནང་དུའང་རྙེད་རྒྱུ་ཡོད་པ་རེད། དེ་འདྲ་སོང་ཙང། དེ་རིང་ཁ་སང་དེང་དུས་ཚན་རིག་གིས་གནས་འདི་དག་ལ་ཞིབ་འཇུག་གཏིང་ཇེ་ཟབ་ནས་ཇེ་ཟབ་བྱེད་བཞིན་ཡོད། དཔེར་ན། སྨན་དཔྱད་ཚན་རིག་གིས་སེམས་ཚོར་གྱི་ཐོག་ལ་ཞིབ་འཇུག་ལས་གཞི་འགོ་འཛུགས་བཞིན་ཡོད་པ་ནི། སེམས་ཚོར་རྣམས་ང་ཚོའི་འཕྲོད་བསྟེན་དང་འབྲེལ་བའི་ཐོག་གལ་ཆེན་པོ་ཆགས་ཡོད་པ་རེད། གཟུགས་གཞི་བདེ་ཐང་ཞིག་འོང་བ་ནི་སེམས་ཚོར་ལ་འབྲེལ་བ་ཡོད། དེར་བརྟེན། དེ་ནི་ཀླད་པས་བྱ་བ་ཇི་ལྟར་བྱེད་མིན་བརྟག་དཔྱད་བྱེད་མཁན་གྱི་དབང་རྩའི་ནད་རིགས་ཀྱི་སྨན་པ་ཚོར་སེམས་ཚོར་ལ་དེ་བས་མང་བ་བརྟག་དཔྱད་དང་ཞིབ་འཇུག་བྱེད་རྒྱུར་དམིགས་བསལ་གྱིས་གལ་ཆེན་པོ་ཆགས་ཡོད། ཤེས་ཡོན་གྱི་གནས་གཞན་གྱི་ནང་དུའང་སེམས་དང་སེམས་བྱུང་ལ་དོ་དབྱིངས་ཤུགས་ཆེ་ཞིག་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང། ནང་པའི་ཆོས་དང་སྔ་མོའི་རྒྱ་གར་གྱི་ཆོས་ལུགས་ལས་སེམས་དང་སེམས་བྱུང་གི་གནས་ཚུལ་གྱི་སྐོར་ནི་ཁོང་ཚོའི་ཉམས་ཞིབ་ལ་ཤིན་ཏུ་མཁོ་བ་ཞིག་ཡིན་པ་རེད།

ནམ་རྒྱུན་ངོས་ནས་ནང་པའི་ཆོས་དེ་དབྱེ་བ་གསུམ་དུ་འབྱེད་ཀྱི་ཡོད། ནང་པའི་ཚན་རིག་དང། ནང་པའི་ལྟ་གྲུབ། ནང་པའི་ཆོས་ལུགས་བཅས་རེད། སྟོན་པ་བཅོམ་ལྡན་འདས་ཉིད་ཀྱི་མཛད་པར་གཟིགས་དང། སྟོན་པའི་འབྱུང་ཁུངས་ཀྱི་ཐོག་ནས་ཁོང་ཐོག་མར་སེམས་ཅན་དཀྱུས་མ་ཞིག་ཡིན། སྟོན་པས་ང་ཚོའི་སེམས་དང་སེམས་བྱུང་དཀྱུས་མ་རྣམས་ཐེམ་པ་རིམ་འཛེགས་བཞིན་བཅོས་ཚུལ་བསྟན་གནང་བ་དང། ཁོང་ཉིད་ཀྱིས་གཤེགས་པའི་ལམ་དེའི་རྗེས་སུ་འབྲངས་ནས་མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད། དེ་ནི་སངས་རྒྱས་ཞེས་པ་དེ་རེད། དེ་འདྲ་སོང་བ་ཡིན་ཙང། ནང་ཆོས་ཀྱི་ཐབས་ཚུལ་ནི་གང་ཟག་དཀྱུས་མའི་གནས་ནས་འགོ་འཛུགས་དགོས་པ་དང་། དེ་ནས་གནས་རིམ་དེའི་ཐོག་ནས་སངས་རྒྱས་ཀྱི་གོ་འཕང་མ་འཐོབ་བར་དུ་མུ་མཐུད་ལམ་ལ་འཇུག་དགོས།

རྒྱུ་མཚན་དེ་ལ་བརྟེན་ནས་ཐོག་མར་ང་ཚོས་དེང་སང་གི་དོན་དངོས་ཏེ། དེས་ནང་པའི་ཚན་རིག་དགོས་མཁོ་ཅན་དུ་འགྱུར་བ་དེ་ཤེས་དགོས། དེ་ནས་གཞི་རྩ་དེའི་ཐོག་ང་ཚོས་འགྱུར་བ་འགྲོ་སྲིད་པ་སྟེ། འཕོ་འགྱུར་སྲིད་པ་མཐོང་གི་རེད། ང་ཚོས་འགྱུར་བ་དེ་སྲིད་པ་ཞིག་དང་དེ་ནི་ནང་པའི་ལྟ་གྲུབ་ཡིན་པ་མཐོང་གི་རེད། དེ་ང་ཚོར་ཇེ་གསལ་དུ་འགྲོ་བའི་དུས་ནང་སེམས་ཀྱི་འཕོ་འགྱུར་གྱི་བརྒྱུད་རིམ་ནང་གདེང་སྤོབས་ཡོད་པས། ང་ཚོས་ནང་པའི་ཆོས་ཀྱི་ཉམས་ལེན་འགོ་འཛུགས་ཐུབ་པ་ཡིན།

དེར་བརྟེན། གལ་ཏེ་ང་ཚོས་ནང་པའི་ཚན་རིག་ལ་ཕྱིར་ཁ་ཕྱོགས་ནས་བལྟས་ན། དེས་གནས་གཉིས་ཀྱི་ཐོག་བསྟན་གྱི་ཡོད་པ་ནི། ནང་གི་ཐོག་ནས་སེམས་དང། ཕྱིའི་ཐོག་ནས་རྡུལ་ཕྲན་དང་སའི་གོ་ལ་ལ་སོགས་པ་མང་པོའི་དོན་རྣམས་འགྲེལ་བརྗོད་བྱེད་ཀྱི་ཡོད། ནུབ་ཕྱོགས་པའི་ཚན་རིག་གིས་ཕྱི་དངོས་པོའི་རིམ་པའི་ཐོག་གནས་ཚུལ་དེ་བས་མང་བ་མཁོ་སྤྲོད་བྱེད་ཅིང། དེ་གནས་དེར་ཧ་ཅང་གི་ཡར་ཐོན་ཅན་ཞིག་ཏུ་སྣང། ང་ཚོ་ནང་པ་ཚོས་དེ་ལས་རྡུལ་ཕྲ་རབ་དང་དེ་དག་གི་བྱེད་ལས་སྐོར་དང་། རིགས་རྫས་རིག་པའི་སྐོར། སའི་གོ་ལའི་སྐོར་སོགས་སློབ་སྦྱོང་དེ་བས་མང་བ་ཞིག་བྱེད་ཐུབ་པ་ཡིན་ཞིང། འདི་དག་ནི་ནང་པ་ཡིན་པའི་ཆ་ནས་ང་ཚོར་ཕན་ཐོགས་ཆེན་པོ་ཡོད་པ་རེད། མ་མཐར་ཡང་སའི་གོ་ལར་མཚོན་ན། རི་ཡི་རྒྱལ་པོ་རི་རབ་མེད་པ་ནི་གང་ཙམ་གྱིས་གསལ་པོ་ཆགས་ཡོད། དེར་བརྟེན། ང་ཚོའི་སྔ་རབས་ཀྱི་འགྲེལ་པ་ཁ་ཤས་ལ་ངེས་པར་དུ་འགྱུར་བ་གཏོང་དགོས་པ་ཡིན། དེ་འདྲ་སོང་བ་ཡིན་ཙང། སྣང་སྲིད་རིག་པ་དང་། རྡུལ་ཕྲ་རབ་ཀྱི་དངོས་ཁམས་རིག་པ་དང། ཀོན་ཊམ་དངོས་ཁམས་རིག་པ་ (quantum physics) ལ་སོགས་པ་རིག་པའི་གནས་དེ་དག་གི་ནང་ཚན་རིག་གི་ཉམས་ཞིབ་ལམ་ནས་ཤེས་རྟོགས་མང་པོ་ཞིག་ཡོད་པ་ནི་ང་ཚོ་ནང་པ་ཚོས་སྦྱོང་དགོས་གལ་ཆེན་པོ་ཡིན།

གང་ལྟར་ཡང། དེང་དུས་ཚན་རིག་དང་ནང་པའི་ཆོས་ལས་རྙེད་ཐོབ་བྱུང་བའམ་ཤེས་རྟོགས་བྱུང་བ་ཁ་ཤས་ནི་གཅིག་མཚུངས་ཡིན་པ་རེད། དཔེར་ན། ཐོག་མར་མི་རྣམས་ཀྱིས་ཡུལ་གྱི་སྟེང་དུ་གཞན་ལ་ལྟོས་མེད་ཀྱི་ཆོས་ཤིག་རང་ངོས་ནས་གྲུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་ད་ལྟ་ཀོན་ཊམ་དངོས་ཁམས་རིག་པའི་ཤེས་རྟོགས་ལ་གཞིགས་ན། གནས་སྟངས་དེ་འདྲ་ཞིག་མེད་པ་མཐོང་གི་ཡོད། ང་ཚོ་ནང་པ་ཚོར་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་སྔོན་ནས་ཤེས་རྟོགས་དེ་ཡོད་པ་རེད། ནང་པའི་ཆོས་ལས་རང་ངོས་ནས་གྲུབ་པའམ་གནས་པའི་ཆོས་གང་ཡང་མེད་ནའང། དེ་ལས་ལྡོག་ཏེ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་ཡོད།

ད་ལྟ་ནང་གི་ཤེས་རྟོགས་ལ་མཚོན་ན། དེང་དུས་ཚན་རིག་གིས་བརྟག་དཔྱད་ཁ་ཤས་སྣེ་འཁྲིད་རྒྱུའི་འགོ་འཛུགས་བྱེད་བཞིན་ཡོད་པས། ཕྱོགས་གཉིས་ཀར་ཕན་ཐོགས་ཡོང་སྲིད་པ་རེད། ནང་པ་ཚོས་ཕྱི་དངོས་པོའི་ཆོས་ཀྱི་སྐོར་ལ་ཚན་རིག་ལས་སློབ་སྦྱོང་བྱེད་ཐུབ་པ་དང་། ཚན་རིག་གིས་ཉོན་མོངས་པའི་སེམས་ཚོར་དག་དང་དེ་འདྲ་བའི་ནང་སེམས་ཀྱི་ཆོས་ལ་ཇི་ལྟར་གདོང་ལེན་བྱེད་ཚུལ་ནང་པ་ཚོ་ལས་སློབ་སྦྱོང་བྱེད་ཐུབ། དེར་བརྟེན། ང་ཚོས་ཚན་རིག་པ་ཚོ་དང་སྐད་ཆ་ཤོད་པའི་སྐབས་སྐྱེ་བ་ཕྱི་མ་དང་ཐར་པའི་སྐོར་ལ་སྐད་ཆ་ཤོད་ཀྱི་མེད། ང་ཚོས་ཆོས་ལུགས་ཀྱི་ལྟ་ཚུལ་སྐོར་སྐད་ཆ་ཤོད་ཀྱི་མེད་པར། དེ་ལས་ལྡོག་སྟེ། ང་ཚོས་སེམས་དང་སེམས་བྱུང་སྐོར་སྐད་ཆ་ཤོད་ཀྱི་ཡོད། དེའི་རྒྱུ་མཚན་ནི། ང་ཚོར་ཐབས་ལམ་གཅིག་པ་ཡོད་པ་སྟེ། ང་ཚོས་དངོས་པོའི་གནས་ལུགས་རྟོགས་པའི་དོན་དུ་ཆོས་རྣམས་ལ་བརྟག་དཔྱད་བྱེད་ཀྱི་ཡོད།

ཁྱེད་རང་ཚོ་ནུབ་ཕྱོགས་པ་ནང་པའི་ཆོས་ལ་དགའ་མོས་ཡོད་མཁན་ཚོས་སོ་སོའི་ཚན་རིག་ཞིབ་འཇུག་དེ་ལག་ལེན་བསྟར་ན་ཕན་ཐོགས་ཡོད། དེར་བརྟེན། ཚན་རིག་ཀྱི་བསམ་ཕྱོགས་ཤིག་དང་ལྷན་དུ་ནང་པའི་བསྟན་པར་བརྟག་དཔྱད་བྱེད་རྒྱུའི་གོ་སྐབས་སྤྲོད་པ་གཞི་རྩར་བྱས་སྐབས་ངོས་ནས་ནང་པ་མ་ཡིན་པའི་ཚོགས་བཅར་བ་ཚོར་ནང་པའི་ཆོས་ཀྱི་གཏམ་བཤད་བྱེད་དུས་སྐྱོན་མེད་པའི་སྣང་བ་ཞིག་འདུག །རྒྱུ་མཚན་དེ་ལ་བརྟེན་ནས་ངོས་ཀྱི་སྐད་ཆ་འདི་དག་ཤེས་ཡོན་གྱི་གཏམ་བཤད་ཅིག་དང་འདྲ་བར་གཟིགས་རོགས་གནང་། འགོ་འཛུགས་པའི་སྐབས་ཁ་འདོན་ཏོག་ཙམ་མ་གཏོགས་དེ་མིན་ངོས་ཀྱི་སྐད་ཆའི་ནང་ཆོ་གའི་རིགས་དང། ཆོས་ལུགས་ཀྱི་ལྟ་ཚུལ་གང་ཡང་མེད། ངོས་ནས་ཚན་རིག་གི་གཏམ་བཤད་ཙམ་བྱེད་ཀྱི་ཡོད། ཁྱེད་རང་ཚོས་ག་རེ་བསམ་གྱི་འདུག་གམ།།

Top