ནང་པ་དང་ཁ་ཆེ་གཉིས་ཀྱི་དབར་མཐུན་སྒྲིལ་ཡོང་བའི་ལྟ་ཚུལ་ཁག

བརྙན་པར། འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན། “ནང་ཚོས་དང་ཁ་ཆེའི་ཆོས་ལུགས་དབར་གྱི་བགྲོ་གླེང་།” 

ནང་པ་དང་ཁ་ཆེ་གཉིས་དབར་གྱི་གྲོས་མོལ་ཐད་ལ་ལྟ་ཚུལ་གང་དང་གང་ཡོད་དམ།

ངའི་བསམ་པར། ཕན་ཚུན་གྲོས་མོལ་ཡོང་ཐབས་མང་པོ་ཡོད་རེད་བསམ་གྱི་འདུག།།ངའི་ངོས་ནས་འདིའི་ཐད་ལ་ཕྱི་ལོ་ ༡༩༩༧ ནས་བཟུང་ཕལ་ཆེར་འདས་པའི་ལོ་བཅུ་གཉིས་ཙམ་གྱི་རིང་གྲོས་མོལ་འདིའི་ནང་མཉམ་ཞུགས་བྱས་པ་ཡིན། ཁ་ཆེའི་འཛམ་གླིང་གི་རྒྱལ་ཁབ་ཁག་འདྲ་མིན་ནང་སྐོར་བསྐྱོད་བྱེད་སྐབས། ངས་གང་མཐོང་ཐོས་མྱོང་གསུམ་བྱུང་བ་དེ་ནི། མི་ཚོས་གནས་ཚུལ་ཆ་འཕྲིན་ལ་སྐོམ་པ་ཆུ་འདོད་ཀྱི་རེ་བ་བྱེད་པ་དེ་རེད། རྒྱུན་དུ་ཁོང་ཚོས་ང་ལ་ “ང་ཚོ་ཚང་མ་འཇིགས་སྐུལ་རིང་ལུགས་པ་མ་རེད་ཅེས་མི་གཞན་ལ་གསལ་བཤད་གནང་རོགས་” ཞེས་འབོད་སྐུལ་ཞུ་གི་འདུག

༸གོང་ས་མཆོག་གིས་ཆོས་ལུགས་དབར་མཐུན་སྒྲིལ་ཡོང་རྒྱུའི་ཐད་ལ་རྒྱུན་དུ་ནན་བཤད་ཤུགས་ཆེན་གནང་གི་ཡོད། ལྷག་པར་དུ་ཁོང་གིས་ཁ་ཆེའི་རྒྱལ་ཁབ་ཁག་ལ་སྙོབ་ཐབས་ཀྱི་འབད་བརྩོན་གནང་གི་ཡོད། ༸གོང་ས་མཆོག་གིས། ང་ཚོས་སློབ་སྦྱོང་བརྒྱུད་ནས་གཞན་གྱི་དད་པའི་སྐོར་ལ་ཤེས་རྟོགས་ཡོང་བ་བྱེད་རྒྱུར་ནན་བཤད་གནང་ཡོད། དེ་ཡང་ཕན་ཚུན་ཆོས་ལུགས་བརྗེ་སྒྱུར་གྱི་ཀུན་སློང་དང་འདུན་པ་རྩ་བ་ནས་མེད་པའི་ཐོག་ཡོང་ཐུབ་དགོས་པའི་བཀའ་སློབ་གནང་ཡོད། རང་རང་གི་དད་པ་བྱེད་ཕྱོགས་འགའ་ཤས་ཀྱི་ཐོག་ལ་ཕན་ཚུན་ལྟ་ཚུལ་མི་མཐུན་པའི་ཆ་ཡོད་པ་དེ་ནི་ངེས་པ་ཞིག་རེད། འོན་ཀྱང་། དེ་དག་ལ་གཙིགས་ཆེན་པོ་བྱས་ན་དོན་སྙིང་མེད་ལ་ཕན་ཐོགས་ཀྱང་གང་ཡང་མེད། ང་ཚོས་གཞན་གྱི་དད་པ་ལ་གུས་ཞབས་བྱེད་དགོས་པ་དང་། ཆོས་ལུགས་རེ་རེའི་དད་པ་ཁག་གིས་དེའི་རྗེས་འཇུག་རྣམས་ལ་ཕན་ཐོགས་གང་འདྲ་བྱེད་ཐུབ་ཀྱི་ཡོད་པའི་སྐོར་ལ་ཤེས་རྟོགས་ཡོང་བ་དང་ཡི་རངས་ཐུབ་པ་བྱེད་དགོས། དེ་ནས་འཕྱར་གྲུ་མཉམ་འདེགས་ངང་ང་ཚོར་ཐུན་མོང་གི་ཁྱད་ཆོས་གང་ཡོད་པ་རྣམས་ལ་ཤུགས་སྣོན་རྒྱག་དགོས། འདི་ནི་དམིགས་བསལ་གཞི་རྩའི་འགྲོ་བ་མིའི་བཟང་སྤྱོད་སྟེ། ༸གོང་ས་མཆོག་གིས་གསུངས་པའི་ “གོ་ལ་སྤྱིའི་རིན་ཐང་” ཐོག་ལ་ཤུགས་སྣོན་རྒྱག་ཐུབ་པ་དགོས།

ལམ་འདི་འདྲ་ཞིག་ལ་བརྟེན་ནས་ང་ཚོས་ཞི་བདེ་དང་མཐུན་སྒྲིལ་ཡོང་རྒྱུར་འབད་བརྩོན་བྱེད་དགོས། འདི་ནི་ཚང་མས་འདོད་པ་ཞིག་རེད། འདིའི་དོན་ནི། ང་ཚོས་ལས་འགུལ་གང་སྤེལ་ཡང་ཁ་ཆེ་བ་ཚོ་དེ་དག་གི་ནང་དུ་མཉམ་དུ་ཚུད་ཐུབ་པ་བྱེད་དགོས་པ་ལས། “ང་ཚོ་” དང་ “ཁྱེད་ཚོ་” ཟེར་བའི་རྒྱབ་འགལ་གྱི་བསམ་བློའི་འཁྱེར་སོ་དེ་རིགས་རྩ་བ་ནས་མི་ཡོང་བའི་འབད་བརྩོན་བྱེད་དགོས། དཔེ་ཆ་བཞག་ན། ང་རང་གི་དྲྭ་ཚིགས་ནང་དུ་ནང་ཆོས་དང་ཁ་ཆེའི་ཆོས་ལུགས་ཀྱི་སྡེ་ཚན་གྱི་ནང་དོན་རྣམས་ཁ་ཆེའི་སྐད་ཡིག་འདྲ་མིན་ནང་མི་མང་པོ་ཞིག་གིས་ལྟ་ཀློག་མི་བྱེད་པ་ཡོང་སྲིད་ཀྱང་། གང་ལྟར་ཡང་། དེ་ནི་ཡིག་སྒྱུར་བྱས་པ་ཙམ་གྱིས་ཁ་ཆེ་བ་ཚོར་གུས་ཞབས་ཡོད་པའི་རྟགས་ཤིག་ཡིན། གུས་ཞབས་བྱེད་རྒྱུ་དེ་ནི་ཤིན་ཏུ་གལ་འགངས་ཆེན་པོ་རེད། དེའི་ཐད་ལ་༸གོང་ས་མཆོག་གིས་བློ་སྟོབས་སྤེལ་བ་དང་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད།

རང་གི་ངོས་ནས་ནང་པ་དང་ཁ་ཆེའི་རིག་གཞུང་གཉིས་ཀྱི་དབར་ལོ་རྒྱུས་ཀྱི་འབྲེལ་ལམ་ཐད་ལ་ཉམས་ཞིབ་བྱས་པ་ཁག་གི་ནང་། སྔར་རྒྱ་གར་ནང་དུ་ཡོད་པའི་ནང་པའི་ཡིན་པ་མཐའ་དག་ཁ་ཆེས་གཏོར་བཤིག་བཏང་ཡོད་པའི་དྲིལ་བསྒྲགས་དེ་རིགས་བསྐྱར་ཟློས་བྱས་པ་མ་ཡིན་པར། བློ་གཟུ་བོར་བོར་གནས་པའི་ཐོག་ནས་གང་ཡིན་པ་དེ་གསལ་སྟོན་ཡོང་བའི་འབད་བརྩོན་བྱས་ཡོད། ལོ་རྒྱུས་ཀྱི་དྲིལ་བསྒྲགས་དེ་རིགས་ཀྱི་ནང་དུ་ཁ་ཆེའི་དབང་སྒྱུར་བ་ཚོ་ཆོས་ལུགས་ཀྱི་རྨོངས་ཞེན་ཅན་ཡིན་པའི་རྣམ་པའི་ཐོག་ནས་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་། ཁོང་ཚོ་ཡང་མི་དམངས་དབང་དུ་བསྡུ་མཁན་དབང་འཛིན་པ་གཞན་དང་འདྲ་བར་རང་རང་སོ་སོའི་དམིགས་ཡུལ་དང་ཀུན་སློང་ཡོད། དཔེར་ན། དཔལ་འབྱོར་དང་དབང་ཐང་གི་ཁེ་ཕན་ཆེད་དུ་དམིགས་པ་ལྟ་བུ་རེད། དེའི་ཚབ་ཏུ་ང་ཚོས་རིག་གཞུང་རེ་རེའི་ངོས་ནས་རིག་གཞུང་གཞན་དེ་ལ་བཟང་ཕྱོགས་ནས་ལེགས་སྐྱེས་གང་ཕུལ་ཡོད་པ་དེ་དག་གསལ་འདོན་དང་ནན་བཤད་བྱེད་དགོས། ང་ཚོར་ལོངས་སྤྱོད་པའི་དེང་དུས་ཀྱི་ཚན་རིག་གི་ཤེས་བྱ་མང་པོ་ཞིག་ཁ་ཆེ་ཚོ་ནས་བྱུང་ཡོད་པ་ལྟ་བུ་རེད། ཁོང་ཚོར་གུས་ཞབས་དང་ལྡན་པའི་ཐོག་ང་ཚོའི་བྱེད་སྒོ་ཚང་མའི་ནང་དུ་ཁོང་ཚོ་གང་ཐུབ་ཀྱིས་མཉམ་ཞུགས་ཐུབ་པ་བྱེད་པ་དེའི་ཚོད་ཀྱིས་ཕན་ཚུན་མཉམ་ལས་ཡོང་རྒྱུར་ཐུགས་འདུན་ཧ་ཅང་བཟང་པོ་ཡོད་པ་རང་གིས་ངོས་འཛིན་དེ་ལྟར་བྱེད་ཀྱི་ཡོད། རང་གི་ངོས་ནས་ཐུག་འཕྲད་ཀྱི་གོ་སྐལ་བྱུང་བའི་ཁ་ཆེའི་དཔོན་རིགས་ཚོ་དང་གནས་ཚུལ་དེ་རིགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་པ་བརྒྱུད། ཁོང་རྣམ་པ་དེ་འདྲའི་བསམ་བློ་གཏོང་ཕྱོགས་ཐད་ལ་ཧ་ཅང་གི་བློ་ཁ་ཡངས་པོ་ཡོད་པ་ཤེས་རྟོགས་བྱུང་སོང་།།

Top