གོ་ལ་སྤྱིའི་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་ཆེད་ནང་ཆོས་དང་ཁ་ཆེའི་ཆོས་ལུགས་གཉིས་ཀྱིས་བཀོལ་སྤྱོད་བྱེད་པའི་ཐབས་ལམ་ཁག་ནི། རང་རང་སོ་སོའི་དད་པའི་ལམ་ལུགས་ལ་བརྟེན་ནས་ཡོང་གི་ཡོད། ཐབས་ལམ་དེ་དག་རྟོགས་པར། ང་ཚོས་དེ་དག་རེ་རེར་ཡོད་པའི་གཞི་རྩའི་ཁས་ལེན་གང་ཡིན་པ་དག་ཤེས་རྟོགས་དགོས་པ་ཡིན།
རྒྱུ་འབྲས་ཀྱི་འབྱུང་ཁུངས།
ཁ་ཆེའི་ཆོས་ལུགས།
ཁ་ཆེའི་ཆོས་ལུགས་ནི་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཟེར་བ་ཞིག་ཡོད་པར་ཁས་ལེན་བྱེད་མཁན་གྱི་ཆོས་ལུགས་ཞིག་རེད། དེ་ཡང་འཇིག་རྟེན་བཀོད་པ་པོ་དེས་འཇིག་རྟེན་འདི་བསྐྲུན་པ་དང་། འཇིག་རྟེན་ནང་གི་བཀོད་པ་ལམ་ལུགས་དང་རྒྱུ་འབྲས་ཀྱི་རྣམ་གཞག་དག་ཀྱང་ཚུད་ཡོད།
ནང་ཆོས།
ནང་ཆོས་ནི་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཟེར་བ་གཅིག་རང་ཡོད་པར་ཁས་ལེན་བྱེད་མཁན་གྱི་ཆོས་ལུགས་ཤིག་མ་རེད། འོན་ཀྱང་། དེས་ལྷའམ་དཀོན་མཆོག་མེད་པ་ཡང་བརྗོད་ཀྱི་མེད། དེས་འཇིག་རྟེན་གྱི་བཀོད་པའམ་གསར་གཏོད་དེ་ལ་ཁས་ལེན་བྱེད་ཀྱི་མེད། ཕྱི་དངོས་པོ་ཡིན་ནའང་འདྲ། གང་ཟག་སྒེར་པ་ཡིན་ནའང་འདྲ། དེ་ག་ནང་བཞིན་ཚོགས་པ་སྡེ་ཁག་གི་ཉམས་མྱོང་སོཌ་གང་ཡིན་ཡང་ཚང་མ་ཐོག་མ་དང་མཐའ་མ་མེད་པར་རྒྱུ་དང་འབྲས་བུ་ལ་བརྟེན་ནས་འབྱུང་གི་ཡོད། རྒྱུ་འབྲས་ནི་སུས་ཀྱང་བསྐྲུན་པ་མ་ཡིན་ཞིང་། དེ་ལ་བཀོད་པ་པོ་མེད། དེ་ནི་ཆོས་ཉིད་ཞིག་གམ་དངོས་པོའི་གནས་ལུགས་ཤིག་ལས་མ་འདས།
མཇུག་སྡོམ།
ལམ་ལུགས་གཉིས་ཀས་རྒྱུ་འབྲས་ཁས་ལེན་གྱི་ཡོད། དེ་འདྲ་སོང་ཙང་། གོ་ལ་སྤྱིའི་དཀའ་རྙོག་ཁག་སེལ་ཐབས་ནི། དཀའ་ངལ་དེ་དག་གི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་ར་འཕྲོད་བྱས་ཏེ་རྩ་མེད་བཟོ་དགོས་པའམ། ཡང་ན་ཉུང་མཐར་ཡང་དེ་དག་གི་རྒྱུ་རྐྱེན་རྣམས་ཤུཌ་ཆུང་དུ་གཏོང་དགོས་པ་དེ་རེད།
རྒྱུ་འབྲས་ཀྱི་འབྲེལ་བ།
ཁ་ཆེའི་ཆོས་ལུགས།
རྙོག་འཛིངས་ཅན་གྱི་རྒྱུ་རྐྱེན་མང་པོ་ཚོགས་པ་ལ་བརྟེན་ནས་རྙོག་འཛིངས་ཅན་གྱི་འབྲས་བུ་སྣ་མང་བྱུང་བའི་བདེན་དོན་འདི་ལ་ “ལས་དབང་” ཟེར། རྒྱུ་དང་འབྲས་བུ་སྣ་ཚོགས་ཀྱི་འབྲེལ་བ་འདི་ནི་ཁ་ཆེའི་འཇིག་རྟེན་བྱེད་པོ་ཨལ་ལཱ་ཡིས་བཀོད་ཡོད་པ་དང་། “ཨལ་ལཱ་ཡི་འདོད་པ་” ལ་བརྟེན་ནས་རྒྱུ་དེས་འབྲས་བུ་སྐྱེ་བར་བྱེད་ཀྱི་ཡོད།
ནང་ཆོས།
རྙོག་འཛིངས་ཅན་གྱི་རྒྱུ་རྐྱེན་མང་པོ་ཚོགས་པ་ལ་བརྟེན་ནས་རྙོག་འཛིངས་ཅན་གྱི་འབྲས་བུ་སྣ་མང་བྱུང་བའི་འབྲེལ་བ་འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟེན་ནས་འབྱུང་གི་ཡོད་པ་ལས། སུས་ཀྱང་བཀོད་པའམ་བྱས་པ་ཞིག་མིན། དེའི་དོན་ནི། རྒྱུ་དང་འབྲས་བུ་གང་ཡིན་རུང་གཞན་ལ་བརྟེན་མི་དགོས་པར་རང་ངོས་ནས་གྲུབ་པའི་རྒྱུ་ཟེར་བ་ཞིག་གམ་འབྲས་བུ་ཟེར་བ་ཞིག་མེད། གང་ཞིག་རྒྱུ་རྐྱེན་ཡིན་ན་ཕན་ཚུན་ལྟོས་ནས་ཡོད་པའི་ཆ་ནས་དེ་ལ་ཡང་ཤུགས་རྐྱེན་ཐེབས་དགོས་ཀྱི་རེད།
མཇུག་སྡོམ།
ལམ་ལུགས་གཉིས་ཀས་ལས་འབྲས་ཀྱི་རྣམ་གཞག་ངེས་གཏན་ཞིག་གི་རྗེས་སུ་འབྲང་བ་དང་། གང་ཞིག་རྐྱེན་གང་ཡང་མེད་པའི་ཐོག་ངེས་མེད་ཐོལ་བྱུང་ངང་འབྱུང་གི་མེད་པ་མོས་མཐུན་བྱེད་ཀྱི་ཡོད། འཇིག་རྟེན་ཁམས་ཀྱི་ནང་བང་རིམ་ཞིག་ཡོད། དེ་འདྲ་སོང་ཙང་། འཛམ་གླིང་ནང་གི་དཀའ་རྙོག་ལ་གདོང་ལེན་བྱེད་པར། ཐབས་ཚུལ་མ་ནོར་བ་ལག་བསྟར་བྱས་ན། དཀའ་ངལ་སེལ་ཐུབ་ངེས་ཡིན་པ་ཆོས་ལུགས་གཉིས་ཀས་མོས་མཐུན་བྱེད་ཀྱི་ཡོད།
རང་ཐག་རང་གཅོད་དང་གདམ་ཀ
ཁ་ཆེའི་ཆོས་ལུགས།
ཨལ་ལཱ་ཡིས་འགྲོ་བ་མིའི་རིགས་བཀོད་པ་དང་མཉམ་དུ་རྣམ་དཔྱོད་ཀྱང་གནང་ཡོད། རྣམ་དཔྱོད་ནི་བསམ་བློའི་ནུས་སྟོབས་རེད། ལྷག་པར་དུ་དེ་རྒྱུ་མཚན་ལྡན་པའི་བསམ་བློ་དང་རིགས་པ་དང་ལྡན་པ་ཡོང་བའི་ཆེད་དུ་རེད། རྣམ་དཔྱོད་ཀྱི་ཁྱད་ཆོས་གཅིག་ནི་རང་དབང་གི་ཐག་གཅོད་དེ་རེད། དེའི་གོ་དོན་ནི་གདམ་ཀ་བྱེད་པའི་ནུས་པ་དང་དབང་ཚད་ཡོད་པ་ལ་གོ་དགོས། དཔེར་ན། ཉོ་ཆ་རྒྱག་དུས་སླར་བེད་སྤྱོད་བྱེད་ཐུབ་པའི་རས་ཀྱི་ཁུག་མ་འཁྱེར་བའམ། ཡང་ན་བེད་སྤྱོད་ཟིན་རྗེས་གཡུག་ཆོག་པའི་འགྱིག་ཤོག་གི་བླུགས་སྣོད་ལེན་པའི་གདམ་ཀ་འདྲ་པོ་རེད། རྒྱལ་ཁབ་ཀྱི་རིམ་པའི་ཐོག་ནས་བཤད་ན། ང་ཚོར་ལྗང་ཁང་ངམ་དྲོད་ཁང་གི་རླངས་རྫས་རིགས་ཕྱིར་འདོན་གྱི་ཚད་ཉུང་དུ་གཏོང་དང་མི་གཏོང་། གལ་སྲིད་ཉུང་དུ་བཏང་ན། ག་ཚོད་གཏོང་དགོས་པ་སོགས་ཀྱི་ཐོག་རང་གིས་ཐག་གཅོད་བྱེད་པའི་གདམ་ཀ་ཡོད།
གདམ་ཀ་དེ་འདྲའི་རིགས་དང་འཕྲད་སྐབས། ང་ཚོས་འདམ་ག་གང་བྱེད་ཀྱང་དེའི་འགོག་ཏུ་མེད་པའི་འབྲས་བུ་ནི་ཨལ་ལཱ་ཡི་འདོད་པ་དང་ཡོངས་སུ་མཐུན་པ་ཡོང་གི་ཡོད། གོ་དོན་འདི་ལ་གཞིགས་ན། འབྲས་བུ་གང་ཡོང་ཡང་སྔ་ས་ནས་ཨལ་ལཱ་ཡིས་བཀོད་པའི་རྒྱུ་འབྲས་རྣམ་གཞག་གིས་ཐག་གཅོད་བྱས་ཟིན་ཡོད། འོན་ཀྱང་གདམ་ཀ་དེ་རང་ལ་ཨལ་ལཱ་ཡིས་ཐག་གཅོད་གནང་མེད། དེའི་ཐོག་ནས་བཤད་ན། ང་ཚོར་ཐག་གཅོད་ཀྱི་རང་དབང་དེ་ཡོད་པ་ཡིན།
ནང་ཆོས།
སེམས་བྱུང་གི་ནང་ནས་ང་ཚོས་ལས་གང་ཞིག་བྱེད་དགོས་པར་ངེས་པ་རྙེད་ཐུབ་པ་བྱེད་མཁན་དེ་ནི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་དེ་ཡིན་པ་རེད། དེས་ཡོང་སྲིད་པའི་གདམ་ཀ་ཁག་ལ་དམིགས་ནས། དེ་དག་རེ་རེར་ཡོད་པའི་དགེ་སྐྱོན་དབྱེ་འབྱེད་བྱེད་པ་མ་ཟད། དེ་དག་གི་ཉེས་དམིགས་དང་ནོར་འཁྲུལ་ཁག་ནས་བཟང་པོའི་ཡོན་ཏན་དང་དགེ་མཚན་རྣམས་རྣམ་པར་འབྱེད་ཀྱི་ཡོད། ང་ཚོའི་ཆོས་རྣམ་པར་འབྱེད་པའི་ནུས་རྩལ་གཞི་ལ་བཞག་ནས། ང་ཚོས་རང་གི་གདམ་ཀའི་ཐོག་ལ་ཐག་གཅོད་བྱེད་ཀྱི་ཡོད།
ལྟ་ཕྱོགས་གཞན་ཞིག་ངོས་ནས་བཤད་ན། སེམས་བྱུང་འདི་ལ་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཟེར། འདིས་གང་ཞིག་འགྲིག་ཡོད་པ་དང་གང་ཞིག་ནོར་ཡོད་པ། གང་ཞིག་དགེ་བ་ཡིན་པ་དང་གང་ཞིག་མི་དགེ་བ་ཡིན་པ། དེ་བཞིན་ཕན་གནོད་ལ་སོགས་པ་ཐག་ཆོད་པོའི་ཐོག་ནས་རྣམ་པར་འབྱེད་ཀྱི་ཡོད། དེ་འགྲིག་པ་ཡོང་སྲིད་ལ་ཡང་ན་ནོར་བ་ཡང་ཡོང་སྲིད། ཁོར་ཡུག་ལ་བསམ་བློ་བཏང་ནས་ང་ཚོས་སླར་བེད་སྤྱོད་བྱེད་ཆོག་པའི་རས་ཀྱི་ཁུག་མ་འཁྱེར་རམ། ཡང་ན། བེད་སྤྱོད་ཟིན་རྗེས་འདོར་རུང་བའི་འགྱིག་ཤོག་གི་ཁུག་མ་དེ་གཉིས་ལ་རྣམ་པར་འབྱེད་པ་གཞིར་བཞག་ནས་ང་ཚོས་གང་བེད་སྤྱོད་གཏོང་མིན་ཐག་གཅོད་བྱེད་དགོས། དེ་ག་ནང་བཞིན་དྲོད་ཁང་ངམ་ལྗང་ཁང་གི་རླངས་རྫས་རིགས་ཕྱིར་འདོན་གྱི་ཐག་གཅོད་ཐད་ལའང་གཅིག་མཚུངས་རེད། ང་ཚོས་ཐག་གཅོད་གང་བྱས་ཀྱང་དེའི་འབྲས་བུ་དེ་རྒྱུ་འབྲས་རྣམ་གཞག་གི་རྗེས་སུ་འབྲང་གི་ཡོད།
ནང་ཆོས་ནང་ལས་་ཟེར་བ་ནི་ང་ཚོའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་ལ་གོ་བ་ཡིན། དེ་ནི་ང་ཚོའི་བྱ་སྤྱོད་སྔ་མ་དང་གདམ་ཀ་སྔ་མའི་འགྲོས་དེ་དག་ངང་ངམ་ཤུགས་ཀྱིས་བསྐྱར་ཟློས་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་བྱ་བ་གང་ཞིག་བྱེད་འདོད་ཀྱི་བསམ་བློ་ཡོད་པ་དང་དེ་དངོས་སུ་བྱ་རྒྱུའི་གདམ་ཀ་བྱེད་པ་གཉིས་བར་ལ་བར་སྟོང་ཞིག་ཡོད། དེའི་སྐབས་སུ་ང་ཚོས་ཆོས་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་ནས་སེམས་ཀྱི་སྐུལ་སློང་འོག་བྱ་སྤྱོད་སྤེལ་ནས་སྔར་གདམ་ཀ་གང་བྱས་པ་དེ་བསྐྱར་ཟློས་བྱེད་དགོས་མིན་ཐག་གཅོད་བྱས་ན་ཆོག །དེའི་ཐོག་ནས་བཤད་ན། ང་ཚོར་རང་ཐག་རང་གཅོད་ཡོད། འོན་ཀྱང་། གལ་སྲིད་ང་ཚོས་བྱ་སྤྱོད་སྤེལ་ཙ་ན། དེ་ནས་རྒྱུ་འབྲས་རྣམ་གཞག་གི་སྟངས་འཛིན་འོག་ཏུ་ཕྱིན་ནས་འབྲས་བུ་འབྱུང་གི་རེད།
མཇུག་སྡོམ།
ལམ་ལུགས་གཉིས་ཀས་ང་ཚོས་བྱ་སྤྱོད་ཇི་ལྟར་སྤེལ་མིན་ཐད་ལ་ཐག་གཅོད་ཀྱི་རང་དབང་ལྡན་པའི་ཐོག་གདམ་ཀ་བྱེད་ཐུབ་ཀྱི་ཡོད་པ་མོས་མཐུན་བྱེད་ཀྱི་ཡོད། མི་ངོ་རེར་ཐག་གཅོད་ཡང་དག་པ་བྱེད་ཐུབ་པའི་ནུས་པ་ཡོད་པ་དང་། དེས་དཀའ་ངལ་རྣམས་སེལ་ཐབས་ཀྱི་ཕྱོགས་སུ་འཁྲིད་ཅིང་། དེ་ནི་ཕུགས་རྒྱང་རིང་པོའི་ནང་ཁེ་ཕན་ཆེ་ཤོས་ཆགས་ཀྱི་རེད། འདིའི་རྒྱུ་མཚན་ནི་མི་ངོ་རེར་གང་ཞིག་གིས་ཕན་ཐོགས་ཡོད་པ་དང་གང་ཞིག་གིས་གནོད་ཀྱི་ཡོད་པའི་ཐད་རྣམ་པར་འབྱེད་ཐུབ་པའི་གཞི་རྩའི་འགྲོ་བ་མིའི་རྣམ་དཔྱོད་ཡོད། འོན་ཀྱང་། འདིས་མི་ངོ་རེས་ཐག་གཅོད་བཟང་ཤོས་དེ་བྱེད་ཀྱི་ཡོད་པའི་དོན་མིན་པར། དེས་མི་ངོ་རེར་རྣམ་དཔྱོད་ལྡན་པའི་ཐོག་ཐག་གཅོད་བྱེད་ཐུབ་པའི་བསམ་བློའི་མཐུན་རྐྱེན་ཁག་འཛོམས་ཡོད་པ་ལ་གོ་དགོས། དེ་ལྟར་གདམ་ཀ་ཞིག་བྱས་ཟིན་པ་དང་ལག་ལེན་བསྟར་ཚར་བའི་རྗེས་སུ། གདེ་ལ་རིགས་པ་དང་མཐུན་པའི་རྗེས་འབྲས་དེ་ཡོང་རྒྱུ་རེད།
གདམ་ཀ་བྱས་པ་ཁག་ལ་འགན་འཁུར།
ཁ་ཆེའི་ཆོས་ལུགས།
མངལ་ཞིག་ག་དུས་ཆགས་ཀྱང་། ཨལ་ལཱ་ཡིས་ལྷའི་ཕོ་ཉ་ཞིག་མངགས་ནས་ཁོང་གི་བླ་སྲོག་ཨ་མའི་མངལ་ནང་དུ་ཡོད་པའི་ཕྲུ་གུ་དེའི་གཟུགས་པོའི་ནང་སིམ་པར་བྱེད་ཀྱི་ཡོད། ཁ་ཆེ་བ་ཕལ་ཆེ་བས་གལ་ཏེ་གཟུགས་སུ་བསྒྲུབས་པ་ཡིན་ན། ཨལ་ལཱ་ཡི་བླ་སྲོག་དེ་ “བདག་རྟག་པ་བ་” ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། བདག་རྟག་པ་བ་དེ་ནི་རྣམ་དཔྱོད་བེད་སྤྱོད་བྱས་ནས་གདམ་ཀ་འདྲ་མིན་བྱེད་མཁན་གྱི་དབང་པོ་དེ་ཡིན་པ་སོང་ཙང་། གདམ་ཀ་གང་བྱས་པ་དེ་ལ་འགན་འཁྲི་ཡོད།
ནང་ཆོས།
ནང་ཆོས་ཀྱི་ངོས་ནས་གཞན་ལ་ལྟོས་མི་དགོས་པའི་བདག་རྟག་པ་བ་ཞིག་ལོགས་སུ་ཡོད་པ་འདོད་ཀྱི་མེད། ཡང་དེས་ང་ཚོ་གང་ཟག་སྒེར་པ་ལྟ་བུ་གྲུབ་མེད་པ་དང་ང་ཚོས་གང་ལ་གདམ་ཀ་བྱེད་པ་དེ་ཚོ་ལ་འགན་འཁྲི་མེད་ཀྱང་ཟེར་གྱི་མེད། ཀུན་རྫོབ་ཁོ་ནའི་དབང་དུ་བྱས་ནས་ “ངས་གདམ་ཀ་ཞིག་བྱས་ཡིན་” ཞེས་ང་ཚོས་ལབ་ཀྱི་ཡོད། འདི་ནི་འགྲིག་པ་རེད། དེ་ནི་མི་གཞན་ཞིག་གིས་གདམ་ཀ་བྱས་ཡོད་པའམ་ཡང་ན་སུ་གང་ཞིག་གིས་ཀྱང་གདམ་ཀ་བྱས་མེད་ཟེར་གྱི་མེད། འོན་ཀྱང་། ང་ཚོའི་ངོས་ནས་གདམ་ཀ་ཞིག་བྱེད་པའི་དོན་རྐྱེན་དེ་གཞན་ལ་ལྟོས་མི་དགོས་པའི་ “ང་” ཟེར་བ་ང་ཚོའི་ཀླད་པའི་ནང་བསྡད་པ་ཞིག་གིས། གདམ་ཀ་ཁག་ངེས་ཅན་ཡོད་པའི་ཐོ་གཞུང་ལ་བལྟས་ནས། ཆོས་རྣམ་འབྱེད་ཀྱི་ཤེས་རབ་དེ་ལག་ཆ་བཞིན་བེད་སྤྱོད་བྱས་ཏེ་གཅིག་འདེམ་སྒྲུག་བྱེད་ཀྱི་མེད། གནས་སྟངས་གང་འདྲ་ཞིག་གི་ནང་། ཐག་གཅོད་བྱེད་མཁན་ཞིག་གིས་ཐག་གཅོད་ཅིག་ལ་གདམ་ཀ་བྱེད་པའི་སྐབས། དེ་ལྟ་བུའི་ཐག་གཅོད་འདེམ་སྒྲུག་བྱས་པ་དེ་དག་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པ་ལས་གཞན་ལ་ལྟོས་མི་དགོས་པར་ཁེར་རྐྱང་རང་དབང་ངང་གནས་མེད། དེ་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་རྟེན་ཅིང་འབྲེལ་བ་ཡོད་པ་ཙམ་དུ་མ་ཟད། དེ་དག་གསུམ་པོ་ཚང་མ་ཡང་རྒྱུ་རྐྱེན་སྣ་ཚོགས་ཤིག་ཚོགས་ལ་པ་བརྟེན་ནས་བྱུང་ཡོད། གལ་སྲིད་གདམ་ཀ་གང་ཡང་མེད་ན་ཐག་གཅོད་གང་ཡང་ཡོང་ཐབས་མེད་པ་དང་ཐག་གཅོད་ཀྱང་གང་ཡང་མི་བྱེད།
མཇུག་སྡོམ།
ལམ་ལུགས་གཉིས་ཀའི་ངོས་ནས། ང་ཚོས་སྒེར་གྱི་རྣམ་པའི་ཐོག་ནས་རང་རང་སོ་སོའི་གདམ་ཀ་བྱེད་པ་དང་། ང་ཚོས་གང་ལ་གདམ་ཀ་བྱེད་པ་དེ་ལ་འགན་འཁྲི་དང་འགན་འཁུར་ཡོད་པ་མོས་མཐུན་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་། འཛམ་གླིང་གི་དཀའ་རྙོག་རིགས། དཔེར་ན། ཁོར་ཡུག་ཉམས་ཆགས་སོང་བའི་དཀའ་ངལ་ལ་སོགས་པ་སེལ་རྒྱུར་ང་རང་ཚོའི་ངོས་ནས་བྱ་སྤྱོད་སྤེལ་རྒྱུར་རག་ལུས་ཡོད།
གདམ་ཀ་བྱེད་པ་ལ་རྣམ་དཔྱོད་ཕུད་པའི་རྐྱེན་གཞན་ཁག
ཁ་ཆེའི་ཆོས་ལུགས།
ཨལ་ལཱ་ཡིས་འགྲོ་བ་མིའི་རིགས་བཟོ་བཀོད་བྱས་ནས་ཚང་མར་ཁྱད་འཕགས་ཀྱི་ཡོན་ཏན་དང་ལྡན་པ་བྱས་ཡོད་པ་དང་། ཨལ་ལཱ་ཡིས་འགྲོ་བ་མིར་བཅངས་པའི་བརྩེ་བ་ནི་ཁོང་གིས་ཁྱད་དུ་འཕགས་པ་བཀོད་པ་དེ་དག་ལ་ཐུགས་ཐག་ཉེ་པོའི་ཚོར་སྣང་དེ་རེད། འགྲོ་བ་མིའི་ངོས་ནས་ཨལ་ལཱ་བཅངས་པའི་བརྩེ་བ་ནི། ཁོང་ཚོར་མེད་པ་དང་དགོས་པའི་ཡང་དག་པ་དང་མཐར་ཕྱིན་པའི་ཁྱད་ཆོས་ཐོབ་ཆེད་ཀྱི་འདུན་པ་དྲག་པོ་དེ་རེད། དེ་འདྲའི་འདུན་པ་དྲག་པོ་འདི་ནི་ཨལ་ལཱ་གསོལ་མཆོད་བྱེད་པའི་རྣམ་པ་གཙོ་བོ་ཞིག་གི་ནང་མངོན་པར་བྱས་ཡོད། དེ་ནི་ཨལ་ལཱ་ཡིས་ང་ཚོའི་སེམས་རྒྱུད་ལ་བཀོད་ཡོད་པའི་ཁྱད་འཕགས་ཀྱི་ཆ་རྣམས་ལ་གཅེས་ཉར་གསོ་སྐྱོང་དང་། དེ་དག་ང་ཚོའི་གཤིས་སྤྱོད་དང་བྱ་སྤྱོད་བརྒྱུད་ནས་ཨལ་ལཱ་ཡིས་གང་བཀོད་པ་ལ་སྲི་ཞུ་བསྒྲུབ་ནས་མངོན་ཐུབ་པར་བྱ་རྒྱུ་དེ་རེད། དེ་ལྟར་བྱས་ན། ང་ཚོའི་དད་པ་མཚོན་ཐུབ་ལ་ཨལ་ལཱ་ཡི་འདོད་འདུན་ལ་བཀའ་རྩི་དང་ལེན་བྱེད་པའི་རྣམ་པ་ཡང་མཚོན་ཐུབ་ཀྱི་ཡོད། དེ་ལྟར་བྱེད་པའི་དགོས་པ་ནི་ང་ཚོས་ཨལ་ལཱ་ཡིས་བཀོད་པའི་ཁྲིམས་གཞིར་བཟུང་ཐོག་བྱ་སྤྱོད་སྤེལ་ནས་ཁོང་གི་འདོད་པ་ལ་མགོ་འབུལ་ཞུ་གི་ཡོད། ཨལ་ལཱ་ཡི་འདོད་པ་ལ་བཀའ་རྩི་དང་ལེན་བྱས་པའི་རྗེས་འབྲས་ཡག་པོ་འབྱུང་བ་དང་། བཀའ་བརྩི་དང་ལེན་མི་བྱེད་པའམ་བརྩི་མེད་བཏང་ན། དེ་ལ་དཔག་པའི་འཇུག་འབྲས་ཀྱང་ངན་པ་ཡོང་གི་ཡོད།
ཨལ་ལཱ་ཡིས་ཡང་འགྲོ་བ་མི་སེམས་དང་ལྡན་པ་ཞིག་བཟོ་བཀོད་བྱས་ཡོད། དེ་ནི་བཟང་ངན་དགེ་སྡིག་ལ་སོཌ་པའི་སེམས་ཚོར་གྱི་འདུ་ཤེས་སྣ་ཚོགས་པ་ཚོར་ཐུབ་པ་བྱེད་མཁན་གྱི་དབང་པོ་རེད། དེ་ལ་ཨལ་ལཱ་ཡི་སྐོར་ལ་ཐེ་ཚོམ་གྱིས་ཁེངས་ནས་ལོང་བ་ལྟར་ཆཌ་སྲིད་ལ། ཡང་ན་དེ་སྟོབས་ཤུགས་རྒྱས་ནས་དད་པས་ཁེངས་ཐུབ་པ་ཡང་ཡོང་ཐུབ་ཀྱི་ཡོད། གལ་སྲིད་རྣམ་དཔྱོད་ཀྱི་རང་ཐག་རང་གཅོད་ལ་གཞི་བཞག་ཡོད་ན། ང་ཚོའི་སེམས་ཨལ་ལཱ་ཡི་འདོད་པ་ལ་བརྩི་སྲུང་མ་བྱས་པའི་དབང་གིས་མི་དགེ་བའི་སེམས་ཚོར་ངན་པ་ཁག་གི་གཞན་དབང་དུ་ཤོར་ནས། ང་ཚོའི་བདག་རྟག་པ་དེ་ཡང་དེ་དག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་ནས་རང་གཅེས་འཛིན་དང་མཉམ་དུ་ང་ཚོས་རང་གལ་ཆེར་བཟུང་བའི་བློའི་འཁྱེར་སོ་དང་། རང་འདོད་དོན་གཉེར་གྱི་བློ་སོགས་མི་དགེ་བའི་སེམས་ཚོར་ངན་པ་འདི་དག་གིས་དབང་སྒྱུར་བྱས་ཡོད་པའི་རང་ཐག་རང་གཅོད་ཀྱི་རྗེས་སུ་འབྲངས་ནས་ཨལ་ལཱ་ཡི་འདོད་པའི་རྗེས་སུ་འབྲང་བ་དང་རྒྱབ་འགལ་འགྲོ་གི་ཡོད། ང་ཚོའི་རྣམ་དཔྱོད་ཀྱིས་ཐག་གཅོད་བྱས་པ་ཁག་རང་འདོད་དོན་གཉེར་དང་། ཕུགས་རྒྱང་རིང་པོ་མེད་པའི་རང་ཐག་རང་གཅོད་བྱས་པའམ། ཡང་ན། ཨལ་ལཱ་ཡིས་བཀོད་པ་ཐམས་ཅད་ལ་ང་ཚོའི་ཕུལ་བྱུང་གི་གཤིས་སྤྱོད་ལ་བརྟེན་ནས་ཞབས་ཞུ་རྣམ་དག་བྱས་པ་བརྒྱུད་ཨལ་ལཱ་ཡི་འདོད་པ་ལ་བཀའ་བརྩི་དང་ལེན་ཐོག་མགོ་འབུལ་ཞུ་བ་ཡང་ཡོང་སྲིད།
ནང་ཆོས།
ཐོག་མ་མེད་པ་ནས་ང་ཚོའི་སེམས་ཀྱི་རྒྱུན་ནང་དགེ་མི་དགེའི་སེམས་ཚོར་བཟང་ངན་གཉིས་ཀ་ཡོད། དཔེར་ན། བཟང་པོའི་ཕྱོགས་ནས་བཤད་ན། གཞན་ལ་སེམས་འཁུར་དང་། བྱམས་པ། སྙིང་རྗེ། གཏོང་ཕོད། བཟོད་པ་ལ་སོགས་པ་དང་། དེའི་ལྡོག་ཕྱོགས་སུ་རང་གཅེས་འཛིན་དང་། རང་འདོད་དོན་གཉེར། འདོད་རྔམ། ཆགས་ཞེན། ཅོལ་ཆུང་བྱིས་བློའི་རང་བཞིན་སོཌ་ཡོད། ཆོས་རྣམ་པར་འབྱེད་པའི་ཤེས་རབ་ལ་བརྟེན་ནས་ང་ཚོས་གདམ་ཀ་གང་བྱས་པ་དེ་དག་སེམས་ཚོར་མི་འདྲ་བ་སྣ་ཚོགས་པ་ལ་བརྟེན་ཅིང་ལྟོས་བཅས་ཀྱི་ཤུགས་ཆེ་ཆུང་ལ་རག་ལུས་ཡོད། དེར་མ་ཟད། གནས་སྐབས་གང་འདྲ་ཞིག་ཡིན་རུང་། དེ་དག་གི་ལྟོས་བཅས་ཀྱི་ཤུགས་ཆེ་ཆུང་ནི་ཕྱི་ནང་གཉིས་ཀྱི་གནས་སྟངས་འདྲ་མིན་ལ་རག་ལུས་ཡོད། དཔེར་ན། གཞན་གྱིས་བྱ་སྤྱོད་གང་སྤེལ་བ་དང་། སྐད་ཆ་གང་བཤད་པ། སྤྱི་ཚོགས་ཀྱི་རིན་ཐང་། དཔལ་འབྱོར་གྱི་གནོན་ཤུགས། དེ་བཞིན་ང་ཚོའི་འཕྲོད་བསྟེན་དང་། ཤེས་ཡོན། སེམས་ངལ་ཚད་ཆེ་ཆུང་། བྲེལ་བ་ཆེ་ཆུང་ལ་སོགས་པ་ལྟ་བུའོ། །དེས་ན། ང་ཚོས་ཐག་གཅོད་གང་བྱས་པ་ཁག་རྒྱུ་རྐྱེན་འདྲ་མིན་མང་པོ་ཞིག་ལ་བརྟེན་ནས་འབྱུང་གི་ཡོད།
མཇུག་སྡོམ།
གལ་སྲིད་ང་ཚོའི་རྣམ་དཔྱོད་དེ་མི་དགེ་བའི་སེམས་ཚོར་དཔེར་ན། རང་འདོད་དོན་གཉེར་དང་། འདོད་རྔམ་ལྟ་བུའི་དབང་འོག་ཏུ་ཤོར་སོང་ན། གོ་ལ་སྤྱིའི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་སྟངས་དེ་ཅོལ་ཆུང་བྱིས་བློའི་རང་བཞིན་དང་། རིགས་པ་དང་མི་མཐུན་པའི་ཐག་གཅོད་བྱེད། དེ་ལས་ལྡོག་ཏེ། ང་ཚོས་འཛམ་གླིང་སྤྱི་ཡོངས་ལ་སྙིང་རྗེའི་ཤུགས་རྐྱེན་འོག་སེམས་འཁུར་བྱེད་ཐུབ་ན། ང་ཚོས་ཐག་གཅོད་གང་བྱས་ཀྱང་དེ་དག་ཚང་མ་རྒྱུ་མཚན་དང་ལྡན་པ་དང་། རྣམ་དཔྱོད་དང་ལྡན་པ། ཕུགས་རྒྱང་རིང་པོར་ཕན་ཐོགས་ཡོད་པ་ཆགས་ཀྱི་ཡོད།
གོ་ལ་སྤྱིའི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་པའི་ཆེད་དུ་སྐུལ་སློང་སྐྱེད་པ།
ཁ་ཆེའི་ཆོས་ལུགས།
ང་ཚོས་འཛམ་གླིང་ཡོངས་དང་འགྲོ་བ་མིའི་རིགས་ལ་ལྷད་མེད་ཀྱི་བརྩེ་བ་བཅངས་པའི་སྐབས། དེ་འདྲའི་བརྩེ་བ་དེ་འཛམ་གླིང་ཡང་ན་འགྲོ་བ་མི་རང་གི་ཆེད་དུ་མ་ཡིན་པར། དེ་ནི་ང་ཚོའི་རྒྱུད་ལ་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་རྣམས་བསྐྲུན་མཁན་གྱི་ཨལ་ལཱ་ལ་བརྩེ་བ་བཅངས་པ་མཚོན་གྱི་ཡོད། དེ་ནས་ང་ཚོས་གོ་ལ་སྤྱིའི་ཁོར་ཡུག་ལ་སེམས་འཁུར་བྱེད་པ་དེ་ནི་ཨལ་ལཱ་ཡི་བཀོད་པའི་སྣོད་བཅུད་ལ་ཞབས་འདེགས་བསྒྲུབ་པ་བརྒྱུད་ནས་ཨལ་ལཱ་ལ་གསོལ་མཆོད་བྱེད་པའི་རྣམ་པ་ཞིག་རེད།
ནང་ཆོས།
ནང་ཆོས་ནང་འགྲོ་བ་ཡོངས་ཀྱི་བདེ་དོན་ལ་སེམས་འཁུར་བྱེད་པའི་གཞི་རྟེན་ནི་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པ་དང་། ཚང་མ་བདེ་བ་འདོད་ཅིང་དཀའ་ངལ་དང་སྡུག་བསྔལ་གང་ཡང་མི་འདོད་མཁན་ཡིན་པ་ལ་གཞི་བཞག་ཡོད། དེར་མ་ཟད། ང་ཚོ་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་ཡོད་པ་དང་། ཚང་མ་གོ་ལ་སྤྱིའི་ཁོར་ཡུག་གཅིག་གི་ནང་དུ་འཚོ་གནས་བྱེད་ཀྱི་ཡོད། ང་ཚོས་གང་བྱས་ཀྱང་དེས་གཞན་གྱི་བདེ་སྡུག་ལ་ཆེ་ཆུང་ལ་དཔག་པའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། གཞན་གྱིས་གང་བྱས་ཀྱང་ང་ཚོའི་བདེ་དོན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན། བརྩེ་བའམ་བྱམས་པ་ཟེར་བ་ནི་འགྲོ་བ་ཀུན་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པའི་འདུན་པ་དྲག་པོ་དེ་ཡིན་པ་དང་། བརྩེ་བ་ལ་བརྟེན་ནས་ཚང་མར་བདེ་སྐྱིད་དང་ལྡན་པ་ཡོང་ཐུབ་པའི་ཆེད་ང་ཚོས་བྱ་སྤྱོད་རྩོམ་གྱི་ཡོད།
མཇུག་སྡོམ།
ནང་ཆོས་དང་ཁ་ཆེའི་ཆོས་ལུགས་གཉིས་ཀས་གཞན་ཚང་མའི་བདེ་སྡུག་ལ་སེམས་ཁུར་བྱེད་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད། ཡང་ཆོས་ལུགས་གཉིས་ཀས་གོ་ལ་སྤྱི་ཡོངས་ལ་ཁྱབ་ཐུབ་པའི་བརྩེ་བ་དང་དེ་འདྲའི་བརྩེ་བ་དེ་གཞན་ཕན་གྱི་བྱ་སྤྱོད་ནང་ལག་ལེན་བསྟར་དགོས་པའི་སློབ་སྟོན་གནང་གི་ཡོད།
ཕྱོགས་བསྡོམས།
འཛམ་གླིང་གི་དཀའ་རྙོག་ཁག་སེལ་ཐབས་སུ་མི་ཚོར་སྐུལ་སློང་དང་སེམས་ཤུགས་ཇི་ལྟར་སྐྱེ་གི་ཡོད་མེད་ལ་མ་ལྟོས་པར། གནད་འགག་ཆེ་བའི་གནད་དོན་དེ་ནི་ཚང་མས་འཛམ་གླིང་སྤྱི་ཡོངས་ཀྱི་ཁེ་ཕན་ཆེད་དུ་འཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་དེ་རེད། དེ་འདྲའི་གལ་གནད་ཆེ་བའི་རྩོལ་བ་ལ། ནང་ཆོས་དང་ཁ་ཆེའི་ཆོས་ལུགས་གཉིས་ཀས་ཡོངས་སུ་མོས་མཐུན་བྱེད་ཀྱི་ཡོད།།