ཆབ་སྲིད་མི་སྣ་ཨན་ཝར་ས་དཏྟའི་ (Anwar Sadat) ཞི་བདེའི་གསུང་བཤད།

ཨན་ཝར་ས་དཏྟའི་ཞི་བདེའི་གཏམ་བཤད་འདི་བྱ་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་དང་གཟི་བརྗིད་ཆེན་པོ་ཡིན་ཞེས་ཞུ་འདོད་བྱུང་། ཁོང་སྲིད་འཛིན་ཞིག་ཡིན་པའི་ཆ་ནས་ཁོང་གི་ས་ཁོངས་སུ་གཏོགས་པའི་སྤྱི་ཚོགས་ནང་ཞི་བདེ་སྐྲུན་པའི་ཆེད་དངོས་གནས་ཐག་ཆོད་པོ་དང་སྙིང་སྟོབས་ལྡན་པའི་ཐབས་ཤེས་ལག་བསྟར་བྱས་ཡོད་པ་དང་། ཕྲན་ཁོང་ལ་རྒྱང་ཐག་རིང་པོ་ནས་ཡི་རངས་བྱེད་མཁན་ཞིག་ཡིན། དེ་རིང་ང་རང་ཁོང་གི་ཡུགས་མོ་དང་ཐུག་འཕྲད་བྱུང་བར་ཧ་ཅང་དགའ་དང་གཟི་བརྗིད་ལྡན་པ་ཞིག་བྱུང་བ་མ་ཟད། ངོས་ནས་ཁོང་གི་ཁྱོ་ག་འདས་པོ་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུས་པ་ཡིན། གལ་སྲིད་ཁོང་གི་སེམས་ནང་དྭོགས་པ་རྣམ་རྟོག་དང་སྡང་འཛིན་བཟུང་ཡོད་ན། སྙིང་སྟོབས་དེ་ལྟ་བུ་ཡོང་ཡག་ཧ་ཅང་དཀའ་ལས་ཁག་པོ་རེད། རྒྱ་ཆེ་བ་དང་ཕྱོགས་ཡོངས་ནས་བསམ་བློ་བཏང་བའི་སྐབས། དེ་ནི་ཕུགས་རྒྱང་རིང་པོའི་དོན་དུ་ཡིན་པ་རེད། དཔེར་ན། རང་ཉིད་ཀྱི་དགྲ་བོ་ལ་གུས་ཞབས་བྱེད་པ་དང་། ཕན་ཚུན་གླེང་མོལ་དང་ལག་པ་གཏོང་རེས་བྱེད་པ། དེ་ག་ནང་བཞིན་སོ་སོ་རང་ཉིད་དང་ཕ་རོལ་པོ་གཉིས་ཀྱི་དབར་འདྲ་བའི་ཆ་དང་མི་འདྲ་བའི་ཆ་རྣམས་ལ་བལྟ་རྒྱུ་དེ་ནི་ཡག་ཤོས་རེད། 

མི་ཚང་མ་ཞི་བདེ་འདོད་ཀྱི་ཡོད་པ་ལས་རྟག་ཏུ་སྡུག་བསྔལ་སྐྲུན་པར་བྱེད་པའི་དཀའ་ངལ་དང་འཚེ་བའི་རིགས་འདོད་མཁན་སུ་གཅིག་མེད། འཚེ་བའི་རྣམ་པ་སྡུག་ཤོས་ནི། དེ་ངེས་པ་མེད་པ་དེ་རེད། འཚེ་བའི་ལས་གཅིག་བྱས་རྗེས་ཀུན་སློང་བཟང་པོ་ཞིག་དང་། རང་གི་སེམས་ནང་དམིགས་ཡུལ་ཞིག་ཡོད་ཀྱང་། ཐབས་ལམ་དེ་འཚེ་བ་ཡིན་པའི་རྐྱེན་གྱིས་རང་ཉིད་ལ་འབྱུང་རེ་མེད་པའི་མཇུག་འབྲས་ཡོང་གི་ཡོད། དེ་འདྲ་རྟག་པར་ཡོང་སྡོད་ཀྱི་ཡོད། བྱས་ཙང་། ངས་ཨན་ཝར་ཁོང་གི་མཚན་ཐོག་ནས་གཏམ་བཤད་བྱ་རྒྱུ་བྱུང་བ་དེ་གཟི་བརྗིད་ཆེན་པོ་ཡིན་པར་ཚོར་གྱི་འདུག་ལ། གོ་སྐབས་འདི་གནང་མཁན་གྱི་གཙུག་ལག་སློབ་གཉེར་ཁང་དང་འབྲེལ་ཡོད་མི་སྣ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གཏོང་ཚུལ།

ངས་ནམ་རྒྱུན་གཏམ་བཤད་བྱེད་པའི་སྐབས་ཐོག་མར་ང་རང་འགྲོ་བ་མི་ཞིག་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད། ང་རང་ཚོ་ཆོས་ལ་ཡིད་ཆེས་བྱེད་མཁན་ཡིན་ན་རེད། ཡིད་ཆེས་མི་བྱེད་མཁན་ཡིན་ནའང་རེད། གང་ལྟར་ཚང་མ་འགྲོ་བ་མི་ཞིག་ཡིན་པ་ནི་གཅིག་པ་རེད། དེ་ལ་གཞི་བཞག་པའི་ཐོག་ནས་ངས་ནང་སེམས་ཀྱི་ཞི་བདེའི་སྐོར་ཤོད་ཀྱི་ཡོད། ཡང་རིམ་པ་གཉིས་པའི་ཐོག་ནས་བཤད་ན། ང་རང་ནང་པ་ཞིག་རེད། ངའི་དམ་བཅའ་ནང་གི་གཅིག་ནི་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གཏོང་རྒྱུ་དེ་རེད། འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་དེ་དག་ལས་སྡེ་ཚན་གཉིས་སུ་ཕྱེ་བ་ཡིན་ན། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ལ་ཡིད་ཆེས་བྱེད་པའི་ཆོས་ལུགས་དང་། སྡེ་ཚན་གཞན་ཞིག་ནི། འཇིག་རྟེན་བཀོད་པ་པོའི་ལྟ་ཚུལ་མེད་པའི་ཆོས་ལུགས་གཉིས་ཡོད། དེ་དག་ནི་གཞི་རྩའི་ཆོས་ལུགས་དབར་གྱི་ཁྱད་པར་དེ་རེད། འཇིག་རྟེན་བཀོད་པ་པོ་ཡོད་པར་སྨྲ་བའི་ཆོས་ལུགས་ནང་དུའང་སྐྱེ་བ་སྔ་མ་དང་ཕྱི་མ་སོགས་ལ་ཡིད་ཆེས་ཡོད་མེད་ཀྱི་ཁྱད་པར་ཡོད། ཧིན་དུའི་ཆོས་ལུགས་ལྟར་ན། མཐར་གཏུགས་ན་འཇིག་རྟེན་བཀོད་པ་པོའམ་དཀོན་མཆོག་ཡོད་པར་སྨྲ་མཁན་ཞིག་ཡིན། འོན་ཀྱང་རྒྱུ་དང་འབྲས་བུའི་རྣམ་གཞག་སྨྲ་བ་སོང་ཙང་། སྐྱེ་བ་ཕྱི་མ་ཡོད་པར་འདོད་ཀྱི་ཡོད། གཞན་ཡང་ཡེ་ཤུ་དང་ཁ་ཆེ་ལྟ་བུར་མཚོན་ན། དེ་གཉིས་ཕན་ཚུན་ཁྱད་པར་ཆུང་ངུ་ཁ་ཤས་ཡོད་པ་སྟེ། དཀོན་མཆོག་གཅིག་དང་། དཀོན་མཆོག་ཁོ་ན། ངོ་བོ་གསུམ་འདུས་ (Holy Trinity) ཞེས་ཡེ་ཤུའི་ཆོས་ལུགས་ཀྱིས་འདོད་པའི་ཡབ་དང་། སྲས། དམ་པའི་ཐུགས་བཅས་སོགས་རེད། 

མནའ་བོའི་ཧིན་དུའི་སྲོལ་རྒྱུན་ལྟར་ན། ཉུང་མཐར་ཡང་ལོ་ངོ་སུམ་སྟོང་ཙམ་གྱི་རིང་ལ་འཇིག་རྟེན་བཀོད་པ་པོ་ཞེས་པའི་ལྟ་ཚུལ་དེ་མེད་པའི་ལྟ་གྲུབ་རིང་ལུགས་ཤིག་ཡོད་པ་རེད། གཅེར་བུ་པ་དང་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་དེའི་རྗེས་སུ་འབྲང་གི་ཡོད། དེ་ལྟར་འཇིག་རྟེན་བཀོད་པ་པོ་མེད་པའི་ལྟ་ཚུལ་ནང་དུའང་རྟག་གཅིག་རང་དབང་ཅན་གྱི་བདག་ཡོད་པ་དང་། ཡང་དེ་ལྟ་བུའི་རྟག་གཅིག་རང་དབང་ཅན་གྱི་ངོ་བོར་གྲུབ་པའི་བདག་མེད་པར་འདོད་པའི་ཁྱད་པར་ཡོད། 

འོ་ན། དེ་འདྲའི་ལྟ་གྲུབ་རིང་ལུགས་མི་འདྲ་བའི་དགོས་པ་དང་དམིགས་ཡུལ་གང་ཡིན་ནམ་ཞེ་ན། དེ་དག་གི་དགོས་པ་ནི། མི་བསམ་ཤེས་ཅན་དང་སྙིང་རྗེ་ཅན་ཞིག་ཆགས་པའི་ཐབས་དང་ལངས་ཕྱོགས་མི་འདྲ་བ་རྣམས་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ཆོས་ལུགས་མི་འདྲ་བ་ཚང་མས་བྱམས་པ་དང་། སྙིང་རྗེ། བཟོད་པ། བཟོད་གསོལ་སོགས་ཀྱི་བསླབ་བྱ་གཅིག་མཚུངས་སུ་ཤོད་ཀྱི་ཡོད། ང་ཚོར་ཁོང་ཁྲོའི་དཀའ་ངལ་དང་གནད་དོན་དེ་འདྲ་ཡོང་གི་ཡོད་པ་སོང་ཙང་། དེར་བཟོད་གསོལ་དང་བཟོད་པ་ཉམས་ལེན་བྱ་རྒྱུ་ཡོད། དེ་ཡང་བཟོད་པས་ཁོང་ཁྲོ་ལ་ཐད་ཀར་ཁ་གཏད་གཅོག་པ་དང་བཟོད་གསོལ་གྱིས་སྡང་འཛིན་ལ་ཐད་ཀར་ཁ་གཏད་གཅོག་གི་ཡོད།

དེ་འདྲ་ཡིན་པ་སོང་ཙང་། ཆོས་ལུགས་ཆེ་ཁག་ཚང་མས་བསླབ་བྱ་གཅིག་རང་རྒྱག་པ་དང་། དེ་ལྟར་བྱམས་པའི་བསླབ་བྱ་བརྒྱུད་ཞི་བདེ་སྐུན་པར་ཚང་མར་ནུས་པ་འདྲ་མཉམ་ཡོད་པ་རེད། ཞི་བདེ་ནི་སྙིང་རྗེ་ལ་བརྟེན་ནས་མཐར་ཐུག་སྡང་འཛིན་དང་ཁོང་ཁྲོ་ལས་ཐར་བ་དང་འབྲེལ་བ་དམ་པོ་ཡོད་པ་ནི་རིགས་པ་དང་མཐུན་ཞིང་གསལ་པོ་རེད། ཁྱིམ་ཚང་ཞིག་ཡིན་ནའང་འདྲ། སོ་སོ་མི་སྒེར་པ་ཞིག་ཡིན་ནའང་འདྲ་སྟེ། ཞི་བདེ་ནི་ངེས་པར་དུ་ནང་སེམས་ནས་ཡོང་དགོས་ཀྱི་ཡོད། ནང་སེམས་ཀྱི་ཞི་བདེའི་འབྱུང་ཁུངས་ནི་སྙིང་རྗེ་དང་བཟོད་གསོལ་ཡིན་པ་རེད། ཆོས་ལུགས་ཚང་མར་འཛམ་གླིང་གི་ཞི་བདེ་དང་། ཁྱིམ་ཚང་གི་ཞི་བདེ། སོ་སོ་སྒེར་གྱི་ཞི་བདེ་ཞིག་སྐྲུན་ཐུབ་པའི་ནུས་པ་གཅིག་མཚུངས་སུ་ཡོད།  

དེ་འདྲ་སོང་ཙང་། ལྟ་གྲུབ་མི་འདྲ་བ་མང་པོ་དེ་འདྲ་ག་རེ་བྱས་ནས་ཡོད་དམ་ཞེ་ན། མི་སོ་སོར་ཁམས་དང་བསམ་པ། མོས་པ་སོགས་མི་འདྲ་བ་ཡོད་པས་རེད། མི་ཁ་ཤས་ལ། འཇིག་རྟེན་བཀོད་པ་པོ་ཡོད་པར་སྨྲ་བའི་ཆོས་ལུགས་དེ་ཕན་ནུས་ཆེ་བ་ཡོད་པ་དང་། ཁ་ཤས་ལ་ནི་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་མཁན་ཆོས་ལུགས་ཀྱི་ཐབས་ཚུལ་དེ་ཕན་ནུས་ཆེ་བ་ཡོད། དེ་ནི་སྨན་གྱི་རིགས་མི་འདྲ་བ་ཡོད་པ་ནང་བཞིན་རེད། དཔེར་ན། སྨན་བྱེ་བྲག་པ་རེ་རེའི་ནང་རྫས་ཆ་མི་འདྲ་བ་ཡོད་ཀྱང་། ནད་དྲག་སྐྱེད་ཡོང་བའི་དམིགས་ཡུལ་དེ་གཅིག་པ་རེད། ཡང་མི་སོ་སོའི་གཟུགས་པོའི་གནས་སྟངས་དང་ལོ་ཚོད་ལ་བརྟེན་ནས་ནད་ལའང་རིགས་འདྲ་མིན་ཡོད། བྱས་ཙང་། ང་ཚོར་སྨན་གྱི་རིགས་འདྲ་མིན་དགོས་ཀྱི་ཡོད། དེ་ག་ནང་བཞིན་སེམས་ཀྱི་ཞི་བདེའི་ཆེད་དུ་སྨན་གྱི་རིགས་ཀྱང་མི་འདྲ་བ་མང་པོ་དགོས་ཀྱི་ཡོད། དེར་བརྟེན་ཆོས་ལུགས་ཆེ་ཁག་ཚང་མར་ནུས་པ་དང་དམིགས་ཡུལ་གཅིག་པ་ཡོད་པས། དེ་དག་ང་ཚོ་འགྲོ་བ་མི་ཐེར་འབུམ་བདུན་ཚང་མར་དགོས་གལ་དང་འབྲེལ་བ་ཆགས་ཀྱི་ཡོད།

སེམས་ཁམས་མི་འདྲ་བར་ཐབས་ལམ་མི་འདྲ་བ།

ནང་པའི་ཆོས་ཀྱི་ནང་དུ་སངས་རྒྱས་ཀྱིས་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་མང་པོ་གསུངས་ཡོད་ཀྱང། ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་རྩེ་གཅིག་ཏུ་ཡོད་པ་གསལ་པོ་ཡིན། རྒྱུ་མཚན་ག་རེ་རེད་ཅེ་ན། ཁོང་གི་རྗེས་འཇུག་གདུལ་བྱ་རྣམས་ལ་ཁམས་དང་མོས་པ་མི་གཅིག་པ་ཧ་ཅང་མང་པོ་ཡོད་པ་དང་། དེར་བརྟེན་སྲོལ་རྒྱུན་གཅིག་གི་ནང་དུའང་ཐབས་ལམ་སྣ་ཚོགས་སྟོན་དགོས་པ་གལ་ཆེན་ཡིན། ས་བབས་གནས་སྟངས་ཀྱི་ཆ་ནས་ཁོར་ཡུག་མི་འདྲ་བའི་ནང་མི་ཚེ་སྐྱེལ་སྟངས་མི་འདྲ་བར་འཚོ་སྡོད་བྱེད་མཁན་མི་ཐེར་འབུམ་ཁ་ཤས་ཡོད་ཅིང་། དེ་དག་ལ་ཁམས་དང་མོས་པ་མི་འདྲ་བ་ཡོད་པས་ཐབས་ལམ་མི་འདྲ་བ་དགོས་ཀྱི་ཡོད། ཆོས་ལུགས་ཆེ་ཁག་ཚང་མས་བྱམས་བརྩེ་དང་། སྙིང་རྗེ། བཟོད་གསོལ་བཅས་དགོས་སྐོར་བསླབ་བྱ་གཅིག་མཚུངས་སུ་རྒྱག་གི་ཡོད་པ་ཤེས་པ་བྱ་རྒྱུ་ནི་ཆོས་ལུགས་ཕན་ཚུན་དབར་གྱི་གུས་བརྩི་སྐྱེད་པའི་རྨང་གཞི་ཡིན། ཕན་ཚུན་གཉིས་མོས་ཀྱི་གུས་བརྩི་དེ་ཡོད་པ་ཡིན་ན། དེ་ནས་ཕན་ཚུན་གཅིག་གིས་གཅིག་ལས་བློ་སྐྱེད་ལེན་རྒྱུ་འགོ་བཙུག་ཐུབ་ཅིང་། དེ་ལ་བརྟེན་ནས་དོན་ངོ་མར་སོ་སོའི་ཆོས་ལུགས་ཕྱུག་ཏུ་གཏོང་གི་ཡོད། 

ང་རང་སྒེར་གྱི་ཉམས་མྱོང་ལ་གཞིགས་ན། ཡེ་ཤུ་དང་། ཁ་ཆེ། འཇེའུ། ཧིན་དུ་བཅས་ཀྱི་མི་སྣ་ཁག་དང་ཐུག་འཕྲད་བྱུང་བའི་འབྲས་བུ་ལ་བརྟེན་ནས་བསམ་ཚུལ་གསར་པ་མང་པོ་སྦྱངས་ཐུབ་བྱུང་། དེ་ལ་བརྟེན་ནས་རང་གི་ཉམས་ལེན་ཕུན་སུམ་ཇེ་ཚོགས་སུ་འགྲོ་གི་འདུག །དེར་བརྟེན་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་དང་ཡི་རང་ལ་གཞི་བཞག་པའི་སྟེང་ནས་ཆོས་ལུགས་ནང་ཁུལ་དབར་ཁ་ཞེ་གཉིས་མེད་ཀྱི་མཐུན་འབྲེལ་གོང་སྤེལ་གཏོང་ཐུབ་པ་ཞིག་ཡོང་སྲིད། བྱས་ཙང་། ངའི་དམ་བཅའ་གཉིས་པ་དེ་ནི་ཆོས་ལུགས་ནང་ཁུལ་བར་མཐུན་སྒྲིལ་གོང་སྤེལ་གཏོང་རྒྱུ་དེ་ཡིན།

ང་ཚོའི་ཉིན་རེའི་མི་ཚེའི་ནང་ཀུན་སྤྱོད་ཀྱི་རིན་ཐང་ལག་བསྟར་བྱེད་པ།        

ངས་གོང་དུ་ཞུས་པ་བཞིན། དེ་རིང་འདི་གར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་དང་གཟི་བརྗིད་བྱུང་། དེ་དང་ཆབས་ཅིག་ང་ཚོས་ཨན་ཝར་ས་དཏྟ་དམ་པ་ཁོང་གི་སྐོར་སྐད་ཆ་ཤོད་ཀྱི་ཡོད་པས། ང་ཚོས་ངེས་པར་དུ་ཁོང་གི་ཆེ་བ་དྲན་པ་ཙམ་མིན་པར། ཆེ་བའི་རིན་ཐང་དེ་དག་སོ་སོའི་ཉིན་རེའི་མི་ཚེའི་ནང་ལག་ལེན་བསྟར་ཐབས་བྱེད་དགོས། ཁོང་གི་གྲོས་མོལ་གྱི་སྙིང་སྟོབས་ནང་། དཀའ་ངལ་ག་ཚོད་ཕྲད་ཀྱང་གང་ཡང་མེད། སྐད་ཆ་བཤད་དེ་དཀའ་ངལ་སེལ་ཐབས་བྱ་རྒྱུ་གལ་ཤིན་ཏུ་ནི་ཆེ་ཞེས་གསུངས་ཡོད། སྤྱིར་བཏང་དུས་རབས་ཉི་ཤུ་པ་ནི་མི་གསོད་ཁྲག་སྦྱོར་གྱི་འཚེ་བའི་དུས་རབས་ཤིག་ཏུ་ཕྱིན་པ་རེད། འོན་ཀྱང་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཞི་བདེའི་དུས་རབས་ཤིག་སྐྲུན་ཐུབ་པ་བྱེད་དགོས་ཞེས་ངས་རྒྱུན་དུ་བཤད་ཀྱི་ཡོད། དེ་ལྟར་བརྗོད་དུས་དཀའ་ངལ་གཅིག་ཀྱང་མི་འཕྲད་པའི་དོན་མིན། གང་ཡིན་ཟེར་ན། དཀའ་ངལ་ནི་རྟག་ཏུ་འཕྲད་ངེས་རེད། དེའི་དོན་ནི། ཞི་བདེའི་དུས་རབས་ཤིག་སྐྲུན་པ་ལ་ང་ཚོས་སོ་སོའི་དཀའ་ངལ་སེལ་ཆེད་ཞི་བདེ་དང་གྲོས་མོལ་ལ་བརྟེན་པའི་ཐབས་ལམ་ཞིག་ཡར་རྒྱས་གཏོང་དགོས་པ་དེ་ཡིན། 

ང་འདིར་མ་སླེབས་གོང་མངའ་སྡེའི་སྤྱི་ཁྱབ་ཀྱི་བུ་ཐུག་བྱུང་། ངས་ཁོང་ལ་ང་དང་མི་རབས་གཅིག་པའི་དུས་རབས་ཉི་ཤུ་པའི་སྤུན་ཟླ་རྒན་རབས་ཕོ་མོ་མང་པོ་ཕྱིན་ཟིན་པ་རེད། ང་ཚོ་ནི་འགྲོ་རྒྱུར་གྲ་སྒྲིག་ཟིན་ནས་ཡོད། དེར་བརྟེན་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་ལོ་ན་བཅོ་ལྔ་ནས་སུམ་ཅུ་བར་གྱི་མི་རབས་རྣམས་དོན་དམ་པའི་དུས་རབས་ཉི་ཤུ་རྩ་གཅིག་པའི་མི་རབས་ཡིན། ང་ཚོར་དུས་རབས་འདི་ནང་ནས་ལོ་ངོ་བཅུ་ཕྲག་དགུ་ཙམ་མ་གཏོགས་ལྷག་མེད་ཅིང་། མི་རབས་གསར་པ་ཚོས་དུས་ཚོད་ལྷག་མ་དེ་དག་སྐྱེལ་དགོས། བྱས་ཙང་། འཛམ་གླིང་འདི་གསར་པ་ཞིག་དང་། ལེགས་པ། བདེ་སྐྱིད་དང་ལྡན་པ་ཞིག་བཟོ་རྒྱུར་ཁྱེད་རང་ལའང་གོ་སྐབས་དང་ལས་འགན་ཡོད་ཅེས་བཤད་པ་ཡིན། དེ་ནི་འགྲོ་བ་མི་ཚང་མ་གཅིག་ཡིན་པའི་ཡིད་ཆེས་བརྟན་པོ་ཞིག་རྙེད་པའི་ཐོག་ནས་ལེགས་གྲུབ་ཡོང་ཐུབ། 

ཆོས་དད་རིང་ལུགས་སམ་མི་རིགས་ཀྱི་གནས་སྟངས་མི་འདྲ་བ་ཡོད་པ་དེ་དག་ནི་གལ་གནད་ཆུང་བའི་རིམ་པ་གཉིས་པ་དེ་ཡིན་པས། དེ་ཙམ་གལ་ཆེན་པོ་མ་རེད། ང་ཚོས་རིམ་པ་གཉིས་པ་དེའི་ཐོག་དོ་ནན་ཤུགས་ཆེན་པོ་བྱས་ཏེ་འགྲོ་བ་མི་གཅིག་གྱུར་ཡིན་ཚུལ་གཏིང་ནས་བརྗེད་པ་ལ་བརྟེན་ནས་དཀའ་ངལ་ཡོང་གི་ཡོད། དེ་ལས་ལྡོག་སྟེ། ང་ཚོས་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས། དང་པོ་ང་ཚོས་འགྲོ་བ་མི་རྣམས་གཅིག་གྱུར་ཡིན་པར་བསམ་བློ་གཏོང་དགོས། དེང་སང་འཛམ་གླིང་ནང་དངོས་ཡོད་ཀྱི་དཀའ་ངལ་འཕྲད་བཞིན་པ་ནི་གོ་ལའི་སྤྱི་དྲོད་འཕེལ་བ་དང། གོ་ལའི་དཔལ་འབྱོར་གྱིས་རྒྱལ་ཁབ་ཀྱི་ས་མཚམས་དང་ཆོས་ལུགས་ཀྱི་ཁྱད་པར་རྣམས་སྐབས་དོན་དང་འབྲེལ་མེད་ཡིན་ཚུལ་བསྟན་ཡོད། དེར་བརྟེན་མི་རབས་གསར་པ་ཚོས་གོ་ལ་ཡོངས་ཀྱི་རིམ་པའི་ཐོག་ནས་འགྲོ་བ་མི་རིགས་རྣམས་གཅིག་གྱུར་ཡིན་པའི་ཐོག་ལ་བསམ་བློ་མང་ཙམ་གཏོང་དགོས། རིམ་པ་གཉིས་པ་དེའི་ཐོག་ལ་རིག་པ་བསྒྲིམས་ནས་འཕྲལ་གྱི་ཁེ་ཕན་ཕྲན་བུ་ཞིག་ལ་ཆགས་ཏེ། འགྲོ་བ་མི་རིགས་ཀྱི་གཅིག་གྱུར་དེ་བློས་གཏོང་བྱས་ན་། དེ་ནི་བཀྲ་མི་ཤིས་པའི་རྐྱེན་ངན་གོད་ཆག་ཆེན་པོ་ཞིག་ཡིན། མཐར་དུས་རབས་འདི་ཞི་བདེའི་དུས་རབས་ཤིག་ཆགས་པའི་ཆེད་དམིགས་འདུན་ཞིག་སྐྲུན་པའི་ཐོག་ནས་གོ་ལ་ཧྲིལ་པོར་དམག་ཤུགས་མེད་པ་བཟོ་ཐུབ་པ་ཡིན། བྱས་ཙང་། དེའི་ཐད་བསམ་བློ་མང་ཙམ་གཏོང་རོགས་གནང་།

ཐུགས་རྗེ་ཆེ། ད་ང་ཚོ་དྲི་བ་དྲིས་ལན་ཁ་ཤས་བྱ་རྒྱུ་ཡིན། 

༸གོང་ས་མཆོག །ཁྱེད་ཕྱི་ལོ་ ༢༠༡༡ ལོར་ནིའུ་ཨཱརྐ་ (Newark) ལ་ཆིབས་སྒྱུར་གནང་སྐབས། ཨ་རིའི་ཤེས་ཡོན་ལམ་ལུགས་ནང་ཀུན་སྤྱོད་ཀྱི་སློབ་ཁྲིད་འཇུག་དགོས་སྐོར་བཀའ་སློབ་གནང་སོང་། ལམ་ལུགས་དང་མཐུན་པའི་བཟང་སྤྱོད་ཀྱི་འཛིན་གྲྭ་ཞིག་འཛུགས་རྒྱུར་ཁྱེད་ཀྱིས་དགོངས་ཚུལ་གང་ཡོད་དམ། འཛམ་གླིང་གི་ས་ཕྱོགས་གང་སར་གཞུང་འབྲེལ་བཀའ་ཁྱབ་ཡོད་པའི་བཟང་སྤྱོད་ཀྱི་འཛིན་གྲྭ་མང་པོ་ཡོད། ཨ་རིའི་ཤེས་ཡོན་ལམ་ལུགས་ཁྲོད་ལམ་ལུགས་ལྟར་མཐུན་པའི་བཟང་སྤྱོད་ཀྱི་སློབ་གཞི་ཞིག་འཛུགས་དགོས་ཞེས་ལམ་སྟོན་གནང་རྒྱུར་དཀའ་ངལ་གང་འདྲ་ཞིག་གཟིགས་ཀྱི་ཡོད་དམ། 

འགྲོ་བ་མི་རིགས་ལ་བརྟག་ཞིབ་བྱས་པའི་འབྲས་བུར། ངའི་བསམ་པར། ཤེས་ཡོན་གྱིས་དངོས་གནས་ངོ་མཚར་ཆེ་བའི་འཛམ་གླིང་གསར་པ་ཞིག་བསྐྲུན་ཡོད། འཛམ་གླིང་གི་ཆ་ཤས་གང་སར་མི་རྣམས་ཀྱིས་ཤེས་ཡོན་ནི་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་གྱི་ཡོད། དེང་གྱི་ཆར་རྒྱལ་ཁབ་དང་སྤྱི་ཚོགས་མང་པོའི་ནང་དེང་དུས་ཀྱི་ཤེས་ཡོན་ཚད་ཧ་ཅང་མཐོ་པོ་ཡོད་པ་རེད། འོན་ཀྱང་ད་དུང་ང་ཚོར་དཀའ་ངལ་དང་རྙོག་ཟིང་ཡོད། ཐ་ན་སྤྱི་ཚོགས་ནང་དཀའ་ངལ་མང་པོ་བཟོ་མཁན་གྱི་མི་རྣམས་ལ་ཤེས་ཡོན་གྱི་ཆ་ནས་བསམ་ན། ཆུ་ཚད་ཧ་ཅང་མཐོ་པོ་ཡོད། སེམས་ཀྱི་ཞི་བདེར་མཚོན་ན། ངོས་ལ་ཤེས་ཡོན་ཐད་བྱང་ཆུབ་པའི་གྲོགས་པོ་མང་པོ་ཡོད། འོན་ཀྱང་མི་ཞིག་ཡིན་པའི་ཆ་ནས་ཁོང་ཚོས་སྐྱིད་པོ་མེད་པ་ཞེ་དྲགས་བྱེད་ཀྱི་འདུག །དེ་ལ་བརྟེན་ནས་བསམ་བློ་གཏོང་ཕྱོགས་དེ་བས་བདེ་ཐང་མེད་པ་བཟོ་གི་ཡོད་པ་དང་། དེ་ལས་སྲོག་གཅོད་པ་དང་། རྫུན་སྨྲ་བ། ཚུལ་འཆོས་བྱེད་པ། བཤུ་གཞོག་གཏོང་བ། ཐུབ་ཚོད་གཏོང་བ་སོགས་ཡོང་གི་ཡོད། 

དེར་བརྟེན་ཆོས་ལུགས་ཆེ་ཁག་ཚང་མས་ང་ཚོར་གཏིང་ཟབ་པའི་རིན་ཐང་ཞིག་སློབ་ཀྱི་ཡོད་ཅེས་རྒྱུན་དུ་ངས་མི་རྣམས་ལ་བརྗོད་ཀྱི་ཡོད། རིན་ཐང་དེ་དག་སློབ་མཁན་མི་རྣམས་ཀྱི་ཁྲོད་དུའང་དེ་དག་ཁ་ཞེ་གཉིས་མེད་ཀྱིས་ཉམས་ལེན་མི་བྱེད་མཁན་ཡང་ཡོད། སྐབས་རེ་ཆོས་ཁ་ལ་ཁྱེར་ནས་སྐད་ཆ་ཤོད་མཁན་རྣམས་ཀྱིས་དོན་དངོས་སུ་མི་ཚེ་ཚུལ་འཆོས་ངང་སྐྱེལ་ཞིང་། ཁ་ནས་ཚིག་སྙན་པོ་དེ་འདྲ་བཤད་ཀྱང་ལག་ལེན་གཞན་ཞིག་བསྟར་གྱི་ཡོད་ཅེས་ངས་ཐེངས་མང་པོ་བཤད་ཟིན་པ་ཡིན། དེ་ནི་ནང་སེམས་ཀྱི་རིན་ཐང་ལ་དངོས་གནས་ཡིད་ཆེས་བརྟན་པོ་ཞིག་མེད་པའི་རྟགས་གསལ་པོ་རེད། དད་པ་ཙམ་ལ་བརྟེན་ནས་ཡིད་ཆེས་ངོ་མ་ཞིག་སྐྲུན་པ་ནི་ཚད་གཞི་ངེས་ཅན་ཞིག་ལས་མེད། འོན་ཀྱང་ཡེ་ཤུའི་བླ་ཆེན་པཽབ་སྐུ་གོང་མས་གསུངས་པ་ལྟར། དད་པ་དང་རྒྱུ་མཚན་གཉིས་ངེས་པར་དུ་མཉམ་དུ་འགྲོ་དགོས་ཀྱི་ཡོད། 

ངའི་བསམ་པར། དེ་ནི་དངོས་གནས་དྲང་གནས་བདེན་པ་རེད། ཤེས་ཡོན་དང་གོ་རྟོགས་བརྒྱུད་ནས་ང་ཚོར་རྒྱུ་མཚན་དགོས་ཀྱི་ཡོད། ང་ཚོ་ལ་རེ་བ་གཅིག་རང་ཡོད་པ་དེ་ནི་ཤེས་ཡོན་རེད། གལ་ཏེ་ང་ཚོས་མི་རྣམས་ལ་ཚོར་བ་འདྲེན་ནུས་ཀྱི་བྱམས་བརྩེ་དང་གཞན་ལ་སེམས་འཁུར་བྱེད་སྟངས་ཀྱི་སློབ་སྦྱོང་སྤྲད་པ་ཡིན་ན། ཁོང་ཚོས་དེ་དག་ནི་རང་གི་བདེ་དོན་དང་འཕྲོད་བསྟེན་གྱི་མཐའ་མའི་འབྱུང་རྩ་ཞིག་ཡིན་པ་ཤེས་རྟོགས་ཡོང་གི་རེད། ཁྱིམ་ཚང་དང་སྤྱི་ཚོགས་ནང་དཀའ་ངལ་འབྱུང་བ་ནི་ཀུན་སྤྱོད་ཀྱི་རྣམ་གཞག་མེད་པའི་དབང་གི་ཡིན། དེར་བརྟེན་ད་ཡོད་ཀྱི་ཤེས་ཡོན་ཁྱབ་ཁོངས་ནང་། ང་ཚོས་ཀུན་སྤྱོད་ཀྱི་རྣམ་གཞག་སློབ་གསོ་ངེས་པར་དུ་འཇུག་དགོས། གང་ཡིན་ཟེར་ན། ད་ལྟ་དེ་ལྡང་ངེས་བཞིན་པ་ཞིག་མེད། 

སེམས་དང་སེམས་ཚོར་ལ་གཞིགས་ན། གནའ་བོའི་རྒྱ་གར་གྱི་ལྟ་བའི་གཞུང་ནང་ཁོང་ཁྲོ་དང་། ཞེ་སྡང་། དངངས་སྐྲག་སོགས་ཉོན་མོངས་ལ་གདོང་ལེན་བྱེད་ཕྱོགས་ཐད་འགྲེལ་བཤད་མང་པོ་ཡོད། དེར་བརྟེན་ངོས་ཀྱི་ཉམས་མྱོང་ནང་། འདས་པའི་མི་ལོ་སུམ་ཅུའི་ནང་དེང་རབས་ཀྱི་ཚན་རིག་པ་དང་ཤེས་ཡོན་པ་མཉམ་དུ་བགྲོ་གླེང་བྱུང་བར་བརྟེན། ཁོང་ཚོ་མང་པོ་ཞིག་གིས་ནང་ཆོས་ཐེ་བའི་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་ནང་གནས་ཚུལ་ཧ་ཅང་མང་པོ་ཞིག་ཡོད་པར་ཡི་རངས་བྱེད་ཀྱི་འདུག །ཚན་རིག་པ་དེ་དག་གིས་གནས་ཚུལ་དེ་དག་ཡོད་པ་ཙམ་ལ་ཡི་རངས་བྱེད་པ་མ་ཡིན་པར། དེ་དག་ལ་བརྟག་དཔྱད་དང་བཅས་ཉམས་ཞིབ་བྱས་ཏེ་རྒྱབ་སྐྱོར་བྱེད་དགོས་པའི་བདེན་དཔང་མིག་སྔར་ར་སྤྲོད་བྱས་ཡོད། དེར་བརྟེན་འདས་པའི་ལོ་གཉིས་ནས་བཟུང་སྟེ་ང་ཚོས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཀུན་སྤྱོད་ཀྱི་སློབ་གཞི་ངོ་སྤྲོད་བྱེད་ཕྱོགས་ལ་དོ་གལ་ཆེན་པོས་བསམ་མནོ་བཏང་བ་ཡིན། ང་ཚོར་གང་དགོས་པ་ནི་སེམས་ཀྱི་ཐོག་ཤེས་ཡོན་གྱི་སློབ་གཞི་ཞིག་དགོས་ཀྱི་འདུག །ངས་དེ་ལ་ “བསམ་བློའམ་སེམས་ཀྱི་ས་ཁྲ་” ཟེར་གྱི་ཡོད། དེ་ནས་སློབ་ཕྲུག་ཚོས་སོ་སོའི་མྱོང་བའི་ཐོག་ནས་ཁོང་ཁྲོས་རང་གི་སེམས་ཀྱི་ཞི་བདེ་གཏོར་བཤིག་གཏོང་ཚུལ་ཤེས་རྟོགས་ཐུབ་ཀྱི་རེད། 

རང་གི་ཕ་མ་དང་གྲོགས་པོས་སོ་སོར་བྱམས་བརྩེའི་ཐོག་ནས་གཅེས་སྐྱོང་བྱས་པར་སློབ་ཕྲུག་ཚོས་ཡི་རངས་ཞེ་དྲགས་བྱེད་ཀྱི་ཡོད། ལོ་ན་ཆུང་དུས་ནས་བཟུང་། དེ་ལྟ་བུའི་བྱམས་བརྩེའི་རིན་ཐང་དེ་མི་ཚེའི་ནང་གསོན་པོར་གནས་ཀྱི་ཡོད། ང་ཚོ་ནང་བཞིན་མི་རྣམས་འཚར་ལོངས་བྱུང་བའི་སྐབས། ཚང་མ་སོ་སོ་རང་གིས་བྱེད་ཐུབ་པར་སོང་ཙང། མཚམས་རེ་ཁོང་ཚོས་བརྩེ་བ་དགོས་ཀྱི་མེད་ཅེས་ཤོད་ཀྱི་ཡོད། འོན་ཀྱང་གཞི་རྩའི་མིའི་རིན་ཐང་དེ་དག་རྩ་བའི་ལུས་པོའི་གྲུབ་ཆའམ་སྐྱེ་དངོས་ཚན་རིག་གི་ཐོག་ནས་ཡོང་བ་ལས་ཆོས་ལ་བརྟེན་ནས་ཡོང་གི་མེད། ཨ་མ་ཞིག་གི་རང་གི་བུ་ལ་བཅངས་པའི་བརྩེ་བ་ནི་ཧ་ལས་པ་ཞིག་ཡིན། དེ་ང་ཚོས་དུད་འགྲོའི་ཁྲོད་དུའང་མཐོང་རྒྱུ་ཡོད། དེ་ནི་ལུས་པོའི་གྲུབ་ཆ་རང་རེད་མ་གཏོགས་ཆོས་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན། དེ་འདྲ་ཡིན་པ་སོང་ཙང་། ཕྲུ་གུ་རྣམས་ལོ་ན་ཆུང་བའི་སྐབས་ང་ཚོར་གང་དགོས་སམ་ཞེ་ན། བྱམས་བརྩེའི་མྱོང་བ་དེ་གསོན་པོར་སོ་སོའི་སེམས་ནང་གནས་པའི་སྐབས། ཁོང་ཚོར་རིན་ཐང་དེ་དག་སོ་སོ་མ་ཤི་བར་དུ་ཧ་ཅང་གལ་གནད་ཡིན་པ་སློབ་དགོས་ཀྱི་འདུག །རིན་ཐང་དེ་དག་ནི་དོན་དམ་པའི་ང་ཚོའི་བདེ་སྐྱིད་དང་དགའ་ཚོར་གྱི་འབྱུང་ཁུངས་ཡིན་པ་རེད། 

ང་ཚོས་ཆོས་ལུགས་ལ་མཐའ་གཅིག་ཏུ་བརྟེན་རྒྱུའི་ཚབ་ཏུ་ཚན་རིག་གི་རྙེད་དོན་ཐེ་བའི་འགྲེལ་བཤད་དམ་རྒྱུ་མཚན་བེད་སྤྱོད་བྱེད་དགོས། གལ་ཏེ་ང་ཚོས་ཆོས་ལ་བརྟེན་ན། ཐབས་ལམ་དེ་ཀུན་ལ་ཁྱབ་མེད། ང་ཚོས་འདིར་ཀུན་ལ་ཁྱབ་པའི་དཀའ་ངལ་གྱི་སྐོར་ཤོད་ཀྱི་ཡོད་སྟབས། དཀའ་ངལ་དེ་ལ་གདོང་ལེན་བྱེད་པའི་ཐབས་ལམ་དེའང་ཀུན་ལ་ཁྱབ་པ་ཞིག་དགོས། ངས་རྒྱུན་དུ་ཐབས་ལམ་དེ་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་འབོད་ཀྱི་ཡོད། “ཆོས་དང་མ་འབྲེལ་བ་” ཞེས་པའི་ཐ་སྙད་འདིར་ངས་འགྲེལ་བཤད་བྱེད་དགོས་ཀྱི་འདུག །གང་ཡིན་ཟེར་ན། ནུབ་ཕྱོགས་སུ་ཐ་སྙད་དེས་ཆོས་ལ་མ་གུས་པའམ་ངན་ཕྱོགས་ཀྱི་དོན་ཞིག་སྟོན་གྱི་ཡོད་པ་འདྲ། འོན་ཀྱང་རྒྱ་གར་གྱི་ཆོས་ལུགས་རིས་མེད་ (secularism) ཅེས་པའི་ཐ་སྙད་དེའི་གོ་དོན་ལ་གཞིགས་ན། ཆོས་ལུགས་བྱེ་བྲག་པ་འདི་དང་དེ་ཞེས་ཕྱོགས་ཞེན་གྱི་གདམ་ཀ་མེད་པར། ཆོས་ལ་ཡིད་ཆེས་མེད་མཁན་ཐེ་བའི་ཆོས་ལུགས་ཀུན་ལ་གུས་བརྩི་དགོས་པ་སྟོན་གྱི་ཡོད། རྒྱུ་མཚན་དེར་བརྟེན་རྒྱ་གར་རང་བཙན་ཐོབ་པའི་རྗེས། རྒྱ་གར་གཞུང་གི་རྩ་ཁྲིམས་ཀྱང་ཆོས་དང་མ་འབྲེལ་བའི་ལྟ་ཚུལ་ཐོག་གཞི་བཞག་ཡོད། 

དེ་གང་ཡིན་ཞེ་ན། རྒྱ་གར་ནི་ཆོས་ལུགས་སྣ་ཚོགས་འཛོམས་པའི་རྒྱལ་ཁབ་གཅིག་ཡིན་པས། ཆོས་ལུགས་བྱེ་བྲག་ཅིག་ལེགས་པ་དང་མཐོ་བ་རེད་ཅེས་ཤོད་མི་ཐུབ། གོ་ལ་ཡོངས་ཀྱི་རིམ་པའི་ཐོག་ནས་ཆོས་དང་མ་འབྲེལ་བའི་རིང་ལུགས་དེ་ནི་ཚང་མས་ཁས་ལེན་ཐུབ་པའི་ཀུན་ཁྱབ་ཀྱི་ལམ་གཅིག་པུ་ཞིག་ཡིན། དེར་བརྟེན་ང་ཚོས་ཆོས་དང་མ་འབྲེལ་བའི་ཤེས་ཡོན་གྱི་ཁྱབ་ཁོངས་ནང་འཚམ་པའི་གཏན་འབེབས་སློབ་ཚན་ཞིག་བཟོ་ཐབས་བྱེད་ཀྱི་ཡོད། ད་ལྟ་ང་ཚོ་དེའི་ཐོག་ལས་ཀ་བྱེད་བཞིན་པ་དང་གཅིག་བྱས་ན་ལོ་གཅིག་ནང་གྲ་སྒྲིག་ལེགས་གྲུབ་ཡོང་སྲིད། འོན་ཀྱང་ང་ཚོས་ཚན་རིག་པ་དང་། ལྟ་སྒྲུབ་སྨྲ་བ། ཤེས་ཡོན་པ་སོགས་དང་མཉམ་དུ་སློབ་སྦྱོང་འཕར་མ་མུ་མཐུད་ནས་བྱེད་དགོས། དེ་དག་ནི་ང་ཚོས་རྒྱ་གར་ནང་ལག་བསྟར་བྱེད་བཞིན་ཡོད། 

ནམ་ཞིག་ང་ཚོས་སློབ་གཞི་དེ་ལེགས་གྲུབ་བྱུང་ན། གཅིག་བྱས་ན་གཙུག་ལག་སློབ་གྲྭ་འདི་འདྲ་བའི་ནང་ཚོད་ལྟའི་ཚུལ་དུ་ལས་གཞི་དེ་ལག་བསྟར་བྱེད་ཐུབ། སློབ་གྲྭ་གཅིག་གིས་ལས་གཞི་དེ་གཉེར་ནས་ལོ་གཉིས་ཀྱི་རྗེས་དེའི་གྲུབ་འབྲས་ལ་བརྟག་དཔྱད་བྱེད་ཆོག །གལ་ཏེ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཐོན་པ་བྱུང་ན། གཏན་འབེབས་སློབ་ཚན་ལ་མཐའ་སྡོམ་རྒྱག་སྟེ་སློབ་གྲྭ་ཁག་བཅུ་དང་བརྒྱ་བར་རྒྱ་སྐྱེད་བཏང་ནས་རིམ་གྱིས་རྒྱལ་ཁབ་ཀྱི་རིམ་པར་ལག་བསྟར་བྱེད་ཐུབ། རྒྱལ་ཁབ་ཀྱི་རིམ་པའི་རྗེས་ཆོས་ལུགས་ལ་གཞི་མ་བཞག་པར་ཆོས་དང་མ་འབྲེལ་བའི་རྩ་དོན་ཐོག་གཞི་བཞག་སྟེ་འཛམ་གླིང་ཧྲིལ་པོར་བཟང་སྤྱོད་ཀྱི་ཤེས་ཡོན་བློ་སྟོབས་སྤེལ་ཐུབ་པ་ཞིག་ཆགས་སྲིད། 

ལྟ་བ་མཐར་ལྷུང་པའི་ཁ་ཆེ་དང་། ཨ་རི་དང་ཁ་ཆེའི་དབར་གྱི་དངངས་འཚབ་ཀྱི་རྐྱེན་པས་ཆོས་ལུགས་ནང་ཁུལ་གྲོས་མོལ་ཡོང་ཐབས་མཛད་པའི་ཁྱེད་ཀྱི་འབད་རྩོལ་དེ་འདས་པའི་ལོ་ངོ་བཅུ་ཕྲག་ནང་དཀའ་ཚེགས་ཆེ་རུ་ཕྱིན་སོང་ཞེས་དགོངས་ཀྱི་ཡོད་དམ། ཕྱི་ཟླ་ ༩ ཚེས་ ༡༡ ནས་བཟུང་ལོ་ངོ་བཅུ་ཕྲག་འདིའི་ནང་གྲོས་མོལ་ཐད་ལས་སླ་རུ་ཕྱིན་ཡོད་དམ། 

ཧ་ཅང་གལ་འགངས་ཆེ་བའི་འགྱུར་བ་ཕྱིན་མེད། ང་ཚོས་འདས་པའི་ལོ་ངོ་སུམ་ཅུ་བཞི་བཅུའི་རིང་གྲོས་མོལ་བྱས་པ་ཡིན། འཛུམ་དམུལ་སྟོན་རེས་ཙམ་དང་འཚམས་འདྲི་བྱེད་རེས་ཙམ་གྱི་མཛད་སྒོའམ་ཞབས་འདེགས་ཆུང་ཙག་དེ་འདྲ་མིན་པར། ཆོས་ལུགས་ནང་ཁུལ་བར་དོ་གལ་ཆེན་པོས་འདུ་འཛོམས་ཡོང་བའི་ཐབས་ཤེས་ངས་ག་དུས་ཡིན་ཀྱང་བྱེད་ཀྱི་ཡོད། དཔེར་ན། ང་ཚོའི་ཁྱད་པར་གང་རེད། ང་ཚོའི་འདྲ་བའི་ཆ་དེ་གང་རེད། ང་ཚོའི་དམིགས་ཡུལ་གང་རེད། དེ་ལས་གལ་ཆེ་བ་ཞིག་ལ། ཉམས་ལེན་པ་ཕན་ཚུན་ཐུག་འཕྲད་བྱེད་དགོས། ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་དགེ་འདུན་པ་འགར་ངས་ཡི་རངས་ཆེན་པོ་བྱེད་ཀྱི་ཡོད། རྣམ་དག་ཆོས་ལུགས་ཀྱི་དགེ་འདུན་པ་ཐོ་མ་སི་མར་ཊན་ (Thomas Merton) འདས་པོ་ཁོང་དང་མཇལ་འཕྲད་བྱུང་རྗེས། ངས་ཁོང་དང་ཡེ་ཤུ་དགེ་འདུན་ཕོ་མོ་གཞན་གྱི་དྲུང་ནས་ཉམས་ལེན་དང་ཉམས་མྱོང་མང་པོ་ཤེས་རྟོགས་བྱུང་། ཐེངས་ཤིག་ཨོ་སི་ཊྲེ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ (Sydney) ནང་། ཡེ་ཤུའི་བློན་ཆེན་ཞིག་གིས་ང་རང་ངོ་སྤྲོད་གནང་བའི་སྐབས། ཁོང་གིས་ང་ཡེ་ཤུ་ཡག་པོ་ཤིག་ཡིན་ཞེས་འགྲེལ་བཤད་གནང་སོང་། དེ་ནས་ངས་གཏམ་བཤད་བྱེད་པའི་སྐབས། ངས་ཁོང་ནང་པ་ཡག་པོ་ཤིག་ཡིན་ཞེས་འགྲེལ་བརྗོད་བྱས་པ་ཡིན། སྐབས་དེར་སེམས་ནང་ངེད་གཉིས་ལ་ཉམས་ལེན་གཅིག་པ་ཡོད་པ་དང་ནུས་པ་གཅིག་པ་ཡོད་པའི་ཚོར་སྣང་ཞིག་བྱུང་། དེ་ནས་ངེད་གཉིས་ཕན་ཚུན་རྒྱུས་མངའ་གཏིང་ཟབ་ལོན་ཏེ་གྲོགས་པོ་བློས་ཐུབ་ཆགས་པ་དང་། ཕན་ཚུན་གཉིས་མོས་ཀྱི་གུས་བརྩི་དང་ཡི་རངས་རང་བཞིན་གྱིས་སླེབས་སོང། 

གཞན་ཡང་ངས་ཁ་ཆེའི་སྤུན་ཟླ་ཕོ་མོ་རྣམས་དང་ཐུག་འཕྲད་ཡོང་ཆེད་འབད་བརྩོན་དམིགས་བསལ་བྱས་པ་ཡིན། བྱང་ཨར་ལེནྜའི་ (Northern Ireland) ནང་ཡེ་ཤུ་ཆོས་ལུགས་གསར་མ་དང་རྣམ་དག་ཆོས་ལུགས་བར་རྩོད་རྙོག་བྱུང་བ་ནང་བཞིན། ཤི་འ་ (Shia) དང་སུ་ནྣི་ (Sunni) ཁ་ཆེ་དབར་གྱི་རྩོད་རྙོག་དེ་ཆོས་ལུགས་ལ་བརྟེན་ནས་བྱུང་མེད། དེའི་བྱུང་རྩ་དངོས་དེ་ཆབ་སྲིད་ཡིན་པ་རེད། འདས་པའི་དུས་སུའང་ཆོས་ལུགས་ཀྱི་མིང་ཐོག་ནས་དབང་ཆའམ་དཔལ་འབྱོར་གྱི་ཁེ་ཕན་ལ་བརྟེན་ནས་ལོ་རྒྱུས་རང་བཞིན་གྱི་རྩོད་རྙོག་དེ་འདྲ་བྱུང་ཡོད། འོན་ཀྱང་ཁོང་ཚོས་ཆོས་ཁ་ལ་ཁྱེར་བ་ཡིན། དེར་བརྟེན་ང་ཚོས་ཁྱད་པར་ཞིག་འབྱེད་དགོས། ཆབ་སྲིད་ཀྱི་གནད་དོན་རྣམས་ཆབ་སྲིད་ཀྱི་ཐོག་ནས་སེལ་དགོས་པ་ལས་ཆོས་ལ་བརྟེན་ནས་མ་ཡིན། ཆོས་ལུགས་ལ་བསམས་ན། གཞན་ལ་གནོད་འཚེ་བྱེད་པའི་གཞི་རྟེན་མེད་པ་རེད། 

རྐྱེན་ངན་དེ་དག་གིས་ང་ཚོས་རྒྱུན་ཆད་མེད་པའི་འབད་བརྩོན་བྱེད་དགོས་པ་དྲན་གསོ་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ཆོས་ཀྱི་མིང་ཐོག་ནས་སྲོག་གཅོད་རེས་བྱེད་པ་ནི་དངོས་གནས་བློ་ཕམ་དགོས་པ་དང་བསམ་ཡུལ་ལས་འདས་པ་ཞིག་རེད། དེའི་ཁྲོད་དེང་སང་ཐ་ན་འབར་མ་དང་ཤྲཱི་ལངྐའི་ནང་པས་ཁ་ཆེའི་ལྷ་ཁང་དང་སྡོད་ཡུལ་གཏོར་བཤིག་གཏོང་བའང་ཚུད་ཡོད་པ་རེད། དེ་ནི་དངོས་གནས་སྐྱོ་བ་སྐྱེ་དགོས་པ་ཞིག་ཡིན། ཐེངས་ཤིག་ངས་ནང་པའི་སྤུན་ཟླ་ཕོ་མོ་ཚོར། ཁྱེད་རང་ཚོའི་སེམས་ནང་ཁ་ཆེའི་སྤྱི་ཚོགས་ལ་དམིགས་པའི་བསམ་བློ་ངན་པ་དེ་འདྲ་འཁོར་སྐབས། ངེས་པར་དུ་སངས་རྒྱས་ཀྱི་ཞལ་རས་ལ་བསམ་བློ་གཏོང་རོགས་ཞེས་བཤད་པ་ཡིན། སངས་རྒྱས་ཀྱི་ཐུགས་ལ་ཁ་ཆེའི་སྤུན་ཟླ་ཚོའང་སྐྱོབ་འདོད་ཡོད་པ་ལ་ཐེ་ཚོམ་མེད་པ་རེད། དེར་བརྟེན་རྩོད་རྙོག་དེའི་རྒྱབ་ཀྱི་རྒྱུ་མཚན་གཙོ་བོ་ནི་དཔལ་འབྱོར་རང་ལ་ཐུག་ཡོད། ཆོས་དེའི་ནང་དུ་ཚུད་པའི་སྐབས། དེ་ནི་མིའི་སེམས་ཚོར་ཤུགས་ཆེ་རུ་འགྲོ་བའི་རྒྱུ་མཚན་གྱིས་ཡིན། སེམས་ཚོར་ག་ཚོད་ཤུགས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་ང་ཚོ་གཡོ་བྱུས་འོག་ཏུ་ཚུད་སླ་པོ་ཆགས་ཀྱི་ཡོད། དེ་ནི་ཧ་ཅང་བློ་ཕམ་པོ་རེད། འོན་ཀྱང་སེམས་ཤུག་ཆག་དགོས་པའི་རྒྱུ་མཚན་མེད། ང་ཚོས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་ན་འབྲས་བུ་བཟང་པོ་ཞིག་འཐོབ་ངེས་རེད། སྐབས་རེ་ངས་ཆོས་ལུགས་ནང་ཁུལ་འཆམ་མཐུན་ཡོང་བར་ལེགས་སྐྱེས་ཕྲན་བུ་ཕུལ་ཐུབ་པར་ང་རང་སྤོབས་པ་ཏོག་ཙམ་ཡོང་གི་འདུག 

ངའི་འབད་བརྩོན་ནམ་བསམ་ཚུལ་ལ་མི་རྣམས་ཀྱིས་མོས་མཐུན་བྱས་ཏེ་ཡི་རང་ཡོད་པ་མཐོང་དུས་སེམས་ཤུགས་འཕར་གྱི་འདུག །ནོ་བེལ་ཞི་བདེའི་གཟེངས་རྟགས་ཁྱབ་བསྒྲགས་བྱས་པའི་སྐབས། ངས་ལམ་སེང་ང་ནི་ནང་པའི་གྲྭ་པ་དཀྱུས་མ་ཞིག་ལས་གཞན་གང་ཡང་མིན་ཞེས་ཞུས་པ་ཡིན། འོན་ཀྱང་དེ་ནི་འཛམ་གླིང་ཞི་བདེ་དང་མི་རིགས་ཀྱི་ཡར་རྒྱས་ཆེད་ངས་འབད་བརྩོན་ལ་ཆེ་མཐོང་ལྟ་བུ་ཡིན། ངའི་བསམ་པར། འདིར་སྤུན་ཟླ་ཕོ་མོ་སྟོང་ཚོ་བཅོ་ལྔ་ལྷག་འཛོམས་ཡོད་ཚོད་འདུག །གལ་སྲིད་ཁྱེད་རང་ཚོས་གོང་ཞུས་གནད་དོན་ཁག་ལ་དགོས་གལ་མེད་པ་མཐོང་ན། དེ་ལ་སྐྱོན་གང་ཡང་མེད། འོན་ཀྱང་ཁྱེད་རྣམས་ལ་དོ་དབྱིངས་ཅུང་ཟད་ཡོད་ཅིང་ད་དུང་གསལ་པོ་མཁྱེན་འདོད་ན། ཐུགས་རྗེ་གཟིགས། སོ་སོའི་ནང་སེམས་ཀྱི་རིན་ཐང་ཐད་དགོངས་པ་མང་ཙམ་བཞེས་རོགས་གནང་། དང་པོ་རིན་ཐང་དེ་ངོས་འཛིན་ཐུབ་པའི་གོ་རྟོགས་དེ་ཤེས་བྱའི་འདུ་ཤེས་ཐོག་ནས་ལག་བསྟར་བྱེད་དགོས། དེ་ནས་རིན་ཐང་དེར་གོམས་འདྲིས་བསྟེན་དགོས། མཐར་རང་གི་ཉིན་རེའི་འཚོ་བའི་ཆ་ཤས་ཤིག་ཏུ་སྒྱུར་དགོས། དེ་ལྟར་གནང་ཐུབ་ན། རང་ལ་ཁེ་ཕན་ཆེན་པོ་ཞིག་འཐོབ་རྒྱུ་ངེས་པ་རེད། དེ་འདྲ་སོང་ཙང་། བསམ་བློ་མང་ཙམ་གཏོང་དགོས། ཐུགས་རྗེ་ཆེ། 

Top