བོད་རིགས་ཁ་ཆེའི་སྐོར་གྱི་ཞིབ་འཇུག
རོབ་བརྩིས་བྱས་ན་ཕྱི་ལོ་ ༡༩༥༩ སྔོན་བོད་དབུས་སུ་བོད་རིགས་ཁ་ཆེ་གསུམ་སྟོང་ཙམ་འཚོ་སྡོད་བྱེད་བཞིན་ཡོད། ཁོང་ཚོ་མང་ཆེ་བ་ནི་དུས་རབས་བཅུ་བཞི་པ་ནས་བཅོ་བདུན་པའི་བར་ཀཥྨིར་དང་། ལ་དྭགས། བལ་ཡུལ། རྒྱ་ནག་བཅས་ནས་ཡོང་སྟེ་བོད་རིགས་བུད་མེད་དང་མཉམ་དུ་གཉེན་སྒྲིག་བྱས་ནས་གཞིས་ཆགས་པའི་ཁ་ཆེའི་ཚོང་པ་རྣམས་ཀྱི་རིགས་རྒྱུད་ཡིན། ཁོང་ཚོས་བོད་སྐད་ཤོད་ཅིང་། བོད་རིགས་ཀྱི་གོམས་སྲོལ་ཕལ་ཆེ་བའི་རྗེས་སུ་འབྲངས་ཡོད། ཁོང་ཚོར་ལྷ་སར་ཁ་ཆེའི་ལྷ་ཁང་བཞི་དང་། གཞི་ཀ་རྩེར་གཉིས། རྩེ་ཐང་ལ་གཅིག་བཅས་ཚང་མ་བོད་ལུཌ་ཁང་བཟོ་རིག་པ་ལྟར་བཞེངས། དེར་མ་ཟད། ཁོང་ཚོར་ཁུ་རཱན་གསུང་རབ་ Quran དང་ཨུརྡུ་སློབ་སྦྱོང་བྱེད་སའི་ཁ་ཆེའི་སློབ་གྲྭ་ལྷ་སར་གཉིས་དང་གཞི་ཀ་རྩེར་གཅིག་ཡོད། དེ་བཞིན་རྒྱ་གར་དུ་བཙན་བྱོལ་སྤྱི་ཚོགས་ནང་ཁ་ཆེ་དང་བོད་རིགས་ནང་པའི་སྤྱི་ཚོགས་རྣམས་འཆམ་མཐུན་ངང་འཚོ་གནས་བྱེད་བཞིན་ཡོད།
ཀ་ཤྨིར་དང་ལ་དྭགས་ཀྱི་འབྱུང་ཁུངས།
ཀ་ཤི་མིར་དང་། ལ་དྭགས། བོད་བཅས་ཀྱི་དབར་ཚོང་འབྲེལ་གྱི་ལོ་རྒྱུས་ཡུན་རིང་དང་། ས་ཁུལ་དེ་དག་ནས་བོད་ཀྱི་ནུབ་ཕྱོགས་དང་དབུས་སུ་ཚོང་པ་མང་པོ་གཞིས་སུ་ཆགས་ཡོད། དུས་རབས་བཅུ་བཞི་པའི་དུས་མཇུག་ཏུ་ཀཥྨིར་དང་ལ་དྭགས་ནང་སུ་ཧྥི་ Sufi སློབ་དཔོན་རྣམས་ཀྱིས་ཁ་ཆེའི་ཆོས་ངོ་སྤྲོད་གནང་བའི་རྗེས། གཞིས་ཆགས་པ་རྣམས་ཀྱི་ཁྲོད་ཁ་ཆེ་གནས་ཡོད་ངེས་ཡིན། བོད་ནང་ཀཥྨིར་དང་ལ་དྭགས་ཀྱི་ཁ་ཆེ་ཡུལ་མི་གནས་སྤོ་བ་མང་པོ་དུས་གཅིག་ལ་འདུས་པའི་དུས་འགྱུར་གཙོ་བོ་དེ་ནི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་༸གོང་ས་ལྔ་པ་ཆེན་པོ་མཆོག་གིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བའི་སྐབས་སུ་བྱུང་། ཁོང་ཚོ་མང་ཆེ་བ་བོད་དུ་ཡོང་དགོས་དོན་ཡང་ཀཥྨིར་ནང་གང་སར་མུ་གེ་ཐེབས་བའི་རྐྱེན་གྱིས་བོད་དུ་ཡོང་ནས་ལྷ་སར་གཞིས་ཆགས།
༸གོང་ས་ལྔ་པ་ཆེན་པོས་དམིགས་བསལ་ཐོབ་ཐང་གནང་བ།
ཆོས་ལུགས་ཚང་མར་གུས་བཀུར་ཞུས་ཏེ་མཐུན་སྒྲིལ་ཡོང་ཐབས་ཀྱི་ཆ་ཤས་སུ། ༸གོང་ས་ལྔ་པ་ཆེན་པོས་ཁ་ཆེའི་སྤྱི་ཚོགས་ཀྱི་ཁོངས་མི་རྣམས་ལ་དམིགས་བསལ་ཐོབ་ཐང་བསྩལ་གནང་ཡོད། ཁོང་ཚོས་རང་ཉིད་ཀྱི་ནང་སྲིད་ཐད་ལམ་སྟོན་ཕྱིར་འཐུས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་གི་ཚོགས་མི་འདེམ་བསྐོ་བྱེད་ཆོག་པ་དང་། ཤ་རི་ཡའི་ཁྲིམས་ལུགས་ Sharia གཞིར་བཟུང་ནང་གི་དཀའ་རྙོག་རྣམས་རང་དབང་ངང་ཐག་གཅོད་བྱེད་ཆོག་པ། བོད་ཀྱི་གྲོང་ཁྱེར་གཞན་ནང་ཚོང་ཁང་དང་ཚོང་འབྲེལ་རྩ་འཛུགས་ཆོག་པ། དཔྱ་ཁྲལ་ཆག་ཡང་གཏོང་བ་བཅས་ཀྱི་དམིགས་བསལ་ཐོབ་ཐང་གནང་ཡོད། དེར་མ་ཟད། ཁ་ཆེ་ཚོས་ས་ག་ཟླ་བའི་སྐབས་དམར་ཟས་ལོངས་སྤྱོད་ཆོག་པ་དང་སྨོན་ལམ་ཆོ་འཕྲུལ་ཆེན་མོའི་སྐབས་དགེ་འདུན་གྱི་ལས་སྣེའི་དྲུང་དུ་མགོ་ཞྭ་འབུད་མི་དགོས། གཞན་ཡང་༸གོང་ས་ལྔ་པ་ཆེན་པོས་ཁ་ཆེ་ཚོར་ལྷ་སའི་ནང་ཁ་ཆེའི་ལྷ་ཁང་དང་དུར་ཁྲོད་ཆེད་ས་ཆ་གནང་བ་དང་། བོད་སྲིད་གཞུང་གི་གཞུང་འབྲེལ་དུས་སྟོན་དང་མཛད་སྒོ་ཆེ་ཁག་ཚང་མར་ཁ་ཆེའི་འགོ་ཁྲིད་མགྲོན་འབོད་གནང་ཡོད།
ལ་དྭགས་དང་ཚོང་འབྲེལ།
ཕྱི་ལོ་ ༡༦༨༤ ལོར་བོད་དང་ལ་དྭགས་དབར་ཞི་བའི་ཆིངས་ཡིག་ཅིག་བཞག་པའི་ཆ་ཤས་སུ་བོད་གཞུང་གིས་ལོ་ངོ་གསུམ་རེའི་ནང་ལ་དྭགས་ཀྱི་ཚོང་པ་ལྷ་སར་ཡོང་ཆོག་པའི་གནང་བ་བསྩལ། ལམ་སྲོལ་དེ་ནི་བོད་དང་རྒྱལ་ཁབ་གཞན་རྣམས་ཀྱི་དབར་འབྲེལ་ལམ་ཆད་པའི་སྐབས་སུའང་མུ་མཐུད་དེ་གནས། ཀཥྨིར་དང་ལ་དྭགས་ཀྱི་ཚོང་པ་མང་པོ་ཚོང་འབྲེལ་དེ་དང་མཉམ་དུ་བོད་ནང་གནས་སྡོད་བྱས་ཏེ། སྔོན་ཚུད་ནས་དེ་གར་བཅའ་སྡོད་བྱས་པའི་ཁ་ཆེའི་སྤྱི་ཚོགས་ཁོངས་སུ་ཞུགས་ཡོད།
ཀཥྨིར་གྱི་ཁ་ཆེའི་ཚོང་པ་ཁག་ད་དུང་བལ་ཡུལ་ནང་གཞིས་ཆགས་ཡོད། ཁོང་ཚོས་བལ་ཡུལ་དང་བོད་རིགས་ཀཥྨིར་ཁ་ཆེའི་དབར་ཚོང་འབྲེལ་བཙུགས། ཕྱི་ལོ་ ༡༧༦༩ ལོར་པྲི་ཐི་ཝཱི་ནཱ་ར་ཡཎ་ཤཱ་ Prithvi Narayan Shah གྱིས་བལ་ཡུལ་རྒྱལ་ས་ཀཐ་མཎ་ཌུ་དབང་སྒྱུར་བྱས་ཏེ་ཁོང་ཚོ་བལ་ཡུལ་ནས་ཕྱིར་འབུད་བཏང་རྗེས། མང་པོ་ཞིག་བོད་ཡུལ་དུ་གྱར། ཕྱི་ལོ་ ༡༨༥༦ ལོར་བོད་དང་བལ་ཡུལ་དབར་ཆིངས་ཡིག་བཞག་པའི་རྗེས། ཁོང་ཚོས་བལ་ཡུལ་དང་རྒྱ་གར་མཉམ་དུ་ཚོང་འབྲེལ་མུ་མཐུད་མཇུག་བསྐྱངས།
ཕྱི་ལོ་ ༡༨༤༡ ལོར་ཀཥྨིར་ཌོག་རའི་ Dogra དམག་གིས་བོད་ལ་བཙན་འཛུལ་བྱས། ཁོང་ཚོར་ཕམ་ཉེས་བྱུང་བའི་རྗེས། ཀཥྨིར་དང་ལ་དྭགས་ཀྱི་ཁ་ཆེའི་དམག་མི་མང་པོ་བཙོན་ཁང་དུ་ལུས། ཧིན་དུའི་ཌོག་རའི་དམག་མི་རྣམས་ཀྱང་བོད་དུ་གཞིས་ཆགས་ནས་ཁ་ཆེའི་ཆོས་དང་ལེན་བྱས། ཁོང་ཚོས་མངའ་རིས་ཁམ་བུ་དང་ཀུ་ཤུ་འདེབས་འཛུགས་ངོ་སྤྲོད་དང་ལག་བསྟར་བྱས།
ཧུའེ་ཁ་ཆེའི་ Hui Muslim གཞིས་ཆགས་མཁན།
དུས་རབས་བཅུ་བདུན་པའི་སྐབས་ནས་བཟུང་། ཧུའེ་ Hui རྒྱ་རིགས་ཁ་ཆེའི་ཚོང་པ་རྣམས་ཉིང་ཤ་ Ningxia ནས་བོད་བྱང་ཤར་གྱི་མཚམས་སུ་མདོ་སྨད་ཟི་ལིང་དུ་གཞིས་ཆགས། ཁོང་ཚོས་བོད་རིགས་དང་གཉེན་སྒྲིག་བྱས་པ་དང་རྒྱ་བོད་དབར་ཚོང་འབྲེལ་གོ་སྒྲིག་བྱས། ཕྱིས་སུ་ཁོང་ཚོ་མང་པོ་ཞིག་ལྷ་སར་གཞིས་ཆགས། དེ་གར་ཁོང་ཚོས་ཁ་ཆེ་ལྷ་ཁང་དང་དུར་ཁྲོད་བཞེངས་ནས་ཁ་ཆེའི་སྤྱི་ཚོགས་ལོགས་སུ་བཙུགས།
རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་གནས་སྟངས་མངོན་གསལ་དོད་པོས་འགྱུར་བ་ཕྱིན་ཡོད། བོད་རིགས་ཁ་ཆེ་རྣམས་ལ་ནང་པ་ལྟར་སྡུག་སྦྱོང་གི་དཀའ་ངལ་གཅིག་མཚུངས་ཕྲད། མདོ་སྨད་ནང་གི་གྲོང་ཁྱེར་མང་ཆེ་བའི་ནང་ད་ཆ་རྩ་བའི་ཆ་ནས་ཧུའེ་རྒྱ་རིགས་ཁ་ཆེ་གནས་སྡོད་བྱས་ཡོད་ཅིང་། ས་གནས་བོད་རིགས་ཡུལ་མི་རྣམས་ས་མཐོའི་རྩ་ཐང་སྟེང་ལོགས་སུ་མཐར་སྐྲོད་བཏང་། དེར་མ་ཟད། ཧུའེ་རྒྱ་རིགས་ཀྱི་ཚོང་པ་ཧ་ཅང་མང་པོ་བོད་དབུས་སུ་གཞིས་ཆགས་ནས་བསྡད། འོན་ཀྱང་བོད་རིགས་ཁ་ཆེ་དང་མི་འདྲ་བར་ཁོང་ཚོ་ས་གནས་ཡུལ་མི་དང་མཐུན་སྒྲིལ་ཡོང་མི་ཐུབ་པར། དེ་ལས་ལྡོག་སྟེ་ཁོ་རང་ཚོའི་རྒྱ་ཡིག་དང་གོམས་སྲོལ་བདག་གཅེས་བྱེད་ཀྱི་ཡོད།།