བོད་བརྒྱུད་ནང་བསྟན་དང་བོན་གྱི་སྲོལ་རྒྱུན་དབར་ཞིབ་སྡུར།

བོད་ཀྱི་ཆོས་བརྒྱུད་ལྔ་པ་བོན།

ང་ཚོ་མང་ཆེ་བས་བོད་ལ་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། ལེགས་བཅོས་ཕྱིན་པའི་བཀའ་གདམས་ཆོས་བརྒྱུད་ཀྱི་བརྒྱུད་མར་གནས་པའི་དགེ་ལུགས་སོགས་ཆོས་བརྒྱུད་བཞི་ཡོད་ཅེས་ཤོད་ཀྱི་ཡོད། འོན་ཀྱང་ཕྱི་ལོ་ ༡༩༨༨ ལོའི་ཟླ་བ་ ༡༢ པའི་ནང་ཝཱ་རཱ་ཎ་སིར་༸གོང་ས་མཆོག་དབུ་བཞུགས་ཐོག་སྤྲུལ་སྐུ་དང་མཁན་པོ་རིས་མིད་ཀྱི་ལྷན་ཚོགས་ཐོག་༸གོང་ས་མཆོག་གིས་ཆོས་བརྒྱུད་བཞི་པོ་དེའི་སྟེང་བོད་ཀྱི་གདོད་མའི་ཆོས་བརྒྱུད་བོན་ཁ་སྣོན་བྱ་དགོས་པ་དང། རྟག་ཏུ་བོད་ལ་ཆོས་བརྒྱུད་ལྔ་ཡོད་ཅེས་ཤོད་དགོས་གལ་གྱི་བཀའ་སློབ་བསྩལ་ཡོད་པ་མ་ཟད། ང་ཚོས་བོན་ནི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ཞིག་ཏུ་ངོས་འཛིན་བྱེད་མིན་ནི་གལ་འགངས་ཆེ་བའི་གནད་དོན་ཞིག་མིན་པའི་འགྲེལ་བརྗོད་གནང་ཡོད། ཕྱི་ལོའི་དུས་རབས་བཅུ་གཅིག་ནས་གསར་གཏོད་བྱུང་བའི་བོན་གྱི་སྲོལ་རྒྱུན་དེར་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་བཞི་དང་ཐུན་མོང་མཉམ་སྤྱོད་བྱེད་པའི་ཁྱད་ཆོས་མང་དག་ཞིག་ཡོད་པས་ན། ང་ཚོས་ལྔ་པོ་དེ་སྡེ་ཚན་གཅིག་ཏུ་ངོས་འཛིན་བྱེད་ཆོག

བརྙན་པར། བསྟན་འཛིན་དབང་རྒྱལ་རིན་པོ་ཆེ། “བོན་གྱི་ནང་ཆོས།” 

བླ་མའི་གདན་རབས་དང་སིལ་བུར་གནས་པ།

བོད་ཀྱི་ཆོས་བརྒྱུད་ལྔ་པོ་དེའི་དབར་གྱི་མཚུངས་ཆོས་དང་མི་འདྲ་བའི་སྐོར་མ་གླེང་གོང་ང་ཚོས་དྲན་དགོས་པ་ཞིག་ལ་བོད་ཀྱི་ཆོས་བརྒྱུད་གཅིག་ལ་ཡང་ཡེ་ཤུའི་ཆོས་ལུགས་ནང་གི་ཡེ་ཤུ་རྣམ་དག་ཆོས་ལུགས་ལྟར་གྱི་གཞི་རྩའི་སྒྲིག་འཛུགས་བཟོས་པ་ཞིག་མེད། ཆོས་བརྒྱུད་དེ་དག་གི་དབུ་འཛིན་བླ་གཙོ་དང་། མཁན་པོ་ལ་སོགས་པ་རྣམས་ཀྱི་འགན་གཙོ་བོ་ནི་རབ་བྱུང་གི་སྡོམ་པ་འབོགས་རྒྱུ་དང་། ལུང་གི་བརྒྱུད་པ་རྒྱུན་སྐྱོང། དེ་བཞིན་གསང་སྔགས་ཀྱི་དབང་འབོགས་རྒྱུ་སོགས་ཡིན་པ་ལས། ཁོང་རྣམ་པའི་ཐུགས་འཁུར་དང་དོན་གཉེར་གནང་ས་གཙོ་བོ་དེ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་མིན། གདན་རབས་ནི་མི་ཚོགས་མང་པོ་འདུས་པའི་ཆོ་ག་ཕྱག་ལེན་གྱི་སྐབས་དང། བཞུགས་ཁྲི་མཐོ་དམན། གསོལ་ཇ་སོགས་སྔོན་དུ་འདེགས་འབུལ་ཞུ་བའི་གོ་རིམ་ལ་སོགས་དང་འབྲེལ་བ་ཡོད་པ་ཞིག་རེད། ཡུལ་གྱི་ཆགས་སྟངས་དང། རིག་གཞུང་གི་དབང་གིས་བོད་མི་རྣམས་ཧ་ཅང་རང་རྐང་ཚུགས་པ་དང་དགོན་སྡེ་ཁག་གིས་རང་རང་གི་ལམ་སྲོལ་རྒྱུན་སྐྱོང་བྱ་རྒྱུར་འདོད་མོས་བྱེད་ཀྱི་ཡོད། དགོན་སྡེ་ཁག་ཕན་ཚུན་རྒྱང་ཆད་དུ་དབེན་པར་གནས་པ་དང་། ཕར་ཚུར་འགྲུལ་བཞུད་དང་འབྲེལ་གཏུགས་ཀྱི་དཀའ་ཚེགས་སོགས་ཀྱིས་སིལ་བུར་གནས་སྡོད་བྱ་རྒྱུའི་འདོད་མོས་ལ་ཤུགས་སྣོན་བྱས་ཡོད།

ཐུན་མོང་གི་ཁྱད་ཆོས་ཁག

བོད་ཀྱི་ཆོས་བརྒྱུད་ལྔའི་དབར་བརྒྱ་ཆ་བརྒྱད་ཅུ་ལྷག་པའི་མཚུངས་ཆོས་སམ་ཐུན་མོང་གི་ཁྱད་ཆོས་མཉམ་སྤྱོད་བྱེད་ཀྱི་ཡོད། ཆོས་བརྒྱུད་དེ་དག་གི་ལོ་རྒྱུས་ལས་བརྒྱུད་པ་རྣམས་ཆ་ཤས་མེད་པའི་སྒྲིག་འཛུགས་བྱེ་བྲག་པ་ལོགས་སུ་གནས་པ་ཞིག་མིན་ཞེས་གསལ་སྟོན་བྱེད་ཀྱི་ཡོད། རྒྱ་གར་ནས་བྱུང་བ་རྣམས་གཙོ་བོར་གྱུར་བའི་བརྒྱུད་པ་རྣམས་ཆོས་བརྒྱུད་ལྔའི་ནང་བརྟན་ཚུགས་པོ་ཆཌ་ཏེ་ཐོག་མའི་སྲོལ་གཏོད་པ་པོ་རྣམས་ཀྱིས་བསྡུ་རུབ་དང་། མཉམ་སྡེབ་གནང་རྐྱེན་ཆོས་བརྒྱུད་དེ་དག་ཕྱོཌ་བསྡུས་ཀྱི་རྣམ་པར་གྱུར་བ་ཞིག་རེད། ཆོས་བརྒྱུད་སོ་སོའི་རྗེས་འཇུག་ཉམས་ལེན་པ་རྣམས་ཀྱིས་དེ་ལྟའི་ཕྱོགས་བསྡུས་ཀྱི་རྣམ་པ་དེར་“བརྒྱུད་པ་”ཞེས་ཐ་སྙད་བཏགས་ཡོད་ཀྱང། གཅིག་མཚུངས་སུ་བརྒྱུད་པའི་རིམ་པ་མང་ཆེ་བ་ཆོས་བརྒྱུད་གཞན་ཚོའི་ཕྱོགས་བསྡུས་ཀྱི་ཆ་ཤས་སུ་གྱུར་བ་ཞིག་རེད།

ཁྱིམ་པ་དང་དགེ་འདུན་སྡེའི་སྲོལ་རྒྱུན།

ཆོས་བརྒྱུད་ལྔ་པོའི་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་ཁྱད་ཆོས་དང་པོ་དེ་ནི། ཚང་མར་ཁྱིམ་པ་དང་དགེ་འདུན་གྱི་སྡེ་ཡོད་པ་རེད། ཁྱིམ་པའི་སྡེའི་ནང་གསང་སྔགས་ཀྱི་སྒོམ་སྒྲུབ་ཉམས་ལེན་གཟབ་ནན་གནང་མཁན་གྱི་ཁྱིམ་ཐབ་ཅན་གྱི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་དང་། གཟུངས་སྔགས་འདོན་རྒྱུ་དང་། དགོན་སྡེ་ལྷ་ཁང་ཁག་དང་རང་ཁྱིམ་དུ་མཆོད་འབུལ་བྱ་རྒྱུ། གནས་རྩ་ཆེན་དང་མཆོད་རྟེན་ཁག་ལ་སྐོར་བ་བྱ་རྒྱུ་སོགས་རང་གི་ཉམས་ལེན་གྱི་གཙོ་བོར་གྱུར་བའི་ཁྱིམ་པ་ཕལ་པ་རྣམས་ཚུད་ཡོད། ཡང་ཆོས་བརྒྱུད་ལྔ་གའི་ནང་དགེ་སློང་དང་དགེ་ཚུལ། དགེ་ཚུལ་མའི་སྡེ་ཡོད། བོད་དུ་དགེ་སློང་མའི་སྡོམ་རྒྱུན་ནམ་ཡང་དར་ཁྱབ་བྱུང་མེད། བོད་དུ་རང་ལོ་བརྒྱད་ཙམ་ནས་དགོན་སྡེ་དང་བཙུན་དགོན་དུ་འཛུལ་ཞུགས་བྱེད་ཀྱི་ཡོད་པ་དང་། ཆོས་བརྒྱུད་ཚང་མའི་དགོན་པའི་བཟོ་དབྱིབས་དང་མཛེས་བཀོད་རྣམས་ཀྱང་གཅིག་མཚུངས་ལྟ་བུར་གནས་ཡོད།

རྒྱ་གར་ནས་དར་བའི་གཞི་ཐམས་ཅད་ཡོད་པར་སྨྲ་བ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་བཞི་པོའི་རབ་བྱུང་གི་སྡེའི་སྡོམ་རྒྱུན་གཅིག་མཚུངས་དེ་ཡིན། བོན་གྱི་རབ་བྱུང་སྡེའི་སྡོམ་པ་ཅུང་མི་འདྲ་ཡང་སྡོམ་པའི་ཡན་ལག་ཕལ་མོ་ཆེ་ནང་པ་དང་གཅིག་མཚུངས་ལྟ་བུར་གནས་ཡོད། གཉིས་པོའི་དབར་གྱི་འབུར་དུ་ཐོན་པའི་ཁྱད་པར་ཞིག་ནི། བོན་ལུགས་ཀྱི་རབ་བྱུང་བ་རྣམས་ཀྱིས་དཀར་ཟས་བརྟེན་རྒྱུར་དམ་བཅས་པ་དེ་རེད། ཆོས་བརྒྱུད་ལྔ་པོ་དེ་དག་གི་རབ་བྱུང་བ་རྣམས་ཀྱིས་རང་ཉིད་ཀྱི་མགོ་བོའི་སྐྲ་བྲེགས། ཚངས་སྤྱོད་དུ་གནས་པ། ཕུ་ཕུང་མེད་པའི་སྟོད་གོས་དང་། ཤམ་ཐབས། གཟན་དམར་སྨུག་མདོག་ཅན་དེ་གྱོན་གྱི་ཡོད་ཀྱང་། བོན་ལུགས་རབ་བྱུང་བ་རྣམས་ཀྱིས་སེར་པོའི་ཚབ་ཏུ་ཁ་མདོག་སྔོན་པོ་ཅན་གྱི་སྟོད་སྒག་གྱོན་སྲོལ་ཡོད།

མདོ་གཞུང་ལ་སློབ་གཉེར།

བོད་ཀྱི་ཆོས་བརྒྱུད་ཚང་མས་ཆོ་ག་ཕྱག་ལེན་དང་། སྒོམ་ཉམས་ལེན། མདོ་དང་སྔགས་ཀྱི་སློབ་གཉེར་ཚུད་པའི་ལམ་ཞིག་ཉམས་སུ་ལེན་གྱི་ཡོད། དགོན་སྡེ་ཁག་གི་ནང་སྒྲིག་ཞུགས་བྱེད་པོ་རྣམས་ཀྱིས་ཆུང་དུས་ནས་སྔོན་བྱོན་མཁས་པ་རྣམས་ཀྱི་བརྩམས་པའི་གཞུང་ལུགས་ཁག་དང་། ཆོ་ག་ཕྱག་ལེན་དང་འབྲེལ་ཡོད་ཀྱི་དཔེ་རིགས་མང་དག་ཞིག་བློ་འཛིན་བྱས་ཏེ། བགྲོ་གླེང་དང་རྟགས་གསལ་ཤུགས་ཆེན་གྱི་ལམ་ནས་སློབ་གཉེར་བྱེད་ཀྱི་ཡོད། མདོ་ལ་སློབ་གཉེར་བྱེད་ཕྱོགས་དེ་བོད་བརྒྱུད་ནང་བསྟན་དང་བོན་པོ་གཉིས་གཅིག་མཚུངས་སུ་གནས་ཡོད་པ་ཞིག་རེད། དེའི་ནང་ལམ་གྱི་རིམ་པ་དང་འབྲེལ་བའི་ཤེར་ཕྱིན་གྱི་གཞུང་དང་། དངོས་པོའི་གནས་ལུགས་སྟོང་པ་ཉིད་ཀྱི་ཡང་དག་པའི་ལྟ་བ་དང་འབྲེལ་བའི་དབུ་མའི་གཞུང། ཚོར་ཤེས་དང་རིགས་ལམ་གཉིས་དང་འབྲེལ་བའི་ཚད་མའི་གཞུང་། དངོས་ཁམས་རིག་པ་དང་འབྲེལ་བའི་མངོན་པའི་གཞུང་སོགས་ཚུད་ཡོད། གོང་གསལ་གྱི་ཤེས་བྱའི་གནས་དེ་དག་དང་འབྲེལ་བའི་བོད་ཀྱི་གཞུང་ལུགས་རྣམས་འགྲེལ་བརྗོད་ཐད་ཆོས་བརྒྱུད་ལྔ་པོའི་དབར་ཁྱད་པར་ཅུང་ཡོད་པ་མ་ཟད། ཆོས་བརྒྱུད་བྱེ་བྲག་པ་རེ་རེའི་དགོན་སྡེ་ཁག་གི་དབར་ཡང་ཧེ་བག་ཏོག་ཙམ་ཡོད། ཧེ་བག་དེ་དག་ལ་བརྟེན་ནས་རྟགས་གསལ་དང་བགྲོ་གླེང་ལ་དོ་དབྱིངས་དང་དོན་གཉེར་ཆེ་བ་སླེབས་པར་བྱེད་ཀྱི་ཡོད། སློབ་གཉེར་གྱི་བརྒྱུད་རིམ་རིང་མོའི་མཐར་ཆོས་བརྒྱུད་ལྔ་པོ་དེ་དག་ཚང་མས་སློབ་གཉེར་བར་དགེ་བཤེས་སམ་མཁན་པོའི་གོ་གནས་ཀྱི་ཕྱག་ཁྱེར་སྤྲོད་ཀྱི་ཡོད།

བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་བཞི་པོ་དེ་དག་གིས་བྱེ་བྲག་སྨྲ་བ་དང། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་རྒྱ་གར་གི་ནང་པའི་གྲུབ་མཐའ་བཞིར་སློབ་གཉེར་བྱེད་ཀྱི་ཡོད། དེ་དག་གིས་གྲུབ་མཐའ་ཁག་གི་འགྲེལ་བརྗོད་ཐད་ཧེ་བག་ཅུང་ཡོད་ཀྱང་། ཚང་མས་དབུ་མའི་གྲུབ་མཐའ་གཏིང་ཟབ་ཤོས་དང་མཐར་ཐུག་གནད་དུ་འཁེལ་བའི་ལྟ་བར་ཁས་ལེན་བྱེད་ཀྱི་ཡོད། དེ་བཞིན་ཆོས་བརྒྱུད་བཞི་གས་རྒྱ་གར་གི་སློབ་དཔོན་ཆེན་པོ་བྱམས་པ་དང། ཐོགས་མེད། ཀླུ་སྒྲུབ། ཟླ་གྲགས། ཞི་བ་ལྷ་སོགས་པས་བརྩམས་པའི་བསྟན་བཅོས་ལ་གཅིག་མཚུངས་སུ་སློབ་གཉེར་བྱེད་ཀྱི་ཡོད། ཆོས་བརྒྱུད་བཞི་པོར་བསྟན་བཅོས་དེ་དག་དང་འབྲེལ་བའི་རང་རང་གི་བོད་འགྲེལ་ཡོད་པ་དེ་དག་ཀྱང་ཕན་ཚུན་དབར་ཧེ་བག་ཅུང་ཡོད།

སྔགས་གཞུང་ལ་སློབ་གཉེར་དང་ཉམས་ལེན།

གསང་སྔགས་སློབ་གཉེར་དང་ཉམས་ལེན་གྱི་ཁྱབ་ཁོངས་སུ་དབྱེ་བ་འབྱེད་ཕྱོགས་ལ་གཞིགས་པའི་རྒྱུད་སྡེ་བཞིའམ་དྲུག་ཚང་མ་ཚུད་ཡོད། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་བཞི་གས་གཅིག་མཚུངས་སུ་ཡི་དམ་གྱི་ལྷ་སྤྱན་རས་གཟིགས་དང་། སྒྲོལ་མ། འཇམ་དབྱངས། འཁོར་ལོ་སྡོམ་པ། རྡོ་རྗེ་རྣལ་འབྱོར་མ་སོགས་པའི་ཉམས་ལེན་བྱེད་ཀྱི་ཡོད་པ་ལས་ཆོས་བརྒྱུད་བྱེ་བྲག་པ་གཅིག་གིས་ཉམས་ལེན་བྱེད་པ་མ་གཏོགས་གཞན་ཚོས་མི་བྱེད་པའི་ཡི་དམ་གྱི་ལྷ་བྱེ་བྲག་པ་ཞིག་ཕལ་ཆེར་མེད། ས་སྐྱའི་ཡི་དམ་གྱི་གཙོ་བོ་ཀྱཻ་རྡོར་གྱི་ཉམས་ལེན་རྣམས་དགེ་ལུགས་པས་ཀྱང་བྱེད་ཀྱི་ཡོད་པ་དང་། དགེ་ལུགས་ཀྱི་ཡི་དམ་གྱི་གཙོ་བོ་རྡོ་རྗེ་འཇིགས་བྱེད་ཀྱི་ཉམས་ལེན་རྣམས་ཤངས་པ་བཀའ་བརྒྱུད་པས་བྱེད་ཀྱི་ཡོད། བྱམས་པ་དང་ཤེས་རབ་ཀྱི་བདག་ཉིད་ཅན་ལ་སོགས་པ་མཚོན་པའི་སྒོ་ནས་བོན་ལུགས་ཀྱི་ཡི་དམ་དང་ནང་པའི་ཡི་དམ་གྱི་དབར་མཚུངས་ཆོས་ཡོད།

སྒོམ་སྒྲུབ་ཉམས་ལེན།

ཆོས་བརྒྱུད་ལྔ་གའི་ནང་གི་སྒོམ་ལ་ཆ་མཚོན་ན། ལོ་གསུམ་ཕྱོགས་གསུམ་དང་བཅས་པའི་དུས་ཡུན་རིང་པོའི་བར་སྒོམ་སྒྲུབ་ཀྱི་ཉམས་ལེན་ཚུད་ཡོད་པ་དང་། སྒོམ་གྱི་ཉམས་ལེན་དུ་མ་བཞུགས་གོང་ཕྱག་འབུམ་དང་སྔགས་བཟླས་བརྗོད་སོགས་ཀྱི་སྔོན་འགྲོའི་ཕྱག་ལེན་གཟབ་ནན་སྔོན་དུ་འགྲོ་དགོས་ཤིང་། དགོས་ངེས་ཀྱི་སྔོན་འགྲོའི་ཕྱག་ལེན་དང་། ཕྱག་ལེན་དེ་དག་བྱེད་ཕྱོགས། ལོ་གསུམ་ཕྱོགས་གསུམ་གྱི་སྒོམ་སྒྲུབ་ཉམས་ལེན་སོགས་ཀྱི་ཐད་ཆོས་བརྒྱུད་ལྔ་པོ་དེ་དག་ཕན་ཚུན་དབར་མི་འདྲ་བ་ཅུང་ཡོད་ཀྱང་། གཞི་རྩའི་ཆ་ནས་ཚང་མས་སྒོམ་ཉམས་ལེན་གཅིག་མཚུངས་བྱེད་ཀྱི་ཡོད།

ཆོ་ག་ཕྱག་ལེན།

ཆོ་ག་ཕྱག་ལེན་ཡང་ཆོས་བརྒྱུད་ལྔ་གའི་ནང་ཧ་ཅང་འདྲ་པོ་ཡོད། ཚང་མས་ཡོན་ཆབ་དང་། མར་མེ། བདུག་སྤོས་འབུལ་བ། ཞབས་སྐྱིལ་ཀྲུང་གི་སྟབས་སུ་སྡོད་ཅིང་། རྡོ་རྗེ་དང་དྲིལ་བུ། ཌ་མ་རུ། དུང་། སྦུབ་ཆལ། རྔ་བེད་སྤྱོད་བྱེད་ཅིང་། སྐད་གདངས་མཐོན་པོའི་ངང་ངག་འདོན་བྱེད་ལ། ཚོགས་སྒྲུབ་དང་བྱིན་ཅན་གྱི་ཚོགས་ཕུད་དོད་ཤ་དང་ཚོགས་ཆང་ཕྲན་བུ་ལོངས་སུ་སྤྱད་ཅིང་། ཆོ་ག་དང་འབྲེལ་བའི་འདུས་སྡེའི་སྐབས་བོད་ཇ་འདེགས་འབུལ་བྱེད་ཀྱི་ཡོད། ཐོག་མར་བོན་ནས་དར་བའི་ལུགས་ལྟར་ཆོས་བརྒྱུད་ལྔ་པོས་གཏོར་མའི་མཆོད་པ་འབུལ་གྱི་ཡོད་ལ། སྲུང་སྐྱོབ་སླད་ཡུལ་ལྷ་གཞི་བདག་ལ་མཆོད་པ་འབུལ་བ་དང་། མི་མཐུན་ཕྱོགས་ཀྱི་ལྷ་སྲིན་རྣམས་ཞི་རྒྱས་དབང་དྲག་གི་ཆོ་གའི་ལམ་ནས་བཏུལ་བ། དམིགས་བསལ་གྱི་དུས་སྟོན་སྐབས་མར་ལས་གྲུབ་པའི་འབུར་གཟུགས་བཞེངས་ནས་མཆོད་པ་འབུལ་ཞིང་། ཚོན་མདངས་སྣ་ལྔའི་དར་ལྕོག་འདོགས་སྲོལ་ཡོད། ཆོས་བརྒྱུད་ཚང་མས་བླ་མ་སྐྱེས་ཆེན་དམ་པ་རྣམས་ཀྱི་རིང་བསྲེལ་མཆོད་རྟེན་སོགས་ཀྱི་ནང་འཇོག་ཏེ་དེར་སྐོར་བ་བྱེད་ཀྱི་ཡོད། སྐོར་བ་བྱེད་སྟངས་དེ་ཡང་ནང་པ་ཚོས་སྐོར་བ་ནང་སྐོར་དང་བོན་པོ་རྣམས་ཀྱིས་སྐོར་བ་ཕྱི་སྐོར་རྒྱག་སྲོལ་ཡོད། ཆོས་བརྒྱུད་ལྔ་གའི་རི་མོ་དང་། སྐུ་འདྲ། ལྡེབས་རིས་བཅས་ཀྱི་ཐིག་ཚད་རྣམས་ཀྱང་རྩ་འཛིན་ལྟར་གཅིག་མཚུངས་སུ་ལག་བསྟར་བྱེད་ཀྱི་ཡོད།

སྤྲུལ་སྐུའི་ལམ་ལུགས།

ཆོས་བརྒྱུད་ལྔ་པོར་གཅིག་མཚུངས་སུ་ཡོད་པའི་ཁྱད་ཆོས་གཞན་ཞིག་ནི་སྤྲུལ་སྐུའི་ལམ་ལུགས་དེ་རེད། སྤྲུལ་སྐུ་ནི་རང་གི་སྐྱེ་བ་གང་དུ་བླངས་ཕྱོགས་ཐད་རང་དབང་ཡོད་པའི་བླ་མ་དང་། ཉམས་ལེན་པ་རྣམས་ཀྱི་ཡང་སྲིད་རིམ་བྱོན་ལ་གོ་བ་ཡིན། ཁོང་རྣམས་ཐུགས་དམ་བཞུགས་པ་དང་བཅས་ཏེ་སྐུ་མྱ་ངན་ལས་འདས་ཏེ་དུས་རན་འཚམས་ཞིག་སོང་རྗེས་སློབ་མ་རྣམས་ཀྱིས་དམིགས་བསལ་གྱི་ཐབས་ལམ་འགའ་བེད་སྤྱད་དེ་བྱིས་པའི་ཁྲོད་ནས་ཡང་སྲིད་རྩད་གཅོད་བྱེད་ཀྱི་ཡོད། དེ་ལྟར་བྱས་རྗེས་སློབ་མ་རྣམས་ཀྱིས་ཡང་སྲིད་རྣམས་སྐུ་སྐྱེ་སྔོན་མའི་བཞུགས་གནས་སུ་གདན་དྲངས་ཏེ་བཤེས་གཉེན་ཡག་གྲས་ཀྱི་གཟིགས་སྐྱོང་འོག་སློབ་གཉེར་བྱེད་དུ་འཇུག་གི་ཡོད། སྐྱ་སེར་གཉིས་ཀས་ཆོས་བརྒྱུད་ལྔ་པོའི་སྤྲུལ་སྐུ་རྣམ་པར་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཡང་ནས་ཡང་དུ་རང་གི་མི་ཚེ་དང་འབྲེལ་བའི་གདན་དོན་ཐད་སྤྲུལ་སྐུ་དང་བླ་ཆེན་རྣམས་ལ་ཕྱྭ་མོ་ཞུ་སྲོལ་ཡོད། དེ་ཡང་ནམ་རྒྱུན་ཡི་དམ་གྱི་ལྷ་ཞིག་ལ་གསོལ་བ་བཏབ་ཏེ་ཤོ་གསུམ་འཕངས་ཏེ་ཕྱྭ་མོ་གཟིགས་ཚུལ་ཞིག་ཡོད།

བོད་ཀྱི་ཆོས་བརྒྱུད་ཚང་མས་ཕྱག་དཔེ་སློབ་གཉེར་དང་། བགྲོ་གླེང་། ཆོ་ག་ཕྱག་ལེན། སྒོམ་ལ་སོགས་པ་ཉམས་ལེན་བྱེད་ཀྱི་ཡོད་ཀྱང་། ཆོས་བརྒྱུད་བྱེ་བྲག་པ་གཅིག་ནང་གི་དགོན་སྡེ་ཁག་དང་། དགོན་སྡེ་བྱེ་བྲག་པ་གཅིག་གི་དགེ་འདུན་པ་ནང་ཕན་ཚུན་དབར་གོང་གསལ་གྱི་ཉམས་ལེན་རྣམས་ཀྱི་ཐད་ནན་བརྗོད་ལ་ཁྱད་པར་ཡོད། དེར་མ་ཟད། བླ་ཆེན་ཁག་དང་། བགྲེས་སོང་། ནད་པ་ཕུད་པའི་བཙུན་པ་དང་བཙུན་མ་རྣམས་ཀྱིས་རང་རང་གི་དགོན་སྡེ་རྒྱུན་གནས་ཡོང་ཕྱིར་འདུ་ཁང་བྱི་དོར་དང་། མཆོད་པ་སྒྲིག་གཤོམས། ཆུ་ལེན་རྒྱུ། མེ་ཤིང་འཐུ་སྒྲུབ། ཐབ་ལས། གསོལ་ཇ་འདེགས་འབུལ་ལ་སོགས་པའི་འཆར་ཅན་གྱི་ངལ་ལས་དཀྱུས་མ་རྣམས་རེ་མོས་ཀྱི་ཚུལ་དུ་བྱ་དགོས། གྲྭ་བཙུན་ཁ་ཤས་སློབ་གཉེར་དང་། བགྲོ་གླེང་། སློབ་འཁྲིད། སྒོམ་ལ་སོགས་པ་གཙོ་བོར་དོན་གཉེར་གནང་ནའང་། ད་དུང་འདུས་ཚོགས་དང་། ཞལ་འདོན། ཆོ་ག་ཕྱག་ལེན་སོགས་ཀྱི་ནང་མཉམ་ཞུགས་བྱ་རྒྱུ་ནི་ཁོང་ཚོའི་ཉིན་དང་མཚན་མོའི་ཁྲོད་ནས་དུས་ཀྱི་ཆ་ཤས་གལ་ཆེན་ཞིག་ཀྱང་ཡིན། དགེ་ལུགས་དང་ས་སྐྱ་གཉིས་ཀྱིས་སློབ་གཉེར་དང་། བཀའ་བརྒྱུད་དང་རྙིང་མ་གཉིས་ཀྱིས་སྒོམ་སྒྲུབ་ཉམས་ལེན་བྱེད་ཀྱི་ཡོད་ཅེས་པའི་ནན་བཤད་དེ་ནི་སྤྱི་ཡོངས་སྣང་ཚུལ་དང་ཚོད་དཔག་ཞིག་ལས་མ་འདས།

བརྒྱུད་པ་འདྲེས་མ།

བརྒྱུད་པ་མང་པོ་ཞིག་ནི་བོད་ཀྱི་ཆོས་བརྒྱུད་ལྔ་པོ་ནང་ཕན་ཚུན་འདྲེས་པ་ལས་བྱུང་བ་ཞིག་ཡིན། དཔེར་ན། གསང་བ་འདུས་པའི་རྒྱུད་ཀྱི་བརྒྱུད་པ་དེ་བཞིན་མར་པ་ལོ་ཙཱ་ནས་བཀའ་བརྒྱུད་དང་དགེ་ལུགས་གཉིས་ཀར་བརྒྱུད་པ་ཞིག་རེད། སེམས་ཀྱི་གནས་ལུགས་དང་འབྲེལ་བའི་ཕྱག་ཆེན་གྱི་ཆོས་སྐོར་རྣམས་སྤྱིར་བཀའ་བརྒྱུད་དང་འབྲེལ་བ་ཞིག་ཡིན་ཀྱང་། ས་སྐྱ་དང་དགེ་ལུགས་གཉིས་ཀྱིས་ཀྱང་ཕྱག་ཆེན་གྱི་བརྒྱུད་སྤེལ་གྱི་ཡོད། སེམས་ཀྱི་གནས་ལུགས་ཐད་སྒོམ་གྲུབ་ཀྱི་ཉམས་ལེན་གཞན་ཞིག་ཡོད་པ་དེ་ནི་རྫོགས་ཆེན་རེད། སྤྱིའི་ཆ་ནས་དེ་ནི་རྙིང་མ་དང་འབྲེལ་བ་ཞིག་ཡིན་ཀྱང་། ཀརྨ་པ་སྐུ་ཕྲེང་གསུམ་པའི་སྐུ་དུས་ནས་ཀརྨ་བཀའ་བརྒྱུད་ཀྱིས་གཙིགས་ཆེན་དུ་འཛིན་པ་ཞིག་དང་། འབྲུག་པ་བཀའ་བརྒྱུད་དང་བོན་གཉིས་ལ་ཡང་བརྒྱུད་པ་དེ་དང་ལྡན་པ་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནི་དགེ་ལུགས་ཙམ་མིན་པར་རྫོགས་ཆེན་དང་ས་སྐྱའི་གཞུང་ལ་མཁས་པའི་བླ་ཆེན་ཞིག་ཡིན་པ་དང་། དེ་དག་དང་འབྲེལ་བའི་གཞུང་མང་དག་ཅིག་མཛད་གནང་ཡོད། བོད་ཀྱི་ཆོས་བརྒྱུད་རྣམས་ཕན་ཚུན་གཞི་མཐུན་མི་སྲིད་པའམ་འབྲེལ་མེད་དུ་གནས་པ་ཞིག་མིན་པ་རྟོགས་ཕྱིར་ང་ཚོས་བློ་རྒྱ་ཡངས་པོ་བྱ་དགོས། དཔེར་ན། རྙིང་མའི་ཆོས་བརྒྱུད་ཉམས་ལེན་བྱེད་མཁན་ཞིག་མིན་ཡང་བཀའ་རྒྱུད་ཀྱི་དགོན་སྡེ་མང་དག་ཞིག་གི་ནང་གུ་རུ་རིན་པོ་ཆེ་དང་འབྲེལ་བའི་ཆོ་ག་སྒྲུབ་པ་དང་མཆོད་འབུལ་བྱེད་ཀྱི་ཡོད་པ་ལྟ་བུ་རེད།

མི་འདྲ་བའི་ཁྱད་པར།

ཐུན་མིན་བརྡ་ཆད་བེད་སྤྱོད་བྱེད་ཕྱོགས།

བོད་ཀྱི་ཆོས་བརྒྱུད་ལྔ་པོ་དེ་དག་དབར་མི་འདྲ་བའི་ཁྱད་པར་ཆེ་ཁག་གང་དག་ཡོད་དམ་ཞེ་ན། གཅིག་ནི་ཐུན་མིན་བརྡ་ཆད་བེད་སྤྱོད་བྱེད་ཕྱོགས་དེ་རེད། བོན་གྱིས་ནང་ཆོས་དང་གཅིག་མཚུངས་སུ་གྱུར་བའི་གནད་དོན་ཕལ་ཆེ་བའི་ཐད་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། དེ་དག་མང་དག་ཅིག་མིང་ཚིག་གམ་ཐ་སྙད་མི་འདྲ་བ་བེད་སྤྱོད་བྱེད་ཀྱི་ཡོད། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་བཞིས་གཅིག་མཚུངས་སུ་གྱུར་བའི་ཐུན་མིན་གྱི་བརྡ་ཆད་བྱེ་བྲག་པ་ཞིག་གི་ཐད་འགྲེལ་བརྗོད་མི་འདྲ་བ་བྱེད་ཀྱི་ཡོད། དེ་ནི་དོན་དངོས་ཐོག་སྤྱི་ཡོངས་ཀྱི་ཆ་ནས་བོད་བརྒྱུད་ནང་བསྟན་རྟོགས་ཐབས་བྱེད་སྐབས་འཕྲད་པའི་དཀའ་ཚེགས་ཆེན་པོ་ཞིག་ཡིན། ཆོས་བརྒྱུད་བྱེ་བྲག་པ་གཅིག་ལ་མཚོན་ན་ཡང་རྩོམ་པ་པོ་རྣམས་ཀྱིས་ཐ་སྙད་བྱེ་བྲག་པ་གཅིག་འགྲེལ་བརྗོད་མི་འདྲ་བ་གནང་ཡོད། དེར་མ་ཟད། རྩོམ་པ་པོ་བྱེ་བྲག་པ་ཞིག་གི་ལྗགས་རྩོམ་ཁག་གི་ནང་ཐ་སྙད་བྱེ་བྲག་པ་ཞིག་འགྲེལ་བརྗོད་བྱེད་ཕྱོགས་ཐད་མི་འདྲ་བའི་ཁྱད་པར་ཡོད། ཇི་སྲིད་ཐུན་མིན་གྱི་བརྡ་ཆད་དེ་དག་གི་ཐད་རྩོམ་པ་པོ་རྣམས་ཀྱི་འགྲེལ་བརྗོད་གང་འདྲ་བྱེད་ཀྱི་ཡོད་མེད་གསལ་པོར་མ་རྟོགས་ན། ང་ཚོ་མགོ་རྙོག་ཧ་ཅང་ཚ་པོ་ཆགས་སྲིད་པ་ཡིན། ངས་དཔེ་མཚོན་འགའ་ཤས་ཞུ་རྒྱུ་ཡིན།

དགེ་ལུགས་པ་རྣམས་ཀྱིས། སེམས་ཞེས་པ་ནི་ཡུལ་ལ་རིག་པ་སྟེ། དེ་ནི་མི་རྟག་པར་འདོད་ཀྱང་། བཀའ་བརྒྱུད་དང་རྙིང་མ་པས་དེ་རྟག་པར་འདོད། འདོད་ཕྱོགས་དེ་གཉིས་གཞི་མཐུན་མི་སྲིད་པའི་ཕན་ཚུན་སྤང་འགལ་ལྟར་སྣང་ཡང་། དེ་ལྟར་མིན། གང་ལགས་ཞེ་ན། དགེ་ལུགས་པ་རྣམས་ཀྱིས་རིག་པ་འཇུག་ཡུལ་གྱི་ཤེས་བྱ་རྣམས་སྐད་ཅིག་སྐད་ཅིག་ནས་འགྱུར་བ་འགྲོ་གི་ཡོད་པའི་ཆར་གཞིགས་ཏེ་མི་རྟག་པར་འདོད་ཅིང་། བཀའ་བརྒྱུད་དང་རྙིང་མ་པ་རྣམས་ཀྱིས་རིག་པའི་གཞིའི་ངོ་བོར་གང་གིས་ཀྱང་གནོད་མི་ཐུབ་པ་དང་། རྒྱུན་གྱི་ཆ་ནས་རིག་པ་རྟག་པ་ཡིན་པར་འདོད། ཕྱོགས་གཉིས་ཀས་ཕན་ཚུན་གྱི་འདོད་ཕྱོགས་ལ་མོས་མཐུན་བྱེད་ཀྱི་ཡོད་ཀྱང་། གོ་དོན་མི་འདྲ་བའི་བརྡ་ཆད་བེད་སྤྱོད་བྱེད་ཕྱོགས་ཀྱི་ཆ་ནས་འགལ་འདུར་སྣང་། བཀའ་བརྒྱུད་དང་རྙིང་མ་པ་རྣམས་ཀྱིས་གང་ཟག་ཞིག་གི་རིག་པས་སྐད་ཅིག་སྐད་ཅིག་དུ་ཤེས་བྱ་འདྲ་མིན་རྟོགས་ཅེས་བརྗོད་ངེས་ལ་དགེ་ལུགས་པ་རྣམས་ཀྱིས་གང་ཟག་ཞིག་གི་སེམས་ནི་ཐོག་མཐའ་མེད་པའི་རིག་པའི་རྒྱུན་ཡིན་པར་འདོད་ངེས་རེད།

དཔེ་མཚོན་གཞན་ཞིག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་སྐབས་དགེ་ལུགས་པ་རྣམས་ཀྱིས་དངོས་པོ་འདི་དང་དེ་རྣམས་མིང་བརྡ་དང་འདི་དང་དེ་ཞེས་འདོགས་རུང་ཚད་མར་སྣང་བའི་བློ་ལ་བརྟེན་ནས་གྲུབ་པར་རྒྱུ་མཚན་དུ་བྱས་ཏེ་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ་ནས་ཆོས་ཐམས་ཅད་གྲུབ་པར་བརྗོད། ཤེས་བྱ་རྣམས་ནི་མིང་བརྡ་དང་བློས་ཇི་ལྟར་མཚོན་པ་ལྟར་རེད། ཤེས་བྱར་རང་ངོས་ནས་གྲུབ་པ་དང་རང་མཚན་གཏན་ནས་མེད། དེར་བརྟེན་དགེ་ལུགས་པ་རྣམས་ལ་མཚོན་ན་རྟེན་འབྲེལ་ལས་གྲུབ་པ་ནི་མཐའ་གཅིག་ཏུ་ཡིན་པ་མི་སྲིད་པས་སྟོང་པའམ་སྟོང་ཉིད་ཀྱི་སྐད་དོད་ཡིན།

ཕྱོགས་གཞན་ཞིག་ནས་བཀའ་བརྒྱུད་པ་རྣམས་ཀྱིས་དོན་དམ་ནི་རྟེན་འབྲེལ་ལས་འདའ་བར་བརྗོད་ཀྱི་ཡོད་པ་དེས་དོན་དམ་ལ་རྟེན་འབྲེལ་ཙམ་མིན་པར་རང་ངོས་ནས་གྲུབ་པའི་རང་བཞིན་གྱི་གནས་པ་ཡོད་པར་འདོད་པ་ལྟ་བུར་སྣང་ཡང་། གོ་བ་དེ་ལྟར་མིན། སྐབས་འདིར་བཀའ་བརྒྱུད་པ་རྣམས་ཀྱིས་རྟེན་འབྲེལ་ཞེས་བརྗོད་སྐབས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་བརྗོད་ཀྱི་ཡོད། མ་རིག་པ་ལ་བརྟེན་ནས་འབྱུང་བ་མིན་པའི་ཆ་ནས་དོན་དམ་མམ་མཐར་ཐུག་བདེན་པའི་དངོས་པོ་ནི་རྟེན་འབྲེལ་ལས་འདའ་བ་ཞིག་ཡིན། དགེ་ལུགས་པ་རྣམས་ཀྱིས་ཀྱང་འདོད་ཕྱོགས་དེར་མོས་མཐུན་བྱེད་ཀྱི་ཡོད་ཀྱང་། ཁོང་ཚོས་འགྲེལ་བརྗོད་གཞན་ཞིག་གི་ལམ་ནས་རྟེན་འབྲེལ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱེད་པ་ཙམ་ཡིན། བོད་ཀྱི་ཆོས་བརྒྱུད་རྣམས་ཀྱི་འདོད་ཕྱོགས་ཐད་ཡོད་པའི་ཁྱད་པར་མང་ཆེ་བ་གནད་འགག་ཆེ་བའི་ཐ་སྙད་འགྲེལ་བརྗོད་ལས་བྱུང་བ་ཞིག་རེད། དེ་ནི་མགོ་རྙོག་དང་གོ་ནོར་གྱི་འབྱུང་ཁུངས་གཙོ་བོ་ཞིག་རེད།

འགྲེལ་བརྗོད་ཀྱི་ལྟ་ཚུལ།

བོད་ཀྱི་ཆོས་བརྒྱུད་དབར་གྱི་ཁྱད་པར་གཞན་ཞིག་ནི། ཆོས་བརྒྱུད་སོ་སོའི་ཆོས་རྣམས་ཀྱི་གནས་ལུགས་འགྲེལ་བརྗོད་བྱེད་ཚུལ་གྱི་ཆ་ནས་རེད། རིས་མེད་ཀྱི་བླ་ཆེན་ཀ་ཏོག་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སྔ་ནས། དགེ་ལུགས་པ་རྣམས་ཀྱིས་ཆོས་རྣམས་ཀྱི་གཞིའི་གནས་སྐབསཏེ། སོ་སྐྱེ་ཕལ་པའི་ལྟ་ཚུལ་གྱི་ལམ་ནས་འགྲེལ་བརྗོད་བྱེད། ས་སྐྱ་པ་རྣམས་ཀྱིས་ཆོས་རྣམས་ཀྱི་ལམ་གྱི་གནས་སྐབས་ཏེ། ཐར་པའི་ལམ་གྱི་གནས་ཚད་ཧ་ཅང་མཐོན་པོར་སོན་པའི་སྐྱེ་བུའི་བཞེད་ཚུལ་གྱི་ལམ་ནས་འགྲེལ་བརྗོད་བྱེད། བཀའ་བརྒྱུད་དང་རྙིང་མ་པ་རྣམས་ཀྱིས་ཆོས་རྣམས་ཀྱི་འབྲས་བུའི་གནས་སྐབས་ཏེ། སངས་རྒྱས་རྣམས་ཀྱི་བཞེད་ཚུལ་གྱི་ལམ་ནས་འགྲེལ་བརྗོད་བྱེད་ཅེས་གསུངས། ཁྱད་པར་འདི་ནི་གང་ཙམ་གྱི་གཏིང་ཟབ་ལ་རྟོགས་དཀའ་བ་ཞིག་ཡིན་པས་ན། ངོས་ནས་གཤམ་དུ་གནད་དོན་དེར་འཚོལ་ཞིབ་ཀྱི་འགོ་འཛུགས་ཙམ་ཞིག་བརྗོད་རྒྱུ་ཡིན།

གཞིའི་གནས་སྐབས་ཀྱི་ལྟ་བའི་ཆ་ནས་བཤད་ན། ང་ཚོས་དུས་གཅིག་ལ་སྣང་བའམ་སྟོང་པ་གང་རུང་གཅིག་ཁོ་ནར་དམིགས་པ་གཏད་ཐུབ། དེར་བརྟེན་དགེ་ལུགས་པ་རྣམས་ཀྱིས་འཕགས་པ་རྣམས་ཀྱིས་སྟོང་པ་ཉིད་སྒོམ་པ་དེ་ཡང་ལྟ་ཚུལ་དེའི་སྒོ་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། འཕགས་པ་ནི་སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་དང་ལྡན་པའི་འཕགས་པའི་གང་ཟག་ཅིག་ཡིན། བཀའ་བརྒྱུད་དང་རྙིང་མ་པ་རྣམས་ཀྱིས་བདེན་གཉིས་དང་། སྣང་སྟོང་གཉིས་དབྱེར་མེད་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། སངས་རྒྱས་ཀྱི་བཞེད་ཚུལ་གྱི་སྒོ་ནས་བརྗོད་ན། སྟོང་ཉིད་ཁོ་ནའམ་ཡང་ན་སྣང་བ་ཁོ་ན་ཞེས་བཤད་རྒྱུ་ནི་མི་སྲིད་པ་ཞིག་རེད། དེར་བརྟེན་བཀའ་རྙིང་གཉིས་ཀྱིས་ཆོས་ཐམས་ཅད་ཐོག་མ་ཉིད་ནས་དང་གདོད་མ་ཉིད་ནས་ཆ་ཚང་ཞིང་ཡང་དག་པ་ཡིན་པའི་ལྟ་ཚུལ་གྱི་སྒོ་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། བོན་ལུགས་ཀྱི་རྫོགས་ཆེན་འགྲེལ་བརྗོད་ཀྱང་འདི་དང་མཚུངས། ལམ་གྱི་གནས་སྐབས་ཐོག་ནས་ས་སྐྱ་པ་རྣམས་ཀྱི་ལྟ་ཚུལ་འགྲེལ་བརྗོད་བྱེད་ཕྱོགས་དེ་ནི་འོད་གསལ་གྱི་སེམས་ ༼སེམས་ཅན་རེ་རེའི་རྒྱུད་ཀྱི་ཤེས་པ་ཕྲ་ཤོས་༽ དེ་བདེ་བ་ཅན་ཞིག་ཡིན་པར་བཞེད། གཞིའི་གནས་སྐབས་སུ་དེ་ལྟར་བཞེད་པ་བདེན་ན། འཆི་ཁའི་འོད་གསལ་གྱི་སེམས་དེ་བདེ་བ་ཅན་ཞིག་ཡིན་དགོས་ཀྱང་དེ་ལྟར་མིན། འོན་ཀྱང་ལམ་གྱི་གནས་སྐབས་སུ་འོད་གསལ་གྱི་སེམས་དེ་བདེ་བ་ཅན་གྱི་སེམས་དུ་སྒྱུར་བར་བྱེད་ཀྱི་ཡོད། དེར་བརྟེན་ས་སྐྱ་པ་རྣམས་ཀྱིས་འོད་གསལ་གྱི་སེམས་ནི་བདེ་བ་ཅན་ཞིག་ཡིན་པར་བརྗོད་པ་དེ་ནི་ལམ་གྱི་ལྟ་ཚུལ་གྱི་སྒོ་ནས་བཞེད་པ་ཞིག་ཡིན།

རྩལ་འདོན་བྱས་པའི་ཉམས་ལེན་པའི་རིགས།

མི་འདྲ་བའི་ཁྱད་པར་གཞན་ཞིག་ནི། ཉམས་ལེན་པའི་རིགས་གཉིས་ཡོད་དེ། རིམ་གྱིས་བ་དང་ཅིག་ཅར་བའི་རིགས་གཉིས་ཡིན། དགེ་ལུགས་དང་ས་སྐྱ་པ་རྣམས་ཀྱིས་ལམ་གྱི་རིམ་པ་རང་རྒྱུད་ལ་སྐྱེ་བའི་གང་ཟག་རྣམས་གཞིར་བཞག་པའི་སྒོ་ནས་འགྲེལ་བརྗོད་གནང་གི་ཡོད་པ་དང་། བཀའ་བརྒྱུད་དང་། རྙིང་མ། བོན་བཅས་ཀྱིས་བྱེ་བྲག་ཏུ་སྔགས་བླ་མེད་འགྲེལ་བརྗོད་བྱེད་སྐབས་ཐམས་ཅད་ཅིག་ཅར་དུ་སྒྲུབ་པ་པོ་རྣམས་ཀྱི་ལྟ་ཚུལ་གྱི་སྒོ་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། འགྲེལ་བརྗོད་བྱེད་སྟངས་དེ་དག་གིས་ཕྱོགས་སོ་སོས་ཐར་ལམ་ལ་བགྲོད་ཕྱོགས་བྱེ་བྲག་པ་གཅིག་ཁོ་ན་རྩལ་འདོན་བྱེད་ཀྱི་ཡོད་པ་ལྟར་སྣང་ཡང་། དེ་ནི་ཕྱོགས་སོ་སོས་གང་ཞིག་རྩལ་འདོན་གྱི་སྒོ་ནས་འགྲེལ་བརྗོད་བྱེད་པ་ཙམ་ཞིག་རེད།

སྔགས་བླ་མེད་སྐབས་སྟོང་ཉིད་སྒོམ་སྒྲུབ་བྱེད་ཕྱོགས།

གོང་དུ་བཤད་ཟིན་པ་ལྟར། བོད་བརྒྱུད་ནང་བསྟན་ཡོངས་ཀྱིས་དབུ་མའི་ལུགས་ནི་མཐར་ཐུག་གི་ཆོས་གཏིང་ཟབ་ཤོས་སུ་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་ཁོང་རྣམ་པའི་རྒྱ་གར་གི་ནང་པའི་ལྟ་གྲུབ་དང་འབྲེལ་བའི་ལུགས་རྣམས་གོ་རྟོགས་དང་འགྲེལ་བརྗོད་ཐད་ཁྱད་པར་མི་ཆུང་བ་ཞིག་ཡོད། ཁྱད་པར་དེ་དབུ་མའི་ལུགས་དེ་སྔགས་བླ་མེད་དང་སྦྱར་ཏེ་རྟོགས་ཚུལ་དང་ཉམས་ལེན་བྱེད་ཚུལ་ལས་གསལ་པོར་ཐོན་གྱི་ཡོད། གནད་དོན་འདི་ནི་ཆེས་རྙོག་འཛིངས་ཅན་དང་གཏིང་ཟབ་པ་ཞིག་ཡིན་པས། སྐབས་འདིར་ང་ཚོས་ཐོག་མའི་གོ་རྟོགས་ཙམ་ཞིག་རྙེད་ཐབས་ལ་འབད་རྒྱུ་ཡིན།

སྔགས་བླ་མེད་ཉམས་ལེན་གྱིས་འོད་གསལ་གྱི་སེམས་ཕྲ་ཤོས་བེད་སྤྱད་དེ་སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་ཐོབ་པར་བྱེད་ཀྱི་ཡོད། དེར་བརྟེན་སྐབས་འདིར་ཉེ་བར་མཁོ་བའི་ཆ་རྐྱེན་གཉིས་དགོས་པ་ནི། འོད་གསལ་གྱི་སེམས་དང་། སྟོང་ཉིད་ཀྱི་དོན་ཡང་དག་པ་རྟོགས་པའི་ཤེས་པ་གཉིས་ཡིན། སྒོམ་གི་སྐབས་གང་ཞིག་ལ་རྩལ་འདོན་བྱེད་ཀྱི་ཡོད་དམ་ཞེ་ན། རང་སྟོང་གི་ཐབས་བེད་སྤྱད་པའི་སྒོ་ནས་སྒོམ་གྱི་སྐབས་རྩལ་འདོན་བྱེད་ས་ནི་འོད་གསལ་གྱི་སེམས་ཀྱིས་རྟོགས་པའི་ཡུལ་དེ་སྟོང་ཉིད་རེད། རང་སྟོང་ཞེས་པ་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་སྦྱིན་པར་བྱེད་པའི་རང་བཞིན་རང་ངོས་ནས་གྲུབ་པ་ཞིག་གཏན་ནས་མེད་པར་ཟེར། ཆོས་ཐམས་ཅད་དེ་ལྟའི་ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པ་མེད་པ་ཞིག་རེད། འདི་ལྟ་བུའི་ཆོས་རྣམས་ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པ་མེད་པའི་བཞེད་ཕྱོགས་ཐད་འགྲེལ་ཚུལ་ཅུང་མི་འདྲ་བ་ཡོད་ཀྱང་། དགེ་ལུགས་དང་། ས་སྐྱ་ཕལ་མོ་ཆེ། དེ་བཞིན་འབྲི་གུང་བཀའ་བརྒྱུད་བཅས་ཀྱིས་བཞེད་ཕྱོགས་འདི་རྩལ་འདོན་བྱེད་ཀྱི་ཡོད།

འདོད་ཕྱོགས་གཉིས་པ་དེ་རགས་པའི་སེམས་དང་རྣམ་ཤེས་ལས་བྲལ་བའི་འོད་གསལ་གྱི་སེམས་སྒོམ་པར་རྩལ་འདོན་བྱེད་པ་ཞིག་ཡིན། སྐབས་འདིར་འོད་གསལ་གྱི་སེམས་ལ་སེམས་ཀྱི་རྣམ་དབྱེ་རགས་པ་མཐའ་དག་དང་བྲལ་བའི་གཞན་སྟོང་ཞེས་པའི་ཐ་སྙད་ཞིག་སྦྱར་གྱི་ཡོད། གཞན་སྟོང་ནི་ཀརྨ་་དང་། འབྲུག་པ། ཤངས་པ་བཀའ་བརྒྱུད། རྙིང་མ་པ། དེ་བཞིན་ས་སྐྱའི་བྱེ་བྲག་འགའི་གཞན་སྟོང་གཙོ་བོར་འཛིན་པའི་འདོད་ཕྱོགས་འགྲེལ་བརྗོད་བྱེད། དེ་དག་རེ་རེར་ཕན་ཚུན་དབར་གྱི་འགྲེལ་ཚུལ་དང་སྒོམ་ཚུལ་ལ་ཁྱད་པར་ཅུང་ཙམ་ཡོད་པ་སྨྲོས་མི་དགོས། བོད་ཀྱི་ཆོས་བརྒྱུད་རྣམས་ཀྱི་དབར་ཡོད་པའི་ཁྱད་པར་ཆེ་གྲས་ནང་གི་གཅིག་ནི། རང་སྟོང་དང་གཞན་སྟོང་འགྲེལ་བརྗོད་བྱེད་ཚུལ་སྐོར་ལ་གཅིག་གམ་གཞན། ཡང་ན་གཉིས་ཀར་ཁས་ལེན་མིན་ཐད་དང་། སྟོང་ཉིད་རྟོགས་པའི་འོད་གསལ་གྱི་ཤེས་པ་ཐོབ་ཕྱིར་སྒོམ་ཀྱི་ཉམས་ལེན་སྐབས་གང་ཞིག་རྩལ་འདོན་བྱེད་ཀྱི་ཡོད་པར་ཐུག་ཡོད།

རང་སྟོང་དང་གཞན་སྟོང་དང་འབྲེལ་བའི་བཞེད་ཕྱོགས་མི་འདྲ་བ་ཡོད་མེད་ལ་མ་ལྟོར་པར། བོད་ཀྱི་ཆོས་བརྒྱུད་ཚང་མས་འོད་གསལ་གྱི་སེམས་སམ་རྫོགས་ཆེན་གྱི་ལུགས་ལ་རིག་པ་ཞེས་པ་དེ་ཐོབ་ཐབས་སློབ་སྟོན་གནང་གི་ཡོད། སྐབས་འདིར་ཁྱད་པར་ཆེ་བ་གཞན་ཞིག་སྣང་གི་ཡོད་པ་དེ་ནི་རྫོགས་ཆེན་མ་ཡིན་པའི་བཀའ་བརྒྱུད་པ་རྣམས་དང་། ས་སྐྱ་པ། དགེ་ལུགས་བཅས་ཀྱིས་འོད་གསལ་གྱི་སེམས་ཐོབ་ཕྱིར་རགས་པའི་སེམས་སམ་རྣམ་ཤེས་རྣམས་རིམ་བཞིན་ཐིམ་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད་པ་དེ་རེད། ཐིམ་སྟངས་དེ་ཡང་ཕྲ་བའི་རྩ་དང་། རླུང་། འཁོར་ལོ་ལ་སོགས་པར་སྦྱོང་བརྡར་བྱེད་པའམ། ལུས་ཀྱི་ཕྲ་བའི་རྩའི་ལམ་ནས་རིམ་བཞིན་བདེ་བའི་སེམས་ཀྱི་གནས་བབས་སྐྱེད་པར་བྱ་རྒྱུ་གང་རུང་བརྒྱུད་ཉམས་ལེན་བྱེད་ཀྱི་ཡོད། རྙིང་མ་དང་། བོན། བཀའ་བརྒྱུད་པ་རྫོགས་ཆེན་ཉམས་ལེན་གནང་མཁན་རྣམས་ཀྱིས་ཐོག་མར་རགས་པའི་ཆ་རྣམས་དངོས་སུ་ཐིམ་པར་འབད་བརྩོན་མ་བྱས་པར་རགས་པའི་རྣམ་ཤེས་ཀྱི་གཞི་མར་གནས་པའི་རིག་པ་རྟོགས་ཐབས་དང་སྒྲུབ་ཐབས་བྱེད་ཀྱི་ཡོད། རྒྱུ་མཚན་གང་ལགས་ཞེ་ན། ཐོག་མར་ཁོང་རྣམས་ཀྱིས་རྩ་དང་། རླུང་། འཁོར་ལོ་ལ་སོགས་པར་ཉམས་ལེན་བྱས་རྐྱེན་མཐར་རིག་པ་ངོས་འཛིན་དང་རྟོགས་སྐབས་འབད་པ་འཕར་མ་མེད་པར་རྣམ་ཤེས་རགས་པ་རྣམས་རང་བཞིན་གྱིས་ཐིམ་འགྲོ་བའི་ཚོར་བ་ཞིག་ཡོང་གི་ཡོད་པ་རེད།

ཚིག་གིས་སྟོང་ཉིད་གསལ་སྟོན་ཐུབ་མིན།

ད་དུང་ཡང་ཁྱད་པར་གཞན་ཞིག་ནི། ཚིག་དང་དོན་གྱིས་སྟོང་ཉིད་གསལ་སྟོན་ཐུབ་བམ། ཡང་ན་དེ་གཉིས་ལས་འདས་པ་ཞིག་ཡིན་མིན་ཐོག་ནས་ཡོང་གི་ཡོད། གནད་དོན་འདི་ནི་ཤེས་པའི་རྣམ་གཞག་གི་ཁྱད་པར་དང་འབྲེལ་ཆགས་པ་ཞིག་རེད། དགེ་ལུགས་པ་རྣམས་ཀྱིས་རྟོག་པ་དང་བྲལ་བའི་དབང་ཤེས་མིག་ཤེས་ལྟ་བུས་གཟུགས་དང་ཁ་དོག་ཙམ་མིན་པར་བུམ་པ་ལྟ་བུའི་དངོས་པོ་རྟོགས་ཀྱི་ཡོད་པར་འགྲེལ་བརྗོད་བྱེད། ས་སྐྱ་དང་། བཀའ་བརྒྱུད། རྙིང་མ་པ་རྣམས་ཀྱིས་མིག་ཤེས་ལྟ་བུའི་རྟོག་པ་དང་བྲལ་བའི་དབང་ཤེས་ཀྱིས་གཟུགས་དང་ཁ་དོག་ཙམ་རྟོགས་ཀྱི་ཡོད་པ་དང་། གཟུགས་དང་ཁ་དོག་གཉིས་བུམ་པ་ལྟ་བུའི་དངོས་པོར་རྟོགས་རྒྱུ་དེ་ཆེས་ཕྲ་བའི་སྐད་ཅིག་གི་རྗེས་རྟོག་བཅས་ཀྱི་ཤེས་པ་ལས་བྱུང་གི་ཡོད་པར་འདོད།

རྟོག་པ་དང་བྲལ་བའི་ཤེས་པ་དང་རྟོག་བཅས་ཀྱི་ཤེས་པ་གཉིས་དང་འབྲེལ་བའི་ཁྱད་པར་ལ་མཚོན་ན། དགེ་ལུགས་པ་རྣམས་ཀྱིས་སྟོང་ཉིད་ནི་སྟོང་ཉིད་ཞེས་པའི་འདོགས་ཡུལ་དེར་གོ་བའི་ཆ་ནས་ཚིག་དང་དོན་གྱིས་གསལ་བར་བསྟན་པར་འདོད། ས་སྐྱ་དང་། བཀའ་བརྒྱུད། རྙིང་མ་པ་རྣམས་ཀྱིས་རང་སྟོང་དང་གཞན་སྟོང་གང་ཡིན་རུང་སྟོང་ཉིད་ནི་ཚིག་དང་དོན་གཉིས་ཀ་ལས་འདས་པ་ཞིག་ཡིན་པར་འདོད། ཁོང་རྣམས་ཀྱི་འདོད་ཕྱོགས་དེ་སེམས་ཙམ་པས་དངོས་པོ་རྣམས་ལ་བཏགས་པའི་ཚིག་དང་དོན་ནི་ཡིད་ཀྱི་སྤྲོས་པ་ཡིན་ཞེས་པ་དང་མཐུན། ཨ་མ་ཞེས་པར་བསམ་བློ་བཏང་སྐབས་ཚིག་དང་དོན་དེ་རང་གི་ཨ་མ་མིན། ཚིག་དེ་རང་གི་ཨ་མ་མཚོན་ཆེད་བེད་སྤྱད་པའི་རྟགས་ཙམ་ཞིག་རེད། དོན་ངོ་མར་རང་གི་ཨ་མ་ཚིག་གཅིག་གི་ནང་ག་ལ་བསྡུ་ཐུབ།

སེམས་ཙམ་པའི་ཐ་སྙད་བེད་སྤྱོད་བྱེད་ཕྱོགས།

དོན་དངོས་ཐོག་ས་སྐྱ་དང་། བཀའ་བརྒྱུད། རྙིང་མ་པ་རྣམས་ཀྱིས་རང་རང་གི་ལུགས་ལྟར་དབུ་མའི་ལྟ་བ་དང། བྱེ་བྲག་ཏུ་སྔགས་བླ་མེད་འགྲེལ་བརྗོད་སྐབས་སུ་ཡང་སེམས་ཙམ་པའི་མིང་ཚིག་མང་དག་ཅིག་བེད་སྤྱོད་བྱེད་ཀྱི་ཡོད། དགེ་ལུགས་པ་རྣམས་ཀྱིས་དེ་ལྟར་བྱས་པ་ཆེས་དཀོན། དགེ་ལུགས་པ་མ་ཡིན་པའི་ཆོས་བརྒྱུད་རྣམས་ཀྱིས་དབུ་མའི་ལུགས་ཀྱི་སྔགས་བླ་མེད་འགྲེལ་བརྗོད་སྐབས་སེམས་ཙམ་པའི་ཐུན་མིན་གྱི་ཐ་སྙད་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། ཁོང་རྣམས་ཀྱིས་ཐ་སྙད་དེ་དག་ལ་སེམས་ཙམ་པའི་མདོ་གཞུང་དང་མི་འདྲ་བའི་འགྲེལ་བརྗོད་བྱེད་ཀྱི་ཡོད། དཔེར་ན། ཀུན་གཞི་རྣམ་ཤེས་ཞེས་པ་དེ་སེམས་ཙམ་པའི་ལུགས་ལྟར་ན་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན་པ་དང་། དབུ་མའི་ལུགས་ཀྱི་སྔགས་བླ་མེད་ལྟར་ན། ཀུན་གཞི་རྣམ་ཤེས་ཞེས་པ་དེ་སངས་རྒྱས་ཀྱི་གོ་འཕང་བར་རྒྱུན་ཆད་མེད་པར་གནས་པའི་འོད་གསལ་གྱི་སེམས་དང་དོན་གཅིག་ཡིན།

མི་འདྲ་བའི་ཁྱད་པར་རྣམས་ཕྱོགས་བསྡོམས།

དེ་དག་ནི་ཟབ་ཅིང་རྒྱ་ཆེ་བའི་ལྟ་བ་དང་། སྒོམ་གྱི་གནད་དང་འབྲེལ་བའི་ཐད་ཁྱད་པར་ཆེན་པོ་འགའ་ཡོད་པ་རྣམས་རེད། དེ་དག་གི་སྐོར་ལ་ཞིབ་ཅིང་ཕྲ་བའི་བགྲོ་གླེང་བྱེད་ཆོག་ཀྱང་། ང་ཚོས་ངེས་པར་དུ་ཤེས་དགོས་པའི་བདེན་དོན་ཞིག་ནི། བོད་ཀྱི་ཆོས་བརྒྱུད་དབར་བརྒྱ་ཆ་བརྒྱད་ཅུ་ལས་ལྷག་པའི་མཚུངས་ཆོས་སམ་ཐུན་མོང་གི་ཁྱད་ཆོས་གཅིག་པ་ཡོད། ཆོས་བརྒྱུད་དེ་དག་གི་དབར་མི་འདྲ་བའི་ཁྱད་པར་རྣམས་ཕལ་ཆེ་བ་ཞིག་ནི་ཐུན་མིན་གྱི་ཐ་སྙད་འགྲེལ་བརྗོད་བྱེད་ཕྱོགས་དང་། ལྟ་བ་གང་ཞིག་གི་ལམ་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ། སྟོང་ཉིད་ཀྱི་ཤེས་པ་འོད་གསལ་བ་དེ་རྟོགས་པར་ཆོས་བརྒྱུད་སོ་སོས་སྒོམ་གྱི་ཐབས་ལམ་གང་ཞིག་ཉམས་སུ་ལེན་གྱི་ཡོད་མིན་སོགས་ཀྱི་ཆ་ནས་ཡོང་གི་ཡོད།

སྔོན་འགྲོའི་ཉམས་ལེན།

གཞན་ཡང་བྱེད་སྟངས་བྱེད་ལུགས་ཀྱི་ཆར་ཁྱད་པར་ཕྲན་བུ་ཙམ་ཡོད་ཀྱང་། ཐུན་མོང་གི་ཉམས་ལེན་དང་འབྲེལ་བའི་སྦྱོང་བརྡར་གི་ཆ་ནས་ཆོས་བརྒྱུད་དེ་དག་གཅིག་མཚུངས་སུ་གནས་ཡོད། དཔེར་ན། སྔགས་ཀྱི་ཉམས་ལེན་སླད་བཀའ་བརྒྱུད་དང་། རྙིང་མ། ས་སྐྱ་བཅས་ཀྱིས་སྔོན་འགྲོའི་ཉམས་ལེན་གྱི་རིམ་པ་(ཕྱག་འབུམ་འཚལ་བ་སོགས་) ཆ་ཚང་བ་ཞིག་ལག་བསྟར་བྱེད་ཀྱི་ཡོད། དེ་ནི་ཉམས་ལེན་སྔོན་གྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་དང་། དེ་ཡང་ནམ་རྒྱུན་བསྙེན་མཚམས་ལོགས་སུ་སྒྲུབ་ཀྱི་ཡོད། དགེ་ལུགས་པ་རྣམས་ཀྱིས་ཉམས་ལེན་གང་ཞིག་དང་འབྲེལ་བའི་སློབ་གཉེར་སྒྲུབ་རྗེས་ཉམས་ལེན་དེར་བཞུགས་ཀྱི་ཡོད། ཆོས་བརྒྱུད་ཚང་མར་གཅིག་མཚུངས་སུ་གནས་ཡོད་པ་ཞིག་ལ་དེ་དག་ཡོངས་ཀྱིས་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན་ལ་མ་བཞུགས་གོང་ཐོག་མར་སྔོན་འགྲོ་ཉམས་ལེན་གྱི་རིམ་པ་ཆ་ཚང་ཞིག་ལག་བསྟར་གནང་གི་ཡོད།

ལོ་གསུམ་ཕྱོགས་གསུམ་གྱི་བསྙེན་མཚམས།

ལོ་གསུམ་ཕྱོགས་གསུམ་ལ་བཞུགས་སྐབས་བཀའ་བརྒྱུད་དང་། རྙིང་མ། ས་སྐྱ་རྣམས་ཀྱིས་མདོ་ཕྱོགས་ཀྱི་སྒོམ་སྒྲུབ་ཉམས་ལེན་གནང་བ་དང་། དེ་ནས་གཞི་རྩའི་རང་རང་གི་བརྒྱུད་པའི་ཡི་དམ་གཙོ་བོ་རྣམས་དང་འབྲེལ་བའི་ཆོ་ག་དང་ཕྱག་ལེན་རྣམས་ཟླ་ཤས་རིང་ལག་བསྟར་གནང་གི་ཡོད། དེར་མ་ཟད། རོལ་མོའི་རིགས་བེད་སྤྱོད་བྱེད་ཕྱོགས་དང་། གཏོར་མ་བཞེངས་ཚུལ་རྣམས་ཀྱང་སློབ་གཉེར་བྱེད་ཀྱི་ཡོད། དགེ་ལུགས་པ་རྣམས་ཀྱིས་སྔོན་འགྲོའི་ཉམས་ལེན་གྱི་རིམ་པ་ལྟར་ཉམས་ལེན་གྱི་སྣ་བྱེ་བྲག་པ་རེ་དུས་ཀྱི་འཆར་བགོས་ཏེ་སློབ་གཉེར་བྱེད་ཀྱི་ཡོད་པ་དང་། དེ་ལྟར་བྱས་ཏེ་གཞི་རྩའི་སྒོམ་དང་ཆོ་ག་ཕྱག་ལེན་ལ་སློབ་གཉེར་གནང་གི་ཡོད། དགེ་ལུགས་པའི་ལོ་གསུམ་ཕྱོགས་གསུམ་སྐབས་ཡི་དམ་གྱི་ལྷ་བྱེ་བྲག་པ་གཅིག་གི་ཐད་གཏིང་ཟབ་པའི་ཉམས་ལེན་གནང་གི་ཡོད་པ་དང་། དེ་མིན་གྱི་ཆོས་བརྒྱུད་རྣམས་ཀྱིས་ཐོག་མ་ནས་མ་ཡིན་པར། ལོ་གསུམ་ཕྱོགས་གསུམ་ཐེངས་གཉིས་པའམ་ཡང་ན་གསུམ་པ་བསྒྲུབས་ཚར་བའི་རྗེས་སུ་རྒྱུད་བྱེ་བྲག་པ་གཅིག་གི་ཉམས་ལེན་སླད་ལོ་གསུམ་མམ་གསུམ་ལས་མང་བའི་རིང་སྒོམ་སྒྲུབ་གནང་གི་ཡོད།

དགོན་སྡེ་ཁག་གི་ནང་ཉམས་སུ་ལེན་པའི་ཡི་དམ་གྱི་ལྷ་དང་འབྲེལ་བའི་ཆོ་ག་དང་ཕྱག་ལེན་ཡོངས་སུ་རྫོགས་པ་ཉམས་ལེན་སླད་དམའ་མཐར་ཟླ་ཤས་རིང་གཟུངས་སྔགས་འབུམ་ཕྲག་བཟླས་བརྗོད་ཚུད་པའི་སྒོམ་སྒྲུབ་གནང་དགོས། དེ་ལྟའི་ཉམས་ལེན་མ་གནང་བར་བདག་འཇུག་གི་ཉམས་ལེན་ནི་གནང་མི་ཆོག་པ་ཞིག་རེད། དགེ་ལུགས་པ་རྣམས་ཀྱིས་ཟླ་ཤས་རིང་སྒོམ་སྒྲུབ་ཉམས་ལེན་གནང་བ་དང་། དགེ་ལུགས་མ་ཡིན་པའི་ཆོས་བརྒྱུད་རྣམས་ཀྱིས་ལོ་གསུམ་ཕྱོགས་གསུམ་གྱི་ཆ་ཤས་ལྟ་བུར་ཉམས་ལེན་གནང་བ་གཉིས་གང་ཡིན་རུང་ཆོས་བརྒྱུད་དེ་དག་གི་རབ་བྱུང་བ་ཕལ་མོ་ཆེས་སྒོམ་སྒྲུབ་དེ་དག་ཉམས་བཞེས་གནང་གི་ཡོད། ཆོས་བརྒྱུད་སོ་སོའི་ཉམས་ལེན་པ་ཚད་མཐོན་པོ་སླེབས་པ་རྣམས་ཁོ་ནས་ཡི་དམ་གྱི་ལྷ་བྱེ་བྲག་པ་གཅིག་ལ་དམིགས་ཏེ་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན་གནང་གི་ཡོད།

མཇུག་སྡོམ།

ནང་བསྟན་དང་བོན་བཅས་བོད་ཀྱི་ཆོས་བརྒྱུད་ལྔ་དང་འབྲེལ་བའི་གནད་དོན་ལ་ཐུག་སྐབས་རིས་མེད་ཀྱི་བལྟ་ཕྱོགས་འཛིན་དགོས་པ་ནི་ཤིན་ཏུ་གལ་ཆེན་ཡིན། ༸གོང་ས་མཆོག་གིས་རྒྱུན་དུ་ནན་བརྗོད་གནང་བ་ལྟར། གཞན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཇི་ལྟར་ཐོབ་དགོས་པའི་སློབ་སྟོན་གནང་གི་ཡོད་ཕྱིར་ཆོས་བརྒྱུད་དེ་དག་གི་དམིགས་ཡུལ་མཐར་ཐུག་དེ་གཅིག་པ་ཡིན། ཆོས་བརྒྱུད་རྣམས་ཀྱིས་རང་རང་གི་ཉམས་ལེན་པ་རྣམས་ལ་དམིགས་ཡུལ་སྒྲུབ་སླད་ཕན་པ་གཅིག་མཚུངས་ཞིག་གནང་གི་ཡོད་པས་མངོན་གསལ་དོད་ཅིང་རྟོགས་སླ་བ་ཞིག་མེད་ཀྱང་། དེ་དག་ནང་ཕན་ཚུན་མཐུན་པའི་རང་བཞིན་དུ་གནས་ཡོད། གླེང་བརྗོད་ཙམ་གྱི་ཚུལ་དུ་ཆོས་བརྒྱུད་ལྔ་པོ་དེ་དག་གི་དབར་ཞིབ་བསྡུར་བྱེད་སྐབས་ང་ཚོས་ཆོས་བརྒྱུད་དེ་དག་རེ་རེར་ཡོད་པའི་ཐུན་མོང་མ་ཡིན་པའི་དཀའ་གནད་དང་ཁྱད་ཆོས་དག་ལ་རྗེས་སུ་ཡི་རངས་བྱེད་འོས་པ་ཞིག་ཡིན་པ་ཤེས་ཐུབ་ལ། ཆོས་བརྒྱུད་དེ་དག་རེ་རེར་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་པ་ཡང་མཐོང་ཐུབ། གལ་ཏེ་ང་ཚོར་འགྲོ་བ་ཡོངས་ཀྱི་བདེ་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུའི་དམིགས་འདུན་ཡོད་ན། ཁམས་དང་མོས་པ་མི་འདྲ་བའི་འགྲོ་བ་རྣམས་ལ་ཡང་དག་པའི་ཆོས་སྟོན་ཕྱིར། ང་ཚོས་ནང་པ་སངས་རྒྱས་པའི་བསྟན་པའི་ཆ་ལག་ཡོངས་སུ་རྫོགས་པར་སློབ་གཉེར་བྱ་དགོས། དེ་ལྟར་མ་བྱས་ཚེ་ཆོས་སྤོང་གི་ལས་གསོག་རྒྱུའི་ཉེན་ཁ་ཡོད། དེའི་དོན་ནི་སངས་རྒྱས་ཀྱི་ཡང་དག་པའི་ཆོས་ལ་ཡིད་མི་ཆེས་པ་དང་། དེ་ལ་བརྟེན་ནས་སངས་རྒྱས་ཀྱིས་གང་ཟག་སྣོད་རུང་གཟིགས་པ་རྣམས་ལ་ཕན་འདོགས་མི་ཐུབ་པ་དང་འགྲོ་བའི་དོན་བསྐྱུར་བ་དེ་འདྲ་ཡོང་གི་ཡོད།

མཐར་སྒེར་གྱི་ཉམས་ལེན་ནང་ཆོས་བརྒྱུད་བྱེ་བྲག་པ་གཅིག་ཉམས་སུ་ལེན་རྒྱུ་ནི་གལ་ཆེན་པོ་ཡིན། སུས་ཀྱང་སྐས་འཛེགས་རིམ་བཞིན་མ་འཛེགས་པར་དུས་གཅིག་ལ་སྐས་འཛེགས་མི་འདྲ་བ་ལྔ་བརྒྱུད་ནས་ཡང་ཐོག་ཏུ་སླེབས་ཐབས་མེད། འོན་ཀྱང་ནུས་པ་དང་འཇོན་ཐང་ཡོད་ཚེ་ཆོས་བརྒྱུད་ལྔ་གའི་ལུགས་ལ་སློབ་གཉེར་བྱེད་ཕྱོགས་དེས་དེ་དག་རེ་རེའི་དགོངས་པའི་གནད་རྣམས་རྟོགས་རྒྱུའི་ཕན་ཐོགས་ཡོད། དེ་ལྟར་བྱས་ཚེ་ཆོས་བརྒྱུད་གཞན་གྱི་ནང་རྒྱས་སྤྲོས་ཉུང་བ་ཡོད་སྐབས་རང་གི་ལུགས་སུ་གསལ་ཁ་མེད་པའི་རིགས་རྣམས་ཤེས་རྟོགས་ཇེ་གསལ་དུ་གྱུར་སྲིད། དེ་ནི་༸གོང་ས་མཆོག་དང་བླ་མ་སྐྱེས་ཆེན་རྣམས་ཀྱིས་དུས་རྟག་ཏུ་ནན་བརྗོད་མཛད་ཡོད་པ་ཞིག་རེད།

ཆོས་དང་འཇིག་རྟེན་གྱི་བྱ་གཞག་བྱེ་བྲག་པ་ཅི་འདྲ་ཞིག་ང་ཚོས་ལག་བསྟར་བྱེད་སྐབས། བྱ་གཞག་གཅིག་པ་གཅིག་རྐྱང་དེ་ལག་བསྟར་བྱེད་ཕྱོགས་ཀྱི་ཐབས་ལམ་མི་འདྲ་བ་བཅུ། ཉི་ཤུ། སུམ་ཅུ་ལས་མང་བ་ཡོད་པ་ཤེས་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེ། དེས་ང་ཚོས་བྱ་གཞག་སྤེལ་ལུགས་ཀྱི་ཐབས་ལམ་བྱེ་བྲག་པ་དང་འབྲེལ་བའི་ཆགས་ཞེན་ཇེ་ཉུང་དུ་འགྲོ་བའི་ཕན་རླབས་ཡོད། དེར་མ་ཟད། “བྱེད་སྟངས་བྱེད་ལུགས་མ་ནོར་བ་ནི་འདི་རེད། གང་ཡིན་ཟེར་ན། འདི་ནི་ངའི་ཐབས་ལམ་མ་ནོར་བ་དེ་རེད།” ཅེས་པའི་བསམ་བློ་གུ་དོག་ནང་མི་ཚུད་པར། དེ་ལས་ལྡོག་སྟེ། ང་ཚོས་དོན་གྱི་སྙིང་པོ་དེ་མངོན་གསལ་དོད་པོའི་སྒོ་ནས་མཐོང་ཐུབ།

དྲི་བ་ཁག

ཁྱེད་ཆོས་བརྒྱུད་གང་གི་རྗེས་སུ་འཇུག་གི་ཡོད་དམ།

༸གོང་ས་མཆོག་དང་ཁོང་གི་དགེ་བའི་བཤེས་གཉེན་ནང་གི་གཅིག་ཡིན་པ། ངའི་རྩ་བའི་བླ་མ་སེར་ཀོང་རིན་པོ་ཆེ་གཉིས་ནས་དུས་རྟག་ཏུ་ཁོང་རྣམ་གཉིས་ལྟར་བྱེད་དགོས་པའི་བཀའ་ཕེབས་པ་བཞིན་ངོས་ནས་དགེ་ལུགས་གཙོ་བཟུང་བྱས་ཏེ་བོད་ཀྱི་ཆོས་བརྒྱུད་ཚང་མར་སློབ་གཉེར་དང་ཉམས་ལེན་བྱེད་ཀྱི་ཡོད། རང་ངོས་ནས་འབད་བརྩོན་ཡོད་ཚད་ཀྱིས་བཀའ་སློབ་དེ་ལག་བསྟར་ཡོང་ཐབས་བྱེད་ཀྱི་ཡོད།

ཆོས་བརྒྱུད་མི་འདྲ་བ་མང་དག་ཞིག་གི་སྒོམ་སྒྲུབ་ཉམས་ལེན་བྱེད་ཕྱོགས་དེ་མགོ་རྙོག་པོ་ཞིག་མིན་འདུག་གམ། ད་དུང་ཆོས་བརྒྱུད་བྱེ་བྲག་པ་གཅིག་གི་ནང་ཡི་དམ་གྱི་ལྷ་མི་འདྲ་བ་མང་པོ་ཉམས་ལེན་བྱེད་ཕྱོགས་དེ་ཡང་མགོ་རྙོག་པོ་ཞིག་མིན་འདུག་གམ།

དམིགས་བསལ་གསང་བ་སྔགས་སམ་རྒྱུད་དང་བཅས་པའི་ནང་བསྟན་གྱི་ཉམས་ལེན་ལ་འཇུག་པའི་ཐབས་ལམ་མི་འདྲ་བ་མང་དག་ཅིག་ཡོད་རེད། བོད་ཀྱི་གཏམ་དཔེ་ཞིག་ལ། “རྒྱ་གར་བ་རྣམས་ཀྱིས་ཡི་དམ་གྱི་ལྷ་གཅིག་བསྒོམས་ནས་མཐར་ལྷ་བརྒྱ་ཕྲག་གྲུབ་ཐུབ། བོད་པ་རྣམས་ཀྱིས་ཡི་དམ་གྱི་ལྷ་བརྒྱ་ཕྲག་བསྒོམས་ཀྱང་མཐར་གཅིག་ཀྱང་གྲུབ་ཐུབ་ཀྱི་མེད།” ཅེས་ཟེར་སྲོལ་ཡོད། གཏམ་དཔེ་དེའི་བསྟན་དོན་སྙིང་པོ་ནི། ཉམས་ལེན་མང་དག་ཞིག་ལ་བྱང་ཆ་ཡོད་པ་ཡོང་ཕྱིར། ཐོག་མར་ཉམས་ལེན་བྱེ་བྲག་པ་གཅིག་ལ་གཏིང་མཐའ་དཔོག་དགོས་པ་དེ་ཡིན། ཉམས་ལེན་གྱི་ཚད་གཞི་ནི་སྒེར་སོ་སོའི་ནུས་པ་ལ་རག་ལུས་པ་ཞིག་རེད། རང་ཉིད་ཀྱི་ནུས་པ་ལ་དཔྱད་ཞིབ་བཟོ་བར། རང་གིས་རང་ལ་དྲང་བདེན་གྱི་དཔྱད་པ་དང་དགེ་བའི་བཤེས་གཉེན་གྱི་བཀའ་སློབ་ལམ་སྟོན་ལ་བརྩི་འཇོག་བྱ་དགོས།

ཇི་ལྟར་༸རྒྱལ་དབང་མཆོག་གིས་ཉེན་བརྡའི་ཚུལ་དུ་བཀའ་བསྩལ་བ་ལྟར། གལ་ཏེ་ང་ཚོས་བོད་ཀྱི་ཆོས་བརྒྱུད་ཁ་ཤས་ནས་གསང་སྔགས་ཀྱི་ཉམས་ལེན་བྱེད་ཐུབ་ན། དེ་དག་ཐམས་ཅད་མཉམ་དུ་སྲེ་ལྷད་མི་ཡོང་བ་བྱ་དགོས། ཉམས་ལེན་དེ་དག་རེ་རེ་བཞིན་རང་རང་གི་ལུགས་ལྟར་ཕྱག་བསྟར་བྱ་དགོས། ཇི་ལྟར་༸རྒྱལ་དབང་མཆོག་གིས་བཀའ་བསྩལ་བ་ལྟར། ཉམས་ལེན་གྱི་རིམ་པ་མང་དག་ཞིག་ཕྱག་བསྟར་བྱེད་སྐབས་མགོ་རྙོག་སོགས་བྱུང་ཚེ་དེ་དག་ཚང་མ་གནད་འགག་གཅིག་པ་ཡིན་པར་ངོས་འཛིན་བྱ་རྒྱུ་མེད། ཆོས་བརྒྱུད་མི་འདྲ་བ་མང་དག་ཞིག་གི་བཀའ་དབང་དང་ཉམས་ལེན་སྣ་མང་གི་རྗེས་གནང་ཐོབ་པ་དང་། ཆོས་བརྒྱུད་བྱེ་བྲག་པ་གཅིག་གི་ཡི་དམ་ལྷ་ཚོགས་སྣ་མང་གི་ཉམས་ལེན་གྱི་རིམ་པར་ཞུགས་ཕྱོགས་དེ་མགོ་རྙོག་ཡིན་པར་ཚོར་ན། དེ་དག་དང་རང་ཉིད་དབར་ལས་ཀྱི་འབྲེལ་བ་ཞིག་རྒྱུན་སྐྱོང་བའི་ཕྱིར་དེ་དག་གི་ནང་ནས་འགའ་ཤས་ཀྱི་གཟུངས་སྔགས་སྙིང་པོ་ཉིན་ལྟར་ཚར་གསུམ་རེ་བགྲང་ན་འགྲིགས། དེ་ལྟར་སོ་སོར་གོ་རྟོགས་མང་ཤོས་ཡོད་པ་དང་ལས་ཀྱི་འབྲེལ་བ་དམ་ཤོས་ཡོད་པ་ཚོར་བའི་ཉམས་ལེན་རྣམས་དཔྱིས་ཕྱིན་པའི་སྒོ་ནས་ལག་བསྟར་བྱེད་ཆོག་པ་ཡིན།

ངའི་བསམ་པར། ཉམས་ལེན་སྣ་མང་ལ་འཇུག་ཐུབ་མིན་དེ་རྒྱུད་སྡེ་སྤྱིའི་རྣམ་གཞག་ལ་གོ་བ་ཟབ་ལོད་ཡོད་མེད་ལ་རག་ལུས་པ་ཞིག་རེད། གལ་ཏེ་ང་ཚོས་རྣམ་གཞག་མ་ནོར་བ་རྟོགས་ཡོད་ན། ཉམས་ལེན་བྱེ་བྲག་པ་ཞིག་ཉམས་ལེན་གཞན་དང་མཉམ་དུ་ཇི་ལྟར་རན་འཚམས་ཆགས་མིན་རྟོགས་ཐུབ། དེ་མིན་ང་ཚོའི་རྒྱུད་དམ་གསང་སྔགས་དང་འབྲེལ་བའི་ཉམས་ལེན་རྣམས་སེམས་ཁམས་འཆོལ་བའི་རྒྱུར་གྱུར་ཉེན་ཆེ།

༸གོང་ས་མཆོག་གིས་ཉམས་ལེན་རྣམས་བསྲེ་སྦྱོར་བྱེད་མི་རུང་བའི་བཀའ་སློབ་བསྩལ་ཡོད་པ་དེ་གསལ་བརྗོད་ཅིག་གནང་རོགས།

ཉམས་ལེན་སྲེ་སྦྱོར་རམ་སྲེ་ལྷད་བྱ་རྒྱུ་མེད་པའི་རྒྱུ་མཚན་གཅིག་ནི་བརྒྱུད་པ་དང་སྲོལ་རྒྱུན་ལ་གུས་ཞབས་སྟོན་ཕྱིར་ཡིན། སྲེ་སྦྱོར་བྱེད་ཕྱོགས་དེ་ཡང་ཡེ་ཤུའི་ལྷ་ཁང་ནང་དུ་མི་གཞན་རྣམས་པུས་མོ་འགུགས་ཏེ་ལག་པས་ལུས་ཀྱི་སྟེང་ཀུར་རྟགས་ཀྱི་དབྱིབས་སུ་ཕར་ཚུར་གཡོ་ཡི་ཡོད་ཀྱང་ཁྱེད་ཀྱི་སྐབས་དེར་མཆོད་ཤོམ་ལ་ཕྱག་ལན་གསུམ་འབུལ་བ་དང་འདྲ་པོ་རེད། ༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་ནི་ཆོས་བརྒྱུད་སྣ་ཚོགས་ལ་བྱང་ཆུབ་པའི་སྐྱེས་ཆེན་ཞིག་ཡིན་ཡང་། ཁོང་གིས་ཆོས་བརྒྱུད་རྣམས་ཕར་ཚུར་སྲེ་སྦྱོར་ནམ་ཡང་བྱས་མེད། དགེ་ལུགས་ཀྱི་གཞུང་ཞིག་བརྩམས་སྐབས་ཁོང་གིས་དགེ་ལུགས་པའི་ལམ་ལུཌ་ཕྱག་བསྟར་གནང་ཡོད་པ་དང་། དེ་བཞིན་དུ་ས་སྐྱའི་གཞུང་ཞིག་ལྗགས་རྩོམ་གནང་སྐབས་ཁོང་གིས་མགོ་ནས་མཇུག་བར་ས་སྐྱ་པའི་ལམ་ལུགས་ཕྱག་བསྟར་གནང་ཡོད། རྙིང་མའི་གཞུང་ཞིག་ལྗགས་རྩོམ་གནང་སྐབས་ཀྱང་ཁོང་གིས་རྙིང་མའི་ལམ་ལུགས་ཤ་སྟག་ཕྱག་བསྟར་གནང་ཡོད། རྙིང་མའི་གཞུང་ནང་ཐོག་མར་སློབ་དཔོན་པདྨ་འབྱུང་གནས་ལ་བསྟོད་པ་འབུལ་བ་ལས་རྗེ་ཙོང་ཁ་པར་བསྟོད་པ་འབུལ་གྱི་མེད།

ཉམས་ལེན་གྱི་རིམ་པ་རྣམས་སྤུས་གཙང་དུ་ཕྱག་བསྟར་གནང་དགོས་པའི་རྒྱུ་མཚན་གཞན་ཞིག་ནི་ཆོས་བརྒྱུད་བྱེ་བྲག་པ་གཅིག་གི་སྒྲུབ་ཐབས་ཕྱག་བསྟར་སྐབས། ཉམས་ལེན་གྱི་ཆ་ཤས་སུ་གྱུར་བའི་ཐ་སྙད་བེད་སྤྱོད་བྱེད་ཕྱོགས་དང་ཐ་སྙད་དེ་དག་གི་གོ་དོན་རྣམས་སྔ་ཕྱི་མི་འགལ་བ་དགོས། དེ་ཡང་ཇི་ལྟར་སྣུམ་འཁོར་ཞིག་གི་ཆ་ལག་རྣམས་སྣུམ་འཁོར་དེ་ཉིད་ཀྱི་ནང་རན་ཞིང་འཚམས་པོའི་ངང་ནས་འཇུག་གི་ཡོད་པ་ལྟར་ཉམས་ལེན་གྱི་ཆ་ལག་རྣམས་ཉམས་ལེན་གྱི་ཁོངས་སུ་མཐུན་པའི་སྒོ་ནས་འཇུག་གི་ཡོད། དཔེར་ན། ས་སྐྱའི་ལུགས་ཀྱི་ཀྱེ་རྡོར་གྱི་ཉམས་ལེན་དང་འབྲེལ་བའི་ཡན་ལག་བདུན་པའི་ནང་སངས་རྒྱས་རྣམས་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བའི་ཡན་ལག་དེ་མེད། དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ནི་ས་སྐྱ་པའི་ལམ་འབྲས་ཀྱི་ཆོས་སྐོར་ནང་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་གཙོ་འདོན་བྱེད་ཀྱི་ཡོད་པ་དང་། དེ་ནི་ཇི་སྲིད་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་མ་གྲོལ་བར་གནས་ཀྱི་ཡོད་པའི་སྐུ་ཞིག་རེད། ལམ་འབྲས་ཀྱི་ནང་མི་རྟག་པའི་རང་བཞིན་སྟོན་པའི་སྤྲུལ་སྐུ་གསལ་འདོན་གནང་གི་མེད། རང་ཉིད་ལྷའི་རྣམ་པར་སྒོམ་ཏེ་དབང་ལེན་ཕྱོགས་དང་འབྲེལ་བའི་ཉམས་ལེན་གྱི་རིམ་པས་ཡང་ལོངས་སྤྱོད་རྫོགས་པའི་སྐུ་གསལ་འདེབས་གནང་ཕྱོགས་དེ་ཐོན། ས་སྐྱའི་ལམ་འབྲས་ཀྱི་ནང་སངས་རྒྱས་རྣམས་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བའི་གསོལ་འདེབས་ཚུད་པའི་དགེ་ལུགས་ཀྱི་ཡན་ལག་བདུན་པ་བསྲེ་རྒྱུ་ནི་ཧྥོར་ཌི་ཀམ་པ་ནིའི་ Ford སྣུམ་འཁོར་གྱི་ནང་ཝོལྐ་སི་ཝེགྷེན་ཀམ་པ་ནིའི་ Volkswagen སྣུམ་འཁོར་གྱི་ཆ་ལག་འཇུག་པ་དང་མཚུངས་པས་ཕན་ནུས་ལྡན་པ་ཞིག་ཡོང་མི་སྲིད་པ་ལྟ་བུ་རེད།

ཆོས་བརྒྱུད་མི་འདྲ་བའི་ཉམས་ལེན་རྣམས་བསྲེ་སྦྱོར་བྱས་པའི་དཔེ་མཚོན་དེ་འདྲ་མེད་དམ།

སྐབས་འགར་ཆོས་བརྒྱུད་གཅིག་གི་ཉམས་ལེན་རྣམས་ཆོས་བརྒྱུད་གཞན་ཞིག་ལ་ངོ་སྤྲོད་བྱས་པའི་སྐབས་ཉམས་ལེན་ངོ་མ་གང་ཡིན་པ་དེ་སྤུས་གཙང་གི་ཚུལ་དུ་ཉར་འཚག་བྱས་ཡོད། དཔེར་ན། དགེ་ལུགས་པས་༸རྒྱལ་དབང་ལྔ་པོ་ཆེན་པོ་མཆོག་གིས་གཏེར་ནས་བཞེས་པའི་རྟ་མགྲིན་ཡང་གསང་གི་ཉམས་ལེན་གནང་ཕྱོགས་དེ་བཞིན་བསྲེས་ལྷད་རྩ་ནས་མེད་པའི་ཐོག་རྙིང་མའི་ཉམས་ལེན་བྱེད་ཚུལ་དང་གཅིག་མཚུངས་སུ་གནས་ཡོད།

སྐབས་འགར་ཉམས་ལེན་བྱེ་བྲག་པ་ཞིག་ཆོས་བརྒྱུད་གཞན་ཞིག་གིས་ཉམས་ལེན་གནང་སྐབས་ཉམས་ལེན་དེའི་ཆ་ཤས་བྱེ་བྲག་པ་རེ་ཟུང་ཆོས་བརྒྱུད་གཞན་དེའི་ལུགས་སུ་བསྒྱུར་ཡོད། དཔེར་ན། ས་སྐྱ་པའི་རྡོ་རྗེ་རྣལ་འབྱོར་མའི་ཉམས་ལེན་ནས་བླངས་པའི་དགེ་ལུགས་པའི་ཉམས་ལེན་དེ་དགེ་ལུགས་རང་གི་ཐུན་མིན་སྒྲུབ་ཐབས་ཀྱི་རིམ་པའི་ཆ་ལག་ཕལ་མོ་ཆེ་དང་མཚུངས་ཤིང་། དགེ་ལུགས་ཀྱིས་དེ་ཉམས་བཞེས་གནང་སྐབས་སྟོང་ཉིད་དང་འབྲེལ་བའི་གནད་དོན་ལ་ཐུག་སྐབས་ས་སྐྱའི་ལུགས་ཀྱི་ཚབ་ཏུ་རང་ལུགས་ལྟར་སྒོམ་པ་ཙམ་རེད།

འོན་ཀྱང་སྐབས་འགར་འདྲེས་སྡེབ་ཡང་མཇལ་རྒྱུ་ཡོད། དཔེར་ན། ཀརྨ་བཀའ་བརྒྱུད་ཀྱི་གུ་རུ་རིན་པོ་ཆེའི་ཉམས་ལེན་གྱི་རིམ་པའི་ནང་རྙིང་མའི་སྒྲུབ་ཐབས་ཕལ་མོ་ཆེ་ཡོད་ཀྱང་། སྟོང་ཉིད་དང་འབྲེལ་བའི་སྒོམ་དང་ཐ་སྙད་ལ་ཐུག་སྐབས་ཀརྨ་བཀའ་བརྒྱུད་ཀྱི་བཞེས་སྲོལ་རྣམས་ཕྱག་བཞེས་གནང་གི་ཡོད། ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀ་ཤིའི་སྒྲུབ་ཐབས་ཞིག་གི་ནང་གུ་རུ་རིན་པོ་ཆེ་ཀརྨ་པཀ་ཤིའི་སྙིང་ཁར་བཞུགས་ཡོད་པའི་གསལ་འདེབས་བྱ་དགོས་ཀྱང་། གུ་རུར་མཆོད་པ་འབུལ་ཕྱོགས་བྱེ་བྲག་པ་གཅིག་རྙིང་མའི་ལུགས་དང་མཚུངས། དེ་མིན་གྱི་ཉམས་ལེན་གྱི་རིམ་པ་ཕལ་ཆེ་བ་ནི་ཀརྨ་བཀའ་བརྒྱུད་ཀྱི་ཐུན་མིན་ལུགས་སུ་གནས་ཡོད། འདྲེས་སྡེབ་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ནི་རང་ཉིད་བརྒྱུད་པའི་བླ་མའི་སྐུར་བཞེངས་པའི་ཡི་དམ་གྱི་ལྷར་གསལ་འདེབས་བྱ་ཕྱོགས་དེར་གནས་ཡོད། དེ་ལྟའི་ཉམས་ལེན་གསར་གཏོད་བྱེད་པར་རང་ཉིད་ཤེས་རབ་ཀྱི་རྩེ་མོར་སོན་པའི་སྐྱེས་ཆེན་ཞིག་ཡིན་དགོས་ངེས་ཆེ། དེ་ནི་བཀག་རྒྱ་ཅན་ཞིག་མིན་ནའང་། དེ་ལྟར་ཉམས་བཞེས་གནང་སྐབས་དོ་ནན་དང་གཟབ་ནན་ཆེན་པོ་བྱེད་དགོས། ང་ཚོ་ལྟ་བུ་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཉམས་ལེན་གྱི་རིམ་པ་ཞིག་གསར་གཏོད་བྱེད་པ་ནི་མགོ་རྙོག་ཁོ་ནའི་ནང་ལྷུང་སྲིད།

གལ་སྲིད་ང་ཚོའི་ཉམས་ལེན་གྱི་གཙོ་བོ་དེ་དགེ་ལུགས་ཡིན་ཀྱང་། ང་ཚོར་རྫོགས་ཆེན་ཉམས་ལེན་བྱེད་འདོད་ཡོད་ན། དེ་ལྟར་བྱེད་པའི་ཐབས་ལམ་ཡག་ཤོས་དེ་གང་ཡིན་ནམ།

ཐབས་ལམ་ལེགས་ཤོས་དེ་སྒོམ་བྱེ་བྲག་པ་ཞིག་གི་ཚུལ་དུ་རྫོགས་ཆེན་ཉམས་བཞེས་གནང་རྒྱུ་དེ་རེད། དེ་ནི་སློབ་གྲྭར་ཡོད་སྐབས་ཨང་རྩིས་སློབ་སྦྱོང་བྱེད་སྐབས་ཨང་རྩིས་རང་ལ་སློབ་གཉེར་བྱེད་པ་དང་། རྩོམ་བྲིས་ལ་སློབ་གཉེར་བྱེད་སྐབས་རྩོམ་བྲིས་རང་ལ་དོ་སྣང་བྱེད་པ་དང་མཚུངས། སློབ་གྲྭའི་ནང་འཛིན་གྲྭར་ཞུགས་སྐབས་དུས་བྱེ་བྲག་པ་གཅིག་ལ་འཛིན་གྲྭ་གཅིག་ནང་སློབ་ཚན་བྱེ་བྲག་པ་གཅིག་གི་ཐོག་སློབ་གཉེར་བྱེད་ཀྱི་ཡོད། མཐར་གང་སྦྱངས་པ་རྣམས་ང་རང་ཚོ་སོ་སོ་ཡར་རྒྱས་གོང་འཕེལ་གྱི་ཆེད་རན་འཚམས་སུ་མཉམ་སྡེབ་ཐོག་ལག་བསྟར་བྱེད་ཐུབ་ཀྱི་ཡོད།

སྐྱེས་བུ་མང་དག་ཞིག་ལ་མཚོན་ན། ཐབས་ལམ་འདྲ་མིན་སྣ་ཚོགས་པའི་ཉམས་ལེན་བྱེད་ཕྱོགས་དེ་ནི་ཚད་ལས་འདས་པ་ཞིག་ཡིན་པས། དེ་ལྟར་བྱེད་དགོས་དོན་མེད། ནང་པ་སངས་རྒྱས་པའི་ཐབས་ལམ་རྒྱ་ཆེ་ལ་སྣ་ཚོགས་པའི་ཚད་ལྡན་གྱི་རང་བཞིན་ལ་རྗེས་སུ་ཡི་རངས་བྱེད་པ་དང་ཆབས་ཅིག་ཐབས་ལམ་བྱེ་བྲག་པ་གཅིག་གི་ཐོག་སློབ་གཉེར་དང་བྱེ་བྲག་པ་གཅིག་ཉམས་བཞེས་གནང་རྒྱུ་དེ་འོས་འཚམས་སུ་སྣང་། དེ་མིན་ང་ཚོས་ཆོས་ཚོགས་གཅིག་ནས་གཞན་ཞིག་ཏུ་འགྲོ་སྲིད་པ་དང་། དེར་ཉམས་ལེན་པ་གཞན་ཞིག་དང་འཕྲད་དེ་ཁོང་གི་ཉམས་བཞེས་རང་གི་ཉམས་ལེན་དང་ཅུང་མི་འདྲ་བར་མཐོང་ངེས་རེད། དཔེར་ན། བོད་བརྒྱུད་ནང་བསྟན་ཉམས་བཞེས་གནང་མཁན་ཞིག་ཛེན་བསམ་གཏན་པའི་ Zen ཆོས་ཚོགས་སུ་ཕྱིན་ཏེ་དེར་ཡོད་ཉམས་ལེན་པ་རྣམས་ཀྱི་ཕྱག་འབུལ་སྟངས་མཐོང་སྐབས་ཇི་ལྟར་སྣུམ་འཁོར་གློག་གི་མདུན་དུ་རི་བོང་རྣམས་རྣ་བ་ཀེར་རེར་ལངས་བ་ལྟར་བྱས་ནས། “དེ་ནི་ནོར་བ་རེད། ཁོང་ཚོས་ལག་མཐིལ་སར་མ་རེག་པར་ནམ་མཁར་སྟོན་གྱི་འདུག །དེའི་དབང་གིས་ཁོང་ཚོ་དམྱལ་བར་འགྲོ་རྒྱུ་རེད།” ཅེས་དབུགས་ཧལ་གྱིས་བརྗོད་སྲིད། དེ་ལྟར་ཧ་ལས་ཧོན་འཐོར་བ་དེ་ནི་ངེད་ཅག་ལ་ནང་པ་སངས་རྒྱས་པའི་ཆོས་ལ་གོ་བ་རྒྱ་ཆེན་པོ་ལོན་མེད་པའི་སྐྱོན་ཡིན། རྒྱའི་ནང་པ་ཚང་མས་ཕྱག་དེ་ལྟར་འབུལ་གྱི་ཡོད། བོད་ཀྱི་བླ་མ་འགས་རང་ལུགས་དེ་དད་པའི་རྗེས་འབྲང་གི་བསམ་ཕྱོཌ་དང་དུ་བླངས་སྲིད་ཀྱང་། རང་གིས་དཔེ་དག་གི་རྗེས་སུ་འབྲང་དགོས་དོན་མེད།

ཆོས་བརྒྱུད་གང་ཞིག་རང་ལ་འོས་ཤིང་འཚམས་པ་ཡིན་མིན་ཇི་ལྟར་རྟོགས་ཐུབ་བམ།

དེ་ནི་ལས་སླ་པོ་ཞིག་མིན། བོད་ལ་མཚོན་ན་མི་རྣམས་ཀྱིས་རང་གི་གྲོང་ཚོ་དང་ཉེ་བའི་དགོན་པ་ཡོད་ཚད་ལ་མཆོད་མཇལ་དང་བླ་མ་རྣམས་མཇལ་བར་བསྐྱོད་ཀྱི་ཡོད། གཞི་རིམ་གྱི་ནང་པའི་མཁྱེན་རྟོགས་ལྡན་ཡང་འདོད་བློ་མི་ཚེམས་པར་མུ་མཐུད་དེ་སློབ་གཉེར་གནང་འདོད་ཡོད་པ་རྣམས་ཕྱོགས་གཞན་དུ་བསྐྱོད་ཀྱི་ཡོད། དཔེ་མཚོན་ཙམ་དུ་བརྗོད་ན། ཕྲན་གྱི་དགེ་བའི་བཤེས་གཉེན་དགེ་བཤེས་ངག་དབང་དར་རྒྱས་མཆོག་ཆུང་དུས་ས་སྐྱའི་དགོན་པ་ཞིག་ཏུ་ཆོས་ཞུགས་མཛད། དགུང་ལོ་ནར་སོན་སྐབས་དགེ་ལུགས་ཀྱི་དགོན་སྡེའི་ཁག་ནང་མུ་མཐུད་སློབ་གཉེར་མཛད། དེ་ཡང་དང་ཐོག་རང་གི་གྲོང་གི་ཉེ་འདབས་སུ་ཆགས་པའི་དགོན་པ་ཞིག་ཏུ་སྒྲིག་ཞུགས་གནང་བ་དང་དེ་ནས་རྒྱང་རིང་ལྷ་སའི་ཉེ་འདབས་སུ་ཆགས་པའི་དགོན་པ་ཞིག་གི་ནང་སློབ་གཉེར་མཛད་ཡོད།

ད་ལྟའི་ཆར་ནུབ་ཕྱོགས་ཀྱི་ནང་གནས་སྟངས་མི་འདྲ་བ་ཡོད། གྲོང་ཁྱེར་མང་དག་ཞིག་གི་ནང་གདམ་ཀ་ཡང་སྣ་ཚོགས་པ་ཞིག་ཡོད། དེར་བརྟེན་ཆོས་ཚོགས་འདྲ་མིན་ལ་བཅར་ཏེ་ཚོད་ལྟ་བྱ་རྒྱུའི་གོ་སྐབས་ཀྱང་ཡོད། འོན་ཀྱང་མཐར་ཆོས་བརྒྱུད་བྱེ་བྲག་པ་གཅིག་འདེམས་སྒྲུག་བྱས་ཏེ་དེའི་ཐད་སློབ་གཉེར་དང་ཉམས་ལེན་བྱེད་དགོས། དུས་ཚོད་ཡོད་ཚད་ཚོད་ལྟ་བྱ་རྒྱུར་བེད་སྤྱད་དེ་ཆོས་བརྒྱུད་གཅིག་གི་ཐད་དཔྱིས་ཕྱིན་པའི་ཉམས་ལེན་མ་བྱས་ན་བློ་ཕམ་གྱི་གནས་རེད། དེ་ནི་དུས་ཚོད་ཡོད་ཚད་ཉོ་ཆ་རྒྱག་ཆེད་བཏང་ནས་མཐར་ཅ་དངོས་གཅིག་ཀྱང་མ་ཉོས་ན་བློ་ཕམ་ཡིན་པ་ལྟར་རེད། གལ་སྲིད་ཆོས་བརྒྱུད་བྱེ་བྲག་པ་ཞིག་དང་བླ་མ་བྱེ་བྲག་པ་དེར་རང་ཤུགས་ཀྱིས་འདོད་བློར་བབས་པ་དང་གོམས་འདྲིས་ཡོད་པར་མཐོང་བ་ནི་རང་དང་ཆོས་བརྒྱུད་དེའི་དབར་ལས་ཀྱི་འབྲེལ་བ་ཡོད་པའི་རྟགས་བཟང་པོ་ཞིག་ཡིན། དེ་ནི་འགྲིག་བསྡད་ཡོད།

ཆོས་བརྒྱུད་དང་དགེ་བའི་བཤེས་གཉེན་འཚོལ་སྐབས་བློ་རྒྱ་ཡངས་པོ་དགོས་པ་ལས། “རང་ཉིད་ཀྱི་ཆོས་ཚོགས་ཁོ་ནར་འགྲོ་རྒྱུ་ལས་ཆོས་ཚོགས་གཞན་གྱི་ནང་གོམ་པ་ཙམ་ཡང་སྤོ་རྒྱུ་མིན་པ་དང་། རང་གི་དགེ་བའི་བཤེས་གཉེན་མ་གཏོགས་དགེ་རྒན་གཞན་གྱི་དྲུང་ནས་ཆོས་ཉན་གྱི་མིན།” ཞེས་པའི་བསམ་ཕྱོགས་བློ་མཁྲེགས་བཟུང་མི་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། ངའི་བསམ་པར། བསམ་བློ་མཁྲེགས་བཟུང་བྱ་རྒྱུ་དེས་ངེད་ཅག་སློབ་གཉེར་གང་མང་བྱེད་ཕྱོགས་ཀྱི་གོ་སྐབས་བཟང་པོ་མང་དག་ལ་འགོག་རྐྱེན་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། ཕྱོགས་གང་སར་འགྲོ་རྒྱུ་དེ་ནི་དགོས་ངེས་ཅན་ཞིག་མ་རེད། དེ་ལས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་ནས་ལམ་དབུ་མའི་ཕྱོགས་སུ་ཤར་བསྐྱོད་བྱ་རྒྱུ་དེ་ལེགས་པ་ཡིན།

གལ་སྲིད་ངེད་ཅག་ཆོས་སློབ་གཉེར་གྱི་གོ་སྐབས་ཆེས་དཀོན་པའི་གནས་དབེན་པ་ཞིག་ཏུ་གནས་སྡོད་ཆགས་ཡོད་ཚེ། བོད་ཀྱི་སྲོལ་རྒྱུན་གྱི་ལམ་ལུགས་དེ་དཔེར་བླངས་དགོས་ཐུག་སྲིད། དེར་བརྟེན་དང་ཐོག་རང་དང་ཉེ་ས་དང་སྟབས་བདེ་སའི་ཆོས་ཚོགས་དང་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་བཅར་དགོས། གལ་སྲིད་དེ་དག་རང་ཉིད་ལ་རན་ཞིང་འཚམས་པ་ཞིག་ཡོད་ན། དེ་ནི་ཧ་ཅང་ཡག་པོ་རེད། གལ་ཏེ་དེ་དག་རང་གི་བློ་ངོར་མ་བབས་ན། ང་ཚོས་གུས་ཞབས་དང་བཅས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་སློབ་སྦྱོང་བྱེད་དགོས་ཤིང་། དེ་ནས་གོ་སྐབས་བྱུང་ཚེ་ཆོས་ཚོགས་གཞན་དང་གཞན་ཏུ་བསྐྱོད་དེ་མུ་མཐུད་སློབ་གཉེར་རྒྱུན་སྐྱོང་བྱ་དགོས།

གལ་ཏེ་ཐབས་ལམ་གྱི་འགྲོས་འདི་ང་ཚོས་ལག་བསྟར་བྱས་ན། དེ་ནས་དགེ་བའི་བཤེས་གཉེན་དང་། ཆོས་ཚོགས། ཆོས་བརྒྱུད་སོགས་ལ་བཅར་རྒྱུ་དེ་རང་གི་རང་ལུགས་ཀྱི་ཆོས་ཚོགས་དང་ཆོས་བརྒྱུད། དེ་བཞིན་དགེ་བའི་བཤེས་གཉེན་ལ་ལར་ཞེན་མེད་པ་དང་མགོ་སྐོར་སླུ་བྲིད་ཀྱི་བྱ་སྤྱོད་ཡིན་པའི་ཚོར་སྣང་གང་འདྲ་ཞིག་ཡོད་སྲིད་ཀྱང་། ཐམས་ཅད་བློས་གཏོང་བྱ་རྒྱུ་གལ་ཆེ། འབྲིང་རིམ་སློབ་གྲྭ་ནས་མཐོ་སློབ་དུ་བསྐྱོད་པ་དེ་ནི་འབྲིང་རིམ་སློབ་གྲྭ་དང་དེའི་ནང་གི་དགེ་རྒན་རྣམས་ལ་ལར་ཞེན་མེད་པ་དང་སླུ་བྲིད་བྱེད་པའི་བྱ་སྤྱོད་ཞིག་ག་ལ་ཡིན། དེ་བཞིན་དུ་རང་ཉིད་ཀྱིས་གང་འདོད་པ་ལྟར་སློབ་སྦྱོང་གི་ལས་གཞིའམ་གནས་རིམ་མཁོ་སྤྲོད་གནང་གི་མེད་པ་མཐོང་ཚེ་ཆེས་མཐོའི་གཙུག་ལག་སློབ་ཁང་གཅིག་ནས་གཞན་ཞིག་ཏུ་སྤོ་བསྐྱོད་བྱེད་པ་དེ་ཡང་སྔ་མའི་ཆེས་མཐོའི་གཙུག་ལག་སློབ་ཁང་ལ་ལར་ཞེན་མེད་པའི་བྱ་སྤྱོད་ཞིག་ག་ལ་ཡིན། གལ་ཏེ་རང་གི་སྔ་མའི་དགེ་བའི་བཤེས་གཉེན་རྣམས་དང་ཁོང་དག་ལས་ཐོབ་པའི་བསླབ་བྱར་གུས་ཞབས་དང་རྗེས་སུ་ཡི་རངས་བྱས་ན། སྐྱོན་དང་ཉེས་པ་གང་ཡང་མེད།

བོད་ཀྱི་ཆོས་བརྒྱུད་བྱེ་བྲག་པ་རེ་རེའི་གཞུང་ལུགས་ནང་ཆོས་བརྒྱུད་གཞན་རྣམས་ཀྱི་ལྟ་བའི་ལངས་ཕྱོགས་ལ་དགག་པ་རྒྱག་ཡོད་པ་དེར་ཆ་འཇོག་བྱེད་སྟངས་ལེགས་ཤོས་དེ་གང་ཡིན་ནམ།

༸གོང་ས་མཆོག་དང་འདས་པའི་སྐྱེས་ཆེན་མང་དག་ཞིག་གིས་ནན་གྱིས་གསུངས་གསལ་ལྟར་ན། བོད་ཀྱི་ཆོས་བརྒྱུད་རྣམས་དང་ཆོས་བརྒྱུད་བྱེ་བྲག་པ་གཅིག་གི་ཚན་པ་མི་འདྲ་བ་རྣམས་ཀྱི་གཞུང་ལུགས་སྣ་ཚོགས་པའི་ནང་གནད་དོན་ཆུང་ཙག་རིགས་ལ་ལྟ་ཚུལ་མི་མཐུན་པ་ཡོད་ཀྱང་། གལ་འགངས་ཆེས་ཆེ་བའི་གནད་དོན་གྱི་ཐོག་སླེབས་དུས་དེ་དག་གི་ལངས་ཕྱོགས་དབར་མི་མཐུན་པ་མེད། དེར་མ་ཟད། ༸གོང་ས་མཆོག་གིས་གསུངས་གསལ་ལྟར་ན། འདས་པའི་སྐྱེས་ཆེན་འགས་རང་གི་སྒོམ་དང་འབྲེལ་བའི་མྱོང་བ་རྣམས་རྒྱུ་མཚན་ལྡན་ཅིང་དོན་དང་མཐུན་པའི་སྒོ་ནས་འགྲེལ་བརྗོད་གནང་ཐུབ་པ་བྱུང་མེད། འོན་ཀྱང་ཕྱོགས་རིས་མེད་པའི་ཐོག་ཁོང་རྣམ་པའི་ཉམས་ལེན་དང་གྲུབ་རྟགས་ལ་དཔྱད་པ་བྱེད་ཚེ་ཁོང་རྣམས་ཀྱིས་དངོས་གནས་དོན་དམ་གྱི་འབྲས་བུ་ཐོབ་ཡོད་པར་ང་ཚོས་མཐའ་སྡོམ་བྱེད་ངེས་པ་རེད།

གཞུང་ལུགས་མང་དག་ཞིག་གི་ནང་མཁས་པ་རྣམས་ཀྱི་དབར་བྱུང་བའི་བགྲོ་གླེང་རྣམས་འཁོད་ཡོད་པ་དང་། ཆོས་བརྒྱུད་མི་འདྲ་བ་གཉིས་ཀྱི་མཁས་པའི་དབང་པོ་རྣམས་ཀྱི་དབར་གྲོས་རྩོད་བྱུང་ཡོད་པ་མ་ཟད། ཆོས་བརྒྱུད་བྱེ་བྲག་པ་གཅིག་རང་གི་མཁས་པའི་ནང་ཕན་ཚུན་དབར་ཡང་བགྲོ་གླེང་བྱུང་ཡོད། གཞུང་ལུགས་འགའི་ནང་མཁས་པའི་དབང་པོ་རྣམས་ཀྱི་ནང་ཕན་ཚུན་དུ་ཚིག་རྩུབ་ཀྱི་སྒོ་ནས་བཤད་པ་གནང་བ་བྱུང་ཡོད། ང་ཚོས་བགྲོ་གླེང་དེ་དག་མི་མཐུན་པའི་ཕྱོགས་གཉིས་ཀྱི་དབར་བྱུང་བའི་འཐབ་རྩོད་ལྟ་བུར་ངོས་འཛིན་བྱེད་རུང་ཡང་། བསམ་ཕྱོགས་དེ་ལྟ་བུས་བགྲོ་གླེང་གི་བརྗོད་དོན་ལས་ཕན་པ་ལེན་རྒྱུར་འགོག་རྐྱེན་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་ཞེན་ཆགས་མེད་པའི་ལྟ་ཚུལ་གྱི་སྒོ་ནས་བལྟས་ན། ཁོང་ཚོའི་ཐ་སྙད་ཀྱིས་གང་སྟོན་མིན་གོ་ཐུབ། དཔེར་ན། “གལ་ཏེ་ཁྱེད་ཀྱིས་རྟག་པ་ཟེར་བའི་དོན་གང་ཡིན་གསལ་པོ་འགྲེལ་བརྗོད་མ་བྱས་པར། སེམས་ནི་རྟག་པ་རེད་ཅེས་བརྗོད་ན། དེ་ནས་མི་འགའ་ཞིག་གིས་ངའི་འགྲེལ་བརྗོད་ཀྱི་ལུགས་སུ་བྱས་ཏེ་ཐ་སྙད་དེ་རྟོགས་ཀྱི་རེད། ངས་ཇི་ལྟར་འགྲེལ་བརྗོད་བྱས་པ་ལྟར་ཁྱེད་ཀྱིས་རྟག་པ་འགྲེལ་བརྗོད་བྱས་ཏེ་དེ་སེམས་ཀྱི་གནས་ལུགས་སུ་བཤད་པའི་སྐབས། དེ་ནི་འཐད་ལྡན་མིན་པའི་མཇུག་སྡོམ་དང་སྔ་ཕྱི་འགལ་བ་ཡིན། དེར་བརྟེན་མི་དེ་དག་ཧ་ཅང་མགོ་རྨོངས་འགྲོ་གི་ཡོད།” ངོས་ཀྱི་བསམ་པར། དེ་ནི་ཤིན་ཏུ་དྲག་པོའི་སྒོ་ནས་ཚིག་སྦྱོར་བྱས་པའི་བགྲོ་གླེང་དེའི་རིགས་ལ་ཕྱོགས་རིས་མེད་པའི་མཇུག་སྡོམ་རྒྱག་ཚུལ་ཞིག་རེད།

བོད་ཀྱི་ནང་པའི་བླ་མ་མང་དག་ཞིག་གིས་དགག་པའི་ཚུལ་གྱིས་བོན་གྱི་སྲོལ་རྒྱུན་ཐད་བཤད་པ་དང་འབྲི་རྩོམ་མང་དག་ཞིག་སྤེལ་ཡོད། ཁྱེད་ཀྱིས་དེའི་ཐད་དགོངས་ཚུལ་གང་ཡོད་དམ།

བོན་ལ་ཕྱོགས་ལྷུང་གི་འདོད་ཚུལ་འཛིན་པ་དེ་ནི་གནའ་བོའི་དུས་སུ་བོད་ནུབ་ཕྱོགས་སུ་ཆགས་པའི་བོན་གྱི་ཕ་ས་ཞང་ཞུང་རྒྱལ་བརྒྱུད་དབང་དུ་བསྡུས་པ་དང་། ཡུལ་དེ་བོད་རྒྱལ་ཁབ་ཀྱི་རྒྱལ་ཁམས་ཐོག་མའི་ཁོངས་སུ་མཉམ་སྡེབ་བྱུང་བ་ནས་འགོ་ཚུགས་པ་ཞིག་རེད། བོན་ཞེས་པའི་ཐ་སྙད་དེ་ཐོག་མར་ཞང་ཞུང་ནས་ཕེབས་པའི་བློན་ཆེན་དང་དཔོན་རིགས་རྣམས་ལ་གོ་བ་ལས་བཙན་པོའི་མངའ་འོག་ཏུ་གནས་ཏེ་ཞང་ཞུང་གི་ཆོ་ག་དང་ཕྱག་བཞེས་རྣམས་ལག་བསྟར་བྱེད་མཁན་ལ་གོ་སྲོལ་མེད། བོན་པོ་རྣམས་ལ་ཕྱོགས་ལྷུང་གི་ལྟ་ཚུལ་འཛིན་པ་དེ་ཐོག་མར་ཆབ་སྲིད་ཀྱི་གནས་སྟངས་ལ་བརྟེན་ནས་སྐུལ་སློང་བྱུང་བ་ཞིག་ཡིན་པ་ལས་ཆོས་ཕྱོགས་ཀྱི་ཡིད་ཆེས་སམ་ཉམས་ལེན་གྱིས་བསྐྲུན་པ་ཞིག་མིན། ༸གོང་ས་མཆོག་གིས། ཕྱོགས་ལྷུང་གི་ལྟ་ཚུལ་དེ་ནི་ཕན་ཚུན་དབྱེ་འབྱེད་དང་མི་རུང་བ་ཞིག་རེད་ཅེས་ནན་གྱིས་གསུངས་ཡོད། དེར་བརྟེན་བོད་ཀྱི་ནང་པ་རྣམས་ཀྱིས་རང་གི་བློའི་ཁྱེར་སོ་ལས་དེ་ལྟ་བུའི་ལྟ་ཚུལ་དེ་མེད་པ་བཟོ་ཆེད་འབད་ན་ཡག་ཤོས་ཡིན།

གལ་ཏེ་ང་ཚོས་ཀཱརླ་ཡུང་ Jung གི་སེམས་ཁམས་རིག་པའི་ཕྱོགས་ནས་བལྟས་ན། ངའི་བསམ་པར། བོན་ལ་རྒྱབ་འགལ་གྱི་ཕྱོགས་ལྷུང་དེའི་ལོ་རྒྱུས་ཀྱི་འཕེལ་རིམ་གང་ཡིན་རྟོགས་ཐུབ། དུས་ཀྱི་འགྱུར་བའི་དབང་གིས་རང་གི་བླ་མ་སངས་རྒྱས་ཡིན་པར་ངོས་འཛིན་བྱེད་ཕྱོགས་དེ་གཙིགས་ཆེན་དུ་འགྱུར་བཞིན་ཡོད། བླ་མར་མོས་གུས་ཀྱི་སྒོ་ནས་བསྟེན་ཚུལ་དེ་ཤུགས་ཆེ་རུ་ཕྱིན་སྐབས་སེམས་ཀྱི་གནས་བབས་བརྟན་པོར་མ་ཆགས་པའི་ཉམས་ལེན་པ་མང་དག་ཅིག་ཉམས་ལེན་དེ་ཚུལ་མཐུན་གྱི་སྒོ་ནས་ལག་བསྟར་བྱེད་ཐུབ་པ་བྱུང་མེད། ཁོང་དག་གིས་རང་གི་བཤེས་གཉེན་ཀྱི་ལེགས་ཆ་ཇི་ཙམ་གསལ་བརྗོད་དང་ནན་བརྗོད་བྱས་ཀྱང་། དེ་ཚོད་ཀྱིས་ཀཱརླ་ཡུང་གིས་འབོད་པའི་གྲིབ་གཟུགས་ཏེ། སྦས་པའི་ངན་ཕྱོགས་ཀྱི་ཆ་དེ་གསལ་པོར་གྱུར་ཡོད། དེར་བརྟེན་ཁོང་དག་གིས་ངན་ཕྱོགས་ཀྱི་ཆ་དེ་བསྟན་པའི་དགྲ་བོ་ཞེས་པ་དེ་ཡིན་པའི་འཆར་སྣང་བསྐྲུན་ཡོད། དེ་ལྟའིི་རྟོག་པའི་འཆར་སྒོ་ཕལ་མོ་ཆེ་བོན་པོ་རྣམས་ཀྱི་ཐོག་ཏུ་ཕོག་པ་རེད།

ཇི་ལྟར་ངོས་ཀྱི་གྲོགས་བཟང་བོད་བརྒྱུད་ནང་བསྟན་གྱི་དགེ་རྒན་དང་ཡུང་གི་ལུགས་ལྟར་སེམས་ཁམས་སྨྲ་བ་སྨན་རམས་པ་མཱར་ཊིན་ཀཱལཧྥ་ Dr. Martin Kalff ལགས་ནས་ངོས་ལ་མཛུབ་སྟོན་གནང་བ་ལྟར་ན། ཤཱཀྱ་ཐུབ་པ་བྱང་ཆུབ་ཤིང་གི་དྲུང་དུ་སྒོམ་རྒྱག་སྐབས་བར་ཆད་དང་ཉེས་ཕུང་གི་ངོ་བོ་བདུད་ཀྱིས་རྒོལ་བ་བྱེད་པ་དེས་སེམས་ཁམས་དང་འབྲེལ་བའི་རྣམ་གཞག་དེ་མཚོན་གྱི་ཡོད། དྲན་ཤེས་ཀྱི་སྒོ་ནས་བཟང་ཕྱོགས་ལ་དམིགས་པ་གཏད་པ་དེས་དྲན་ཤེས་མེད་པའི་སྒོ་ནས་ངན་ཕྱོགས་སུ་དམིགས་པ་གཏད་པའི་ཕན་ཚུན་ནུས་ཤུགས་མཉམ་པ་ཞིག་ཡོང་གི་ཡོད། མཐར་བདུད་ཀྱིས་རང་ལ་གནོད་འཚེ་བྱེད་ཐུབ་ཀྱི་མེད་པའི་མཁྱེན་རྟོགས་དེ་ཤཱཀྱ་ཐུབ་པར་བྱུང་ཚེ། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད།

རྨོངས་ཞེན་ཆེ་ཤོས་དང་ལྡན་པའི་ནང་པའི་ཆོས་བརྒྱུད་ཀྱི་བླ་མར་གསོལ་མཆོད་བྱེད་ཕྱོགས་དེ་ནི་ནམ་རྒྱུན་ཆོས་སྐྱོང་སྲུང་མ་རྣམས་ཧ་ཅང་གཏུམ་དྲག་ཅན་དང་འཚེ་བའི་ངོ་བོར་ཉམས་ལེན་བྱེད་པ་དེ་ཡིན། ཁོང་དག་གིས་ཇི་ཅམ་བླ་མར་གསོལ་མཆོད་བྱེད་པ་དེ་ཙམ་གྱིས་བསྟན་པའི་དགྲ་རྣམས་འཇོམས་རྒྱུ་གཙིགས་ཆེན་དུ་འཛིན་མཁན་དུ་གྱུར་གྱི་ཡོད་པར་སྣང་། དེ་ལྟའི་ཕྱོགས་གཅིག་ཏུ་འདུ་ཐབས་ཀྱི་རྨོངས་ཞེན་དེ་ཧ་ཅང་གནོད་གཞི་ཅན་ཞིག་ཡིན་པས། ནུབ་ཕྱོགས་པའི་ནང་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་རང་གི་བླ་མ་སངས་རྒྱས་དང་གཞན་གྱི་བླ་མ་བདུད་དུ་འཛིན་པའི་བསམ་བློའི་ཕྱོགས་སུ་མི་ལྷུང་བ་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེ།

བོད་ཀྱི་ཆོས་བརྒྱུད་རྣམས་ཀྱི་ནང་ནས་གང་ཞིག་གཞི་རྒྱ་ཆེ་ཤོས་རེད་དམ།

དགེ་ལུགས་ལ་བོད་དང་སོག་པའི་ནང་རྗེས་འབྲངས་པ་མང་ཤོས་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་དུ་ཡང་དགེ་ལུགས་པ་མང་ཤོས་རེད། སྲོལ་རྒྱུན་གྱི་ཆ་ནས་བོད་བརྒྱུད་ནང་བསྟན་ཉམས་ལེན་གནང་མཁན་མིན་པའི་ནུབ་ཕྱོགས་པ་དང་ཤར་ཨེ་ཤི་ཡའི་ཁྲོད་དུ་ཀརྨ་བཀའ་བརྒྱུད་ཉམས་ལེན་པའི་གྲངས་འབོར་ཆེ་ཤོས་སུ་སྣང་། འོན་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ནང་ཆོས་བརྒྱུད་ཚང་མར་འཐུས་མིའི་གྲངས་འབོར་གཅིག་མཚུངས་སུ་གནས་ཡོད།

༸གོང་ས་མཆོག་གིས་བོད་ཀྱི་ཆོས་བརྒྱུད་ལྔ་པོ་རྒྱུན་འཛིན་བྱེད་པའི་ཕན་ཡོན་དང་། དེ་དག་སྲོལ་རྒྱུན་གཅིག་གི་ནང་མཉམ་སྡེབ་ཀྱི་ཁེ་ཕན་ཐོག་དགོངས་འཆར་གནང་ཡོད་དམ།

༸གོང་ས་མཆོག་དང་བོད་ཀྱི་བླ་ཆེན་སུ་ལའང་བསྒྱུར་བཅོས་དེ་ལྟར་གཏོང་བའི་དབང་ཚད་མེད། ༸གོང་ས་མཆོག་གིས་རྟག་ཏུ་མི་རྣམས་ཀྱི་མོས་པ་དང་འདོད་འདུན་འདྲ་མིན་ལ་ཕན་སླད་ཆོས་སྲོལ་སྣ་མང་ཞིག་དགོས་གལ་ནན་བརྗོད་གནང་གི་ཡོད། འོན་ཀྱང་གོང་དུ་ངས་བརྗོད་པའི་ཆོས་ལུགས་རིས་མེད་ཀྱི་ཚོགས་འདུ་ཞིག་ཚུགས་ཡོད་པའི་སྐབས་༸གོང་ས་མཆོག་གིས་ཚོགས་ཆུང་ཞིག་གསར་འཛུགས་བྱས་ཏེ་ཚོགས་ཆུང་དེས་ཆོས་ལུགས་རྣམས་མཉམ་འཛོམས་གནང་སྐབས་ཆོས་བརྒྱུད་ཐུན་མོང་གིས་ངོས་ལེན་བྱེད་པའི་ཉེར་མཁོའི་ཆོ་ག་ཞལ་འདོན་ཕྱོགས་འདེབས་ཀྱི་ཕྱག་དཔེ་ཞིག་གསར་བཟོ་སླད་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་བརྩམས་པའི་སྨོན་ལམ་ལྟ་བུ་བཀའ་བསྟན་འགྱུར་ལས་སྨོན་ལམ་འདེམས་སྒྲུག་བྱ་དགོས་པའི་དགོངས་འཆར་བསྩལ་ཡོད། དེ་ལྟར་མཉམ་འཛོམ་བྱས་ཏེ་སྨོན་ལམ་འདོན་ཐུབ་པ་དེས་ཆོས་བརྒྱུད་རྣམས་རང་རང་གི་གི་ཁྱད་ཆོས་མེད་པར་མི་བཟོ་བར། དེ་དག་ནང་ཕན་ཚུན་འཆམ་མཐུན་དང་ཐག་ཉེ་རུ་འགྲོ་ཕྱིར་ཡིན། ༸གོང་ས་མཆོག་གི་དགོངས་འཆར་དེ་ནུབ་ཕྱོགས་སུ་ཆགས་པའི་ཆོས་ཚོགས་རྣམས་ལ་ཡང་ཕན་ཐོགས་ཡོང་ངེས་རེད།།

Top