ནུབ་ཕྱོགས་སུ་མི་མང་པོ་ཞིག་ཁ་ཆེའི་ཆོས་ལུགས་ལ་རྨོངས་པ་དང་འཇིགས་སྣང་བྱེད་ཀྱི་ཡོད། ཐུན་མོང་གི་གོ་ནོར་འགའ་སེལ་རྒྱུ་དང་ཁ་ཆེའི་ཆོས་ལུགས་དང་ནང་ཆོས་དབར་གྱི་འདྲ་ཆོས་ཁག་འཚོལ་ཞིབ་ཆེད། དྲི་རྩད་བྱེད་པའི་སེམས་ཞེས་པའི་དུས་དེབ་ནས་འབུམ་རམས་པ་སིཡེ་ཛྱ་ནཱ་ཨཀྤི་ནར་དང་ཨེ་ལེགས་ཛེན་ཌར་བྷར་ཛིན་ལགས་གཉིས་ཀྱི་དབར་གྲོས་མོལ་ཞིག་གནང་ཡོད།
འབུམ་རམས་པ་བྷར་ཛིན་ལགས་རྒྱ་གར་རྡ་རམ་ས་ལར་མི་ལོ་ ༢༩ བཞུགས་ཤིང་། སྐབས་རེར་༸གོང་ས་མཆོག་གི་གསུང་སྒྱུར་ཡང་གནང་མྱོང་ཡོད། ད་ལྟའི་ཆར་ཁོང་འཇར་མི་ནིའི་རྒྱལ་ས་འབར་ལཱིན་དུ་བཞུགས་པ་དང་། བོད་བརྒྱུད་ནང་བསྟན་གྱི་སྒོམ་དང་ལྟ་གྲུབ་སློབ་ཁྲིད་གནང་གི་ཡོད། ཁོང་གིས་འཛམ་གླིང་ཡུལ་གྲུ་གང་སར་གསུང་བཤད་གནང་བར་ཕེབས་པའི་སྐབས། ནང་པ་དང་ཁ་ཆེའི་དབར་གྱི་ལོ་རྒྱུས་རང་བཞིན་ཅན་གྱི་འབྲེལ་བའི་ཐད་འཚོལ་ཞིབ་གནང་ཡོད། ཁོང་གི་དྲྭ་ཐོག་གི་དཔེ་དེབ་ (སོག་པོའི་རྒྱལ་ཁམས་སྔོན་གྱི་ནང་པ་དང་ཁ་ཆེའི་རིག་གཞུང་དབར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ་) ཆེད་ཞིབ་འཇུག་གནང་བའི་སྐབས། ཁོང་ནས་ཏུར་ཀི་ (Turkey) དང་། ཇོར་ཌན། (Jordan) ཨི་ཇིཔ་ (Egypt) བཅས་ཀྱི་མཐོ་སློབ་ཁག་ནང་གསུང་བཤད་གནང་བ་དང་། ཨུཛི་བེ་ཀིསྟཱན་ (Uzbekistan) དང་། ཁར་གྷི་སྟཱན། (Kyrgyzstan) ཀ་ཛ་ཁ་སྟཱན་ (Kazakhstan) བཅས་ཀྱི་ནང་ཡོད་པའི་མཁས་དབང་རྣམས་ལ་གསུང་བཤད་གནང་ཡོད།
འབུམ་རམས་པ་ཨཀྤི་ནར་ལགས་ཀྱིས་ནང་ཆོས་ཉམས་ལེན་གནང་གི་ཡོད་ཀྱང་། ཁོ་མོས་ཁ་ཆེའི་ཆོས་ལུགས་སློབ་གཉེར་གནང་ཡོད། མོ་རང་ནི་སྔོན་མའི་ཡུ་གོ་སཱ་ལཱ་ཝི་ཡའི་ (Yugoslavia) ནང་གི་ཁོ་རོ་ཤི་ཡཱ་ (Croatia) སྤྱི་མཐུན་རྒྱལ་ཁབ་ནས་ཡིན་ཅིང་། ཁོང་གི་ཨ་ཕ་ནི་ཡོངས་གྲགས་ཀྱི་ནང་པའི་མཁས་པ་ཞིག་ཡིན་པ་དང་། དགུང་ལོ་བགྲེས་པའི་སྐབས་ཤྲཱིལངྐར་ཕེབས་ནས་རབ་ཏུ་བྱུང་། ཨཀྤི་ནར་ལགས་ཀྱིས་གཟའ་འཁོར་གཅིག་གི་ཕྱེད་ཀ་ཁེ་ལི་ཧྥོ་ནི་ཡའི་བྱང་ཕྱོགས་སུ་ཡོད་པའི་རྒྱ་ནག་གི་ནང་པའི་དགོན་པ་སྟེ་སངས་རྒྱས་སྟོང་བཅུའི་གྲོང་ཁྱེར་ནང་བཞུགས་ཏེ། ནུབ་ཕྱོགས་པ་རྣམས་ལ་ནང་ཆོས་སློབ་ཁྲིད་གནང་བ་དང་། གཟའ་འཁོར་གཅིག་གི་ཕྱེད་ཀ་གཞན་དེ་བྷར་ཀི་ལི་ (Berkeley) ནང་གི་གཙུག་ལག་སློབ་ཐོན་པའི་ཆོས་ལུགས་རྣམ་གཞག་གི་འདུས་ཚོགས་སུ་བཞུགས་ཏེ། ཤར་ཕྱོགས་པ་རྣམས་ལ་ཁ་ཆེའི་ཆོས་དང་ཆོས་ལུགས་ཞིབ་སྡུར། ཡེ་ཤུའི་ཆོས་སོགས་སློབ་ཁྲིད་གནང་གི་ཡོད།
ཨེ་ལེགས་ལགས། ཁྱེད་ཀྱིས་ཁ་ཆེ་གནས་ཡུལ་གྱི་ལུང་པ་ཁག་ནང་ནང་ཆོས་འགྲེལ་བརྗོད་མང་པོ་གནང་ཡོད། དེ་ལྟར་བྱེད་པའི་སྐབས་ཁྱེད་ནས་གཙོ་བོ་དོ་ནན་གང་དུ་བྱེད་དམ། དེ་ལ་མི་རྣམས་ཀྱིས་དགའ་མོས་ཇི་ལྟར་བྱེད་ཀྱི་འདུག་གམ།
ཨེ་ལེགས། ང་རང་གི་ཐབས་ཚུལ་འདྲ་པོ་དེ་ཁ་ཆེའི་འདུ་འཛོམས་ཁག་ལས་སློབ་སྦྱོང་ལེན་ཐབས་བྱས་དང་བྱེད་མུས་སུ་ཡོད། ངའི་བསམ་པར། ཁ་ཆེ་རྣམས་ལ་ཚད་ལྡན་ལོ་རྒྱུས་ལ་འགྲེལ་བརྗོད་ལོག་པ་བྱས་འདུག་ཅེས་ཁོང་ཚོར་འགྲེལ་བཤད་བརྒྱབ་པ་ཡིན། ལོ་རྒྱུས་དེ་དག་ནང་རྩ་བའི་ཆ་ནས་ཁ་ཆེ་མང་པོ་ཞིག་ནང་པའི་རིག་གཞུང་ཁྲོད་བསླེབས་ཏེ་ནང་པའི་ཐུན་མིན་གྱི་ཁྱད་ཆོས་རྣམས་ཁ་ཆེས་རྩ་གཏོར་བཏང་བ་རེད་ཅེས་ཟེར། དོན་དངོས་སུ་ནང་པ་དང་ཁ་ཆེའི་དབར་དགེ་མཚན་ཆེ་བའི་འབྲེལ་ལམ་རིང་པོ་ཞིག་བྱུང་ཡོད། གཏོར་བཤིག་གཏོང་བའི་སྐོར་རམ་ངན་ཕྱོགས་ནས་ལྟ་སྐབས། གཏོར་སྐྱོན་གཏོང་བའི་བྱ་སྤྱོད་དེ་དག་ནི་ཆོས་ཕྱོགས་ཀྱི་བསམ་བློས་ཀུན་ནས་བསླངས་པ་ཞིག་མ་ཡིན་པར། རྩ་བའི་ཆ་ནས་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཀུན་སློང་དབང་གིས་བྱུང་བ་ཞིག་ཡིན། དེར་བརྟེན་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ་དེ་དག་གསལ་བཤད་ཆེད་ངས་འབོད་སྐུལ་ཞུས་ཡོད།
དེ་རྗེས་རང་འགུལ་གྱི་ངང་ནས་ཁ་ཆེ་རྣམས་ཀྱིས་ནང་ཆོས་སྐོར་སྐད་ཆ་འདྲི་འགོ་ཚུགས་པ་རེད། ཆོས་ལུགས་རྣམ་གཞག་གི་བསྟི་གནས་སྣ་ཚོགས་པ་དང་ཁ་ཆེ་གནས་ཡུལ་ཁག་ཏུ་འགྲོ་རྒྱུ་བྱུང་། དཀོན་མཆོག་གི་སྐོར་གོ་སྡུར་བྱ་རྒྱུར་ཁ་ཆེའི་མཁས་པ་ཚོས་དགའ་མོས་ཆེན་པོ་བྱེད་ཀྱི་འདུག །ཁ་ཆེའི་རྒྱལ་ཁབ་ཡིན་པ་ཨིན་ཌོ་ནི་ཤི་ཡའི་ནང་ནས་ང་ལ་ཉམས་མྱོང་ཆེན་པོ་ཐོབ་བྱུང་། ལུང་པ་དེའི་ནང་ནང་ཆོས་ཀྱིས་དཀོན་མཆོག་ལ་ཡིད་ཆེས་མེད་ཅེས་ཁ་ཆེའི་མི་ཚོགས་ལ་བརྗོད་ཐུབ་ཀྱི་མི་འདུག །དེ་ལྟར་བརྗོད་ན་གོ་སྡུར་བྱ་རྒྱུའི་སྒོ་དེ་མ་ཉིད་དུ་རྒྱག་ངེས་པ་རེད་འདུག །ཨིན་ཌོ་ནི་ཤི་ཡའི་ནང་དཀོན་མཆོག་ལ་ཡིད་ཆེས་ཡོད་པའི་སྟེང་ནས་ཆོས་ལུགས་ལྔ་ཁས་ལེན་པའི་སྲིད་བྱུས་ཤིག་འདུག །ཆོས་ལུགས་ལྔ་པོ་ནི། ཧིན་དུའི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་གསར་མ། (Protestantism) ཡེ་ཤུའི་རྣམ་དག་ཆོས་ལུགས། (Catholicism) དེ་བཞིན་ནང་ཆོས་བཅས་ཡིན། ཨིན་ཌོ་ནི་ཤི་ཡའི་ནང་པ་ཚོས་མཆོག་གི་དང་པོའི་སངས་རྒྱས་ (Adibuddha) ཞེས་པའི་ཐོག་ནས་དཀོན་མཆོག་ལ་ཡིད་ཆེས་བྱེད་པའི་སྐོར་སྐད་ཆ་བཤད་དེ། རྨོངས་པའི་ངང་ནས་ནང་ཆོས་ཀྱིས་དཀོན་མཆོག་ལ་ཡིད་ཆེས་ཡོད་ཚུལ་བརྗོད་ཀྱི་ཡོད། འདི་ནི་དུས་འཁོར་གྱི་ཆོས་ལས་ཡིན་ཅིང་། ལོ་ངོ་སྟོང་ཕྲག་ཁ་ཤས་སྔོན་ཨིན་ཌོ་ནི་ཤི་ཡའི་ནང་དར་ཡོད། དང་པོའི་སངས་རྒྱས་ཞེས་པའི་དོན་ནི་ཚིག་དོན་ལྟར་ན་དང་པོའམ་གདོད་མའི་སངས་རྒྱས་ཞེས་བྱ། ཨིན་ཌོ་ནི་ཤི་ཡའི་ནང་པ་ཁོ་རང་ཚོ་ལ་མཆོག་གི་དང་པོའི་སངས་རྒྱས་ལ་གོ་བ་ཆ་ཚང་བ་ཞིག་མེད། འོན་ཀྱང་འགྲེལ་བཤད་མ་བརྒྱབ་པར། ཁོང་ཚོས་འདིར་ང་ཚོར་ཆོས་མཐུན་པའི་དཀོན་མཆོག་ཅིག་ཡོད་ཅེས་ཟེར། ང་རང་ཨིན་ཌོ་ནི་ཤི་ཡའི་ནང་སླེབས་སྐབས། ཁོང་ཚོས་དང་པོའི་སངས་རྒྱས་ཞེས་པ་ག་རེ་རེད་ཅེས་དྲིས་བྱུང་། ཁྱེད་རང་ཚོས་སེམས་ཀྱི་འོད་ཟེར་ཐོག་ནས་སྐད་ཆ་བཤད་ན་འགྲིག །ང་ཚོའི་བློ་ལ་གང་ཤར་བ་ལྟར་གང་ཟག་རེ་རེའི་རྒྱུད་ལ་འདི་ནི་ང་ཚོའི་སྣང་ཚུལ་གྱི་བཀོད་པ་པོ་རེད། དེར་བརྟེན་གོ་བ་དེའི་ཐོག་ནས་འཇིག་རྟེན་བཀོད་པ་པོ་འདྲ་པོ་ཆགས་ཀྱི་ཡོད་ཅེས་བཤད་པ་ཡིན།
མཆོག་གི་དང་པོའི་སངས་རྒྱས་ཀྱི་སྤྱིར་བཏང་གི་འགྲེལ་བརྗོད་དེ་བརྒྱུད་ནས་ངས་ལུང་པ་གཞན་ནང་གི་ཁ་ཆེའི་མཁས་པ་ཚོ་དང་བགྲོ་གླེང་བྱེད་ཐུབ་པ་བྱུང་སོང་། ཁ་ཆེའི་མཁས་པ་ཚོ་ལ་དེའི་ཐད་ཁ་གསང་པོ་བྱེད་འདོད་འདུག །གང་ཡིན་ཟེར་ན། ཁ་ཆེའི་ཆོས་ལུགས་ནང་ཨལ་ལཱ་ (Allah) ནི་མིའི་རྣམ་པར་རོལ་པ་ཞིག་མིན། དེ་ག་ནང་བཞིན་གང་ཟག་མི་རེ་ངོ་རེའི་རྒྱུད་དུ་གནས་པར་སྣང་བའི་འཇིག་རྟེན་བཀོད་པ་པོ་ལྟ་བུར་མཐོང་ངེས་པའི་སེམས་རྒྱུད་ཀྱི་ནུས་པ་དེའང་མིའི་རྣལ་པར་མེད།
རྙིང་མ་དང་། བཀའ་བརྒྱུད། ས་སྐྱ་བཅས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཁག་ནང་གསལ་བ་བཞིན། མཆོག་གི་དང་པོའི་སངས་རྒྱས་ནི་ཚིག་དང་། མིང་བརྡ། བློའི་ཡུལ་ལས་འདས་པ་ཞིག་ཡིན། ཁ་ཆེའི་མཁས་པ་རྣམས་ཀྱིས་དེ་ལྟར་དཀའ་ངལ་མེད་པར་ཁས་ལེན་ཐུབ། ད་དུང་ཆོས་བརྒྱུད་དེ་དག་ལ་རང་ཆས་སུ་ལྡན་པའི་བྱམས་པ་དང་སྙིང་རྗེའི་གཞི་རྩའི་ལྟ་ཚུལ་དེ་དག་གིས་ཁ་ཆེའི་མཁས་པ་རྣམས་ནང་ཆོས་སྐོར་ལ་ཤེས་འདོད་ཀྱི་དོན་གཉེར་སྔར་བས་ཆེ་རུ་སོང་།
ལོ་རྒྱུས་ཀྱི་ཐོག་ནས་ཨཧྥ་གྷ་ནི་སྟཱན་དང་། དབུས་ཨེ་ཤི་ཡ། རྒྱ་གར་གྱི་ཉེ་བའི་གླིང་ཕྲན་སོགས་ཀྱི་ནང་ཡོད་པའི་ནང་པ་རྣམས་ཁ་ཆེའི་རྒྱལ་པོ་ཚོས་གསུང་རབ་རྗེས་འབྲང་གི་མིར་ངོས་ལེན་བྱེད་ཀྱི་མེད། ཐ་སྙད་འདི་ཀོ་རན་ (Quran)ནང་བེད་སྤྱོད་བྱེད་སྟངས་ལ་གཞིགས་ན། ཡེ་ཤུ་དང་འཇེའུ་མི་རིགས་ཚོར་གོ་ཡི་ཡོད། དེ་ལྟ་ནའང་ནང་པ་ཚོར་གསུང་རབ་རྗེས་འབྲང་པ་ནང་བཞིན་གནས་བབས་དང་ཐོབ་ཐང་ཐོབ་ཡོད། དེས་ག་རེ་སྟོན་གྱི་ཡོད་ཅེ་ན། ཇི་སྲིད་དམིགས་བསལ་འོས་ཤོག་དཔྱ་ཁྲལ་ (poll tax) འབུལ་བ་དེ་སྲིད་དུ་སོ་སོའི་ཆོས་ལུགས་རྒྱུན་འཛིན་བྱེད་ཆོག་པ་སྟོན་གྱི་ཡོད། དེར་བརྟེན་ང་རང་དང་ཁ་ཆེའི་མཁས་པའི་བར་གྱི་བགྲོ་གླེང་ནང་། ངེད་ཚོས་གསུང་རབ་རྗེས་འབྲང་གི་མི་ཟེར་བའི་གོ་དོན་གང་ཡིན་ཐད་འཚོལ་ཞིབ་བྱས་པ་ཡིན། ང་རང་ལ་གྷི་ནི་ཡཱ་ (Guinea) ཞེས་པའི་ཡུལ་གྱི་ནུབ་ཨ་ཧྥི་རི་ཁའི་སུ་ཧྥི་ (Sufi) བླ་ཆེན་ཞིག་ཐུག་བྱུང་། ཁོང་གིས། གསུང་རབ་རྗེས་འབྲང་གི་མི་ཞེས་པ་ནི། མི་རྣམས་ཀྱིས་ཐུན་མོང་ངམ་སྤྱིར་བཏང་ལས་འདས་པའི་བཟང་སྤྱོད་དང་ཀུན་སྤྱོད་ཀྱི་དངོས་མེད་ལྟ་ཚུལ་ལ་ཡིད་ཆེས་བྱེད་མཁན་ཞིག་ལ་གོ་ཞིང་། ཕྱོགས་གཞན་ཞིག་ནས་ལྟ་ཚུལ་དེས་འཇིག་རྟེན་བསྐྲུན་པའམ་བཀོད་པར་གོ་བ་ཡིན་ཞེས་གསུངས། དེ་ནི་མོ་སེ་སེའི་ (Moses, Torah) དཔེ་ཆ་ལྔ་པོ་ཁས་ལེན་མཁན་ཞིག་ངེས་པར་དུ་མི་དགོས། ད་དུང་ངའི་ཕྱིས་ཀྱི་ཞིབ་འཇུག་ནང་། ཧང་སངས་དགོས་པ་ཞིག་ནི་ཏུར་ཀི་ (Turk) དང་སོག་ཌིཡེན་ (Sogdian) རྙིང་པ་ཡོད། དེ་གཉིས་ནི་ཨུ་བི་ཀི་སྟཱན་ (Uzbekistan) དང་ཨཧྥ་གྷན་ནི་སྟཱན་གྱི་བྱང་ཕྱོགས་སུ་ད་ལྟའི་ཆར་ནང་པའི་དཔེ་ཆ་ཁག་ཡིག་སྒྱུར་ཞུས་ཏེ་གནས་པའི་གནའ་བོའི་སྐད་ཡིག་གཉིས་ཡིན། དྷརྨ་ (Dharma) ཞེས་པའི་ཐ་སྙད་འདིའང་གྷི་རིག་གི་ཚིག་ནོམ་ (nom) ཞེས་པ་ལས་བྱུང་ཞིང་། ཐོག་མར་ཁྲིམས་ཀྱི་དོན་ལ་འཇུག །ཕྱིས་སུ་དྷརྨ་ལ་ནོམ་ཞེས་པའི་ཚིག་འདི་སོག་ཌིན་ལས་དབུས་ཨེ་ཤི་ཡའི་སྐད་ཡིག་གཞན་ནང་ཁྱབ་སྟེ་ནང་པའི་གཞུང་ཡིག་སྒྱུར་ཞུས། དཔེར་ན། ཡུ་གུར་ ༼ཏུང་ཀིའི་སྐད་ཡིག་ཅིག་༽ དང་སོག་ཡིག་ལྟ་བུ། དེང་གི་སོག་པོའི་ནང་། ནོམ་ཞེས་པ་དྷརྨ་གཅིག་པུར་མི་འཇུག་པར། དཔེ་དེབ་ལའང་འཇུག་གི་ཡོད། དེ་ཡང་དཔེ་དེབ་ནང་ཆོས་རྣམས་ཡིག་ཐོག་ཏུ་བཀོད་ཡོད་པ་ལ་གོ་ཡི་ཡོད།
འོན་ཀྱང་ཁ་ཆེ་དང་། ཡེ་ཤུ། འཇེའུ་བཅས་ཐུན་མོང་དུ་ཡོད་པའི་དཔེ་གཞུང་ལྔ་པོ་བཞིན་ནང་པ་ཚོ་ལ་དཔེ་གཞུང་དེ་འདྲ་ཡོད་མ་རེད་དམ།
ཨེ་ལེགས། ཡོད་མ་རེད། འོན་ཀྱང་དཔེ་གཞུང་གི་གནད་དོན་འདིས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ཀྱི་གལ་གནད་དེ་ཆོས་ལུགས་ཕན་ཚུན་དབར་བགྲོ་གླེང་དང་མཐུན་སྒྲིལ་ཡོང་བའི་གཞི་རྩ་ཡིན་པར་སྟོན་གྱི་ཡོད།
སི་ཡེ་ཛྱན་ཨཀྤི་ནར། ངས་བསམ་བློ་དེ་འདྲ་པོ་ཞིག་གཏོང་གི་ཡོད། ཏུར་ཀིའི་ (Turkic ) རིག་གཞུང་གི་རྣམ་པ་མང་པོ་ཞིག་དྲན་གསོ་བྱ་རྒྱུ་ནི་དོ་དབྱིངས་ཆེ། དེ་དག་ཁ་ཆེའི་ཆ་ཤས་སུ་མ་གྱུར་གོང་ཆིང་གྷི་སི་ཁཱན་ (Chinggis Khan) གྱིས་ཡ་སཱ་ (Yasa) གཞིར་བཟུང་ཁོང་ཚོ་དབང་སྒྱུར་བྱས། ཡ་སཱ་ཞེས་པ་ནི་ཁྲིམས་ཀྱི་དོན་ཡིན། སྤྱིར་བཏང་ནས་ཁྲིམས་དེ་སྤྱིར་འཇིག་རྟེན་པའི་ཁྲིམས་སྲོལ་འདྲ་པོ་ཡིན་ཀྱང་། ཡ་སཱའི་རྣམ་གཞག་དེ་ཆོས་ཀྱི་ལྟ་ཚུལ་དང་འདྲ་པོ་ཡོད། དེ་ནི་འཛམ་གླིང་ཁ་ཕྱོགས་སྒྱུར་བའི་རྟག་པའི་རང་བཞིན་གྱི་ཁྲིམས་ཤིག་ཡིན།
ཨེ་ལེགས། ངའི་བསམ་པར། གནད་འགག་ནི་ཆོས་ལུགས་གཉིས་ཀྱི་རྗེས་འཇུག་པ་རྣམས་ཁ་གསང་པོ་བྱས་ཏེ་བགྲོ་གླེང་ནང་ཞུགས་ཐུབ་རྒྱུར་ཁྱེད་ནས་ཐ་སྙད་བེད་སྤྱོད་གཅིག་གྱུར་གཏོང་ཐབས་ཤིག་འཚོལ་དགོས།
སི་ཡེ་ཛྱན་ཨཀྤི་ནར། རེད། ཤཱ་རི་ཡའི་ (Sharia) ཞེས་པའི་ཁ་ཆེའི་ཆོས་དེ་ཕྱོགས་གཅིག་ནས་ནང་ཆོས་དང་འདྲ་བར་སྣང་། ཤཱ་རི་ཡ་ཞེས་པའི་ཨ་རབ་ (Arabic) ཀྱི་ཐ་སྙད་འདིའི་དོན་ནི་གཞུང་ལམ་མམ་སྲང་ལམ་ལ་གོ་ཞིང་། འཛམ་གླིང་ནང་ལམ་སྟེང་འགྲིམ་འགྲུལ་འཚང་འགག་སེལ་ཆེད་མི་རྣམས་ཀྱིས་སྲུང་བརྩི་བྱེད་དགོས་པའི་ཁྲིམས་ལུགས་ལྟ་བུ་ཞིག་ཡིན། དེ་ནི་མི་རྣམས་མཛའ་མཐུན་ངང་གནས་པར་བྱེད་པའི་སྒྲིག་ཁྲིམས་སམ་ས་མཚམས་ལྟ་བུ་ཞིག་ཡིན། ཤཱ་རི་ཡའི་ཆོས་སྲོལ་ལྟར་བྱས་ན། སོ་སོའི་རྒྱུད་ཀྱི་བག་ཆགས་དང་། ཐེ་ཚོམ། རིག་ཤེས་སོགས་ལ་གདོང་ལེན་བྱེད་སྟངས་རང་ངོས་ནས་ཤེས་པ་དགོས། དེར་བརྟེན་ཤཱ་རི་ཡ་ནི་བསླབ་ཁྲིམས་ཤིག་མིན་པར། བདེན་དོན་མངོན་དུ་འགྱུར་སླད་ཐབས་ལམ་ཆ་ཚང་བ་ཞིག་ཡིན། དེ་ནི་ཕལ་ཆེར་སྒོམ་དང་འདྲ་བ་ཞིག་ཡིན།
ཏཱ་རི་ཁ་ (tariqah) ཞེས་པ་ནི་ལམ་སྟེ། དེ་ཡང་རྒྱུན་དུ་ཤཱ་རི་ཡའི་ལྟེ་བའམ་དབུས་སུ་འགྲེལ་བརྗོད་བྱེད་ཀྱི་ཡོད། གལ་སྲིད་ཤཱ་རི་ཡ་ནི་སྒོར་སྒོར་གྱི་མུ་ཁྱུད་ལྟ་བུར་བསམས་ན། ཏཱ་རི་ཁ་ནི་དེའི་དཀྱིལ་མར་འཁྲིད་མཁན་དེ་ཡིན། གལ་སྲིད་ཤཱ་རི་ཡ་ནི་ཟླུམ་གཟུགས་ཤིག་ཏུ་བསམས་ན། ཏཱ་རི་ཁ་ནི་ཟླུམ་གཟུགས་དེའི་དཀྱིལ་མ་དེ་ཡིན་ཅིང་། དེས་ཟླུམ་གཟུགས་གཞན་དང་མཐུད་པར་བྱེད། དེ་ནི་དཀོན་མཆོག་གི་ས་ལ་བགྲོད་པའི་ཐད་ཀའི་ལམ་ཞིག་ཡིན། དཀོན་མཆོག་གི་སའམ་གོ་འཕང་ནི་མ་རྟོགས་པ་དང་ཅི་ཡང་མེད་པ་ཞིག་ཡིན།
དེར་བརྟེན་ཁ་ཆེའི་ཆོས་ལུགས་ནང་ནང་པའི་ལྟ་ཚུལ་དང་འདྲ་བའི་རྣམ་གཞག་མང་པོ་ཞིག་ཡོད། དེ་དག་མང་ཆེ་བ་ཐོག་མར་དབུས་ཨེ་ཤི་ཡ་ནས་བྱུང་། ལོ་རྒྱུས་ཀྱི་ཆ་ནས་ཀྱང་དེ་དག་མང་ཆེ་བ་ནང་ཆོས་དང་འབྲེལ་བ་ཆགས་ཡོད། ནང་ཆོས་དང་། ཁ་ཆེའི་ཆོས། ཡེ་ཤུའི་ཆོས་བཅས་ཀྱི་དབར་འབྲེལ་ལམ་བསྐྱར་དུ་ཤེས་རྟོགས་བྱ་རྒྱུ་ནི་དོ་སྣང་བྱེད་འོས་པ་ཞིག་ཡིན། ཁ་ཆེའི་ཆོས་ལུགས་ཀྱི་རྣམ་གཞག་ལ་མཁས་པ་ཨལ་གྷ་ཛ་ལིའི་ (al Ghazali) ཆོས་ལུགས་ཀྱི་རྣམ་གཞག་ནི་ཐོའོ་མ་སི་ཨེ་ཁུའེ་ན་སེར་ (Thomas Aquinas) ལ་ཡིད་ཆེས་དང་རྒྱུ་མཚན་གྱི་ལྟ་ཚུལ་ཐད་ཁོང་གི་ཆོས་ལུགས་ཀྱི་རྣམ་གཞག་འབྲི་བར་རྒྱུད་སྐུལ་བྱས་པ་དེ་ཡིན། གནད་དོན་དེ་ནི་དབུས་ཨེ་ཤི་ཡའི་ནང་ནང་པ་དང་ཕྱི་རོལ་པ་རྣམས་ཀྱི་དབར་ཞིབ་ཚགས་པོས་བགྲོ་གླེང་བྱས་ཡོད།
ཨེ་ལེགས། ཡང་དག་པའི་བརྩོན་འགྲུས་ཞེས་པའི་ཇི་ཧཱ་ད་ (jihad) ལྟ་བུའི་རྣམ་གཞག་ལའང་ནང་པའི་ཆོས་དང་འདྲ་ཆོས་ཡོད།
སི་ཡེ་ཛྱན་ཨཀྤི་ནར། ཁྱེད་རང་གི་བསམ་བློ་ཇི་ཧཱ་ད་ཆགས་ཐུབ། ཁྱེད་ཀྱིས་གང་བྱེད་པ་ཐམས་ཅད་ཇི་ཧཱ་ད་ལ་འགྱུར་ནུས།
ཨེ་ལེགས། ཇི་ཧཱ་ད་ཞེས་པའི་ཐ་སྙད་ཀྱི་བསྟན་པའི་དམག་དོན་གྱི་ཁྱད་ཆོས་ནང་པའི་ཐ་སྙད་ལས་ཀྱང་རྙེད་རྒྱུ་ཡོད། ཧང་སངས་དགོས་དོན་མེད། གང་ལྟར་ཡང་། སངས་རྒྱས་ཉིད་ཀྱང་རིགས་རུས་དབང་སྒྱུར་བྱས་པའི་དམག་འཐབ་ཀྱི་ལས་ནང་ཞུགས་ཏེ་ཕེབས་པ་ཡིན། དེ་རྗེས་ཡང་དག་པའི་བརྩོན་འགྲུལ་ལ་བརྟེན་ནས་བླ་ན་མེད་པའམ་དགྲ་བཅོམ་པ་སྟེ། ཉོན་མོངས་ཐམས་ཅད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་སངས་རྒྱས་ལ་དེ་ལྟར་འགྲེལ་བརྗོད་བྱས་ཡོད། དེར་བརྟེན་དམག་འཐབ་དེ་གང་དུ་བྱུང་ངམ་ཞེ་ན། སེམས་ནང་བྱུང་། དེ་ནི་མ་རིག་པ་དང་། འདོད་རྔམ། འདོད་ཆགས། ཁོང་ཁྲོ། ཞེ་སྡང་སོགས་ལ་ཁ་གཏད་གཅོག་རྒྱུ་དེ་ཡིན།
སུ་ཧྥིའི་ལས་འགུལ་དང་དབུས་ཨེ་ཤི་ཡ་དང་རྒྱ་གར་བར་ཤུགས་རྐྱེན་སྦྱིན་རེས་ཐེངས་མང་བྱུང་། སུ་ཧྥིའི་ཆོས་ལུགས་ནང་གི་ཉམས་ལེན་ཁག་ཅིག་སྔགས་བཟླ་བ་དང་འདྲ་པོ་ཡོད། སུ་ཧྥིའི་ནང་དཀོན་མཆོག་གི་མཚན་འདོན་པ་བཞིན་ནང་པ་ཚོས་འཇམ་དཔལ་དབྱངས་ཀྱི་མཚན་ལ་བསྟོད་པའི་སྒོ་ནས་འདོན་གྱི་ཡོད། དེར་མ་ཟད། གནས་མཆོག་ལ་སྐོར་བ་བྱེད་པ་དང་གནས་སྐོར་དུ་སྐྱོད་པ་ཐེ་བའི་ཉམས་ལེན་ཁག་ཅིག་ཁ་ཆེ་དང་ནང་པ་གཉིས་ཀའི་ནང་ཡོད། དེ་ག་ནང་བཞིན་ཆོས་ལུགས་གཉིས་ཀའི་ནང་སྦྱིན་པའི་ཉམས་ལེན་ལ་དོ་ནན་ཤུགས་ཆེན་པོ་བྱེད་ཅིང་། ཚང་མར་བཏང་སྙོམས་དགོས་པར་གཙིགས་ཆེན་བྱེད། སྒེར་གྱི་ངོས་ནས་ཤུགས་རྐྱེན་དེ་ག་ནས་བྱུང་མིན་བརྗོད་རྒྱུ་ཁག་པོ་ཡོད། ཡང་ན་ཕན་ཚུན་ལྟོས་མེད་དུ་རང་རྐྱ་བར་བྱུང་ཞེས་ཁ་ཚོན་གཅོད་མི་ཐུབ།
སི་ཡེ་ཛྱན་ཨཀྤི་ནར། འདས་པའི་དུས་རབས་ནང་། རྒྱ་གར་དང་པར་ཤི་ཡའི་མཚོ་ཁུག་བར་ཐད་ཀར་འབྲེལ་བ་མང་པོ་བྱུང་ཡོད། སྔ་མོའི་དུས་སུ་བྷ་སཱ་ར་ (Basra) ནི་འཕེལ་རྒྱས་གོང་འཕེལ་འགྲོ་བཞིན་པའི་གྲུ་ཁ་ཞིག་ཡིན་པ་དང་། པར་ཤི་ཡའི་མཚོ་ཁུག་ནང་གི་མི་ལ་ནད་གཞི་ག་དུས་ཕོག་ཀྱང་། རྒྱ་གར་བྷོམ་བྷེ་ (Bombay) ལ་གྲུ་གཟིངས་ནང་འགྲོ་སྐྱོད་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ཆར་དུས་ཀྱིས་དེ་གར་མགྱོགས་པོ་སླེབས་ཀྱི་ཡོད། སྔ་མོ་ནས་བཟུང་ཆོས་ལུགས་རྣམ་གཞག་གི་གནད་དོན་ལ་ཕན་ཚུན་བརྗེ་ལེན་མང་པོ་བྱེད་ཀྱི་ཡོད།
ཨེ་ལེགས། ཨ་བྷཱ་སི་དའི་ (Abbasid) རྒྱལ་རྒྱུད་གསར་པའི་རྒྱལ་ས་བགྷ་དྷཱ་ད་ (Baghdad) ནི་རྒྱ་གར་གྱི་བཟོ་ལས་འཆར་འགོད་པག་རྣམས་ཀྱིས་བསྐྲུན་པ་ཞིག་ཡིན། དུས་རབས་དགུ་པའི་དུས་སྨད་ཀྱི་ཕྱེད་ཀའི་སྐབས། བགྷ་དྷཱ་དའི་ནང་ཤེས་བྱའི་མཛོད་ཁང་ཆེན་པོ་ཞིག་ཡོད། ནང་པ་དང་ཧིན་དུའི་ཡིག་སྒྱུར་བ་མང་པོ་དེར་ཕྱིན་ནས་དེབ་མང་པོ་ས་གནས་ཨ་རབ་ (Arabic) ཀྱི་སྐད་དུ་བསྒྱུར་གྱི་ཡོད། དེར་བརྟེན་རིག་གཞུང་ཕན་ཚུན་དབར་འབྲེལ་ལམ་ཤུགས་ཆེན་པོ་བྱུང་ཡོད། འབྲེལ་ལམ་མམ་བརྗེ་ལེན་བྱུང་སའི་ཁྱབ་ཁོངས་གཙོ་བོ་ཞིག་ནི་ཚན་རིག་དང་། ཁྱད་པར་དུ་གནམ་རིག་སྐར་དཔྱད་དང་། སྐར་རྩིས། གསོ་བ་རིག་པ་བཅས་ཡིན།
སི་ཡེ་ཛྱན་ཨཀྤི་ནར། ད་དུང་ལྟ་གྲུབ་ཀྱང་ཡོད། ནུབ་ཕྱོགས་ཀྱི་ནོར་འཁྲུལ་ཞིག་ནི་ཁ་ཆེའི་སྐབས་དོན་དང་འབྲེལ་ནས་ལྟ་གྲུབ་སྐོར་ག་དུས་གོ་སྡུར་བྱས་ཀྱང་། རྟག་ཏུ་གྷི་རི་སི་ (Greece) དང་འབྲེལ་བ་ཆགས་ཡོད། འོན་ཀྱང་ལྟ་གྲུབ་ཀྱི་རྣམ་གཞག་མང་པོ་ཞིག་དོན་དངོས་སུ་གྷི་རི་སི་ལས་མ་བྱུང་བར། རྒྱ་གར་རམ་ཤར་ཕྱོགས་ནས་བྱུང་ཡོད།
ཨེ་ལེགས། ཁ་ཆེའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཚོ་དང་ཆོས་ལུགས་གཞན་གྱི་དབུ་ཁྲིད་དབར་གྱི་བགྲོ་གླེང་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་བགྲོ་གླེང་མུ་མཐུད་གནང་བཞིན་ཡོད། ཐེངས་ཤིག་༸གོང་ས་མཆོག་གིས་གུས་པར་ནུབ་ཨ་ཧྥི་རི་ཁའི་སུ་ཧྥི་ཆོས་ལུགས་ཀྱི་དབུ་ཁྲིད་ཆོས་ལུགས་གཉིས་ཀྱི་དབར་བགྲོ་གླེང་གི་ཆེད་དུ་འཚོལ་ཤོག་ཅེས་བཀའ་གནང་བྱུང་། ཆོས་ལུགས་གཉིས་ཀྱི་དབར་གྲོས་བསྡུར་བྱ་རྒྱུ་དེ་ནི་དམིགས་བསལ་ཞིག་རེད་ལ་དེ་ལྟའི་དབུ་ཁྲིད་ཅིག་ནི་ཕལ་ཆེར་གནམ་ནས་ཟགས་པ་འདྲ་པོ་རེད། དེར་བརྟེན་ངས་གོང་དུ་ཞུས་པ་བཞིན། ཕ་ཤུལ་བུ་འཛིན་བྱས་ནས་ཡོང་བའི་ནུབ་ཨ་ཧྥི་རི་ཁའི་སུ་ཧྥིའི་དབུ་ཁྲིད་འབུམ་རམས་པ་ཏིར་མི་ཛུ་ཌཱའེ་ལོ་ (Dr. Tirmiziou Diallo) མཆོག་ཕྱི་འབྲེལ་མི་སྣའི་རུ་ཁག་ཅིག་གི་ཁོངས་མི་ཡིན་པ་ངའི་གྲོགས་པོ་ཞིག་བརྒྱུད་དེ་མཇལ་འཕྲད་བྱུང་། གུས་པས་ཁོང་ལ་ཕྱག་རོགས་ཞུས་ཏེ་བཞུགས་སྒར་རྡ་རམ་ས་ལར་༸གོང་ས་མཆོག་མཇལ་བཅར་ཞུས་ཏེ་བགྲོ་གླེང་གནང་བ་རེད། ཁོང་གཉིས་ཀྱི་དབར་བགྲོ་གླེང་གནང་བའི་བརྗོད་གཞི་གཙོ་བོ་ནི་སྙིང་རྗེའི་ཐོག་ལ་རེད། ནུབ་ཨ་ཧྥི་རི་ཁའི་སུ་ཧྥི་ཆོས་ལུགས་ནང་། རྩ་འཛིན་གཙོ་བོ་ནི་བྱམས་པ་དང་སྙིང་རྗེ་རེད་འདུག །སུ་ཧྥིའི་དབུ་ཁྲིད་ཁོང་༸གོང་ས་མཆོག་མཇལ་ཏེ་བཀའ་མོལ་གནང་རྒྱུ་བྱུང་བས་སེམས་འགུལ་ཚད་མེད་ཐེབས། དེར་བརྟེན་ལོ་དེའི་སྔོན་གྱི་ལོ་དེར་ཨོ་སི་ཊྲི་ཡའི་ (Austria) ས་གནས་གྷ་རེ་ཛའི་ (Graz) ནང་༸གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གནང་སྐབས་ཁོ་རང་གསུང་ཆོས་ལ་བཅར་བ་རེད།
སི་ཡེ་ཛྱན་ཨཀྤི་ནར། ཀོ་རན་ (Quran) གྱི་ལེ་ཚན་ཚང་མའི་ནང་བྱམས་དང་སྙིང་རྗེའི་བདག་ཉིད་དཀོན་མཆོག་ལ་གསོལ་འདེབས་གནང་སྲོལ་ཡོད། ཀོ་རན་ནི་རྩ་བའི་ཆ་ནས་ངས་མོ་སེ་སིའི་ (Moses) གསུང་འབུམ་པོད་ལྔའི་འགྲེལ་བ་ཞིག་ཏུ་ལྟ་གི་ཡོད། གང་ཡིན་ཟེར་ན། མོ་ཧམྨ་དའི་ (Muhammad) སྐབས་ཀྱི་མོ་སེ་སིའི་གསུང་འབུམ་ལྔའི་སྒྲུང་ནི་མི་ཚང་མས་ཤེས་གསལ་རེད། འོན་ཀྱང་སི་མི་ཏིའི་ (Semites) གནའ་བོའི་སྲོལ་རྒྱུན་ནང་མོ་ཧམྨ་དས་བླ་ན་མེད་པའི་ཁྲིམས་ཡིག་ནང་སྙིང་རྗེའི་ལྟ་ཚུལ་གསར་དུ་ངོ་སྤྲོད་གནང་ཡོད། མིག་ལ་མིག་ཅེས་པའི་སྲོལ་རྒྱུན་གྱི་བཤད་སྲོལ་འདི་དར་བ་རེད། སྙིང་རྗེའི་བདག་ཉིད་དཀོན་མཆོག་ལ་མཛུབ་མོ་བཙུགས་ཏེ། གལ་སྲིད་རང་རྒྱུད་ལ་སྙིང་རྗེ་བསྐྱེད་ན། ཧ་ཅང་ཡག་པོ་རེད། འོན་ཏེ་མ་བསྐྱེད་ན། མ་མཐར་མིག་གཅིག་ལེན་པ་ལས་དེ་ལས་མང་བ་ལེན་རྒྱུ་མེད་ཅེས་བཤད། དེར་བརྟེན་ཀོན་རན་གྱི་སྟོད་སྨད་བར་གསུམ་དུ་འཁོན་ལན་སློག་རྒྱུ་ཤུགས་ཇེ་ཆུང་དུ་གཏོང་དགོས་ཚུལ་བརྗོད་ཡོད།
ཁ་ཆེ་རྣམས་ཀྱིས་འཁྲུག་འཛིང་ཅིའི་ཕྱིར་བྱེད་དམ་ཞེས་པའི་གནད་དོན་ཆེན་པོ་འདི་སེལ་ཆེད་ཁ་ཆེའི་ཆོས་ལུགས་ནང་སྒྲུང་ཧ་ཅང་སྙན་པོ་ཞིག་ཡོད། ཐོག་མར་དཀོན་མཆོག་གིས་སྙིང་སྟོབས་སྤེལ་བའི་སྟོན་པ་ (prophet) གཞན་ལྟར། མ་ཧམྨད་མཆོག་འཚེ་མེད་ཞི་བདེར་མོས་མཁན་ཞིག་ཡིན། འོན་ཀྱང་ཁོང་གི་མི་དམངས་རྣམས་ལ་གཞན་གྱིས་བཙན་རྒོལ་བྱས་ཏེ་འཆི་ཁར་ཐུག་སྟབས། མཐར་ཁོང་གིས་རང་གི་རྗེས་འཇུག་པ་རྣམས་དམག་འཁྲུག་ལས་སྡོམ་མི་ཐུབ་པར་གཟིགས་ཏེ། “ངས་དམག་འཁྲུག་འདི་མཚམས་འཇོག་བྱེད་མི་ཐུབ་པ་ཤེས་ཀྱི་འདུག །དེར་བརྟེན་ཁྱེད་རང་ཚོས་འཛིང་དགོས་ན་འཛིངས། འོན་ཀྱང་སོ་སོའི་བྱས་ཉེས་ཀྱི་ཁུར་པོ་སོ་སོས་འཁུར་དགོས་པ་མ་བརྗེད་པ་བྱོས། སོ་སོའི་བྱས་ཉེས་ལ་སོ་སོས་འགན་འཁུར་མ་ཐུབ་ན། སོ་སོའི་ཆོས་ལུགས་དེ་གཙང་མ་ཞིག་ཆགས་མི་ཐུབ།” ཅེས་པའི་གསུང་སྙན་གྲགས་ཅན་འདི་གསུངས་དགོས་བྱུང་བ་རེད། བྱས་ཙང་། ཁ་ཆེའི་ཆོས་ཀྱི་ནང་ལས་འབྲས་ཀྱི་རྣམ་གཞག་གམ་ཁྲིམས་དེ་ལྟར་ཡོད་པ་རེད།
ཁ་དིར་ (qadr) ཞེས་པའི་ཚིག་གི་དོན་ནི་སྟོབས་ཤུགས་ལ་གོ་བ་ཡིན། སྤྱིར་བཏང་ནུབ་ཕྱོགས་སུ་ཐ་སྙད་འདི་རླུང་རྟ་ (fate) ལའང་འཇུག་པ་ཡོད། འོན་ཀྱང་རླུང་རྟ་ཞེས་པའི་ཚིག་འདི་ལས་ལའང་འཇུག །མོ་ཧམྨ་དས་ཇི་ལྟར་མུ་མཐུད་དེ། “རང་གི་དགྲ་བོའི་སྐེ་ལ་གྲི་བཞག་སྟེ་བྲོས་མི་འཇུག་པའི་སྐབས། དགྲ་བོ་དེས་སྙིང་རྗེ་གནང་རོགས་ཞེས་ཞུ་འབོད་བྱེད་ཀྱི་ཡོད། གལ་སྲིད་རང་རྒྱུད་ལ་སྙིང་རྗེ་ཡོད་ན། དགྲ་དེར་བཟོད་ཡངས་བཏང་ནས་གྲོགས་སུ་སྒྱུར་ཐབས་བྱེད་པ་ནི་དགེ་མཚན་ཆེ་ཤོས་ཡིན། གལ་སྲིད་དགྲ་དེར་སྙིང་རྗེ་རྩ་བ་ནས་བྱེད་མ་ཐུབ་ན། ཕྱིར་འཐེན་མ་བྱས་པར་གསོད། འོན་ཀྱང་སྙིང་རྗེ་སྐྱེ་ཐབས་བྱེད་དགོས། གང་ཡིན་ཟེར་ན། རང་ཉིད་དཀོན་མཆོག་ལ་འགན་འཁྲི་ཡོད།” ཅེས་གསུངས་པ་ཤེས་དགོས།
སྔ་མོའི་ཁ་ཆེ་མང་པོ་ཞིག་དོན་དངོས་སུ་གཡུལ་ས་ལས་འགྱུར་བ་ཐེབས་པ་བྱུང་ཡོད། འོན་ཀྱང་བསམ་ཚུལ་ནི་སྐྱབས་ཡུལ་གང་ཟག་དེ་མིན་པར་སྐྱོབ་པ་པོ་རང་ཉིད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་ཀྱི་ཡོད།
དེར་བརྟེན་ད་ལྟའི་ཁ་ཆེའི་ཆོས་ལུགས་ཀྱི་ཇི་ཧཱ་ད་ (jihad) ཞེས་པའི་སྙིང་རྗེ་དེ་གང་དུ་འཚམ་པོ་ཡོད་དམ།
སི་ཡེ་ཛྱན་ཨཀྤི་ནར། འཚམ་པོ་མེད་པར་སྣང་། དེང་སང་ང་ཚོར་དྲག་རྩུབ་ཆེ་བའི་ཁ་ཆེའི་ཆོས་ལུགས་ལྟ་བུ་ཞིག་ཡོད་ཅིང་དེས་སྲོལ་རྒྱུན་གྱི་རྒྱུད་པ་གཏོར་བཤིག་བཏང་ཡོད། ཁ་ཆེ་གསར་པ་ཚོས་རྒྱུན་དུ་ཁ་ཆེའི་ཆོས་ལུགས་ཀྱི་གཞི་རྟེན་ཏེ་ཀོ་རན་ནི་རྩ་ཆེའི་བའི་གཞུང་ཞིག་ཡིན་ཀྱང་ཆ་ཚང་སློབ་སྦྱོང་བྱེད་དགོས་དོན་མེད་ཟེར་གྱི་ཡོད། དེ་དག་ལ་གཞུང་དེའི་ལེའུ་དང་པོ་དང་གཉིས་པ་སྦྱངས་ནས་གཞན་རྣམས་ལ་དོ་སྣང་མ་བྱས་ན་འགྲིག་གི་ཡོད། དེ་ལྟར་བྱ་རྒྱུ་འགོ་བཙུགས་ན། རང་གི་དད་སེམས་ལ་གནོད་སྐྱོན་ཕོག་གི་ཡོད།
ཨེ་ལེགས། ཁ་ཆེ་ཉུང་ཤས་ཤིག་དྲག་རྩུབ་ཆེ་བ་དང་། རྨོངས་ཞེན་ཅན། དད་པའི་རྗེས་འབྲང་པ་ཡིན་པས་དེ་ལྟར་ནན་བརྗོད་བྱ་རྒྱུ་གལ་ཆེ། ཆོས་ལུགས་ཚང་མའི་ནང་རྨོངས་པའི་ངང་དད་པའི་རྗེས་སུ་འབྲང་མཁན་ཡོད། ནང་ཆོས་ནང་དུའང་ཡོད།
ཁ་ཆེའི་ཆོས་ལུགས་ནང་འབར་འདེལ་ཁྱེར་ནས་རང་སྲོག་རང་གིས་གཅོད་དགོས་ཟེར་བའམ་དེ་ལ་དག་སྐྱེལ་བྱེད་པའི་ཆོས་དེ་འདྲ་ཡོད་དམ།
སི་ཡེ་ཛྱན་ཨཀྤི་ནར། ཁ་ཆེའི་ཆོས་ཀྱི་ནང་། ཡེ་ཤུའི་ཆོས་སྲོལ་ལ་ཡོད་པ་ནང་བཞིན་ལུས་སྲོག་བློས་བཏང་གི་དཔའ་བོའི་རིགས་ཡོད་ཆོག །འབར་འདེལ་ཁྱེར་ནས་རང་སྲོག་རང་གཅོད་བྱེད་མཁན་ཚོས་དཔའ་བོ་ཡིན་ཚུལ་བརྗོད་ཀྱི་ཡོད། འོན་ཀྱང་ཁོང་ཚོས་རང་སྲོག་རང་གིས་གཅོད་ཀྱི་ཡོད། ཁྲིམས་ལུགས་དང་པོ་དེ་ནི། “ཁྱེད་རང་གསོད་མི་ཉན།” ཞེས་པ་དེ་རེད། ལྷག་དོན་དུ་སོ་སོ་རང་ཉིད་གསོད་མི་ཉན་པ་རེད། མི་དེ་དག་དཔའ་བོ་མ་རེད། རང་སྲོག་གཅོད་མཁན་རེད།
ནུབ་ཕྱོགས་སུ་ནང་པ་མང་པོ་ཞིག་གིས་རྩ་བའི་ཆ་ནས་སུ་ཧྥིའི་སྙན་ངག་པ་རུ་མི་ (Rumi) དང་ཧ་ཧྥི་ཛེ་ (Hafiz) ལྟ་བུ་བརྒྱུད་དེ་ཁ་ཆེའི་ཆོས་ལུགས་ལ་རྒྱུས་མངའ་བྱུང་ཡོད། མཁས་པ་དེ་དག་གིས་དཀོན་མཆོག་ལ་བརྩེ་བ་དང་དད་སེམས་རྩེ་གཅིག་ཏུ་བྱེད་པ་དང་དཀོན་མཆོག་ནི་ཆོས་ཐམས་ཅད་ཀྱི་རྣམ་པར་ཕེབས་ཡོད་པར་དོ་ནན་གནང་གི་ཡོད། མི་རྣམས་ཀྱིས་སྙན་ངག་པ་དེ་དག་དང་དེ་དག་གི་ཐབས་ལམ་ལ་དགའ་མོས་བྱེད་སྐབས། དེ་ལྟའི་དགའ་སྤྲོ་ཚད་མེད་པའི་བརྩེ་བ་དེ་ནུབ་ཕྱོགས་ཀྱིས་ནང་པ་ཚོས་རང་ལུགས་སུ་བྱས་པའི་ནང་ཆོས་ནང་བརྩི་མཐོང་མེད། ནང་ཆོས་ནང་ཁུ་སིམ་མེར་ངག་བཅད་ནས་སྒོམ་ཉམས་ལེན་བྱེད་པ་དང་ནང་སེམས་ལ་བརྟག་དཔྱད་གཙོ་འདོན་བྱེད་ཀྱི་ཡོད།
སི་ཡེ་ཛྱན་ཨཀྤི་ནར། ཁ་ཆེ་མང་པོ་ཞིག་དགའ་སྤྲོ་ཚད་མེད་སྐྱེ་མཁན་མིན། སྙན་ངག་དེ་ནི་ཤུགས་ཆེན་པོ་དང་གཅིག་བྱས་ན་དེའི་རྩ་བ་ཧིན་དུའི་ཆོས་སམ་ཡང་ན་རྒྱ་གར་གྱི་སྲོལ་རྒྱུན་གཞན་ནང་རྩ་བ་ཚུགས་ཡོད་སྲིད། འོན་ཀྱང་དབུས་ཨེ་ཤི་ཡའི་སྲོལ་རྒྱུན་གཞན་ཞིག་ཡོད་པ་དེས་ཁ་ཆེའི་ཆོས་ལུགས་དང་ནང་ཆོས་དབར་བློ་ལ་འཐད་པོའི་སྒོ་ནས་ཟམ་པ་ལྟ་བུ་བྱེད་ཀྱི་ཡོད། རྒྱ་རིགས་ཀྱིས་དེ་ལ་ཚིགས་བཅད་རྐང་གཉིས་མའམ་རྐང་བཞི་པ་ཞེས་འབོད་ངེས། ཏུར་ཀིའི་ (Turkey) སྐད་ཡིག་ནང་། དེ་ལ་ཀོཤ་མཱ་ (Koshma) འབོད་ཅིང་། དེ་ནི་སེམས་ནང་བསམ་བློ་འཁོར་བའི་དོན་ཡིན་པ་དང་། དེ་ཡང་བསམ་བློ་ཞིག་སྟེ་གཡེང་བ་དང་འཕྲོ་བ་ལས་འཛིན་དགོས། མ་གཞི་བློ་དེ་གློད་གཏོང་དགོས་ཀྱང་རང་གིས་འཛིན་གྱི་ཡོད། རང་གིས་ཚིགས་བཅད་རྐང་གཉིས་མ་ཞིག་བྲིས་ནས་ཚིག་རྐང་མཐའ་མ་ཞིག་བསྣན་ཏེ་ནང་དོན་འགྱུར་སོང་ན། གོ་རྒྱུ་ཅི་ཡང་མེད་པ་ཆགས་ཀྱི་ཡོད། དེ་ནི་སྔ་ཕྱི་མི་མཐུན་པ་ལྟ་བུ་རེད། དམིགས་བསལ་དབུས་ཨེ་ཤི་ཡའི་ནང་གི་སུ་ཧྥིའི་མི་རིགས་མང་པོས་བྲིས་པར་ལྟར། ཨོ་མར་ཁ་ཡམ་ (Omar Khayyam) ཞེས་པའི་སྙན་ངག་པ་གྲགས་ཅན་ཚོས་དེའི་ཐོག་འབྲི་གི་ཡོད། སུ་ཧྥི་ཞིག་ཏུ་སྙན་གྲགས་ཆེ་བའི་ཏུར་ཀིའི་སྙན་ངག་པ་གྲགས་ཅན་ཡུ་ན་སེ་ཨི་མེར་ (Yunus Emre) ལགས་ནི་དེའི་དཔེ་མཚོན་ཡག་པོ་ཞིག་ཡིན། ཁོང་གི་སྙན་ངག་མང་པོ་ཞིག་དུར་ཁྲོད་དུ་བསམ་སྒོམ་བྱེད་སྲོལ་ཐོག་ནས་འགོ་བཙུགས་ཡོད། དེ་ནི་ཡོངས་གྲགས་སྒོམ་གྱི་རིགས་ཤིག་ཡིན།
སུ་ཧྥི་ཆོས་ལུགས་ནང་ངག་བཅད་ཀྱི་སྒོམ་ཡོད་དམ།
སི་ཡེ་ཛྱན་ཨཀྤི་ནར། ཡོད་རེད། བཀའ་ལ་ལྟོས་ནས་ཡོད། བཀའ་འགའ་ཞིག་གིས་སྐད་ཅོར་དང་སྐད་ལོག་རྒྱག་དགོས་པ་དང་གཞས་ཞབས་བྲོ་འཁྲབ་དགོས་སྐོར་གསུང་གི་ཡོད། གཞན་འགས་ངག་གཅོད་དགོས་གསུང་གི་ཡོད།
ཨེ་ལེགས། ཕྱོགས་གཞན་ཞིག་ནས་སུ་ཧྥིའི་སྲོལ་རྒྱུན་མང་པོའི་ནང་ནས་མཐོང་བའི་དད་པ་བྱེད་ཕྱོགས་ཀྱི་རྣམ་པ་ནི་ཐེག་པ་ཆེན་པོའི་ནང་པའི་ཆོས་ཚོགས་ཁག་ནང་ཉམས་ལེན་བྱེད་མཁན་གྱི་ནུབ་ཕྱོགས་པའི་ཁྲོད་ནས་ཀྱང་མཐོང་ཐུབ། ནང་པའི་ཉམས་ལེན་པ་མང་པོས་མཉམ་དུ་འཛོམས་ནས་ཞལ་འདོན་སྐྱོར་རྒྱུ་དང་དབྱངས་འཐེན་རྒྱུར་དགའ་པོ་བྱེད་ཀྱི་ཡོད། འགའ་ཞིག་གིས་རྡོ་རྗེའི་གར་འཆམ་ཟེར་བ་འཁྲབ་ཀྱི་ཡོད།
ཁྱེད་ཀྱིས་ཨལ་ལཱའི་ (Allah) སྐོར་ལ་ཆོས་ལུགས་གཞན་གྱི་དཀོན་མཆོག་གི་ལྟ་ཚུལ་དང་ཞིབ་སྡུར་དང་། དེ་ག་ནང་བཞིན་ནང་ཆོས་ནང་དེ་དང་འབྲེལ་བའི་ཆོས་དང་བསྟུན་ནས་ཏོག་ཙམ་གསུང་རོགས་གནང་།
ཨེ་ལེགས། ནང་ཆོས་ནང་ཨལ་ལཱའམ་ (Allah) ཡང་ན་སྤྱིར་དཀོན་མཆོག་གི་ཁྱད་ཆོས་འགའ་ཞིག་བརྗོད་ཀྱི་ཡོད། འོན་ཀྱང་ཐ་སྙད་གཅིག་གིས་ཚང་མར་ཁྱབ་ཀྱི་མེད། ཁྱད་པར་འབྱེད་དགོས། གང་ལྟར་ནང་ཆོས་ཀྱིས་ང་ཚོ་ལས་རྦད་དེ་ཐ་དད་པའམ་འདས་པའི་དོན་དངོས་སམ་རྩ་འཛིན་འགའ་དང་། ང་ཚོའི་འཇིག་རྟེན་འདི་འཇིག་རྟེན་ལས་འདས་པའི་གནས་ལུགས་གཉིས་སུ་གསུང་གི་མེད། ནང་ཆོས་ནང་གསུངས་པའི་རྩ་འཛིན་ནམ་ལྟ་བ་མཐར་ཐུག་པ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་འདུས་ཀྱི་ཡོད་པ་དེ་རེད། སྟོང་ཉིད་ཅེས་པ་ནི་ཆོས་རྣམས་ཡིན་པ་མི་སྲིད་པའི་གྲུབ་ལུགས་ཏེ་རྣམ་རྟོག་གི་སྤྲོས་པ་མེད་པ་དང་། གཞན་ལ་མ་ལྟོས་པའི་རང་དབང་དུ་གྲུབ་པ་མེད། འོན་ཀྱང་ཆོས་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་ལྟོས་པའམ་བརྟེན་ནས་གྲུབ་དགོས། སྟོང་པ་ཉིད་ཀྱི་ཐོག་ནས་བཤད་ན། དེ་ནི་ང་ཚོའམ་འཇིག་རྟེན་ལས་ཐ་དད་པ་ཞིག་མིན། འོན་ཀྱང་བོད་པའི་སྲོལ་རྒྱུན་འགའ་ཞིག་གིས་སྟོང་ཉིད་ནི་ཚིག་དང་དོན་གྱི་ཡུལ་ལས་འདས་པར་བརྗོད། ཆོས་ཐམས་ཅད་ཕན་ཚུན་ལྟོས་ནས་གྲུབ་པ་སོང་ཙང་། གཞན་ལ་སེམས་ཁུར་དང་སྙིང་རྗེ་དགོས་ཀྱི་ཡོད། སྙིང་རྗེ་ནི་འཇིག་རྟེན་ལས་འདས་པ་ཞིག་མིན་པར་དེའི་ས་བོན་མི་ཚང་མའི་རྒྱུད་ལ་རང་ཆས་སུ་ཡོད།
སི་ཡེ་ཛྱན་ཨཀྤི་ནར། ཨལ་ལཱ་ (Allah) ནི་ཅི་ཡང་མེད་པ་རེད་ཅེས་བརྗོད་ཀྱི་ཡིན། (སཽ་དྷིའི་ (Saudi རྒྱལ་དར་སྟེང་བྲིས་པ་བཞིན་) ཁ་ཆེའི་ཆོས་ལུགས་ཀྱི་ La Ilaha Ila Al-lah ཞེས་པའི་རྩ་བའི་གཟུངས་སྔགས་དེ་འདོན་སྐབས། འདིས་དོན་དངོས་སུ་ “ཨལ་ལཱ་མ་གཏོགས་གཞན་དཀོན་མཆོག་མེད།” ཅེས་བསྐྱར་ཟློས་བྱེད་དུ་འཇུག་གི་ཡོད། དེ་ལྟར་ཡང་ནས་ཡང་དུ་འདོན་པའི་སྐབས། ཡིག་འབྲུ་ལཱ་ Lah ལྟ་བུ་གཅིག་དུས་གཅིག་གི་ནང་ཉུང་དུ་ཉུང་དུ་གཏོང་དགོས།
ལཱ་ Lah ཞེས་པ་ནི་མེད་ཅེས་པའི་དོན་ལ་འཇུག་པས་དགག་པ་ཡིན། དེར་བརྟེན་ཨལ་ལཱ་ནི་རླབས་ཆེ་བའི་མེད་པ་ཡིན། ཨལ་ལཱ་ནི་རང་གིས་བློ་ཡུལ་ལས་འདས་པ་ཞིག་ཡིན། གང་ཡིན་ཟེར་ན། དེ་ནི་ཐམས་ཅད་ལས་འདས་པས། འགོ་ལ་ཨ་ཆེན་པོ་དང་མཇུག་ཏུ་ལཱ་ཞེས་པས་ཅི་ཡང་མེད་པ་བསྙད། གཟུངས་སྔགས་དེ་བསྐྱར་ཟློས་བྱེད་པས་བློ་ཡུལ་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རིམ་པ་ལྟ་བུ་དེ་མེད་པ་བཟོ་བ་ཡིན། བསྐྱར་ཟློས་ཡང་ཟློས་བྱས་ཏེ་ ah ཞེས་པའི་ཡིག་འབྲུ་གཅིག་པུ་དེ་ལྷག་ལྷག་བར་འདོན་དགོས། ah ཞེས་པ་ནི་ཧུའམ་ hua “ཁོང་” སྟེ། ཡང་དག་པའི་དཀོན་མཆོག་གི་དབུགས་ལ་གོ་བ་ཡིན།
ཨེ་ལེགས། སྟོང་ཉིད་ཀྱང་དགག་པ་ཡིན། འདི་ནི་ཐད་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ནུས་མེད་བཟོ་བའམ་བཀག་པའི་ཆ་དེ་ཡིན། འདིའང་དངོས་སུ་མ་བྲིས་པའི་ཡིག་འབྲུ་ཨ་ཡིས་མཚོན་པར་བྱས་ཡོད། རྒྱ་གར་གྱི་སྐད་ཡིག་ནང་ཨ་ནི་གསལ་བྱེད་ཐམས་ཅད་ལ་རང་ཆས་སུ་ཡོད། ཨ་ནི་ལེགས་སྦྱར་སྐད་དུ་དགག་པའི་སྔོན་འཇུག་ཡིན། དེར་མ་ཟད། སྔགས་ལུགས་སུ། ཆོས་ཐམས་ཅད་ཀྱི་སྣང་བ་དང་རྟེན་འབྲེལ་གྱི་གཞི་རྟེན་གཉུག་མའི་ཡེ་ཤེས་སམ་སེམས་ཀྱི་རང་བཞིན་འོད་གསལ་བ་ཁོ་ནར་གནས་པའི་བར་དུ་སེམས་ཀྱི་བྱེད་ལས་རགས་པ་འཐིམ་པ་དང་། དེ་དང་འབྲེལ་བའི་རྨོངས་པའམ་རྣམ་རྟོག་གི་སྤྲོས་པ་རྣམས་ཡིག་འབྲུ་ཧཱུྃ་ཡི་ཆ་ཤས་སུ་དམིགས་རྣམ་དུ་བྱེད་པའི་སྒོ་ནས་ཕན་ཚུན་འཐིམ་འགྲོ་གི་ཡོད། དེར་བརྟེན་སྟོང་ཉིད་ནི་མངོན་དུ་མ་གྱུར་བའི་ཚུལ་གྱིས་དེའི་ནང་ཆོས་ཐམས་ཅད་གནས་པ་ཞིག་ཡིན། འོན་ཀྱང་འཇིག་རྟེན་ལས་འདས་པ་མ་ཡིན། ཁ་ཆེའི་ཆོས་ལུགས་ནང་གི་མཐུན་ཆོས་མང་པོ་ཞིག་གིས་འདིར་ནང་ཆོས་དང་ཆོས་ལུགས་དེའི་དབར་གོ་སྡུར་དང་གོ་རྟོགས་འཕེལ་རྒྱུའི་གོ་སྐབས་སྐྲུན་གྱི་ཡོད།།