ནང་ཆོས་ནང་གི་ཆོས་ལུགས་ཕྱོགས་རིས།

སྐད་ཡིག་གཞན།

དོ་གདོང་ངོས་ལ་ནང་ཆོས་རང་གི་ནང་ཆོས་ལུགས་ཕྱོགས་རིས་དང་ཆོས་ལུགས་ཕྱོགས་རིས་མེད་པའི་གནད་དོན་ཐད་གཏམ་བཤད་བྱེད་རོགས་གསུངས་པ་རེད། གལ་ཏེ་དེའི་སྐོར་གཏིང་ཟབ་པོའི་སྒོ་ནས་དཔྱད་ཞིབ་བྱས་ན། འདི་ནི་བརྗོད་གཞི་གང་ལ་གང་འཚམས་ཀྱི་དཀའ་ལས་ཁག་པོ་ཞིག་རེད། དེ་ཡང་ཕྱི་ཚུལ་ཙམ་དུ་ཆོས་ཚུལ་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཡིན་པ་དང་དེ་དག་ཐམས་ཅད་ཧ་ཅང་ཡག་པོ་ཡིན་པ། རིམ་པ་དེ་ཙམ་གྱི་ཐད་ནས་དང་རང་ཉིད་གཞན་ལས་ཡག་ག་དང་བཟང་བ་ཡོད་སྙམ་པ་ཙམ་ནི་ཆོས་ལུགས་ཕྱོགས་རིས་མིན། དེ་ལས་ལྡོག་སྟེ། བརྗོད་གཞི་ལ་ཕྱི་ཚུལ་གྱི་སྒོ་ནས་ལྟ་ཚུལ་བཟུང་ནས་ང་ཚོས་དེ་ལས་གཏིང་ཟབ་ཏུ་བལྟས་ན། དེ་ནི་དངོས་གནས་གནད་དོན་ཧ་ཅང་རྙོག་འཛིངས་ཅན་ཞིག་ཡིན་པ་ཤེས་ཀྱི་རེད། 

ཆོས་ལུགས་མཚུངས་བསྡུར་གྱི་ལངས་ཕྱོགས།

འདིར་སྔོན་གྱི་གཏམ་བཤད་ནང་། ང་ཚོས་ཆོས་ལུགས་ཕྱོགས་རིས་དེ་ཆོས་ལུགས་ཁག་ནང་ཁུལ་གྱི་ཕྱོགས་རིས་ལ་གཞིགས་ནས་བཤད་ཡོད་པ་དང་བྱེ་བྲག་ཏུ་ནང་ཆོས་དང་ཁ་ཆེའི་དབར་ལ་གཞིགས་ནས་བཤད་པ་རེད། དོ་གདོང་གི་གནད་དོན་དེ་ནང་ཆོས་ནང་ཁུལ་གྱི་ནང་པའི་ཆོས་བརྒྱུད་སྣ་ཚོགས་པ་དང་དེ་ལས་བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན་གྱི་ནང་གི་ཆོས་བརྒྱུད་མི་འདྲ་བའི་སྐོར་ལ་རེད། ཆོས་ལུགས་ཕྱོགས་རིས་ཟེར་བ་དེ་གང་ཡིན་རྟོགས་པའི་ཆེད་ངས་ནང་ཆོས་དང་ཁ་ཆེའི་སྐབས་སུ་འགྲེལ་བརྗོད་བྱས་པའི་ལངས་ཕྱོགས་གསུམ་གྱི་སྐོར་ལ་བསྐྱར་ཞིབ་བྱེད་ཀྱི་ཡིན། དེ་དག་ནི་ཆོས་ལུགས་གཅིག་བདེན་རིང་ལུགས་འཛིན་མཁན་དང་། ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་འཛིན་མཁན། གནས་ལུགས་དུ་མ་ཡོད་པར་སྨྲ་མཁན་གྱི་ལངས་ཕྱོགས་བཅས་རེད། 

ཆོས་ལུགས་གཅིག་བདེན་རིང་ལུགས་འཛིན་མཁན་གྱི་ལངས་ཕྱོགས།

འདི་ནི་ནང་ཆོས་ལྟར་ན། ནང་པའི་ཆོས་ལུགས་ནང་ནས་གཅིག་ཁོ་ནར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་བདེན་པའི་ལམ་དེ་ཡོད་པ་དང་གཞན་ཐམས་ཅད་ཀྱི་ལམ་ནི་ནོར་བ་ཡིན་པའི་ལངས་ཕྱོགས་དེ་རེད། འདིའི་སྐབས་སུ་ཆོས་ཚུལ་འགའ་ཞིག་དོན་ངོ་མར་སངས་རྒྱས་ཀྱི་ཆོས་སམ་བཀའ་རུ་ངོས་ལེན་མི་བྱེད་པའི་རྣམ་པ་དེ་འདྲ་ཡོང་སྲིད་པ་རེད། དཔེར་ན། འདིའི་རིགས་དེ་ཐེག་དམན་གྱི་རྗེས་འབྲང་པ་འགའ་ཤས་ཀྱིས་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་མིན་ཞེས་བརྗོད་ཀྱིན་ཡོད་པ་ང་ཚོས་ཤེས་གསལ་ལྟར་རེད།

ཡང་ན་བོད་བརྒྱུད་ནང་བསྟན་ལ་ཆ་བཞག་ན། དགེ་ལུགས་དང་། བཀའ་བརྒྱུད། ས་སྐྱ་བཅས་གསར་མའི་ཆོས་བརྒྱུད་འཛིན་མཁན་འགའ་ཞིག་གི་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་གཏེར་མའི་ཆོས་སྐོར་ལ་ལྟ་ཚུལ་འཛིན་སྟངས་ཤིག་ཡོད་པ་དེའང་ཡིན་སྲིད་པ་རེད། (གཏེར་ཆོས་དེ་དག་བཀའ་བརྒྱུད་ཀྱི་ནང་དུའང་ཡོད་པ་རེད།)

ཡང་ན་ཆོས་ལུགས་གཅིག་བདེན་རིང་ལུགས་ཀྱི་ལངས་ཕྱོགས་གཞན་ཞིག་ནི། ནང་པའི་ཆོས་ཚུལ་གཞན་དག་གིས་བརྗོད་གཞི་གཅིག་པ་ཞིག་ང་ཚོ་དང་ཐུན་མོང་དུ་ལྟ་ཚུལ་འཛིན་སྲིད་ནའང་། ཁོང་ཚོའི་བཞེད་དོན་དང་ལངས་ཕྱོགས་དེ་ནོར་བ་ཡིན་ཏེ། དེ་དག་གིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱེད་ཀྱི་མེད་ཅེས་པའི་བསམ་བློའི་ཁྱེར་སོ་དེ་ཡིན་པ་རེད། དེར་བརྟེན་དེ་ནི་ཆོས་ལུགས་གཅིག་བདེན་རིང་ལུགས་ཀྱི་ལངས་ཕྱོགས་ཡིན་པ་དང་དེ་ལ་ང་ཚོས་ཕྱོགས་རིས་ཀྱི་ལངས་ཕྱོགས་ཞེས་བརྗོད་ངེས་རེད། 

ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་ཀྱི་ལངས་ཕྱོགས།

ལངས་ཕྱོགས་གཉིས་པ་ནི། ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་ཀྱི་ལངས་ཕྱོགས་དེ་ཡིན་པ་དང་འདི་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ལམ་དུ་མ་ཞིག་ཡོད་པ་དང་། སངས་རྒྱས་ཀྱིས་དེ་དག་ཐམས་ཅད་གསུངས་ཡོད་ནའང་། དེ་དག་ལས་གཅིག་ནི་མཆོག་ཏུ་གྱུར་བ་དེ་རེད་ཅེས་དོན་ངོ་མར་སོ་སོ་རང་ཉིད་ཀྱི་ལམ་དེ་ཡག་ཤོས་ཡིན་པའི་བསམ་བློའི་ཁྱེར་སོ་དེ་རེད། འདིའང་གོང་སྨྲོས་ཀྱི་ཆོས་ལུགས་གཅིག་བདེན་གྱི་ལངས་ཕྱོགས་དང་འདྲ་བར་ཕྱོགས་རིས་ཀྱི་གྲས་སུ་བརྩི་བ་ཡིན། 

གནས་ལུགས་དུ་མ་ཡོད་པར་སྨྲ་བའི་ལངས་ཕྱོགས།

ལངས་ཕྱོགས་གསུམ་པ་གནས་ལུགས་དུ་མ་ཡོད་པར་སྨྲ་བའི་ལངས་ཕྱོགས་ལྟར་བྱས་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ལམ་མང་པོ་ཡོད་པ་དང་དེ་དག་ལས་གཅིག་ཀྱང་མཆོག་ཏུ་གྱུར་བ་མིན་ཞེས་པའི་ལངས་ཕྱོགས་དེ་རེད། དེར་བརྟེན་གནས་ལུགས་དུ་མ་ཡོད་པར་སྨྲ་བའི་རིང་ལུགས་འདིས་ནང་པའི་ཆོས་ཚུལ་མི་འདྲ་བའི་ནང་ཐུན་མོང་གི་བརྗོད་གཞི་དང་འབྲེལ་བའི་བཞེད་ཚུལ་དང་ལངས་ཕྱོགས་སྣ་ཚོགས་པ་དེ་དག་སྟོན་པ་ཙམ་ལས། དེ་དག་གང་གཙོ་དང་གང་དམན་སོགས་གོ་གནས་སྐོར་བཤད་ཀྱི་མེད། འདི་ནི་ཤེས་རིག་གི་ལངས་ཕྱོགས་ཤིག་གམ་མཁས་པའི་ངང་ཚུལ་གྱི་ལངས་ཕྱོགས་ཐོག་ནས་ནང་ཆོས་ཀྱི་རྣམ་པ་སྣ་ཚོགས་པ་འགྲེལ་བརྗོད་བྱེད་པ་ཙམ་མམ་ཡང་ན་ཉམས་ལེན་པ་ཞིག་གི་ལངས་ཕྱོགས་ཀྱི་ནང་དུའང་ཡིན་སྲིད་པ་རེད། ད་དུང་ཉམས་ལེན་པ་ཞིག་གི་ནང་དུ་སྡེ་ཚན་དེའི་སྲོལ་རྒྱུན་གཅིག་གམ་ཡང་ན་སྲོལ་རྒྱུན་ལམ་ལུགས་འགའ་ཞིག་ཉམས་ལེན་བྱེད་མཁན་ཞིག་ཡིན་སྲིད་པ་རེད། འོན་ཀྱང་། ལངས་ཕྱོགས་འདི་ནི་གཞི་རྩའི་ཆ་ནས་ནང་པའི་སྲོལ་རྒྱུན་མི་འདྲ་བའི་སྐོར་གྱི་གནས་ཚུལ་ཡང་དག་དང་འབྲེལ་བ་བྱེད་པ་ཙམ་ཡིན་པ་དང་། དེ་ལ་ང་ཚོས་སྲོལ་རྒྱུན་གྱི་སྒོ་ནས་ཕྱོགས་རིས་མེད་པའི་ལངས་ཕྱོགས་ཤིག་བརྗོད་ངེས་རེད། 

ཕྱོགས་རིས་ཀྱི་རྣམ་པ་ཁག

གང་ལྟར་ཡང་། དྲི་བ་ངོ་མ་ནི་ཁྱད་པར་དེའི་རིགས་ནང་པའི་སྲོལ་རྒྱུན་ལམ་ལུགས་ཀྱི་སྐབས་དོན་ནང་ཇི་ལྟར་རན་འཚམས་ཆགས་ཀྱི་ཡོད་དམ་ཞེས་པ་དེ་རེད། ངའི་བསམ་པར། འདིར་ང་ཚོས་ཕྱོགས་རིས་ཀྱི་རྣམ་པ་གཉིས་ཀྱི་དབར་ལ་ཁྱད་པར་འབྱེད་དགོས་ཀྱི་འདུག གཅིག་ནི་ནང་པའི་སྲོལ་རྒྱུན་རང་གི་བཞེད་དོན་གྱི་ནང་དུ་ཡོད་པའི་ལྷན་སྐྱེས་ཀྱི་ཕྱོགས་རིས་དེ་ཡིན། དེ་བཞིན་སྲོལ་རྒྱུན་དེས་དོན་ངོ་མར་གང་བརྗོད་ཀྱི་ཡོད་མེད་ལ་མ་ལྟོས་པར། ནང་པའི་སྲོལ་རྒྱུན་བྱེ་བྲག་ཅིག་གི་རྗེས་སུ་འབྲང་བའི་ཆོས་ལུགས་ཕྱོགས་རིས་དེ་ཡིན་པ་རེད། དེ་ཡང་ཕྱོགས་གཞན་ཞིག་ནས་བཤད་ན། དེ་དག་ནི་སྲོལ་རྒྱུན་དེའི་ཆོས་ཚུལ་ཁག་གི་ནང་དུ་ཡོད་པའི་ནང་པའི་སྲོལ་རྒྱུན་སྣ་ཚོགས་པའི་ཆ་ཤས་སུ་གཏོགས་པའི་ཕྱོགས་རིས་ཀྱི་རྣམ་པ་ཡོད་དམ་ཞེས་པ་དེ་རེད། 

ད་ང་ཚོས་ཐོག་མར་ལྷན་སྐྱེས་ཀྱི་རྣམ་པ་དེ་ལ་ལྟ་ཞིབ་བྱ་རྒྱུ་ཡིན། དེ་ལའང་རྣམ་པ་མང་པོ་ཞིག་ཡོད།

བྱང་ཆུབ་ཀྱི་གོ་འཕང་གསུམ་གྱི་ཐད་སངས་རྒྱས་ཀྱི་ཆོས་ལ་ལྷན་སྐྱེས་ཀྱི་ཕྱོགས་རིས་ཤིག་ཡོད་དམ།

སངས་རྒྱས་ཉིད་ནི་གོ་རིམ་གསུམ་དུ་སྒྲིག་ཡོད་པ་སྟེ། ལེགས་སྦྱར་གྱི་སྐད་ལ་བོ་དྷི་དང་བོད་སྐད་དུ་བྱང་ཆུབ་ཟེར་བ་དེ་རེད། བྱང་ཆུབ་ནི་ཡང་དག་པ་དང་ཡོངས་སུ་སྦྱངས་པའི་གོ་འཕང་དེ་ཡིན་ཞིང་། དེ་དག་ཀྱང་། ཉན་ཐོས་དགྲ་བཅོམ་པའི་གོ་འཕང་དང་། རང་རྒྱལ་དགྲ་བཅོམ་པའི་གོ་འཕང་། བྱང་སེམས་དགྲ་བཅོམ་པའི་གོ་འཕང་སྟེ་སངས་རྒྱས་ཀྱི་གོ་འཕང་བཅས་གསུམ་རེད། དགྲ་བཅོམ་པ་ཟེར་བ་དེ་ཉོན་མོངས་པའི་དགྲ་རྣམས་བཅོམ་ནས་རྟོགས་པ་བརྙེས་ཤིང་ཐར་པའི་གོ་འཕང་ཐོབ་མཁན་གྱི་གང་ཟག་ལ་གོ་བ་ཡིན། ཉན་ཐོས་རྣམས་ནི་གཞི་རྩའི་ཆ་ནས་སངས་རྒྱས་བཞུགས་པའི་སྐབས་སམ་སངས་རྒྱས་ཀྱི་ཆོས་གནས་པའི་སྐབས་དེ་ལ་ཉན་པ་དང་དེ་དང་མཐུན་པར་ཐར་པའི་གོ་འཕང་ཐོབ་ཕྱིར་ཉམས་ལེན་བྱེད་མཁན་རྣམས་རེད། རང་རྒྱལ་རྣམས་ནི་སངས་རྒྱས་རྣམས་འཇིག་རྟེན་ན་བཞུགས་པའམ་ཡང་ན་དེ་དག་གི་ཆོས་འཇིག་རྟེན་ཁམས་སུ་གནས་པའི་བར་གྱི་སྙིགས་མའི་དུས་སྐབས་སུ་གནས་པ་དང་། ཚེ་རབས་སྔོན་མའི་བག་ཆགས་ལ་གཞི་བྱས་ནས་ཆོས་ཉམས་ལེན་བྱེད་པ། དེ་བཞིན་རང་དོན་དུ་ཐར་པའི་གོ་འཕང་ཐོབ་ཕྱིར་འབད་བཞིན་པ་རྣམས་རེད། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཕྱིར་འབད་བརྩོན་ཉམས་ལེན་གནང་མཁན་རྣམས་ཡིན་པ་རེད། 

བྱང་ཆུབ་གསུམ་པོ་དེ་དག་ལ་གཞིགས་ནས་སངས་རྒྱས་ཀྱིས་ཀྱང་ཐེག་པ་རིམ་པ་གསུམ་པོ་དེ་དག་གི་སྐོར་གསུངས་ཡོད་པ་དང་། དེ་དག་ལ་རྟོགས་པ་མི་འདྲ་བ་ཡོད་པ་དང་བྱང་ཆུབ་དེ་དག་རེ་རེ་ཐོབ་པར་དགོས་གལ་ཆེ་བའི་བསོད་ནམས་ཀྱི་ཚོགས་མི་འདྲ་བ་སྟེ། ཚེ་རབས་གསུམ་མམ་ཚེ་རབས་བདུན། ཡང་ན་བསྐལ་ཆེན་གྲངས་མེད་གསུམ་སོགས་དུས་ཡུན་རིང་ཚད་མི་འདྲ་བའི་ནང་ཚོགས་གསོག་ཚུལ་བཅས་མི་འདྲ་བ་ཡོད། སངས་རྒྱས་དང་དེ་བཞིན་རྒྱ་གར་གྱི་སློབ་དཔོན་རྣམས་ཀྱིས་ད་དུང་བྱང་ཆུབ་ཀྱི་དམིགས་ཡུལ་གསུམ་པོ་རེ་རེ་ཐོབ་པའི་ཆེད་དུ་རང་གི་སེམས་རྒྱུད་ནས་གང་བཀག་པའམ་སྤངས་པའི་ (རྩད་ནས་སྤངས་པའི་སྤང་བ་) ཚད་མི་འདྲ་བའི་སྐོར་གསུངས་ཡོད། ཐ་ན་དམིགས་ཡུལ་དེ་དག་ལས་ཐར་པ་དང་སངས་རྒྱས་གང་རུང་གཅིག་ལ་དམིགས་ནས་སངས་རྒྱས་ཀྱིས་དམིགས་ཡུལ་སྣ་ཚོགས་པ་དེ་དག་ཐོབ་པའི་ཕྱིར་དུ་གདུལ་བྱའི་རིགས་མི་འདྲ་བ་རྣམས་ལ་ཐབས་ལ་མཁས་པའི་སྒོ་ནས་གྲུབ་མཐའི་ལམ་ལུགས་མི་འདྲ་བ་གསུངས་ཡོད། 

དེར་བརྟེན་ཀུན་རྫོབ་ཀྱི་ཆ་ནས་ཁྱད་པར་ཡོད་པ་དང་དམིགས་ཡུལ་མི་འདྲ་བ་དེ་དག་ཡོད་པ་དེ་བཞིན་དམིགས་ཡུལ་གཅིག་ལས་གཞན་དེ་ཆ་ཚང་བ་ཡིན་ཞེས་བརྗོད་དགོས་ངེས་རེད་བསམ་གྱི་འདུག འདི་ནི་ཕྱོགས་རིས་ཀྱི་གནད་དོན་ཞིག་མ་རེད། སངས་རྒྱས་ཀྱིས་དམིགས་ཡུལ་གསུམ་པོ་དེ་དག་ལ་འགོད་པའི་ཐབས་གསུངས་པའི་ཐད་ལ་ནང་པའི་གྲུབ་མཐའ་གང་གི་ནང་དུའང་རྩོད་པ་མེད། འོན་ཀྱང་། སྐབས་འགར་དེའི་སྟེང་ལ་བྱང་ཆུབ་གསུམ་པོ་དེ་དག་ལས་གཅིག་ཡག་ཤོས་དང་གལ་གནད་ཆེ་ཤོས་ལ་གཞིགས་པའི་ལེགས་ཉེས་གང་རུང་གི་རྟོག་པས་དཔྱད་ཞིབ་ཅིག་བྱེད་ཆོག དཔེར་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པ་དང་སོ་སོ་རང་ཉིད་ཐར་པའི་གོ་འཕང་ཐོབ་པར་དམིགས་པ་ནི་རང་འདོད་དོན་གཉེར་ཡིན་པ་ལྟ་བུ་རེད། དེ་བས་ཁྱེད་ལ་བསམ་བློའི་ཁྱེར་སོ་འདི་འདྲ་ཞིག་ཡོད་པ་དང་དེ་ལ་བརྟེན་ནས་ཏོག་ཙམ་ཕྱོགས་རིས་ཀྱི་ཚུལ་ཅན་ཆགས་ཀྱི་ཡོད། 

ལམ་རིམ་གྱི་འགྲེལ་ཚུལ་སྣ་ཚོགས་པའི་ནང་ནམ་རྒྱུན་ཡང་སེ་ཁྱེད་ལ་བློའི་ཁྱེར་སོ་འདི་ཡོད་པ་དང་། དེར་ང་ཚོར་དམིགས་ཡུལ་གྱི་རིམ་པ་གསུམ་དང་དེ་ལ་ཀུན་སློང་གི་རིམ་པ་གསུམ་གྱི་སྒོ་ནས་མཐོ་རིས་དང་། ཐར་པ། ཐམས་ཅད་མཁྱེན་པའི་གོ་འཕང་བཅས་ཐོབ་ཀྱི་ཡོད། རང་རྒྱུད་ཀྱི་སྤང་རྟོགས་ཀྱི་ཡོན་ཏན་ཆ་ཚང་བ་ཐོབ་ཡོད་མེད་ཀྱི་ཆ་ནས་གོ་རིམ་སྒྲིག་པའི་བྱང་ཆུབ་གསུམ་གྱི་གོ་འཕང་ཐོབ་པར་སྐུལ་རྐྱེན་བྱེད་ངེས་པའི་དགེ་བའི་ཀུན་སློང་བཟང་པོ་ཡོད་སྲིད་ནའང་། ཀུན་སློང་དེ་དག་ནི་དཔེར་ན། ཐར་པའི་གོ་འཕང་ཐོབ་པར་ངེས་འབྱུང་གི་ཀུན་སློང་ (སྡུག་བསྔལ་གྱི་རིགས་ཡོད་དོ་ཅོག་ལས་ཐར་བའི་ཆོད་སེམས་བརྟན་པོ་) ལྟ་བུ་དགེ་བ་ཡིན་སྲིད་ཀྱང་། དེའི་སྟེང་ལ་རང་འདོད་དོན་གཉེར་དང་རང་གཅེས་འཛིན་གྱིས་ཡོངས་སུ་བཀབ་པའི་མི་དགེ་བའི་རྣམ་པ་ཞིག་ཀྱང་ཡོད་སྲིད་པ་རེད། དེ་ཡང་མཐར་ཐུག་གི་དམིགས་ཡུལ་ཁྱེད་རང་ཐར་པ་ཐོབ་པའི་སྐབས་སུ་མེད་པ་གསལ་པོ་རེད། གང་ཡིན་ཞེ་ན། དེའི་སྐབས་སུ་ཁྱེད་ཀྱིས་བདག་བདེན་པར་གྲུབ་པར་འཛིན་པ་དེ་སྤངས་ཟིན་པ་རེད། འོན་ཀྱང་། ལམ་གྱི་གནས་སྐབས་སུ་རང་ཁོ་ནའི་དོན་དུ་བསམ་བློ་བཏང་ནས་རང་གཅེས་འཛིན་གྱིས་སྐུལ་སློང་བྱེད་ངེས་པ་རེད། དེ་ལྟ་བས་ན། སངས་རྒྱས་ཀྱིས་དམིགས་ཡུལ་གསུམ་པོ་དེ་དག་གསུངས་པའི་བདེན་དོན་དེའི་ནང་། དེ་དག་ནི་ཕྱོགས་གཅིག་ནས་རིམ་པས་དེའི་སྟེང་དུ་གང་འཚམས་ཀྱི་ཕྱོགས་རིས་ཀྱི་ལྟ་བ་ཞིག་ཁ་སྣོན་བྱེད་སྲིད་པ་རེད། 

ཐེག་པ་རིམ་པ་གསུམ་སྟེ་བྱང་ཆུབ་གསུམ་པོ་དེ་དག་མཐར་ཐུག་གི་ཐེག་པ་མི་འདྲ་བ་གསུམ་ཡིན་ནམ་ཡང་ན་མཐར་ཐུག་གི་ཐེག་པ་གཅིག་ཡིན་པའི་སྐོར་དེ་དག་གི་ཐད་ལ་གྲོས་བསྡུར་མང་པོ་ཡོད། དཔེར་ན། ང་ཚོས་མཐར་ཐུག་ཐེག་པ་གསུམ་ཡོད་ཅེས་བརྗོད་པ་དང་དེ་ཡང་སངས་རྒྱས་ཀྱིས་གསུངས་པའི་མདོ་ཁ་ཤས་ཀྱི་ནང་གསལ་ཡོད། ཁས་ལེན་འགྲེལ་ཚུལ་འདི་ནི་ནམ་ཞིག་ང་ཚོ་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་ཁྱེད་དེ་ལས་མུ་མཐུད་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་པ་རེད། འདི་ནི་ཆོས་ལུགས་གཅིག་བདེན་རིང་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན་པའི་ངེས་པ་མེད། གང་ཡིན་ཞེ་ན། ཉན་ཐོས་དང་རང་རྒྱལ་ཐེག་པ་གཉིས་ཀྱིས་ཁོང་ཚོའི་རྗེས་སུ་འབྲངས་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་ཀྱི་རེད་ཅེས་བརྗོད་ཀྱི་མེད། གལ་ཏེ་ཉན་ཐོས་ཀྱི་ཆོས་ཀྱི་རྗེས་སུ་འབྲང་བ་ལ་བརྟེན་ནས་ཁྱེད་རང་སངས་རྒྱས་ཀྱི་གོ་འཕང་ཐོབ་སྲིད་ཅེས་ཁོང་ཚོས་དེ་ལྟར་བརྗོད་པ་དང་དེ་ནས་ཁོང་ཚོས་ “འོན་ཀྱང་། ཁྱེད་ཀྱིས་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་མི་ཐུབ་” ཅེས་བརྗོད་ན། དེ་ཁོ་ནས་ཁྱེད་ཀྱིས་འདི་ནི་ཕྱོགས་རིས་ཆགས་ཀྱི་ཡོད་ཅེས་བརྗོད་ཆོག་ཀྱང་། ཁོང་ཚོས་དེས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་མེད་པར། ཁོང་ཚོས་ཐར་པའི་གོ་འཕང་ལ་འགོད་པར་བྱེད་ཀྱི་ཡོད་ཅེས་བརྗོད་པ་ཙམ་རེད། 

དེ་འདྲ་སོང་ཙང་། ང་ཚོར་མཐར་ཐུག་གི་དམིགས་ཡུལ་གསུམ་པོའི་འགྲེལ་བརྗོད་འདི་ཡོད་པ་རེད། འོན་ཀྱང་། དེ་ལ་ད་དུང་ཡང་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་ལྟ་ཚུལ་ཞིག་ཀྱང་ཡོད་དེ། དེ་ནི་ཚང་མས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་དང་ཐ་ན་དེ་དག་དགྲ་བཅོམ་པ་ཞིག་ཆགས་ནའང་སངས་རྒྱས་ཆགས་དགོས་པའི་ངེས་པ་མེད། བྱས་ཙང་། འདིར་ཁྱེད་རང་ཐར་པ་དམིགས་ཡུལ་དུ་བཟུང་ནས་དེའི་ཕྱོགས་སུ་འབད་བརྩོན་བྱེད་ཆོག་ནའང་། དེར་མ་བསླེབས་གོང་ལ་སངས་རྒྱས་ཀྱི་གོ་འཕང་ལ་ཁ་བསྒྱུར་ནས་དེའི་ཆེད་དུ་འབད་བརྩོན་བྱེད་དགོས། དེ་ནི་ལམ་རིམ་གྱི་ལངས་ཕྱོགས་ལྟ་བུ་ཞིག་རེད། ཁྱེད་རང་བྱང་ཆུབ་སེམས་དཔའ་ཞིག་མ་ཆགས་གོང་ལ་དགྲ་བཅོམ་པའི་གོ་འཕང་ཐོབ་ཀྱི་བར་དུ་མི་འགྲོ་བ་ཞིག་རེད། ཡང་ན་དགྲ་བཅོམ་པ་ལྟ་བུ་ཐར་པའི་གོ་འཕང་ཐོབ་པའི་རྗེས་སུ་དེའི་གནས་སྐབས་སུ་ཁྱེད་ཀྱིས་ཁ་བསྒྱུར་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་འབད་བརྩོན་བྱེད་ཆོག་པའི་ཁས་ལེན་ཞིག་ཀྱང་ང་ཚོར་ཡོད་པ་རེད། 

དེ་ལྟར་བྱང་ཆུབ་ཀྱི་གོ་འཕང་གསུམ་ (དགྲ་བཅོམ་པའི་གོ་འཕང་མི་འདྲ་བ་གསུམ་) དང་ཀུན་སློང་གི་རིམ་པ་གསུམ་གྱི་ཐེག་པ་གསུམ་ཆ་འཇོག་བྱེད་སྟངས་མི་འདྲ་བ་སྣ་ཚོགས་པ་ཞིག་ཡོད། དེ་དག་ལས་འགའ་ཞིག་ནི་ཕྱོགས་རིས་དང་འགའ་ཞིག་ནི་ཕྱོགས་རིས་བྲལ་བ་རེད། འོན་ཀྱང་། དེ་དག་ནི་སངས་རྒྱས་ཀྱིས་དམིགས་ཡུལ་མི་འདྲ་བ་གསུམ་གསུངས་པའི་བདེན་དོན་ལ་གཞི་རྩ་བྱས་པ་ཙམ་ཞིག་རེད། དེ་ལྟར་ཁྱེད་ཀྱིས་འདི་ནི་གང་འཚམས་ཀྱི་མགོ་རྙོག་ཚ་པོ་དང་རྙོག་འཛིངས་ཅན་ཞིག་ཆགས་སྲིད་པ་ལ་རྗེས་སུ་ཡི་རང་བྱེད་འགོ་བཙུག་ཆོག ཆོས་ཕྱོགས་ཀྱི་དམིགས་ཡུལ་གསུམ་ཡོད་པའི་སྒོ་ནས་ལམ་ལུགས་ཀྱི་ནང་སྔོན་ཚུད་ནས་ལྷན་སྐྱེས་ཀྱི་ཆོས་ལུགས་ཕྱོགས་རིས་ཞིག་བསྐྲུན་ཟིན་པ་རེད་དམ། དེ་དག་གི་ཕྱོགས་སུ་ཡོད་པའི་ང་ཚོའི་བློ་ཁྱེར་སོ་དེ་རེད་དམ། ཡང་ན་དེའི་སྟེང་དུ་ཡོངས་སུ་བཀབ་པའི་སྲོལ་རྒྱུན་གྱི་བློའི་ཁྱེར་སོ་ཞིག་རེད་དམ། དེ་ཡང་སྲོལ་རྒྱུན་དེའི་ནང་ལྷན་སྐྱེས་ཡིན་པ་སྟེ། དཔེར་ན། གལ་ཏེ་ཁྱེད་ཀྱིས་ཐར་པའི་ཆེད་དུ་འབད་ན། དེ་ནི་རང་གཅེས་འཛིན་གྱི་རང་འདོད་དོན་དུ་གཉེར་བའི་ཀུན་སློང་ཞིག་རེད་ཅེས་བརྗོད་མཁན་གྱི་སྲོལ་རྒྱུན་ཞིག་གིས་ཡོངས་སུ་བཀབ་ཡོད་དམ། བྱས་ཙང་། གལ་ཏེ་ཁྱེད་ཀྱིས་ཉེ་རིང་མེད་པའི་སྒོ་ནས་བལྟས་ན། དེ་ནི་གང་ལ་གང་འཚམས་ཀྱི་ཕྱོགས་རིས་རེད་བསམ་གྱི་འདུག ཡང་ན་དམིགས་ཡུལ་འདི་གསུམ་ཡོད་པ་དང་དེ་དག་ལས་གཅིག་རང་འདོད་དོན་གཉེར་ཡིན་ཞེས་ངེས་པར་དུ་སྐྱོན་འཛུགས་བྱེད་མི་དགོས་པའི་འགྲེལ་བརྗོད་ཙམ་ཞིག་ཡོད་དམ། ཐབས་མཁས་པོའི་སྒོ་ནས་ང་ཚོས་དེ་རང་འདོད་དོན་གཉེར་དང་རང་གཅེས་འཛིན་ཅན་ཆགས་ཉེན་ཡོད་ཅེས་བརྗོད་ལོས་ཆོག ཡིན་ནའང་། དེ་ནི་ངེས་པར་དུ་རང་འདོད་དོན་གཉེར་རེད་ཅེས་བརྗོད་པ་དང་གང་འཚམས་ཀྱི་མི་འདྲ་བ་རེད། དེར་བརྟེན་ང་ཚོས་དེ་ལ་ཆོས་ལུགས་ཕྱོགས་རིས་དང་ཕྱོགས་རིས་བྲལ་བའི་ལངས་ཕྱོགས་ཀྱི་རིགས་དབར་ལ་ཁྱད་པར་ཡོད་པ་དེ་མཐོང་གི་ཡོད།

ད་ང་ཚོས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་གྲུབ་མཐའ་སྣ་ཚོགས་པ་ཇི་ལྟར་བྱུང་བ་དང་དེ་དག་གི་ལྟ་བའི་ལངས་ཕྱོགས་ཀྱི་སྐོར་ལ་ཏོག་ཙམ་བལྟ་རྒྱུ་ཡིན།

ཐེག་དམན་ཉན་ཐོས་སྡེ་པ་བཅོ་བརྒྱད་ནང་གི་ཕྱོགས་རིས།

སྔ་མོའི་དུས་སྐབས་སུ་ཐེག་དམན་ཉན་ཐོས་སྡེ་པ་བཅོ་བརྒྱད་ཅེས་སུ་གྲགས་པ་དེ་བྱུང་། (སྤྱིར་བཏང་ཐེག་པ་དམན་པ་ཟེར་བ་དེ་ཐེག་ཆེན་པ་རྣམས་ཀྱིས་བཏགས་པའི་དམའ་འབེབས་ཀྱི་ཐ་སྙད་ཅིག་ཡིན་པས། དེ་ནི་ཕྱོགས་རིས་ཀྱི་ཐ་སྙད་ཅིག་ཡིན་ནའང་། དེ་ལས་སྟབས་བདེ་བ་དང་ཐེག་ཆེན་མིན་པའི་སྡེ་པ་བཅོ་བརྒྱད་ལ་བེད་སྤྱོད་གཏོང་ཆོག་པའི་ཐ་སྙད་གཞན་ཞིག་ནི་མེད།)

དེ་དག་ཕན་ཚུན་ཁྱད་པར་ཇི་ལྟར་ཆགས་ཀྱི་ཡོད་དམ། དེ་དག་ནི་གཙོ་བོ་འདུལ་བའི་འགྲེལ་ཚུལ་ཐད་ནས་ཁྱད་པར་ཆགས་ཀྱི་ཡོད་པ་སྟེ། དེ་ནི་དགེ་འདུན་བཙུན་པ་དང་བཙུན་མའི་སྡོམ་པའི་འགྲེལ་ཚུལ་དེ་རེད། ཁོང་ཚོས་སངས་རྒྱས་ཀྱིས་དོན་ངོ་མར་སྡོམ་པ་འདི་དང་སྡོམ་པ་དེ་ཞེས་པའི་དོན་གང་ལ་དགོངས་ནས་གསུངས་པའི་ཐད་ལ་རྩོད་ཀྱིན་ཡོད། བྱས་ཙང་། ཁོང་ཚོས་གཅིག་ཡག་ཤོས་ཡིན་པའམ་ཡང་ན་སངས་རྒྱས་ཀྱིས་སྡོམ་པ་འདི་གསུངས་མེད་ཅེས་པ་ལྟ་བུ་ཤོད་ཀྱིན་མེད། དེ་ནི་རིམ་པ་གང་འཚམས་ཀྱི་མི་འདྲ་བའི་ཐོག་གི་རྩོད་པ་ཞིག་ཡིན་པ་རེད། 

ད་དུང་ཁོང་ཚོ་ལ་དགྲ་བཅོམ་པ་དང་སངས་རྒྱས་ཀྱི་གོ་འཕང་དངོས་སུ་ཐོབ་པ་དང་འབྲེལ་བའི་ལྟ་ཚུལ་མི་འདྲ་བ་ཡོད། དེ་དག་ནི་རིམ་པ་མི་འདྲ་བའི་ཐོག་ནས་ཡིན་པ་ཁོང་ཚོས་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་། དེ་དག་མི་འདྲ་བ་ཇི་ལྟར་ཡིན་པ་དང་། དགྲ་བཅོམ་པ་དེ་སངས་རྒྱས་དང་མི་འདྲ་བ་ཇི་ལྟར་ཆགས་ཀྱི་ཡོད་དམ། དེ་དག་གི་ཐད་ལའང་ཁོང་ཚོས་རྩོད་གླེང་བྱེད་ཀྱི་ཡོད། དེ་ནི་ཕྱོགས་རིས་ཀྱི་གནད་དོན་ཞིག་དངོས་གནས་མིན་པར། དེ་ནི་འགྲེལ་ཚུལ་གྱི་གནད་དོན་ཞིག་ཡིན་པ་རེད། སངས་རྒྱས་ནི་དགྲ་བཅོམ་པ་ལས་མཆོག་ཏུ་གྱུར་བ་དང་སངས་རྒྱས་རྣམས་ལ་ནི་དགྲ་བཅོམ་པ་རྣམས་ལས་ལྷག་པའི་ནུས་པ་དང་རྟོགས་པ་ཆེ་བ་ཡོད་པ་ནི་ཚང་མས་ཁས་ལེན་གྱི་ཡོད། 

དེར་བརྟེན་ང་ཚོར་སྡེ་པ་བཅོ་བརྒྱད་དང་དེ་དག་གི་བཞེད་པ་མི་འདྲ་བ་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་དེ་དག་གི་ནང་ཁུལ་ལ་ལྷན་སྐྱེས་ཀྱི་ཕྱོགས་རིས་ཀྱི་བསམ་བློ་དང་ལྟ་ཚུལ་ཞིག་ཡོད་པའི་ངེས་པ་མེད།

སྡེ་པ་བཅོ་བརྒྱད་པོ་དེ་དག་རྒྱ་གར་གྱི་ཡུལ་གྲུ་གང་སར་ཁྱབ་པ་དང་ཤུགས་ཆེན་པོ་ཆགས་པ་རེད། བྱས་ཙང་། རྒྱ་གར་གྱི་ས་ཁུལ་གཅིག་གི་ནང་གནས་བརྟན་སྡེ་པའི་ལུགས་དེ་གྲགས་ཆེ་བ་དང་གཞན་དག་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་དེ་གྲགས་ཆེ་བ་ཡོད་པ་སོགས་ཅི་རིགས་པ་རེད། དེ་ག་ནང་བཞིན་མི་འདྲ་བ་གཞན་དང་གཞན་ཨེ་ཤི་ཡའི་ས་ཁུལ་གཞན་ཏེ། དབུས་ཨེ་ཤི་ཡ་དང་དེ་ནས་རྒྱ་ནག་དང་། ཉི་ཧོང་། ཀོ་རི་ཡ། ཝིཏ་ནམ་བཅས་ཀྱི་ནང་དུའང་དར་ཁྱབ་བྱུང་ཡོད། དེ་ལྟར་དར་ཁྱབ་དེ་ཡོངས་སུ་རྫོགས་པ་ཤྲཱི་ལངྐ་ནས་ལྷོ་ཤར་ཨེ་ཤི་ཡ་སོགས་ཀྱི་བར་དུ་དར་བ་དང་དེའི་བར་དུ་ཁྱབ་པ་རེད། སྔ་མོའི་སྡེ་པ་དེ་དག་བོད་དུ་དར་ཁྱབ་བྱུང་མེད། 

ལོ་རྒྱུས་རིམ་པས་དེ་དག་གིས་ཆོས་མངོན་པ་མི་འདྲ་བ་ཡར་རྒྱས་བཏང་ཡོད་པ་དང་ཆོས་མངོན་པ་རྣམས་ནི་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་བཀའ་དང་དགོངས་འགྲེལ་རྣམས་ཡིན་པ་རེད། དེར་བརྟེན་སེམས་བྱུང་གི་རྣམ་གྲངས་སམ་གྲངས་འདྲེན་ཏོག་ཙམ་མི་འདྲ་བ་ཡོད་པ་དང་ལམ་གྱི་རྣམ་པ་མི་འདྲ་བ་མང་པོའི་འགྲེལ་བརྗོད་ཅུང་ཟད་མི་འདྲ་བ་ཡོད། དེར་མ་ཟད། མདོ་ཁག་གཅིག་གི་འགྲེལ་ཚུལ་ཅུང་ཟད་མི་འདྲ་བའང་འཕེལ་རྒྱས་བྱུང་ཡོད། དེ་དག་དེ་ལྟར་འཕེལ་རྒྱས་བྱུང་བའི་རྒྱུ་མཚན་བཤད་དཀའ་མོ་རེད། གནའ་སྔ་མོའི་དུས་སྐབས་དེའི་རིང་ཡིག་ཐོག་ཏུ་གང་ཡང་བཀོད་མེད་པས། མི་མི་འདྲ་བས་གནད་དོན་མི་འདྲ་བ་དྲན་ཆོག མི་མི་འདྲ་བ་དེ་དག་གི་ངོས་ནས་ལྟ་ཚུལ་མི་འདྲ་ཡོང་ཆོག་པ་དཔེར་ན། ཆོས་མངོན་པ་དེ་དོན་ངོ་མར་སངས་རྒྱས་ཀྱིས་གསུངས་མེད་པར། དེ་ནི་ཁོང་གི་རྗེས་འབྲང་པ་དགྲ་བཅོམ་པ་སྣ་ཚོགས་པས་གསུངས་ཞེས་པའི་ལྟ་ཚུལ་གཅིག་ཡོད། དེར་བརྟེན་དེ་དག་གིས་གང་གསུངས་ཡོད་པའི་ཐད་ལའང་ལྟ་ཚུལ་མི་འདྲ་བ་ཡོད་ཆོག་པའམ། ཡང་ན་དགྲ་བཅོམ་མི་འདྲ་བས་ཆོས་མི་འདྲ་བ་གསུངས་ཡོད་སྲིད་པ་ལྟ་བུ་རེད། 

དེ་ལྟར་མི་འདྲ་བའི་ཁྱད་པར་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་འདིར་ཆོས་ལུགས་ཕྱོགས་རིས་ཡོད་མི་དགོས། ངའི་བསམ་པར། ཆོས་ལུགས་ཕྱོགས་རིས་ཟེར་བ་དེ་ཆོས་ལུགས་གཅིག་བདེན་རིང་ལུགས་དང་། ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས། གནས་ལུགས་དུ་མ་ཡོད་པར་སྨྲ་མཁན་གྱི་མཚན་ཉིད་དང་འགྲེལ་བརྗོད་ལ་གཞིགས་ན། དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་དམིགས་ཡུལ་ཐོབ་པའི་གནད་དོན་དང་འབྲེལ་ཆེ་བ་ཡོད་པ་རེད་འདུག གང་ཡིན་ཞེ་ན། ལམ་ལུགས་གང་འདྲ་ཞིག་ཡིན་ནའང་། ལམ་ལུགས་གཉིས་ཀྱི་ནང་ཁྱད་པར་ཞིག་ཡོང་རྒྱུ་ངེས་པ་རེད། 

དཔེར་ན། སྡེ་པ་མི་འདྲ་བ་བཅོ་བརྒྱད་ཀྱི་ནང་རིམ་པས་བདེན་པ་གཉིས་ཀྱི་ལྟ་ཚུལ་མི་འདྲ་བ་བྱུང་ཡོད། ཡིན་ནའང་། ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་དེ་དག་གི་ནང་བདེན་པ་གཉིས་ནི་ཆོས་ཐམས་ཅད་དབྱེ་བ་འབྱེད་ཚུལ་ཞིག་ཡིན་པ་རེད། དེར་བརྟེན་དཔེར་ན། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་ནང་བྱེ་བྲག་སྨྲ་བའི་གྲུབ་མཐའ་གཅིག་ལ་ཆ་བཞག་ན། ཁོང་ཚོས་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་ནང་དབྱེ་བ་འབྱེད་ཀྱི་ཡོད་པ་སྟེ། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་རེད། མདོ་སྡེ་པས་བདེན་གཉིས་དབྱེ་ཚུལ་དེ་མི་འདྲ་བ་རེད། འོན་ཀྱང་། དེ་གཉིས་ཀས་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་གཉིས་ཀ་ཡིན་པར་འདོད་ཀྱི་ཡོད། བྱས་ཙང་། སླར་ཡང་འདིའང་བདེན་གཉིས་འདོད་ཚུལ་གྱི་ཆ་ནས་ཆོས་ལུགས་ཕྱོགས་རིས་ཀྱི་གནད་དོན་ཆགས་ཀྱི་མེད། 

འོན་ཀྱང་། ཕལ་ཆེ་བ་ལྟར་བྱས་ན། སྡེ་པ་བཅོ་བརྒྱད་དེ་དག་ཚང་མས་གང་ཟག་གི་བདག་མེད་ཀྱི་ལྟ་བ་གཅིག་མཚུངས་སུ་ཁས་ལེན་གྱི་ཡོད། དེ་དག་གི་ནང་ནས་སྡེ་པའི་ཡན་ལག་ཆུང་ངུ་ཞིག་མ་གཏོགས་གཞན་ཚང་མས་གཅིག་མཚུངས་བརྗོད་ཀྱི་ཡོད། དེ་དག་ཐམས་ཅད་ཀྱིས་དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱེད་པ་དང་དེ་ནི་ཁྱེད་ལ་གང་དགོས་པ་དེ་རེད་ཅེས་བརྗོད་ཀྱི་ཡོད། ཁོང་ཚོས་ནམ་རྒྱུན་སངས་རྒྱས་ཀྱིས་དགྲ་བཅོམ་པ་ལས་ཀྱང་ཚོགས་ཧ་ཅང་མང་བ་གསོག་དགོས་པ་དང་དུས་ཚོད་རིང་བ་ཚོགས་གསོག་དགོས་ཞེས་བརྗོད་ཀྱི་ཡོད། དེ་བཞིན་སྡེ་པ་བཅོ་བརྒྱད་ཀྱིས་དམིགས་ཡུལ་དེ་དག་ལ་འགོད་པར་བྱེད་པའི་ཐབས་ཀྱི་ཐད་རྩོད་གླེང་བྱེད་ཀྱི་མེད། ཡིན་ནའང་། སྒེར་སོ་སོའི་རིམ་པའི་ཐོག་ནས་ཉེ་རིང་དང་ཕྱོགས་རིས་ཡོད་ངེས་རེད། དེ་ཡང་ “ངའི་སློབ་གྲྭ་ནི་གཞན་དག་ལས་ཡག་ག་ཡོད་” ཅེས་པ་ལྟ་བུ་རེད། སྡེ་པ་སོ་སོར་མི་འདྲ་བའི་ཁྱད་པར་ཡོད་པའི་རྒྱུ་མཚན་གྱིས་སྡེ་པ་གཞན་ཞིག་ལས་གྱེས་པའི་ཆོས་བརྒྱུད་གཅིག་ཡོད་པ་རེད། དམིགས་བསལ་རབ་བྱུང་གི་ཚུལ་ཁྲིམས་དང་འབྲེལ་བའི་འདུལ་བའི་ནང་དེ་འདྲ་ཡོད། དེར་བརྟེན་བཀའ་བསྡུ་གཉིས་པའི་རྗེས་སུ་དགེ་འདུན་ཕལ་ཆེན་སྡེ་པ་དེ་གནས་བརྟན་སྡེ་པ་ལས་གྱེས་པ་རེད། 

ཐེག་དམན་གྱི་ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་སྐོར་དེ་ཙམ་གྱིས་འགྲིག་པ་གྱིས། ཇི་ལྟར་ང་ཚོས་ཤེས་ཐུབ་པ་ལྟར། དེ་དག་ལ་སྒེར་སོ་སོའི་ཕྱོགས་རིས་ཀྱིས་ཡོངས་སུ་བཀབ་ཡོད་ངེས་ཡིན་ནའང་། དེ་དག་གི་ནང་དུ་ལྷན་སྐྱེས་ཀྱི་ཕྱོགས་རིས་དེ་ཙམ་མེད། 

ཐེག་པ་ཆེན་པོའི་ནང་གི་ཕྱོགས་རིས།

ཐེག་པ་ཆེན་པོའི་གྲུབ་མཐའི་ནང་དེ་ནི་ཏོག་ཙམ་མགོ་རྙོག་ཚ་རུ་འགྲོ་འགོ་ཚུགས་ཀྱི་ཡོད། ཐེག་པ་ཆེན་པོའི་གྲུབ་མཐའ་སྣ་ཚོགས་པ་སྟེ། ང་ཚོས་འདིར་སེམས་ཙམ་པ་དང་དབུ་མ་པའི་སྐོར་ཤོད་ཀྱིན་ཡོད། དབུ་མ་པའི་ནང་དུའང་མཛད་པ་པོ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་མི་འདྲ་བ་སྣ་ཚོགས་པ་དང་བསྟུན་ནས་དབུ་མ་པའི་དབྱེ་བ་འབྱེད་ཚུལ་མི་འདྲ་བ་མང་པོ་ཡོད། ད་ལྟ་ང་ཚོས་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་ཙམ་ལ་གཞིགས་ནས་འཆད་ཀྱི་ཡིན། ཁོང་ཚོ་ཚང་མས་ཆོས་སྟོང་པ་ཉིད་ཀྱི་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་པའི་སྐོར་བཤད་པ་དང་གང་ཟག་སྟོང་པ་ཉིད་ཀྱི་རིམ་པ་མི་འདྲ་བའི་སྐོར་བཤད་ནའང་། བཤད་ལུགས་བཤད་སྟངས་ཅུང་ཟད་མི་འདྲ་བ་ཡོད། 

སེམས་ཙམ་པ་དང་དབུ་མ་རང་རྒྱུད་པ་རྣམས་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྟོགས་པའི་རིམ་པ་མི་འདྲ་བ་བཞེད་ཀྱི་ཡོད། དེར་བརྟེན་ཐར་པར་ཐོབ་པར། ཁྱེད་ཀྱིས་གང་ཟག་སྟོང་པ་ཉིད་ཙམ་རྟོགས་དགོས་ཀྱི་ཡོད། སྟོང་པ་ཉིད་ཅེས་པ་ནི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པས་སྟོང་པ་དེ་ཡིན་པ་དྲན་དགོས། བྱས་ཙང་། ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པའི་གང་ཟག་ངེས་ཅན་ཞིག་ཡོད་པ་དང་དེ་ནི་དངོས་ཡོད་གནས་ལུགས་གང་ལའང་མི་གོ་བ་དེ་ཁྱེད་ཀྱིས་རྟོགས་དགོས་ཏེ། བདག་དང་འདྲ་བའི་གང་ཟག་ཅིག་དང་། གཞན་གང་གིས་ཀྱང་ཤུགས་རྐྱེན་མ་བྱས་པའི་རྟག་པ། དེ་ནི་རྟག་ཏུ་མུ་མཐུད་ནས་འགྲོ་བཞིན་ཡོད་ནའང་། འགྱུར་བ་ནམ་ཡང་འགྲོ་གི་མེད་པ་དང་དེ་ནི་ཕྲ་གཟུགས་ (རྡུལ་ཕྲན་ལྟ་བུ་ཧ་ཅང་ཆུང་ངུའམ། སྲོག་གི་མེ་སྟག ཡང་ན་འཇིག་རྟེན་གྱི་ཆ་ཚད་གང་རུང་ཞིག་ཆ་ཤས་སུ་དབྱེ་མི་ཐུབ་པའི་ཆོས་) ཤིག་ཡིན་པ་དང་དེ་ནི་ལུས་སེམས་དང་ཕུང་པོ་གང་ལས་ལོགས་སུ་གནས་ཐུབ་པ་ཞིག་ཡིན། དེ་འདྲ་སོང་ཙང་། དེ་ལྟ་བུ་ཞིག་ནི་མི་སྲིད་པ་རེད་ཅེས་ཁོང་ཚོས་བརྗོད་ཀྱི་ཡོད། གལ་ཏེ་དེ་ནི་དངོས་ཡོད་གནས་ལུགས་གང་ལའང་མི་གོ་བ་དེ་ཁྱེད་ཀྱིས་རྟོགས་ན། ཁྱེད་རང་ཐར་པའི་གོ་འཕང་ཐོབ་ཀྱི་ཡོད་ཅེས་ཁོང་ཚོ་ཚང་མས་མོས་མཐུན་བྱེད་ཀྱི་ཡོད། དོན་ངོ་མར་དེ་ནི་ཆ་ཤས་ཙམ་ཞིག་རེད། གང་ཡིན་ཞེ་ན། རིམ་པ་གཉིས་ཡོད་པ་དང་གཏིང་ཟབ་པའི་གོ་རྟོགས་ཀྱི་རིམ་པ་ཞིག་ཡོད། འོན་ཀྱང་། འདི་ནི་དེ་དག་གི་སྐོར་འཆད་པར་བྱ་བའི་གནས་མིན། 

ལྟ་ཚུལ་གཅིག་པ་དེ་ལ་བརྟེན་ནས་ཁོང་ཚོས་སེམས་ཙམ་པ་དང་དབུ་མ་པའི་གྲུབ་མཐའ་ལ་བརྟེན་ནས་ཐར་པའི་གོ་འཕང་ལ་འགོད་ཀྱི་ཡོད་ཅེས་བརྗོད་པ་དང་མོས་མཐུན་བྱེད་ཀྱི་ཡོད། འོན་ཀྱང་། དབུ་མ་རང་རྒྱུད་པས་སེམས་ཙམ་པའི་ལྟ་བ་དེ་རང་གིས་སངས་རྒྱས་ཀྱི་གོ་འཕང་འགོད་པར་བྱེད་ཀྱི་མེད། དེ་ལ་དབུ་མའི་གྲུབ་མཐའི་ནང་གི་དབུ་མ་རང་རྒྱུན་པ་དང་ཐལ་འགྱུར་བའི་ལྟ་བ་དེ་གཉིས་གང་རུང་ངེས་པར་དུ་དགོས་ཞེས་བརྗོད་ཀྱི་ཡོད། 

དགེ་ལུགས་མིན་པའི་ཆོས་བརྒྱུད་ཁག་ལྟར་ན། གནད་དོན་འདིའི་ཐད་ལ་དབུ་མ་ཐལ་འགྱུར་བས་དབུ་མ་རང་རྒྱུད་པ་ལ་ཁས་ལེན་བྱེད་ཅེས་བརྗོད་ཀྱི་ཡོད། དེར་བརྟེན་ཁོང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཁྱེད་ལ་ལྟ་བ་མི་འདྲ་བ་ཞིག་དགོས་ཞེས་བརྗོད་ཀྱི་ཡོད། དེ་ནི་ཆོས་སྟོང་པ་ཉིད་དེ་རེད། འོ་ན། དངོས་པོའི་གནས་ལུགས་གང་ལའང་མི་གོ་ཞེས་པ་དེ་གང་རེད་ཅེ་ན། དེ་ནི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་དེ་ཡིན་པ་དང་དེ་ནི་གང་ཟག་ (གང་ཟག་ཚུད་ཡོད་ངེས་ནའང་) དང་མི་འདྲ་བའི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་སྟངས་མི་འདྲ་བ་ཞིག་ཡིན་པ་རེད། བྱས་ཙང་། དེ་ནི་མགོ་རྙོག་ཅན་ཆགས་ཀྱི་ཡོད། སླར་ཡང་སྐབས་སུ་བབས་པ་འདི་ནི་སྟོང་པ་ཉིད་ཀྱི་སྐོར་བསླབ་ས་ཞིག་མིན་ནའང་། ཁོང་ཚོས་བཤད་པའི་གནད་དོན་ནི་སེམས་ཙམ་པ་དང་དབུ་མ་རང་རྒྱུད་པའི་ལྟ་ཚུལ་ལ་བརྟེན་ནས་ཁྱེད་ཀྱིས་ཐར་པ་ཐོབ་ཐུབ་ཀྱང་། དབུ་མ་རང་རྒྱུད་པ་ལྟར་ན། སེམས་ཙམ་པའི་ལྟ་ཚུལ་ལ་བརྟེན་ནས་ཁྱེད་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ། ཡང་ན་དགེ་ལུགས་པ་མིན་པའི་ཆོས་བརྒྱུད་གཞན་རྣམས་ལྟར་ན། དབུ་མ་པ་ཚང་མས་དེ་ལྟར་བརྗོད་ཀྱི་ཡོད། 

དགེ་ལུགས་པའི་ལུགས་ལྟར་ན། འདིར་དགེ་ལུགས་པ་རང་གི་་ལྟ་ཚུལ་ཡོད་པ་རེད། ཁོང་ཚོས་འདི་ནི་སེམས་ཙམ་པ་དང་དབུ་མ་རང་རྒྱུད་པས་གང་བརྗོད་པ་དེ་རེད་ཅེས་ཁས་ལེན་བྱེད་ནའང་། དབུ་མ་ཐལ་འགྱུར་བས་ ཁྱེད་རང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ལྟ་བ་དེ་གཅིག་པ་ཞིག་དགོས་ཞེས་དང་། དེ་ལ་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་ཀྱི་ཚད་མི་འདྲ་བ་ཙམ་རེད་ཅེས་བརྗོད་ཀྱི་ཡོད། བྱས་ཙང་། དགེ་ལུགས་པ་ལྟར་ན། དབུ་མ་ཐལ་འགྱུར་བས་རྒྱ་གར་གྱི་སྲོལ་རྒྱུན་ཆོས་བརྒྱུད་གཞན་དག་གིས་དོན་ངོ་མར་ཐ་ན་ཐར་པའི་གོ་འཕང་ལའང་འགོད་པར་བྱེད་ཀྱི་མེད་པར་བཤད་ཅེས་ཁོང་ཚོས་དེ་ལྟར་བརྗོད་ཀྱི་ཡོད།

དགེ་ལུགས་པ་མིན་པ་རྣམས་ཀྱིས་ནི། དབུ་མ་པའི་ལུགས་ལྟར་ན། དེ་དག་ཐམས་ཅད་ཀྱིས་གསུང་པའི་ཆོས་ལ་བརྟེན་ནས་ཐར་པའི་གོ་འཕང་ཐོབ་པར་བྱེད་ཀྱི་ཡོད། ཡིན་ནའང་། ཆོས་ཚུལ་དམའ་བ་གྲག་པ་དེ་དག་གིས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱེད་ཀྱི་མ་རེད་ཅེས་གསུང་བཞིན་ཡོད། དགེ་ལུགས་པ་ཚོས་ཆོས་ཚུལ་དམའ་བ་དེ་དག་གིས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་རྒྱུ་ཕར་ཞོག ཐ་ན་ཐར་པའི་གོ་འཕང་ལའང་འགོད་ཀྱི་མ་རེད་ཅེས་བརྗོད་ཀྱི་ཡོད། 

བྱས་ཙང་། འདི་ནི་ཐེག་པ་ཆེན་པོའི་ནང་ལྷན་སྐྱེས་སུ་ཡོད་པའི་ཆོས་ལུགས་ཕྱོགས་རིས་ཀྱི་རྣམ་པ་ཞིག་རེད་དམ། དེ་ལྟར་ཡིན་ན། དེ་ནི་ཆོས་ལུགས་གཅིག་བདེན་རིང་ལུགས་ཀྱི་རྣམ་པ་ཞིག་རེད་དམ་ཡང་ན་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་རེད། 

ཆོས་ལུགས་གཅིག་བདེན་རིང་ལུགས་ཀྱི་ལངས་ཕྱོགས་ནི་ཁོང་ཚོའི་ལམ་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་རྩ་ནས་འགོད་ཀྱི་མེད། ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་ལངས་ཕྱོགས་ནི་ཚང་མ་དམིགས་ཡུལ་གཅིག་ལ་འགོད་པར་བྱེད་ནའང་། ང་ཚོའི་ལམ་ནི་མཆོག་ཏུ་གྱུར་བ་ཡིན་ཞེས་དང་། རྣམ་པ་དེས་ལམ་ལུགས་གཞན་རྣམས་དོན་ངོ་མར་དམའ་བ་ཡིན་པར་སྟོན་གྱི་ཡོད། དེར་བརྟེན་མཐར་ཐུག་དེ་དག་སོ་སོའི་ལམ་དུ་འཁྲིད་དགོས་པ་དང་ང་ཚོའི་ལམ་ལ་བརྟེན་ནས་དམིགས་ཡུལ་གཅིག་པ་དེ་ཐོབ་དགོས། ཁོང་ཚོས་དེ་ལ་དམིགས་བཞིན་ཡོད་ནའང་། གལ་ཏེ་ཁོང་ཚོས་སོ་སོའི་ལམ་གཅིག་པུའི་རྗེས་སུ་འབྲངས་ན། འབྲས་བུ་དེ་ཐོབ་མི་ཐུབ་པའི་དོན་རེད། འདིར་ཕྱོགས་རིས་ཀྱི་ལྟ་བ་ཇི་ལྟར་ཡིན་པ་དེ་ཧ་ཅང་ཕྲ་བའི་སྒོ་ནས་བཤད་ཀྱི་ཡོད། 

དགེ་ལུགས་པའི་ནང་དུ་དབུ་མ་ཐལ་འགྱུར་བ་མིན་པའི་ལྟ་བ་རྣམས་ནི་གང་ཟག་དང་ཆོས་བདེན་པར་གྲུབ་པས་སྟོང་པའི་རྟོགས་པའི་རིམ་པ་རགས་པར་བརྩི་བ་དང་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ཕྲ་བར་བརྩི་བ་ཡིན། དེར་བརྟེན་ཁྱེད་ཀྱིས་དང་པོ་ལྟ་བ་རགས་པ་དེ་ལ་གོ་རྟོགས་རྙེད་པ་དང་ཤེས་པར་བྱེད་དགོས་ངེས་རེད། ལམ་ལུགས་གཞན་དེ་དག་ལས་གང་གསུང་གི་ཡོད་པ་ནི་འགྲིག་གི་རེད། ཡིན་ནའང་། དེས་ཁྱེད་རང་མཐར་ཕྱིན་པར་མི་ཁྲིད་པར་དེ་ནི་དོན་ངོ་མར་ང་ཚོའི་ལམ་གྱི་རིམ་པ་ཞིག་ཡིན་པ་དང་ལམ་དེ་ལ་རྟོགས་པའི་རིམ་པ་ཕྲ་མོ་དེ་ཁ་སྣོན་བྱེད་དགོས། དེས་ཁྱེད་ལ་དངོས་གནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱེད་ཀྱི་རེད། 

དགེ་ལུགས་པས་ད་དུང་མདོའི་རིམ་པ་མཐའ་མའི་སྐབས་དང་སྔགས་ཀྱི་རྒྱུད་སྡེ་འོག་མ་གསུམ་སྐབས་ཀྱི་ས་བཅུ་པའི་སེམས་ཀྱི་གནས་རིམ་སྟེ། བྱང་ཆུབ་སེམས་དཔའི་རིམ་པ་མཐའ་མ་དེ་ཡིན་ཞིང་། ཁྱེད་ཀྱིས་ཐམས་ཅད་མཁྱེན་པར་འགོག་རྐྱེན་བྱེད་པའི་སོ་སོའི་ཤེས་བྱའི་སྒྲིབ་པ་སྟེ། བདེན་པར་གྲུབ་པར་འཛིན་པའི་གོམས་པ་ཞེས་སུ་གྲག་པ་དེ་རྩད་ནས་སྤོང་བའི་ཕྱིར། རྣལ་འབྱོར་བླ་མེད་རྒྱུད་ཀྱི་ཉམས་ལེན་གྱི་རིགས་དང་ཤིན་ཏུ་ཕྲ་བའི་སེམས་ཀྱི་འོད་གསལ་བ་དེར་འཇུག་ཐབས་སུ་ཁ་ཕྱོགས་སྒྱུར་དགོས། 

འོན་ཀྱང་། བོད་ཀྱི་ཆོས་བརྒྱུད་ཁག་གི་ནང་ལྷན་སྐྱེས་ཀྱི་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་དང་འདིར་ཕྱོགས་རིས་ཀྱི་ལྟ་བ་ཡོད་མཁན་དགེ་ལུགས་པའི་ཆོས་བརྒྱུད་གཅིག་པུ་དེ་མིན། ས་སྐྱའི་ཆོས་བརྒྱུད་ཀྱི་ནང་ཁོང་ཚོའི་སྟོང་པ་ཉིད་ལ་གོ་རྟོགས་ཀྱི་ལངས་ཕྱོགས་དེ་ནི། ཐོག་མར་ཁྱེད་ཀྱིས་སེམས་ཙམ་པའི་ལྟ་བ་རྟོགས་དགོས་པ་དང་དེ་རྟོགས་པའི་རྗེས་སུ་ཆོས་ཐམས་ཅད་ལ་དེའི་རྫས་ཡོད་པ་རེད། རྣམ་པར་ཤེས་པ་དང་དེའི་ཡུལ་གཉིས་ཀས་ལས་ཀྱི་ས་བོན་ལས་རྫས་གཅིག་པ་མཉམ་སྤྱོད་བྱེད་ཀྱི་ཡོད། དེ་ནས་དེ་དག་གིས་དེ་ལེགས་བཅོས་གཏོང་གི་ཡོད། ཁྱེད་ཀྱིས་དེ་རྟོགས་པ་དང་དེ་དག་དབུ་མ་པའི་ལྟ་བས་ལེགས་བཅོས་གཏོང་གི་ཡོད། བྱས་ཙང་། སེམས་ཙམ་པའི་ལྟ་བ་ནི་དབུ་མའི་ལྟ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རིམ་པ་ཙམ་ཞིག་ཡིན་པ་རེད། 

ཡང་སྐབས་འདིར་ཆོས་ལུགས་གཅིག་ལ་གཞན་སྡུད་རིང་ལུགས་ཀྱི་རྣམ་པ་གཞན་ཞིག་ནི་རིམ་པ་མཐའ་མའི་སྐབས་སུ་ཉམས་ལེན་པ་ཞིག་གིས་རང་ཤུགས་ཀྱིས་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་རྟོགས་ཀྱི་རེད་ཅེས་པ་དེ་ཡིན་ཆོག ཇི་ལྟར་དགེ་ལུགས་པས་བཤད་པ་ལྟར། སེམས་ཙམ་པའི་ལྟ་བ་ལ་བརྟེན་ནས་རྣལ་འབྱོར་བླ་མེད་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རིམ་པ་ངེས་ཅན་ཞིག་ལ་བསླེབས་སྐབས། ཁྱེད་ཀྱིས་རང་ཤུགས་ཀྱིས་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་རྟོགས་ཀྱི་རེད། ཁྱེད་ཀྱིས་དེའི་སྐོར་སློབ་སྦྱོང་བྱ་མི་དགོས་པར། དེ་ནི་སོ་སོའི་ཉམས་མྱོང་གི་ཐོག་ནས་གསལ་པོ་ཆགས་ཀྱི་རེད་ཅེས་བརྗོད་པ་ལྟ་བུ་རེད། 

རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ལྟ་བ།

ད་འདི་ནི་རྙོག་འཛིངས་ཅན་ཆགས་ཀྱི་ཡོད། དེ་སྔོན་ནས་རྙོག་འཛིངས་ཅན་ཡིན་པའི་བསམ་བློ་ཞིག་ཁྱེད་ལ་ཡོད་ངེས་རེད། འོན་ཀྱང་། འདིར་རྙོག་འཛིངས་ངོ་མ་ཞིག་ཡོད་པ་རེད། དེ་ནི་དགེ་ལུགས་མིན་པ་དང་དགེ་ལུགས་པའི་ཆོས་བརྒྱུད་གཉིས་ཀས་རྒྱ་གར་གྱི་གྲུབ་མཐའ་འོག་མའི་ལྟ་བ་ལ་དགག་པ་རྒྱག་གི་ཡོད། དེ་ཡང་རྒྱུ་མཚན་རིགས་པའི་སྒོ་ནས་དགག་པ་རྒྱག་པ་ལས། ངས་དེ་ལྟར་བསམ་གྱི་འདུག་ཅེས་དང་ངའི་ལུགས་འདི་ཡག་ག་རེད་ཅེས་བརྗོད་པ་ཙམ་མིན། བྱས་ཙང་། དེ་དག་ཐམས་ཅད་རྒྱུ་མཚན་དང་གཏན་ཚིགས་རིགས་པ་ལ་གཞི་བྱས་ཡོད། དེ་ནི་རྒྱུ་མཚན་རིགས་པ་དང་མཐུན་པའི་རྗེས་དཔག་གི་གོ་རྟོགས་ལ་གཞི་བྱས་ཡོད་པ་ལས་བསམ་ཚུལ་ཙམ་ལ་གཞི་བྱས་མེད། དེ་གང་ཡིན་ཞེ་ན། དཔྱད་གསུམ་དག་པའི་ལྟ་བ་ལ་གཞི་རྩ་བྱས་ཏེ་སྲོལ་རྒྱུན་ལམ་ལུགས་ཚང་མས་དམིགས་ཡུལ་གཅིག་པར་ཁྲིད་ཀྱི་ཡོད་པའམ་ཁྲིད་ཀྱི་མེད་ཅེས་བརྗོད་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་རེད། དཔྱད་གསུམ་དག་པའི་ལྟ་བ་ནི་མངོན་སུམ་ཡིན་དགོས་པ་དང་མི་གཞན་ཞིག་སངས་རྒྱས་ཡིན་པའམ་ཡང་ན་མི་གཞན་ཞིག་གིས་གྲུབ་མཐའ་འདིའི་ལྟ་བའི་རྗེས་སུ་འབྲང་བའི་སྒོ་ནས་ཁོང་ཚོས་དངོས་སུ་ཐར་པ་ཐོབ་པའམ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་ཡོད། གང་ཡིན་ཞེ་ན། མི་ཞིག་སངས་རྒྱས་ཡིན་དང་མིན་ནི་སངས་རྒྱས་ཁོ་ནས་མཁྱེན་གྱི་ཡོད་པ་དེ་ཚང་མས་མོས་མཐུན་བྱེད་ཀྱི་ཡོད། 

དེར་བརྟེན་མི་ཚང་མས་རྒྱུ་མཚན་རིགས་པ་ལ་བརྟེན་དགོས་པ་དང་རྒྱུ་མཚན་རིགས་པ་ལ་བརྟེན་ནས་ནང་ཆོས་ནང་གི་ལངས་ཕྱོགས་གཞན་ལ་དགག་པ་རྒྱག་དགོས་ན། དེ་ནི་ཧ་ཅང་ཁག་པོ་ཆགས་ཀྱི་ཡོད། ད་ཁྱེད་ཀྱིས་འདིར་གནད་དོན་གཙོ་བོ་གང་ཡིན་པའི་སྐོར་ལ་བསམ་བློ་གཏོང་འགོ་ཚུགས་དགོས། ངས་གང་ཞུ་གིན་ཡོད་ཅེ་ན། མི་གཅིག་གི་རྒྱུ་མཚན་རིགས་པ་དེ་མི་གཞན་ཞིག་གི་རྒྱུ་མཚན་རིགས་པ་ནང་བཞིན་ཡག་པོ་མེད་ཅེས་བརྗོད་ཆོག་ཅེས་ཞུ་གི་ཡོད། རྩོད་གླེང་འདི་དག་ཐམས་ཅད་ཡོད་པ་དང་དེ་དག་ནི་ནམ་རྒྱུན་ “ཁྱེད་ཀྱི་རྒྱུ་མཚན་རིགས་དེ་དག་ནོར་བ་ཙམ་དུ་མ་ཟད། ཁྱེད་ཀྱི་རྒྱུ་མཚན་རིགས་པའི་ནང་ཕན་ཚུན་འགལ་འདུ་ཆགས་” པ་ལ་གཞིགས་ནས་རེད། 

འོན་ཀྱང་། འདིར་ཁྱེད་ལ་ལྟ་ཚུལ་གཞན་ཞིག་ཡོད་ཆོག་སྟེ། དེ་ནི་ལྟ་བ་གཅིག་ལྟ་བ་གཞན་ལས་མགོ་རྙོག་ཉུང་བ་དང་ཕྲ་བ་ཡོད་ཅེས་བརྗོད་པའི་སྐབས། དེ་ནི་ནེའུ་ཊོན་གྱི་འཇིག་རྟེན་ཆགས་རབས་ (Newtonian) བཞེད་ཚུལ་དང་ལྟོས་གྲུབ་ཀྱི་དངོས་ཁམས་རིག་པའི་ (relativistic physics) དབར་གྱི་ཁྱད་པར་དང་འདྲ་བ་རེད་དམ། ནེའུ་ཊོན་དངོས་ཁམས་རིག་པས་ཆོས་རྣམས་འགྲེལ་བརྗོད་བྱེད་པ་དང་དེ་ནི་གོ་རྟོགས་རགས་པ་ཞིག་རེད། ཡིན་ནའང་། དེ་ལ་གཞི་བྱས་ནས་དེས་བྱ་བ་བྱེད་ཀྱི་ཡོད་དེ། ཁྱེད་ཀྱིས་ལས་ལ་འཇུག་ཆོག ལྟོས་གྲུབ་ཀྱི་དངོས་ཁམས་རིག་པས་དེ་ནི་མགོ་རྙོག་ཚ་བའི་ཐོག་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད་ནའང་། དེའང་བདེན་པ་རེད། བྱས་ཙང་། དེ་གཉིས་ཀས་བྱ་བ་བྱེད་ཀྱི་ཡོད་དམ། ཡང་ན་གཅིག་གིས་འབྲས་བུ་འཕྱུགས་མེད་ཏག་ཏག་སྦྱིན་གྱི་ཡོད། ཡིན་ནའང་། དེ་ནི་སྐབས་འདིར་འདྲ་མཚུངས་ཤིག་མིན་ཏེ། འདིར་ང་ཚོས་བཤད་པའི་རྒྱ་གར་གྱི་གྲུབ་མཐའི་ལམ་ལུགས་གང་གིས་ཀྱང་གྲུབ་མཐའ་སྨྲ་བ་ཚང་མས་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་འབད་ཀྱི་ཡོད་ཅེས་བརྗོད་ཀྱི་མེད། དེ་དག་ཐམས་ཅད་ཀྱིས་འདིའི་ཆེད་དུ་བྱ་བ་བྱེད་པ་ནི་དེ་དག་སོ་སོའི་ལམ་ལུགས་དེ་རེད་ཅེས་བརྗོད་ཀྱི་ཡོད། 

དེར་བརྟེན་ཐ་ན་གྲུབ་མཐའ་སྨྲ་བ་དེ་དག་གི་ལངས་ཕྱོགས་མི་འདྲ་བའི་མགོ་རྙོག་གི་རིམ་པ་རྣམས་ཀྱི་དཔྱད་ཞིབ་འདི་ནི་བདེན་དོན་དང་རིགས་པར་གཞི་བྱས་ཡོད་པ་དང་། དེ་ལ་ཕྱོགས་གཅིག་ནས་ལྷན་སྐྱེས་ཕྱོགས་རིས་ཀྱི་རིགས་ཤིག་བརྗོད་ཆོག་གི་རེད་བསམ་གྱི་འདུག དེ་ལྟ་ནའང་། དྲི་བ་དེ་གང་རེད་ཅེ་ན། དཔྱད་ཞིབ་འདིའི་ནང་རང་བཞིན་ལྷན་སྐྱེས་ཀྱི་ཚོད་དཔག་གི་ཉོན་མོངས་དང་། ཁེངས་དྲེགས། རང་ཉིད་ལ་བརྩེ་བ་དེ་ཡོད་དམ། ཕྱོགས་གཞན་ཞིག་ནས་ལངས་ཕྱོགས་འདི་ཡོད་པ་འདི་ང་ཚོས་ཁོང་ཚོའི་ལུགས་ཀྱི་དོན་དག་གང་ཡིན་པ་དེ་དོན་ངོ་མར་ཁོང་ཚོས་གང་བྱེད་པ་ལས་ཡག་ག་ཡིན་པར་རྟོགས་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟོན་གྱི་ཡོད་དམ། ང་ཚོས་ཁོང་ཚོའི་ལུགས་དང་སྲོལ་རྒྱུན་ནི་གོ་བ་རགས་པ་ཙམ་ཡིན་པ་དང་ཁོང་ཚོས་མཐར་ང་ཚོའི་ལུགས་སུ་འཛུལ་ཐུབ་པ་ཞིག་ཡོང་ཆེད་དེའི་རྗེས་སུ་འབྲང་བཞིན་ཡོད། བྱས་ཙང་། “ང་ཚོའི་ལུགས་ནི་ཡག་ཤོས་ཡིན་” ཞེས་བརྗོད་པ་ནི་གང་འཚམས་ཀྱི་ཁེངས་དྲེགས་ཅན་དང་རང་ཉིད་ལ་བརྩེ་བ་ཞིག་རེད། ང་ཚོས་ཁོང་ཚོ་ལས་ཡག་ག་ཤེས་ཀྱི་ཡོད་ཤག་གི་ཚོད་དཔག་བྱེད་ཀྱི་ཡོད། དེ་ལྟར་བསམ་བཞིན་དུ་མིན་ནའང་། ད་དུང་ལུགས་གཞན་གྱི་ལྟ་བ་ལ་མཐོང་ཆུང་བྱེད་པའི་ཉེན་ཁ་ཡོད། དེ་ཡང་ཐ་ན་དེ་དག་ཕན་ཐོགས་ཅན་ཡིན་པ་དང་སྐབས་འགར་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ལམ་གྱི་ཆ་ཤས་མཁོ་གནད་ཅན་ཡིན་པར་ངོས་ལེན་བྱས་ནའང་། ད་དུང་བསམ་བཞིན་མ་ཡིན་པར་མཐོང་ཆུང་ཆགས་ཀྱི་ཡོད། 

ཐ་ན་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་ལྟ་བ་དང་དམིགས་བསལ་སྟོང་ཉིད་ཀྱི་ལྟ་བས་ཀྱང་སངས་རྒྱས་ཀྱིས་གྲུབ་མཐའི་ལུགས་དེ་དག་ཐམས་ཅད་ནི་གདུལ་བྱའི་ནུས་པ་དང་བག་ཆགས་མི་འདྲ་བའི་ཆེད་དུ་ཐབས་ཚུལ་ལྟ་བུར་གསུངས་ཞེས་ཁས་ལེན་བྱེད་པ་དང་དེ་དག་ཐམས་ཅད་ལ་གུས་ཞབས་ཀྱི་ཀུན་སློང་ཞིག་ཡོད་པའི་སྐབས། ད་དུང་གྲུབ་མཐའ་གཅིག་ནི་མཆོག་ཏུ་གྱུར་བ་དང་། བཟང་བ། འཕྱུགས་མེད་ཡིན་པ་དང་དེ་ནི་མགོ་རྙོག་ཆེ་བ་ཡིན་པའི་བློའི་ཁྱེར་སོ་ཞིག་ཡོད་པ་རེད། 

དེར་བརྟེན་ངས་ཞུས་པ་ལྟར་སུས་ཀྱང་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་དེ་དག་ཐམས་ཅད་རང་ངོས་ནས་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱེད་ཀྱི་ཡོད་ཅེས་བརྗོད་མཁན་མེད་པ་ལྟར་སྣང་། དེ་ནི་རྙོག་འཛིངས་ཅན་ཞིག་མིན་ནམ། ཁག་པོ་རེད།

ནཱ་ལནྜཱ་ལྟ་བུ་བསླབ་པ་སློབ་གཉེར་གྱི་གཙུག་ལག་ཁང་འདི་ལྟ་བུར་མཚོན་ན། ང་ཚོས་གཙུག་ལག་སློབ་ཆེན་ཞེས་བརྗོད་ཆོག་སྙམ། རྒྱ་གར་ནང་དགེ་འདུན་གྱི་སྡེས་གྲུབ་མཐའ་སྨྲ་བ་བཞི་ཀར་སློབ་སྦྱོང་བྱས་ཡོད། དེར་བརྟེན་ཕྱི་ཚུལ་ལ་དེ་ནི་སློབ་ཚན་གཏན་འབེབས་ལ་གཞིགས་ན་དེ་ནི་ཕྱོགས་རིས་མེད་པ་ཞིག་ཏུ་སྣང་། འོན་ཀྱང་། ཁོང་ཚོས་གཅིག་ནི་མཐོ་ཤོས་ཡིན་ཞེས་བསམ་པའམ་ཆ་འཇོག་བྱེད་ཀྱི་ཡོད་ན། དེ་ནི་བརྗོད་དཀའ་བ་ཞིག་རེད། གལ་ཏེ་ང་ཚོས་སློབ་དཔོན་ཞི་བ་ལྷའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་རྩ་བ་ཤེས་རབ་ལྟ་བུར་བལྟས་ན། དེ་དག་གི་ནང་དུ་དབུ་མའི་ལྟ་བ་ནི་མཆོག་ཡིན་པ་དང་སེམས་ཙམ་པ་དང་ནང་པའི་ལྟ་བ་གཞན་སྣ་ཚོགས་པ་ལ་དགག་པ་གནང་ཡོད་པ་གསལ་པོ་རེད། དེར་བརྟེན་ལྷན་སྐྱེས་ཀྱི་ཕྱོགས་རིས་རེད། དྲི་བ་དེ་གང་རེད་ཅེ་ན། དེ་དག་ནི་དངོས་ཡོད་གནས་སྟངས་ཙམ་ཞིག་རེད་དམ་ཡང་ན་དེའི་སྟེང་ལ་ཁེངས་དྲེགས་དང་རང་ཉིད་ལ་བརྩེ་བའི་ཉོན་མོངས་རྣམས་ཏེ། “ང་ཚོས་ཡག་ག་ཤེས་ཀྱི་ཡོད་” བསམ་པ་སོགས་ང་ཚོར་ཡོད་དམ། དེ་དག་ཁ་སྣོན་བྱེད་པའི་སྐབས་སུ་གང་འཚམས་ཀྱི་དཀའ་ངལ་ཅན་ཞིག་ཆགས་ཀྱི་ཡོད། 

ད་གྲུབ་མཐའི་རྣམ་གཞག་དེ་དག་དང་ལྷན་དུ་རྒྱ་གར་གྱི་ནང་ཆོས་དེ་ཤར་ཨེ་ཤི་ཡ་དང་། ལྷོ་ཤར་ཨེ་ཤི་ཡ། བོད་བཅས་ཀྱི་ནང་དུ་དར་ཁྱབ་བྱུང་བ་རེད། འདིར་ང་ཚོས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་གནད་དོན་ཙམ་གྱི་སྐོར་ཤོད་རྒྱུ་ཡིན། 

བོད་ཀྱི་ཆོས་བརྒྱུད་ཁག་གི་ནང་གི་ཕྱོགས་རིས།

མདོ་སྔགས་ཀྱི་ཆོས་ཚུལ་སྣ་ཚོགས་པའི་འགྱུར་དང་བརྒྱུད་པ་མང་པོ་ཡོད་པ་དང་དེ་དག་བོད་ཀྱི་སྲོལ་རྒྱུན་ལམ་ལུགས་ཀྱི་ནང་དུ་གཅིག་ཏུ་འདུས་ཡོད། གང་ལྟར་ཡང་། དེ་དག་ཐམས་ཅད་ཀྱིས་རྒྱ་གར་གྱི་གྲུབ་མཐའི་རྣམ་གཞག་ལ་དངོས་ཤུགས་གང་རུང་ནས་ལྷན་སྐྱེས་ཕྱོགས་རིས་ཀྱི་ལྟ་བ་ཞིག་ཁས་ལེན་བྱེད་ཀྱི་ཡོད། དེ་དག་ལ་ནང་ཆོས་ཀྱི་གནད་དོན་མང་པོའི་ཐད་ཁས་ལེན་དང་འགྲེལ་བརྗོད་མང་པོ་ཡོད་པ་དང་། མདོ་སྔགས་གཉིས་ཀའི་ཉམས་ལེན་གྱི་རིགས་འདྲ་མཚུངས་མང་པོ་ཡོད། བོད་ཀྱི་ཆོས་བརྒྱུད་ལ་ཆ་བཞག་ན། སྔ་འགྱུར་རྙིང་མ་དང་། གསར་མའི་ཁོངས་སུ་བཀའ་བརྒྱུད། ས་སྐྱ། དགེ་ལུགས་བཅས་བོད་ཀྱི་ཆོས་བརྒྱུད་ཆེན་མོ་བཞི་ཡོད། འོན་ཀྱང་། དེ་ནི་བོད་ཀྱི་ཆོས་བརྒྱུད་རེ་རེའི་ནང་གི་གནད་དོན་ཞིག་ཀྱང་རེད། ཆོས་བརྒྱུད་རེ་རེའི་ནང་ཉམས་ལེན་མི་འདྲ་བ་དང་ཁས་ལེན་མི་འདྲ་བ་ཡོད། དེ་གང་ཡིན་ཞེ་ན། མཛད་པ་པོའམ་རྩོམ་པ་པོ་མི་འདྲ་བ་མང་པོ་ཡོད་པ་དང་དེ་དག་གིས་གནད་དོན་སྣ་ཚོགས་པའི་ཐད་ལ་མོས་མཐུན་གནང་གི་མེད་པས་རེད། ཉམས་ལེན་དང་དཀའ་གནད་ངེས་ཅན་ཆུང་ངུའི་ཐད་ཀྱི་ཁྱད་པར་དེ་དག་ལས་གལ་ཆེ་བ་ནི་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་མཐར་ཐུག་གི་ལྟ་བ་དངོས་པོའི་གནས་ལུགས་བཞེད་ཚུལ་དེ་ཡིན་པ་དང་དེའི་ཐད་འདིར་མི་འདྲ་བའི་ཁྱད་པར་ཅུང་ཟད་འགའ་ཞིག་ཡོད། ཡིན་ནའང་། བོད་ཀྱི་ཆོས་བརྒྱུད་དེ་དག་གཅིག་གིས་ཀྱང་བོད་ཀྱི་ཆོས་བརྒྱུད་ཀྱིས་ལམ་གྱི་རིམ་པ་རྣམས་གཅིག་རགས་པ་དང་གཅིག་ཕྲ་བའི་གོ་རྟོགས་ཡོད་ཅེས་བརྗོད་ཀྱི་མེད། བོད་ཀྱི་ཆོས་བརྒྱུད་ཕན་ཚུན་ནང་ཁུལ་ལ་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཕན་ཚུན་གྱི་ལྟ་ཚུལ་ནང་བཞིན་ལྟ་ཚུལ་དེ་འཛིན་གྱི་མེད། བྱས་ཙང་། དེ་ནི་རྟོགས་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། 

ད་བོད་ཀྱི་ཆོས་བརྒྱུད་ལ་ངས་གོང་དུ་ཞུས་པ་ལྟར། རྒྱ་གར་ནས་དར་བའི་གྲུབ་མཐའ་སྨྲ་བ་དེ་དག་རེ་རེའི་ནང་གི་ལྟ་ཚུལ་མང་པོའི་ཐད་ལ་བཞེད་པ་མི་འདྲ་བ་ཡོད། བདེན་པ་གཉིས་ཀྱི་ཐད་ལ་བཞེད་ཚུལ་མི་འདྲ་བ་དང་། རྟོགས་ཚུལ་མི་འདྲ་བའི་དཔྱད་པ་མི་འདྲ་བ། རྟོག་བཅས་ཀྱི་བློའི་བྱ་བ་ཇི་ལྟར་བྱེད་པ། རྟོག་མེད་ཀྱི་བློའི་བྱ་བ་བྱེད་ཚུལ་ལ་སོགས་པ་དང་། དེ་བཞིན་ཐ་སྙད་ཀྱི་མཚན་ཉིད་དང་འགྲེལ་བརྗོད་མི་འདྲ་བ་བཅས་ཡོད། དཔེར་ན། གལ་ཏེ་ཁྱེད་ཀྱིས་ཆོས་མངོན་པའི་གཞུང་ལྟ་བུ་སློབ་དཔོན་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་གྱི་གཞུང་ནང་བལྟས་ན། དེ་གཉིས་ཀྱི་ནང་ཉོན་མོངས་པ་དེ་དག་རེ་རེ་བཞིན་དུ་ཅུང་ཟད་མི་འདྲ་བའི་སྒོ་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་ལྟ་བུ་རེད། དེ་བཞིན་གྲུབ་མཐའ་སྨྲ་བ་དེ་དག་གི་ནང་ཚང་མས་བདེན་པར་གྲུབ་པ་དེའང་མི་འདྲ་བར་འགྲེལ་བརྗོད་བྱེད་ཀྱི་ཡོད། བྱས་ཙང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི་ནང་གསར་པ་ཞིག་གང་ཡང་མ་རེད། 

རང་སྟོང་དང་གཞན་སྟོང་།

བོད་བརྒྱུད་ནང་བསྟན་གྱི་ནང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་རྫོགས་ཆེན་ཉམས་ལེན་གྱི་ཐབས་ལམ་མི་འདྲ་བ་ཡོད་ནའང་། དེ་དག་ནི་ནམ་རྒྱུན་ཉམས་ལེན་པ་མི་འདྲ་བ་རྣམས་ལ་རྩ་རླུང་གི་ལམ་ལུགས་དེ་གཞན་ལས་གྲགས་ཆེ་བ་ལ་གཞི་བྱས་པ་དང་སྟོང་ཉིད་ལ་རྟོག་མེད་ཀྱི་ཤེས་པ་ཐོབ་ཚུལ་མི་འདྲ་བ་ཡོད་པ་རེད། དེ་དག་ལ་སྟོང་ཉིད་ཀྱི་ལྟ་བ་མི་འདྲ་བ་ཡོད། ངས་དེ་དག་འགྲེལ་བརྗོད་མི་བྱེད་པའི་སྒོ་ནས་ཐོ་གྲངས་འགོད་རྒྱུ་ཡིན། གང་ཡིན་ཞེ་ན། ང་ཚོར་དུས་ཚོད་མེད། ཐོག་མར་རང་སྟོང་ཟེར་བ་ཞིག་ཡོད། དེ་ནས་གཞན་སྟོང་ཟེར་བ་ཞིག་ཀྱང་ཡོད་པ་རེད། བརྗོད་དང་རྟོག་པ་ལ་བརྟེན་ནས་རྣམ་གྲངས་པའི་སྟོང་ཉིད་ (བརྗོད་དང་རྟོག་པའི་ནང་རན་འཚམས་ཆགས་ཐུབ་པ་) ཟེར་བ་ཡོད། ཡང་བརྗོད་དང་རྟོག་པ་ལས་འདས་པའི་སྟོང་པ་ཉིད་ཀྱང་ཡོད་ནའང་། དེ་ནི་རྣམ་གྲངས་པའི་ནང་ཡོད་དེ། བརྗོད་དང་རྟོག་པ་ལ་གཞིགས་ནས་གོ་བསྡུར་བྱེད་ཆོག་པ་དང་རིགས་པ་ལ་བརྟེན་ནས་གོ་བསྡུར་བྱེད་ཆོག་པའི་རྣམ་པར་ཡོད། 

དགེ་ལུགས་མིན་པའི་ཆོས་བརྒྱུད་ (ས་སྐྱ། རྙིང་མ། བཀའ་བརྒྱུད་) རྣམས་ཀྱིས། དགེ་ལུགས་པས་འགྲེལ་བརྗོད་དང་ལྟ་ཚུལ་ལྟར་རང་སྟོང་ནི་དགོས་ངེས་ཅན་གྱི་རིམ་པ་དམའ་བ་ཞིག་ཡིན་པ་དང་དེ་ནི་ཁྱེད་ཀྱི་རྟོག་བཅས་ཀྱི་སྒོ་ནས་གང་རྟོགས་པ་དེ་རེད། ཁྱེད་ཀྱིས་དེ་རྟོགས་དགོས་ཀྱི་ཡོད་ནའང་། དེ་ནི་སྟོང་ཉིད་ལ་རྟོག་མེད་ཀྱི་ཤེས་པའི་ལམ་གྱི་སྟེང་དུ་ཡིན་པ་དང་དེ་ནི་བརྗོད་དང་རྟོག་པ་ལས་འདས་པ་རེད། དགེ་ལུགས་པས་གཞན་སྟོང་ནི་ནོར་བ་ཙམ་ཡིན་ཏེ། དེས་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱེད་ཀྱི་མེད་ཅེས་བརྗོད་ཀྱི་ཡོད། 

སླར་ཡང་ཆོས་ལུགས་ཕྱོགས་རིས་དང་ཕྱོགས་རིས་མིན་པ་དང་འབྲེལ་བའི་རྒྱ་གར་ནང་པའི་གྲུབ་མཐའི་རྣམ་གཞག་ལ་གཞིགས་ནས་གོང་དུ་གོ་བསྡུར་བྱས་པའི་གནད་དོན་གཅིག་མཚུངས་ཤིག་ང་ཚོར་ཡོད། དགེ་ལུགས་པས་ལྟ་བ་དེ་བརྒྱུད་ནས་གཞན་སྟོང་ལ་བརྟེན་ནས་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་མི་བྱེད་ཅེས་བརྗོད་པའི་རྒྱུ་མཚན་གྱིས་དེ་ནི་རྙོག་འཛིངས་ཅན་ཆགས་ངེས་རེད། འདི་ནི་ཁོང་ཚོས་ལོག་ལྟ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དགེ་ལུགས་མིན་པ་ (གཞན་སྟོང་སྨྲ་མཁན་དང་སྨྲ་ཚུལ་མི་འདྲ་བ་མང་པོ་ཡོད་) རྣམས་ཀྱིས། རེད། ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ལ་མི་འགོད་པའི་གཞན་སྟོང་གི་ལོག་ལྟ་ཞིག་འདུག ཡིན་ནའང་། དེ་ནི་ང་ཚོའི་གཞན་སྟོང་གི་ལྟ་བ་དེ་མ་རེད་ཅེས་བརྗོད་ཀྱི་ཡོད། དེ་ལྟར་གནད་དོན་རྙོག་འཛིངས་ཅན་ཆགས་པ་དང་ཚང་མ་མགོ་རྙོག་ཚ་པོ་ཆགས་ཀྱི་ཡོད། དེ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་རེད། 

ངས་གོང་དུ་ཞུས་པ་ལྟར། ཐ་སྙད་མི་འདྲ་བར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་སོང་ཙང་། ཇི་ལྟར་དཔེ་མཚོན་འདིའི་ནང་དགེ་ལུགས་པས་གཞན་སྟོང་དགག་པའི་ལངས་ཕྱོགས་དེ་ནི་དོན་ངོ་མར་གྲུབ་མཐའ་གཞན་གྱིས་ཁས་ལེན་པའི་ལངས་ཕྱོགས་དེ་མིན་སྲིད། ང་ཚོས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གཞིགས་ནས་དེ་ཇི་ལྟར་འགྲེལ་བརྗོད་བྱས་པའི་དཔེ་མཚོན་ཧ་ཅང་ཡག་པོ་ཞིག་རྙེད་ཀྱི་རེད། དགེ་ལུགས་མིན་པའི་ཆོས་བརྒྱུད་རྣམས་ཀྱིས་སྟོང་པ་ཉིད་ནི་རྟེན་འབྲེལ་ལས་འདས་པ་དང་དོན་དམ་བདེན་པ་དེ་རྟེན་འབྲེལ་ལས་འདས་པ་རེད་ཅེས་བརྗོད་པའི་སྐབས། ཁོང་ཚོས་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་མ་རིག་པ་ལས་འབྱུང་བ་ལ་གཞིགས་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལྟ་བུའི་སྐོར་ཤོད་ཀྱིན་ཡོད། དགེ་ལུགས་པས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་རེད་ཅེས་བརྗོད་པའི་སྐབས། ཁོང་ཚོས་བློའི་འདོགས་ཚུལ་ལམ་མིང་འདོགས་པ་ལ་གཞིགས་ནས་ཤོད་ཀྱིན་ཡོད། དེ་བས་ན། དེ་དག་གི་ཐ་སྙད་འགྲེལ་ཚུལ་རྦད་དེ་མི་འདྲ་བ་རེད། དེ་ལྟར་དགེ་ལུགས་པས་གཞན་སྟོང་དགག་པའི་སྐབས། ཁོང་ཚོས་སོ་སོའི་འགྲེལ་བརྗོད་ཡོད་པའི་སྟོང་ཉིད་གཞན་ཞིག་དགག་གི་ཡོད། དེ་ནི་དགོངས་འགལ་མེད་པ་ཞུ། སླར་ཡང་ཞུས་ན། དགེ་ལུགས་པས་དོན་དམ་བདེན་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་འདས་པ་ཡིན་ཞེས་པའི་ལངས་ཕྱོགས་དེ་དགག་པའི་སྐབས། ཁོང་ཚོས་རྟེན་འབྲེལ་དེ་ཁོང་ཚོའི་ལུགས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད་བེད་སྤྱོད་བྱེད་ཀྱིན་ཡོད་པ་ལས། དོན་དམ་བདེན་པ་ནི་རྟེན་འབྲེལ་ལས་འདས་པ་ཡིན་ཞེས་བརྗོད་མཁན་གྱི་རྟེན་འབྲེལ་གྱི་མཚན་ཉིད་དེ་བེད་སྤྱོད་བྱེད་ཀྱི་མེད། 

འདིར་སླར་ཡང་དོན་དག་གཙོ་བོ་དེ་གང་རེད་དམ། དེ་འདྲ་གོ་བསྡུར་བྱེད་དགོས་པའི་རྒྱུ་མཚན་གང་རེད་དམ། འདི་ཧ་ཅང་མགོ་རྙོག་ཚ་པོ་རེད། ངས་ནམ་རྒྱུན་དངོས་བདེན་སྦེད་ (དེ་འཇམ་པོ་དང་ཡག་པོ་བཟོ་བ་ལྟ་བུ་རེད་) བཞིན་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད། དེ་ནི་གལ་ཏེ་ཁྱེད་ཀྱིས་མཚན་ཉིད་ཀྱི་གོ་བ་ནོར་བ་དང་གསལ་པོ་མ་རྟོགས་པ་ཡིན་ན། ཁོང་ཚོས་ཁྱེད་རང་ལྷུང་སྲིད་པའི་མཐར་འཛིན་གྱིལྟ་བ་མཛུབ་སྟོན་བྱེད་བཞིན་ཡོད། 

ཆོས་ལུགས་ཕྱོགས་རིས་དང་འབྲེལ་བའི་སྡོམ་པ།

འོ་ན་དྲི་བ་དེ་གང་ཆགས་ཀྱི་ཡོད་ཅེ་ན། ནང་ཆོས་རང་ནས་ཆོས་ལུགས་ཕྱོགས་རིས་ཀྱི་གནད་དོན་འདིའི་སྐོར་བཤད་ཀྱི་ཡོད་དམ། ང་ཚོས་ད་བར་གནད་དོན་འགའ་ཞིག་གིས་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱེད་ཀྱི་མེད་ཅེས་པའམ། ཡང་ན་གནད་དོན་འགའ་ཞིག་ནི་ང་ཚོའི་ལྟ་བ་ལས་དམའ་བ་ཡིན་པ་སོགས་གོ་བསྡུར་བྱེད་ཚུལ་དེ་ལ་ཁྱེད་ཀྱིས་ནང་ཆོས་ཀྱིས་གནད་དོན་འདིའི་ཐད་ཤེས་ཀྱི་ཡོད། ལྷག་པར་དུ་ཐེག་པ་ཆེན་པོ་ནང་གནད་དོན་དེ་གོ་བསྡུར་བྱེད་ས་ནི་བྱང་ཆུབ་སེམས་དཔའ་དང་གསང་སྔགས་ཀྱི་སྡོམ་པའི་ནང་ཡིན་པ་རེད། 

དམ་པའི་ཆོས་སྤོང་བ།

འདིར་ང་ཚོས་དེ་དང་འབྲེལ་བའི་སྡོམ་པ་ཁག་གི་སྐོར་བལྟ་རྒྱུ་ཡིན། བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་དྲུག་པ་སྟེ། “གལ་ཏེ་ཁྱེད་ཀྱིས་འདི་བྱས་ན། ཁྱེད་སྡོམ་པ་ལས་ཉམས་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འགལ་གྱི་ཡོད་” ཅེས་པ་དང་བསྟུན་ནས་སྡོམ་པ་རྣམས་རིམ་པར་སྒྲིག་ཡོད། དྲུག་པ་དེ་ནི་དམ་པའི་ཆོས་སྤོང་བ་དེ་ཡིན་པ་དང་འདིར་ལྟུང་བ་ནི་ཁས་ལེན་མི་བྱེད་པའམ་ (ངོས་ལེན་མི་བྱེད་པ་) ཡང་ན་རང་སོ་སོའི་བསམ་ཚུལ་གླེང་བ་ལ་བརྟེན་ནས་གཞན་ལ་ཉན་ཐོས་དང་། རང་རྒྱལ། བྱང་ཆུབ་སེམས་དཔའི་ཐེག་པའི་ཆོས་ཚུལ་རྣམས་སངས་རྒྱས་ཀྱི་བཀའ་ཡིན་པ་ཁས་ལེན་བྱེད་དུ་མི་འཇུག་པ་ཡིན། བྱས་ཙང་། གཞི་རྐང་ནས་ཉན་རང་བྱང་ཆུབ་སེམས་དཔའ་གང་ཡིན་རུང་དེ་དག་གི་ཆོས་རྣམས་སངས་རྒྱས་ཀྱི་ཆོས་མིན་ཞེས་པ་དེ་རེད། དེ་ནི་གནད་དོན་ཞིག་ངེས་པར་དུ་ཆགས་ཡོད། དམིགས་བསལ་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་འགའ་ཞིག་གིས་ཐེག་ཆེན་གྱི་ཆོས་རྣམས་སངས་རྒྱས་ཀྱི་བཀའ་མིན་ཞེས་བརྗོད་ཀྱི་ཡོད། དེ་ལ་སློབ་དཔོན་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ནང་དགག་པ་རྒྱག་གནང་ཡོད། ཁོང་གིས་རྒྱུ་མཚན་རིགས་པའི་སྒོ་ནས་དགག་པ་རྒྱག་ཡོད་པ་དེ་གང་འཚམས་དོ་སྣང་བྱ་འོས་ཤིག་ཡོད། ཁོང་གིས་ཐེག་པ་ཆེན་པོ་ཚད་ལྡན་གྱི་རང་བཞིན་ཡིན་པའི་ཐད་ལ་ཁྱེད་ཀྱིས་རྒྱུ་མཚན་རིགས་པ་གང་འདྲ་བཏང་ནས་དགག་པ་རྒྱག་ནའང་། ངས་ཀྱང་རྒྱུ་མཚན་རིགས་པ་དེ་ག་རང་བེད་སྤྱོད་བྱས་ནས་ཁྱེད་ཀྱི་ཆོས་ལ་དགག་པ་རྒྱག་ཆོག་ཅེས་གསུངས་ཡོད། དེའི་རྒྱུ་མཚན་ནི། དེ་དག་གཅིག་ཀྱང་ཡིག་ཐོག་ཏུ་བྲིས་མེད་པར། དེ་དག་ངག་ཐོག་ནས་བརྒྱུད་པ་ཞིག་རེད། དེ་བཞིན་ཁྱེད་ཀྱི་ཆོས་དེ་ཚད་ལྡན་ཡིན་པའི་རྒྱུ་མཚན་གང་འདྲ་ཞིག་བཀོད་པ་དེ་དག་ང་ཚོའི་ཆོས་རེད་ཅེས་བརྗོད་ཆོག ང་ཚོ་ཐེག་པ་ཆེན་པོའི་ཆོས་རྣམས་ཚད་ལྡན་རེད། དེ་ཡང་གཞི་རྩ་ལྟ་བུ་སངས་རྒྱས་ཀྱི་ཆོས་ཀྱི་གནད་དོན་གཙོ་བོ་ལ་སོགས་པ་ལྟ་བུ་རེད། 

རང་ངམ་གཞན་གྱི་གྲུབ་མཐའི་ཆོས་ལ་སྨོད་པ།

དེ་ལྟར་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བའི་ནང་གི་དྲུག་པ་ཆོས་སྤོང་བ་ཡོད། དེ་ནི་གསང་སྔགས་ཀྱི་རྩ་བའི་སྡོམ་པ་དང་གཅིག་ (མ་མཐར་ཡང་གཞིའི་རྣམ་གཞག་གི་ནང་) པ་རེད། གསང་སྔགས་ཀྱི་རྩ་བའི་སྡོམ་པ་དྲུག་པ་ནི་རང་གཞན་གྱི་གྲུབ་མཐའི་ཆོས་ལ་སྨད་ར་གཏོང་བ་དེ་རེད། དེ་ནི་སངས་རྒྱས་ཀྱི་བཀའ་གང་འདྲ་ཞིག་ཡིན་ནའང་དེ་ནི་སངས་རྒྱས་ཀྱི་བཀའ་མིན་ཞེས་དྲིལ་སྒྲོག་བྱེད་པ་དེ་རེད། གཞན་གྱི་གྲུབ་མཐའི་སྐོར་བཤད་པ་ནི་ཉན་ཐོས་དང་། རང་རྒྱལ། ཐེན་པ་ཆེན་པོ་བཅས་མདོའི་ཐེག་པ་གསུམ་པོ་གང་རུང་ལ་གོ་བ་ཡིན། གསང་སྔགས་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་དེ་དག་སངས་རྒྱས་ཀྱི་བཀའ་མིན་ཞེས་བརྗོད་པ་དང་། དེའི་ཉམས་ལེན་པ་ཚོས་གསང་སྔགས་ནི་སངས་རྒྱས་ཀྱི་བཀའ་མིན་ཞེས་བརྗོད་པ། ཡང་ན་རང་སོ་སོའི་ཆོས་དེ་གསང་སྔགས་ཡིན་པས། དེ་ནི་ “གསང་སྔགས་ཀྱི་ཆོས་འགའ་ཞིག་ནི་སངས་རྒྱས་ཀྱི་བཀའ་མིན། ང་ཚོའི་ཆོས་ནི་སངས་རྒྱས་ཀྱི་བཀའ་ཡིན་ནའང་། གཞན་གྱི་ཆོས་རྣམས་ནི་མིན་” ཞེས་པ་ལྟ་བུ་རེད། 

ཆོས་ཀྱི་ཚད་ལྡན་གྱི་རང་བཞིན་ལ་དཔྱད་ཞིབ།

འདི་ལ་བརྟེན་ནས་ཧ་ཅང་དོ་སྣང་བྱ་འོས་པའི་དྲི་བ་ཞིག་འབྱུང་གི་ཡོད། གང་ཡིན་ཞེ་ན། སྡོམ་པ་འདི་རྒྱུན་སྲིང་བ་ནི་ལོ་རྒྱུས་ཀྱི་བསམ་ཞིབ་ཅིག་སྤོང་གི་ཡོད་པའི་དོན་མིན། སངས་རྒྱས་ཀྱི་ཆོས་ནི་ཡིག་ཐོག་ཏུ་མ་ཕབ་སྔོན་ལ་ངག་ཐོག་ནས་དུས་རབས་མང་པོའི་རིང་བརྒྱུད་པ་ཞིག་ཡིན་པ་སོང་ཙང་། ཟུར་ཆག་དང་རྫུན་བཟོའི་རིགས་བྱུང་ཡོད་པ་ནི་གདོན་མི་ཟ་བ་རེད། དེར་བརྟེན་བོད་ཀྱི་ནང་པའི་གསུང་རབ་ཕྱོགས་བསྒྲིགས་མཛད་མཁན་གྱི་མཁས་པ་ཆེན་པོ་དང་སློབ་དཔོན་ཆེན་པོ་རྣམས་ཀྱིས་ཁོང་ཚོས་ཚད་ལྡན་མིན་པར་ཆ་འཇོག་བྱེད་པའི་མདོ་སྔགས་གཉིས་ཀའི་གཞུང་ལུགས་རྣམས་ཁས་ལེན་བྱས་མེད་ངེས་རེད་ལ། ཁོང་ཚོས་ “དེ་དག་ནི་སངས་རྒྱས་ཀྱི་བཀའ་མ་རེད་” ཅེས་བརྗོད་ཡོད། སློབ་དཔོན་ཆེན་པོ་དེ་དག་ལ་བྱང་སེམས་དང་གསང་སྔགས་ཀྱི་སྡོམ་པ་ཡོད་ངེས་རེད། ཡིན་ནའང་། དོན་དག་གཙོ་བོ་ནི་ཁོང་ཚོས་ཐག་གཅོད་ནི་ཕྱོགས་ལྷུང་དང་བསམ་ཚུལ་ལ་གཞི་བྱས་མེད་པར། ཁོང་ཚོས་དུས་རབས་ ༧ པའི་ནང་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པའི་གཞིའི་དངོས་པོ་ཁུངས་ཐུབ་དང་ཚད་མའི་རང་བཞིན་ཡིན་མིན་དཔྱད་ཞིབ་ཀྱི་ཚད་གཞི་བེད་སྤྱོད་བྱས་ཡོད། འདི་ནི་ནང་པའི་དམིགས་ཡུལ་བདེ་འགྲོ་དང་། ཐར་པ། ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་ཕྱིར། དེའི་ཉམས་ལེན་གྱི་ནུས་པ་དེ་ཡིན་པ་རེད། དེ་ནི་ངས་གོང་དུ་ཞུས་པ་ལྟར། ཁྱེད་རང་སངས་རྒྱས་མིན་ན་ངེས་ཤེས་རྙེད་རྒྱུ་ཏོག་ཙམ་ཁག་པོ་རེད། གང་ཟག་གཞན་ཞིག་གིས་དངོས་གནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་ཤེས་ནའང་། ཁྱེད་ཀྱིས་ཁ་ཕྱོགས་དེར་འགྲོ་བཞིན་ཡོད་མེད་མཐོང་ཐུབ། 

དཔྱད་གཞི་གཞན་ཞིག་ནི། དེ་ལ་སངས་རྒྱས་ཀྱི་ཆོས་ཀྱི་གླེང་གཞི་ཆེ་ཁག་ཚང་ཡོད་དམ། གཞུང་ལུགས་དེ་དག་གི་ནང་ཁྱེད་ཀྱིས་དེ་དག་བཀའ་འགྱུར་གྱི་ནང་ཚུད་དགོས་སམ་མི་དགོས་པའི་སྐོར་ཤེས་ཀྱི་རེད། དེ་དག་ཐམས་ཅད་ལ་དགོས་གལ་ཆེ་བའི་གླེང་གཞི་ཆེ་ཁག་རྣམས་ནི། འཕགས་པའི་བདེན་པ་བཞི་དང་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའམ་ཆོས་ཀྱི་སྡོམ་བཞི་ཡིན་པ་ནི་བཤད་མི་དགོས་པ་རེད། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ནི།

  • འདུས་བྱས་ཐམས་ཅད་མི་རྟག་པ་སྟེ། རྒྱུ་དང་འབྲས་བུས་འདུས་བྱས་པའི་ཆོས་རྣམས་མི་རྟག་པ་སྟེ། དེ་དག་འགྱུར་བ་འགྲོ་གི་ཡོད།
  • ཟག་བཅས་ཐམས་ཅད་སྡུག་བསྔལ་བ་སྟེ། མ་རིག་པ་དང་འདྲེས་པ་གང་ཡིན་པ་དེས་དཀའ་ངལ་དང་སྡུག་བསྔལ་འབྱུང་བར་བྱེད་ཀྱི་ཡོད།
  • ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ།
  • མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་པ་ནི་མྱ་ངན་འདས་པ་ནི་སྡུག་བསྔལ་གྱི་རྒྱུ་དེ་དག་ཞི་བར་བྱེད་པ་དང་དེ་ནི་དགེ་བ་ཞིག་ཡིན།

ཚད་གཞི་དེ་ལ་གཞི་བྱས་ཏེ། གལ་ཏེ་ཆོས་སམ་དཔེ་ཆའམ་གཞུང་ལུགས་ཤིག་ལ་དོན་གནད་ཆེ་ཁག་དེ་དག་མེད་པ་དང་ཚད་ལྡན་གྱི་རྣལ་འབྱོར་པ་ཞིག་གིས་ཉམས་ཚོད་བྱེད་སྐབས། དོན་ངོ་མའི་ཐོག་ཕན་ཐོགས་མེད་པ་དང་བྱ་བ་མི་བྱེད་པ་ལྟར་སྣང་བ་ཡིན་ན། དེ་ཁྱེད་ཀྱིས་སངས་རྒྱས་ཀྱི་བཀའ་འབུམ་ནས་ཟུར་འདོན་བྱེད་ཆོག་པ་དང་ “འདི་ནི་སངས་རྒྱས་ཀྱི་བཀའ་མིན་” ཞེས་བྱང་སྡོམ་དང་གསང་སྔགས་ཀྱི་སྡོམ་པ་དང་མི་འགལ་བའི་སྒོ་ནས་བརྗོད་ཆོག 

དཔེར་ན། སློབ་དཔོན་ཆེན་པོ་འགའ་ཞིག་གིས་བེད་སྤྱོད་བྱེད་པའི་ཚད་གཞི་གཞན་ཞིག་ནི། ཕལ་ཆེར་བུ་སྟོན་རིན་ཆེན་གྲུབ་རིན་ས་ཡོད། བཀའ་འགྱུར་རྣམས་མཉམ་དུ་སྒྲིག་པ་དེ་ལེགས་སྦྱར་གྱི་གཞུང་ལ་གཞི་བཅོལ་ཡོད་དམ་མེད། འོན་ཀྱང་། དེ་ནི་དཀའ་ངལ་ཅན་ཞིག་རེད། གང་ཡིན་ཞེ་ན། ཆོས་ཚུལ་ངེས་ཅན་འགའ་ཞིག་ནི་གཞུང་དེ་རྒྱ་གར་ནས་བརྒྱུད་པའི་རྗེས་ཀྱི་གསང་སྔགས་ཀྱི་ཡི་དམ་ལྷའམ་ཡང་ན་བླ་མའི་དག་སྣང་གི་ཐོག་ནས་སྟོན་པའི་ཆོས་ཚུལ་ཡོད་པས། དེ་དག་ལ་ལེགས་སྦྱར་གྱི་གཞི་རྩའམ་འབྱུང་ཁུངས་མེད་པ་རེད། བྱས་ཙང་། འདི་ནི་ཏོག་ཙམ་དཀའ་ངལ་ཅན་ཆགས་ཀྱི་ཡོད། 

ཉན་ཐོས་ཀྱི་ཐེག་པ་ལ་སྐུར་བ་འདེབས་པ།

ཡང་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་གཞན་ཞིག་ཡོད་པ་ནི་ཉན་ཐོས་ཀྱི་ཐེག་པ་ལ་ཁྱད་གསོད་དང་མཐོང་ཆུང་བྱེད་པ་དེ་རེད། འདིར་ང་ཚོས་ཉན་ཐོས་དང་རང་རྒྱལ་གྱི་གཞུང་ལུགས་རྣམས་སངས་རྒྱས་ཀྱི་བཀའ་ཚད་ལྡན་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད་ནའང་། ཁོང་ཚོའི་ཆོས་ཀྱི་གནད་དུ་འཁེལ་བའི་ཕན་ནུས་ལ་ངོས་ལེན་མི་བྱེད་པར། ཁོང་ཚོའི་གདམས་ངག་གི་ཐབས་ལ་བརྟེན་ནས་ཉོན་མོངས་སྤོང་ཐུབ་པ་ཞིག་ཡོང་མི་སྲིད་ཅེས་དམ་བཅའ་ལ་གནས་ཀྱི་ཡོད། དེ་ནི་ང་ཚོའི་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་ལྟ་ཚུལ་དེ་རེད། འགྲིག་གི་འདུག དེ་དག་སངས་རྒྱས་ཀྱི་བཀའ་རེད་དེ་ཡིན་ནའང་། དེ་ནི་ཆོས་ལུགས་གཅིག་བདེན་རིང་ལུགས་དེ་ཡིན་སྲིད། ཡིན་ནའང་། དེ་དག་གིས་ཉོན་མོངས་སྤོང་བའི་ལས་བྱེད་ཀྱི་མེད། ཕྱོགས་གཞན་ཞིག་ནས་དེ་དག་གིས་ཐར་པའི་གོ་འཕང་ལ་འགོད་ཀྱི་མེད། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐོར་དངོས་སུ་གསུང་གི་མེད་ནའང་། ང་ཚོས་དེ་ནི་འདིར་ཐེ་བར་བྱེད་ཆོག འོན་ཀྱང་། ཐེག་ཆེན་གྱིས་འདི་ལ་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་བརྒྱུད་ནས་ཁོང་ཚོའི་གོ་རྟོགས་ལ་བརྟེན་ནས་ཁྱེད་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་ཅེས་བརྗོད་པའམ། ཡང་ན་དགེ་ལུགས་པའི་དབུ་མ་ཐལ་འགྱུར་བ་ལྟར་ན། ཁྱེད་ཀྱིས་ཐ་ན་ཐར་པའི་གོ་འཕང་དེའང་ཐོབ་མི་ཐུབ་ཅེས་བརྗོད་ཀྱི་ཡོད། དེ་ལྟ་ནའང་། དེ་དག་ནི་ལམ་གྱི་རིམ་པ་ཡིན་པ་རེད། དེ་དག་གི་ཕན་ཐོགས་མི་འདུག་ཅེས་མཐའ་གཅིག་ཏུ་བརྗོད་ཀྱི་མེད། འོན་ཀྱང་། ཁོང་ཚོས་དེ་དག་ནི་ལམ་གྱི་རིམ་པ་རེད་ཅེས་བརྗོད་ཀྱི་ཡོད། བྱས་ཙང་། དེ་ནི་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་རེད། 

སྟོང་པ་ཉིད་ཁས་ལེན་མི་བྱེད་པ། 

གསང་སྔགས་ཀྱི་རྩ་བའི་ལྟུང་བ་ཞིག་ཡོད་དེ། སྟོང་པ་ཉིད་ལ་ཁས་ལེན་མི་བྱེད་པའི་ལྟུང་བ་དེ་རེད། འདི་ནི་དོ་སྣང་བྱ་འོས་པ་ཞིག་རེད། སྟོང་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྤྱིའི་ནང་དུ་གསལ་བའི་གང་ཟག་ཙམ་མིན་པར་ཆོས་ཐམས་ཅད་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པས་སྟོང་པ་དེ་རེད། བྱས་ཙང་། ཆོས་ཐམས་ཅད་སྟོང་པ་རེད། དེ་ནི་སྤྱིར་བཏང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རེད། ཡང་སྟོང་པ་ཉིད་ཅེས་པ་ནི་ཡིན་པ་མི་སྲིད་པ་བྱེ་བྲག་ཅིག་གི་ཚུལ་དུ་གྲུབ་པས་སྟོང་པའི་ཆོས་རྣམས་དང་འབྲེལ་བའི་དམིགས་བཀར་ཐེག་ཆེན་སེམས་ཙམ་པའམ་ཡང་ན་དབུ་མ་པའི་ཆོས་ལའང་གོ་ཆོག

དེ་ལྟ་བུའི་ཆོས་ཁས་མི་ལེན་པའི་དོན་ནི། དེ་དག་ལ་དྭོགས་པ་བྱེད་པའམ་ཚམ་ཚོམ་དང་ཐག་ཆོད་མ་ཐུབ་པ་ (འདི་བདེན་ནམ་མི་བདེན་ཟེར་བ་ལྟ་བུ་) དང་། དེ་དག་ལ་ཡིད་མི་ཆེས་པ། དེ་དག་ལ་བརྙས་པ་ (འདི་ཡག་པོ་མི་འདུག དེ་དག་རྦད་དེ་དྲན་པ་བརྗེད་དགོས་ཟེར་བ་ལྟ་བུ་) བཅས་རེད། སྐབས་འདིར་གསང་སྔགས་ལྟར་གནད་དོན་གཙོ་བོ་ནི་གསང་སྔགས་ཉམས་ལེན་བྱེད་བཞིན་དུ་ང་ཚོས་ཐེག་པ་ཆེན་པོའི་གྲུབ་མཐའ་གང་འདྲ་ཞིག་གི་རྗེས་སུ་འབྲང་གི་ཡོད་ནའང་འདྲ་སྟེ། ང་ཚོར་དེའི་ནང་བཤད་པའི་སྟོང་པ་ཉིད་ཀྱི་ཆོས་ལ་མཐའ་གཅིག་ཏུ་གདེང་ཚོད་དགོས་ཀྱི་ཡོད། དེ་མིན་གལ་ཏེ་ང་ཚོས་ཉམས་ལེན་གྱི་རིང་ལ་སྟོང་པ་ཉིད་ཁས་ལེན་མི་བྱེད་པའམ། ཡང་ན་སྐབས་དོན་དེའི་ཕྱི་རོལ་ཏུ་རྒྱུད་རིམ་གང་འདྲ་ཞིག་ལ་འབད་ཐབས་བྱས་ན། ང་ཚོས་སོ་སོའི་དམིགས་རྣམ་དེ་དག་ངེས་པར་དུ་བདེན་པ་ཡིན་པའི་ཡིད་ཆེས་བྱེད་སྲིད་པ་ལྟ་བུ་རེད། འདི་ལྟ་བུའི་གོ་བ་ལོག་སྒྲུབ་ཀྱིས་འཁོར་བའི་སྡུག་བསྔལ་རྒྱུན་སྲིང་བར་བྱེད་པ་ཙམ་དང་དེས་ཐ་ན་སེམས་མི་བདེའམ་སེམས་ཆ་སྙོམ་མེད་པ་བཟོ་སྲིད་པ་རེད། 

དེར་བརྟེན་གསང་སྔགས་ཉམས་ལེན་བྱེད་བཞིན་པའི་སྐབས་སུ་སྟོང་པ་ཉིད་ཀྱི་ལྟ་བ་གང་འཚམས་ཤིག་ཡོད་དགོས་ངེས་རེད། དེ་ཡང་སེམས་ཙམ་པ་དང་། དབུ་མ་པ། ཡང་ན་ཐེག་པ་ཆེན་པོའི་སྟོང་ཉིད་ཀྱི་ལྟ་བ་གང་ཡིན་ནའང་འདྲ་སྟེ། ཆོས་ཐམས་ཅད་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པས་སྟོང་པའི་ལྟ་བ་དེ་དགོས་ཀྱི་ཡོད། དེར་མ་ཟད། ཁོང་ཚོས་དེ་ནི་གནས་སྐབས་དེའི་རིང་ང་ཚོའི་གྲུབ་མཐའ་དེ་སེམས་ཙམ་པ་དང་དབུ་མ་པ་ལས་རིམ་པ་སྤོར་བའམ་ཡང་ན་དབུ་མ་པའི་ནང་དུ་དབུ་མ་རང་རྒྱུད་པ་ལས་ཐལ་འགྱུར་བའི་ལུགས་སུ་རིམ་པ་སྤོར་བའི་ཆེད་དགོས་ངེས་ཅན་རེད་ཅེས་བརྗོད་ཀྱི་ཡོད། དེའི་རྒྱུད་རིམ་གྱི་ནང་ང་ཚོའི་དེའི་སྔོན་གྱི་གྲུབ་མཐའི་ལམ་ལུགས་རྣམས་ཀྱི་སྟོང་པ་ཉིད་དེ་དགག་དགོས། འོ་ན། དེ་ནི་སྡོམ་པ་འདི་དང་ལྷན་དུ་རན་འཚམས་ཇི་ལྟར་ཆགས་ཀྱི་ཡོད་དམ། འདིའི་དོན་ནི། འགྲེལ་བ་མགོ་རྙོག་ཉུང་བ་ཞིག་འདོར་བར་བྱེད་པའི་སྐབས་སུ་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་ལྟ་བ་ཡང་དག་པ་མེད་པར་སོ་སོ་རང་ཉིད་སྐྱུར་བཞིན་ཡོད་པ་ཞིག་མིན། ཕྱོགས་གཞན་ཞིག་ནས་དེ་ལ་སྡོམ་པ་འབྲེལ་བ་ཆགས་དགོས་ཀྱི་ཡོད། གལ་ཏེ་གང་ལྟར་ཡང་སྟོང་པ་ཉིད་ཀྱི་ལྟ་བ་མེད་པའི་སྒོ་ནས་གསང་སྔགས་ཉམས་ལེན་བྱས་ན། ཁྱེད་ཀྱི་སྡོམ་པ་ཤོར་གྱི་ཡོད། འོན་ཀྱང་། དེའི་སྐབས་སུ་ཁྱེད་ཀྱིས་སྟོང་ཉིད་ཀྱི་ལྟ་བ་དེ་རིམ་པ་སྤོར་ཐུབ་ཅེས་སྣང་མེད་གཏོང་གི་མེད། བྱས་ཙང་། དེའི་རྨང་གཞིར་གྱུར་བ་ལ་ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས་ཀྱི་བསམ་བློའི་ཕྱོགས་རིས་ཤིག་ཡོད་དེ། ཁྱེད་རང་དངོས་གནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར། སོ་སོའི་ལྟ་བའི་རིམ་པ་དེ་སྤོར་དགོས་ཀྱི་ཡོད། 

ཉམས་ལེན་པ་སྒེར་སོ་སོའི་ཕྱོགས་རིས།

ང་ཚོས་ནང་པའི་སྲོལ་རྒྱུན་ལམ་ལུགས་རང་གི་དམ་བཅའི་ནང་ཡོད་པའི་ལྷན་སྐྱེས་ཀྱི་ཕྱོགས་རིས་སྐོར་གོ་བསྡུར་བྱས་ཡོད། ཡིན་ནའང་། ནང་པའི་ཆོས་བརྒྱུད་བྱེ་བྲག་ཅིག་གི་རྗེས་འབྲང་པའི་ཕྱོགས་རིས་ཀྱི་སྐོར་དེ་གང་འདྲ་རེད་དམ། འདིར་གང་ཤོད་བཞིན་ཡོད་དམ། འདི་ལ་ནང་ཆོས་རང་ནས་གང་བརྗོད་ཀྱི་ཡོད་པར་གཞིགས་ན། བྱང་ཆུབ་སེམས་དཔའི་ཡན་ལག་གི་སྡོམ་པ་ཞིག་ཀྱང་ཡོད། བྱང་ཆུབ་སེམས་དཔའི་ཡན་ལག་གི་སྡོམ་པ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་གཅིག་གམ་གཞན་ཞིག་གི་སྦྱོང་བརྡར་ལ་བར་ཆད་བྱེད་པའམ། ཡང་ན་སྤྱིར་བཏང་གཞན་ལ་ཕན་འདོགས་པར་བར་ཆད་བྱེད་པའི་ཉེས་བྱས་ཀྱི་སྐོར་ཤོད་ཀྱིན་ཡོད། 

ཐེག་པ་ཆེན་པོ་སྤོང་བ།

བྱང་ཆུབ་སེམས་དཔའི་ཡན་ལག་ལ་ཐེག་པ་ཆེན་པོ་མི་སྤོང་བའི་སྡོམ་པ་ཡོད་པ་དང་ཐེག་ཆེན་སྤོང་བ་ནི་ཉེས་བྱས་ཆགས་ཀྱི་ཡོད། སྐབས་འདིར་སྤྱིར་བཏང་ང་ཚོས་ཐེག་པ་ཆེན་པོའི་གྲུབ་མཐའ་ནི་སངས་རྒྱས་ཀྱི་བཀའ་ཚད་ལྡན་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད། ཡིན་ནའང་། དེ་དག་གི་རྣམ་པ་འགའ་ཞིག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། དམིགས་བསལ་བྱང་ཆུབ་སེམས་དཔའི་བསམ་བརྗོད་ལས་འདས་པའི་རྒྱ་ཆེ་བའི་མཛད་པ་དང་བསམ་གྱིས་མི་ཁྱབ་པ་དང་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་དང་འབྲེལ་བའི་གཞུང་ལུགས་ཁག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། 

དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་བརྗོད་ལས་འདས་པའི་རྒྱ་ཆེ་བའི་མཛད་པའི་ནང་། སངས་རྒྱས་རྣམས་ཀྱིས་གཟུགས་ཀྱི་རྣམ་པ་གྲངས་ལས་འདས་པར་སྒྱུར་བ་དང་། དུས་གཅིག་གི་ནང་འཇིག་རྟེན་གྲངས་མེད་པའི་ནང་གི་སེམས་ཅན་བགྲང་བ་ལས་འདས་པར་ཕན་འདོགས་པ་སོགས་སྐྱེས་རབས་ལོ་རྒྱུས་རྣམས་ཚུད་ཡོད། དེ་དག་ལས་ཕྱི་མ་བསམ་གྱིས་མི་ཁྱབ་པའི་ཟབ་ཆོས་དེ་དག་ནི་ཧ་ཅང་གཏིང་དཔོག་པར་དཀའ་བའི་ཚིང་ཉུང་ལ་དོན་རྣམས་སྙིང་པོར་བསྡུས་པ་དང་དོན་སྙིང་ཀུན་ཚང་གི་ཚིགས་སུ་བཅད་པ་རྣམས་རེད། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་སྐོར་གྱི་གོ་བསྡུར་དང་བསྟུན་ནས་འདིར་གང་བསྡུ་ཆོག་ཅེ་ན། དེའི་ནང་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལྟ་བུའི་རྣམ་ཐར་རྣམས་བསྡུ་ཆོག་ངེས་རེད། དེ་ལ་ང་ཚོས་ “འགྲིག་གི་འདུག འདི་ནི་ཐེག་པ་ཆེན་པོའི་ཆོས་རེད། དཔེར་ན། དེ་དག་ནི་སྤྱིར་བཏང་རྙིང་མའི་ཆོས་བརྒྱུད་ཀྱི་ནང་ཆོས་ཚད་ལྡན་རྣམས་ཡིན་པ་རེད། འོན་ཀྱང་། བསམ་བློ་ཐོངས་དང་གུ་རུ་རིན་པོ་ཆེའི་རྣམ་ཐར་འདིའི་སྐོར་ལ་ཆ་བཞག་ན། ཁོང་གིས་མཛད་པ་བསྐྱངས་པ་ཐམས་ཅད་གང་འཚམས་ཀྱི་ཡ་མཚན་ཅན་རེད” ཅེས་བརྗོད་ཀྱི་ཡོད། བྱས་ཙང་། ང་ཚོས་འདི་ནི་ཏོག་ཙམ་ཁྱད་མཚར་ཞིག་རེད་ཅེས་བརྗོད་ངེས་རེད། 

དེར་བརྟེན་ང་ཚོས་འདི་ལྟ་བུ་ཐབས་ཚུལ་བཞི་གང་རུང་གི་ནང་ངོས་ལེན་མི་བྱེད་པའི་སྒོ་ནས་སོ་སོའི་ཤེས་རབ་ཉམས་དམས་སུ་གཏོང་གི་ཡོད། དེ་དག་ནི།

  • དེ་དག་གི་བརྗོད་དོན་དེ་དམན་པ་ཡིན་པའི་རིགས་གཅིག་སྟེ། དོན་སྙིང་རྩ་ནས་མེད་པ་ཞིག་ཤོད་ཀྱིན་ཡོད། (འདིའང་ཕྱོགས་རིས་ཀྱི་ལྟ་ཚུལ་ཞིག་ཏུ་བརྩི་བ་དེ་ཁྱེད་ཀྱིས་མཐོང་ཐུབ།)
  • དེ་དག་གི་རྣམ་འགྱུར་སྟོན་ཚུལ་དེ་དམན་པ་སྟེ། རྩོམ་སྟངས་ཡག་པོ་མེད་པ་དང་དོན་གང་ཡང་མི་སྟོན་པ།
  • དེ་དག་གི་རྩོམ་པ་པོ་དམན་པ་སྟེ། དེ་དག་ནི་སངས་རྒྱས་ཀྱི་བཀའ་མིན་པ།
  • དེ་དག་གི་བེད་སྤྱོད་དམན་པ་སྟེ། དེ་དག་སུ་གཅིག་ལའང་ཕན་ཐོགས་མེད་པ།

བྱས་ཙང་། དེ་ལྟར་སེམས་གུ་དོག་པོ་དང་ཁོང་ཁྲོ་ཟ་ཆོག་ཆོག་གི་ཁེངས་དྲེགས་ཅན་གྱི་ནང་རྣམ་པར་འབྱེད་པ་ནི་ང་ཚོས་སོ་སོའི་གནད་དོན་གང་ཞིག་ཡང་དག་པར་རྣམ་པར་འབྱེད་པའི་ནུས་པ་ལ་གནོད་སྐྱོན་གཏོང་གི་ཡོད། 

གཞུང་ལུགས་དང་ཆོས་ཀློག་པ་ལ་བརྟེན་ནས་གནས་ཚུལ་དེ་འདྲ་དང་འཕྲད་པའི་སྐབས། དུས་རྟག་ཏུ་ལམ་སྟོན་བྱེད་པའི་གནད་དོན་གཙོ་བོ་ནི། “ངས་དེ་དག་ཤེས་ཀྱི་མི་འདུག་” ཅེས་བརྗོད་པ་ཙམ་དེ་རེད། ང་ཚོ་སེམས་གུ་ཡངས་པོ་དང་བློ་སྒོ་ཕྱེས་ནས་གནས་དགོས། ང་ཚོས་ “ངས་དེ་དག་ལ་ད་ལྟ་རྗེས་སུ་ཡི་རང་བྱེད་པ་དང་ཚོད་དཔག་བྱེད་མི་ཐུབ་ནའང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་དེ་དག་གི་ཚིག་དང་དོན་རྟོགས་ཀྱི་ཡོད། དེའི་བརྒྱུད་ནས་ཁོང་ཚོས་ཐབས་ལམ་དཔག་ཏུ་མེད་པའི་ཐོག་གཞན་ལ་ཕན་བཏགས་ཐུབ་ཡོད་” ཅེས་བསམ་གྱི་ཡོད། བྱས་ཙང་། ང་ཚོས་མ་འོངས་པར་དེ་དག་རྟོགས་ཐབས་སུ་ཆོད་སེམས་བརྟན་པོ་ཞིག་སྐྱེད་ཀྱི་ཡོད། གལ་ཏེ་ང་ཚོར་ཆོད་སེམས་བརྟན་པོ་འདི་མེད་ན། དེ་ལ་ནོར་འཁྲུལ་གང་ཡང་མེད། “ངས་འདི་མ་འོངས་པར་རྟོགས་འདོད་ཡོད་” ཅེས་དང་། ཇི་སྲིད་ང་ཚོས་ཆོས་ལ་མཐོང་ཆུང་དང་བརྙས་བཅོས་མི་བྱེད་པ་དེ་སྲིད་དུ་མ་མཐར་ཡང་ང་ཚོས་བཏང་སྙོམས་རྒྱུན་སྐྱོང་བ་དང་དེ་དག་རྟོགས་ཀྱི་མེད་པ་དེ་ངོས་ལེན་བྱེད་དགོས། དེ་ནི་དེ་དག་གི་ཕྱོགས་སུ་ཕྱོགས་རིས་བྲལ་བའི་ལྟ་ཚུལ་ཤུགས་ཆེ་བ་ཞིག་ཆགས་པ་ལས། “འདི་ནི་ཆོ་མི་འདུག་” ཅེས་པའམ་ཡང་ན་ “འདིའི་བེད་སྤྱོད་གང་ཡོད་དམ། འདིས་སུ་གཅིག་ལའང་མི་ཕན་” ཞེས་དང་། ཡང་ “འདི་ནི་དངོས་གནས་རྩོམ་བྲིས་ཡག་པོ་མིན་” ཞེས་བརྗོད་ཀྱི་མ་རེད། 

སོ་སོ་རང་ཉིད་ཀྱི་ཆོས་སྲོལ་དང་འབྲེལ་བའི་ཕྱོགས་རིས།

འོན་ཀྱང་། དེ་ལས་གྲགས་ཆེ་བའི་སྒེར་གྱི་ཕྱོགས་རིས་ཀྱིས་ “ངའི་བོད་ཀྱི་སྲོལ་རྒྱུན་ལམ་ལུགས་དེ་ཡག་ཤོས་ཡིན་” ཞེས་པའི་རྣམ་པ་དེ་འཛིན་ཀྱི་ཡོད། དེ་ནི་ཆོས་ལུགས་གཅིག་བདེན་རིང་ལུགས་ (གཞན་དག་ཡག་པོ་མི་འདུག དེ་དག་གིས་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཀྱི་མི་འདུག་) དང་ཡང་ན་ཆོས་ལུགས་གཅིག་ལ་གཞན་སྡུད་རིང་ལུགས་ཏེ། ང་ཚོས་གང་བྱེད་པའི་རྗེས་སུ་འབྲང་བའི་སྐབས་སུ་དེ་དག་ནི་གང་ཙམ་ཞིག་གི་བར་དུ་འགྲིག་འདུག དཔེར་ན། ཁོང་ཚོའི་བློ་སྦྱོང་གི་ཉམས་ལེན་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ལྟ་བུ་རེད། འོན་ཀྱང་། ང་ཚོའི་སྲོལ་རྒྱུན་ནི་ཡག་ཤོས་དང་མཐོ་ཤོས་ཡིན་ཞེས་བརྗོད་ཀྱི་ཡོད། དམིགས་བསལ་གསང་སྔགས་ཉམས་ལེན་གྱི་སྐབས་སུ་མི་རྣམས་ལ་དེ་འདྲ་ཞིག་ཡོད་པ་རེད། ཡིན་ནའང་། ང་ཚོ་ལ་ད་དུང་ཡང་ཕྱོགས་རིས་ཀྱི་བསམ་བློ་དེ་ཡོད་ཆོག་པ་དང་དེ་ནི་བོད་ཀྱི་ཆོས་བརྒྱུད་བྱེ་བྲག་ཅིག་གི་ནང་ཡོད་པའི་སྒེར་སོ་སོའི་ཕྱོགས་རིས་ཀྱི་བསམ་བློ་ཡིན་པ་རེད། “ངའི་དགེ་བའི་བཤེས་གཉེན་ནི་ཡག་ཤོས་རེད། གཞན་གྱི་དགེ་བའི་བཤེས་གཉེན་ནི་ཡག་པོ་མིན་” ཞེས་དང་། “ང་ཚོའི་ཆོས་ཚོགས་ནི་ཡག་ཤོས་རེད། གཞན་གྱི་ཆོས་ཚོགས་ནི་ཡག་པོ་མིན་” ཞེས་སོགས་ཟེར་བ་ལྟ་བུ་རེད། སླར་ཡང་དེ་དག་གིས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཀྱི་མེད། “ཁྱེད་རང་ལ་གང་ཡང་འཐོབ་ཀྱི་མ་རེད།” ཡང་ན་ “ཁོང་ཚོས་བཤད་པའི་གནད་དོན་འགའ་ཞིག་ནི་འགྲིག་གི་འདུག ཡིན་ནའང་། གནད་དོན་གཞན་འགའ་ཞིག་ནི་ཕན་ནུས་ལྡན་པ་དེ་ཙམ་མི་འདུག (ཡག་པོ་མི་འདུག་ཟེར་བའམ་འགྲིག་གི་མི་འདུག)” ཟེར་བ་ལྟ་བུ་རེད། འདི་ནི་ནམ་རྒྱུན་མ་རིག་པ་ལ་གཞི་བྱས་ཡོད་པ་སྟེ། བརྒྱུད་པ་དང་བོད་ཀྱི་ཆོས་བརྒྱུད་ཁག་གི་སྐོར་ལ་ཀུན་རྫོབ་དང་དོན་དམ་གྱི་བདེན་པའི་གོ་རྟོགས་མེད་པ་ཞིག་རེད། 

ཀུན་རྫོབ་བདེན་པ་ནི། ནམ་རྒྱུན་ཁྱེད་རང་འདིའི་སྐོར་མི་ཤེས་པའམ་རྒྱུས་མངའ་མེད་པའི་སྐབས། དེ་ནི་སྲོལ་རྒྱུན་གྱི་ལམ་ལུགས་སྣ་ཚོགས་པ་དེ་དག་གི་ཀུན་རྫོབ་བདེན་པ་མ་རྟོགས་པ་ལ་གཞི་བྱས་ཡོད། བྱས་ཙང་། ཁྱེད་ཀྱིས་སོ་སོ་རང་ཉིད་དང་གཞན་གྱི་སྲོལ་རྒྱུན་ལམ་ལུགས་ཀྱི་དམ་བཅའ་མི་འདྲ་བའི་ཁྱད་པར་རྣམས་ཤེས་ཀྱི་མེད། ཁྱེད་ཀྱི་མི་ཞིག་ལ། “ཁྱེད་རང་དགེ་ལུགས་པ་ (བཀའ་བརྒྱུད་པ་སོགས་གང་ཡིན་རུང་) ཧ་ཅང་ཤུགས་ཆེན་པོ་དེ་འདྲ་ཅིའི་ཕྱིར་ཡིན་ནམ་” ཞེས་དྲིས་ན། དེ་ལ་ལན་མེད་པ་རེད། བརྒྱུད་པ་དེའི་བྱེ་བྲག་སྒེར་གྱི་ཁྱད་ཆོས་རྣམས་གང་དང་གང་ཡིན་པ་དང་བརྒྱུད་པ་གཞན་གྱི་ཁྱད་ཆོས་རྣམས་གང་ཡིན་ཤེས་ཀྱི་མེད། དེ་ནི་གང་འཚམས་ཀྱི་སེམས་སྐྱོ་པོ་རེད། ཡང་ན་ཁོང་ཚོས་དེ་དག་ནི་ཕྱོགས་ཙམ་དང་ཆ་ཙམ་ལས་ཤེས་ཀྱི་མེད་པའམ་ཁོང་ཚོས་གཅིག་ཀྱང་མི་ཤེས་པའམ་འགའ་ཙམ་ཡང་དག་པར་ཤེས་ཀྱི་ཡོད། ཡང་ན་ཁོང་ཚོས་དེ་དག་ལོག་པར་ཤེས་ཀྱི་ཡོད།

བརྒྱུད་པ་ནི་དགེ་བའི་བཤེས་གཉེན་མི་འདྲ་བ་ལས་འཕེལ་རྒྱས་འགྲོ་གི་ཡོད་པ་དང་ཉམས་ལེན་མི་འདྲ་བ་ཡོད། གལ་ཏེ་ཁྱེད་ཀྱིས་བརྒྱུད་པ་དེ་དག་ལ་བལྟས་ན། བོད་དུ་བསླེབ་མཁན་གྱི་ལོ་ཙཱ་བ་དང་། དགེ་བའི་བཤེས་གཉེན་མང་པོ་ཡོད་པ་དང་རྒྱ་གར་དུ་བོད་མི་མང་པོ་ཕྱིན་ཡོད། ཉམས་ལེན་མི་འདྲ་བ་སྣ་ཚོགས་པ་ཡོད་པ་དང་དེ་དག་རེ་རེ་ལ་རང་སོ་སོའི་བརྒྱུད་པ་ཡོད་པ་དང་ཉམས་ལེན་གཅིག་པའི་ནང་བརྒྱུད་པ་མི་འདྲ་བ་མང་པོ་ཡོད་པ་ལྟ་བུ་རེད། མི་སྣ་ཚོགས་པས་དེ་དག་འགའ་ཞིག་གཅིག་ཏུ་འདུས་ཡོད། མཐར་གང་ཞིག་རྒྱུན་སྲིང་ཐུབ་པ་ཆགས་ཡོད་ཅེ་ན། དེ་ནི་སྲོལ་རྒྱུན་ལམ་ལུགས་ཀྱི་བརྒྱུད་པ་ཟེར་བ་དེ་ཆགས་ཀྱི་ཡོད། བྱས་ཙང་། ཁོང་ཚོས་དེ་དག་འགའ་ཞིག་གཅིག་ཏུ་མཉམ་སྡེབ་བྱེད་ནའང་། གང་མཉམ་སྡེབ་བྱེད་པ་དེ་ཁོང་ཚོའི་སྲོལ་རྒྱུན་ལམ་ལུགས་ཁོ་ནའི་ནང་ཡོད་དགོས་པའི་ངེས་པ་མེད། གང་ཡིན་ཞེ་ན། བརྒྱུད་པ་དེ་དག་ཁག་གཅིག་ནི་བོད་ཀྱི་སྲོལ་རྒྱུན་གཞན་དག་འགའ་ཞིག་གིས་ཀྱང་མཉམ་སྤྱོད་བྱས་ཡོད་ངེས་རེད། འདི་ནི་སྲོལ་རྒྱུན་ལམ་ལུགས་དེ་དག་ཇི་ལྟར་འཕེལ་རྒྱས་འགྲོ་ཚུལ་དེ་རེད། དེ་དག་ཕན་ཚུན་འདྲེས་པ་དང་རྒྱུད་རིམ་ཆ་ཚང་གི་ནང་འགྱུར་ལྡོག་ཕྱིན་ཡོད་དེ། དེ་དག་མཉམ་སྤྱོད་བྱས་པ་དང་གཅིག་ལ་གཅིག་ཕར་ཚུར་བརྒྱུད་པ་དང་འགྲེལ་བ་མི་འདྲ་བ་རྒྱག་ཡོད། དེ་ག་ནང་བཞིན་བརྒྱུད་པ་རྣམས་ནི་རིགས་མཐུན་པ་ཞིག་མིན་པར། ལྟ་བ་མི་འདྲ་བ་མང་པོ་ཡོད་པ་དང་དེ་དག་རེ་རེའི་ནང་ཉམས་ལེན་མི་འདྲ་བ་མང་པོ་ཡོད། 

ངས་གོང་དུ་ཞུ་ཟིན་པ་ལྟར། ནམ་རྒྱུན་ང་ཚོར་སྒེར་སོ་སོའི་ཕྱོགས་རིས་འདི་ཡོད་པའི་སྐབས། དེ་ནི་ཀུན་རྫོབ་ཀྱི་བདེན་པ་མ་རྟོགས་པ་ (ལོག་པར་རྟོགས་པའམ་ཕྱོགས་རེ་ཙམ་རྟོགས་པ་) ལ་བརྟེན་ནས་ཡོང་གི་ཡོད། དེ་ནི་སྲོལ་རྒྱུན་ལམ་ལུགས་ཤིག་གི་ཁས་ལེན་དམ་བཅའ་གང་ཡིན་པ་དག་རེད། དེ་ནས་དོན་དམ་བདེན་པའི་སྐོར་ལ་མགོ་རྙོག་ཡོད། ང་ཚོས་སྲོལ་རྒྱུན་ལམ་ལུགས་ཡོད་པ་དེ་ཇི་ལྟར་སྐྲུན་པའི་ཚུལ་མ་རྟོགས་པའམ་ལོག་པར་རྟོགས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་དེ་དག་ཇི་ལྟར་གྲུབ་པ་དེ་བསྐྲུན་ཡོད། དེ་དག་ནི་ཆ་ཤས་ལ་བརྟེན་ནས་འབྱུང་བའི་རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཡིན་པ་གསལ་པོ་རེད། 

འོན་ཀྱང་། དོན་ངོ་མར་ཁྱེད་ཀྱིས་བརྟག་དཔྱད་བྱེད་པའི་སྐབས། དེ་ནི་གང་འཚམས་ཀྱི་དོ་སྣང་བྱ་འོས་པ་ཞིག་ཡོད། གང་ཡིན་ཞེ་ན། ཐ་ན་ཁྱེད་ལ་ཆོས་ལུགས་ཕྱོགས་རིས་དང་བྲལ་བའི་ལྟ་བ་ཞིག་ཡོད་ནའང་། བོད་ཀྱི་སྲོལ་རྒྱུན་ལམ་ལུགས་ཀྱི་སྐོར་ལ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་མ་རྟོགས་པ་འདི་ཡོད་སྲིད་པ་རེད། ཕྱོགས་གཞན་ཞིག་ནས་ཁྱེད་ཀྱིས་དེ་དག་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱེད་པའི་ཐབས་ཚད་ལྡན་དག་རེད་ཅེས་བརྗོད་ཆོག་ཀྱང་། ཁྱེད་ལ་དེ་དག་གི་ཁྱད་པར་གང་དག་ཡིན་པ་དང་དེ་དག་གི་དམ་བཅའ་གང་དག་ཡིན་པའི་ཐད་ལ་བསམ་བློ་གསལ་པོ་ཞིག་མེད་པའམ། ཡང་ན་ཁྱེད་ལ་དེ་དག་གི་ཐད་ཐ་ན་ལོག་པར་རྟོགས་པ་ཞིག་ཀྱང་ཡོད་སྲིད་པ་རེད། ཁྱེད་ཀྱིས་དེ་དག་ལ་ཚུགས་ཐུབ་བདེན་པར་གྲུབ་པ་ཞིག་ཏུ་འཛིན་པ་དང་ད་དུང་ཡང་ཕྱོགས་རིས་བྲལ་བ་ཞིག་བྱེད་ལོས་ཆོག བྱས་ཙང་། དེ་ནི་འདིར་སླར་ཡང་ཏོག་ཙམ་མགོ་རྙོག་ཚ་པོ་ཆགས་ཀྱི་ཡོད། 

རྟོག་བཅས་ཀྱི་ཤེས་པ།

ང་ཚོས་བོད་ཀྱི་སྲོལ་རྒྱུན་ལམ་ལུགས་ཀྱི་སྐོར་བསམ་བློ་གཏོང་བ་དང་རིམ་པས་དེ་དག་གི་སྐོར་བཤད་པའི་སྐབས། དེ་ནི་བརྒྱུད་པ་དེའི་རྟོག་བཅས་ཤེས་པ་ལ་གཞི་བྱེད་ཀྱི་ཡོད། འོ་ན་རྟོག་བཅས་ཤེས་པ་ཟེར་བ་དེ་གང་རེད་དམ། རྟོག་བཅས་ཤེས་པ་ནི་སྤྱི་ཞིག་གི་བརྒྱུད་ནས་ཡུལ་གང་ཞིག་རྟོགས་པ་དང་ཆོས་གང་ཞིག་ཤེས་རྟོགས་བྱེད་པ་དེ་རེད། སྤྱི་དེ་ཡང་དགེ་ལུགས་དང་། བཀའ་བརྒྱུད། རྙིང་མ། ས་སྐྱ་ལྟ་བུ་བརྒྱུད་པ་ཡིན་པ་རེད། དེ་ནས་ལྡོག་པ་ཞེས་བྱ་བ་ཞིག་ཡོད། ལྡོག་པ་ཞེས་པ་ནི་མ་ཡིན་པ་ལས་ལོག་པ་དེ་རེད། དཔེར་ན། བརྒྱུད་པ་འདི་ནི་བརྒྱུད་པ་འདི་ལས་ལོགས་སུ་མེད་ཅེས་པའམ་བརྒྱུད་པ་འདི་མ་ཡིན་པ་ལས་ལོག་པ་ལྟ་བུ་རེད། བྱས་ཙང་། འདི་ནི་སྤྱི་དེ་དང་ཁྱེད་ཀྱིས་དེའི་སྐོར་བསམ་པའི་སྐབས་སུ་བརྒྱུད་པ་དེ་མཚོན་པའི་ཆེད་གང་བེད་སྤྱོད་བྱེད་རྩིས་ཡོད་པའི་དབར་གྱི་བར་མི་ལྟ་བུ་ཞིག་ཡིན་པ་རེད། 

དེ་ནི་དཔེར་ན། ཁྱེད་ཀྱིས་ཁྱི་ཞིག་ལ་བསམ་བློ་གཏོང་བའི་སྐབས། ཁྱི་ལ་བསམ་བློ་གཏོང་དགོས། གལ་ཏེ་ཁྱེད་ཀྱིས་ཁྱི་ཞིག་ལ་བསམ་བློ་བཏང་ན། མི་ཚང་མར་ཁྱི་གང་འདྲ་ཞིག་ཡོད་པའི་རང་སོ་སོའི་སེམས་ཀྱི་མཚོན་དོན་མི་འདྲ་བ་ཞིག་ཡོད་ངེས་རེད་ལ། ད་དུང་ཡང་ང་ཚོ་ཚང་མས་ཁྱི་ལ་བསམ་བློ་གཏོང་ཐུབ། བྱས་ཙང་། ཁྱིའི་སྤྱི་ཞིག་ཡོད་པ་དང་ཁྱི་མ་ཡིན་པ་ལས་ལོག་པའི་ལྡོག་པ་ཞིག་ཡོད། དེ་ནས་ང་ཚོས་ཁྱི་མཚོན་པར་བྱེད་ཆེད་གང་བེད་སྤྱོད་བྱེད་པ་དེ་ཡོད། ཐ་ན་ང་ཚོས་སོ་སོའི་སེམས་ཀྱི་འཆར་སྣང་དང་མི་འདྲ་ཞིང་ཁྱིའི་སྣང་བརྙན་དངོས་དང་མི་འདྲ་བའི་ཁྱི་ཞིག་མཐོང་ནའང་། དེ་ནི་ང་ཚོས་ཁྱི་ལ་ཇི་ལྟར་བསམ་བློ་གཏོང་བའི་ཚུལ་དེ་རེད། ཡང་ང་ཚོས་ཁྱིའི་རིགས་གཞན་ཞིག་མཐོང་བ་དང་དེ་ཁྱི་ཡིན་པའི་རྟོག་པས་བསྐྲུན་སྐབས། དེ་ནི་ང་ཚོའི་མཚོན་དོན་ཞིག་ཏུ་བེད་སྤྱོད་བྱེད་ཆོག

དེ་འདྲ་སོང་ཙང་། ཁྱེད་ཀྱིས་དགེ་ལུགས་དང་། བཀའ་བརྒྱུད། ས་སྐྱ། རྙིང་མ་ལ་བསམ་བློ་གཏོང་སྐབས། བསམ་བློ་གང་འཁོར་གྱི་འདུག་གམ། དེ་མཚོན་བྱེད་དུ་ཁྱེད་ཀྱིས་གང་བེད་སྤྱོད་བྱེད་ཀྱི་ཡོད་དམ། དེ་ནི་ཧ་ཅང་དོ་སྣང་བྱ་འོས་པའི་དྲི་བ་ཞིག་རེད། དེ་ནི་གསལ་ཁ་མེད་པ་ཞིག་ཡིན་སྲིད། ཁྱེད་ཀྱིས་ཕལ་ཆེར་ཤེས་ཀྱི་མེད་པས། དཔེར་ན། ཚིག་གི་སྒྲ་ཙམ་གྱིས་དེ་མཚོན་པར་བྱེད་ཀྱི་ཡོད། དེ་ལ་ནང་དོན་མེད་པ་རེད། འདི་ནི་སྒྲ་སྤྱི་ཙམ་རེད། ཁྱེད་ཀྱིས་དེའི་དོན་དངོས་གནས་ཤེས་ཀྱི་མེད། ཡང་ན་དེ་ནི་ལོག་པའི་ལྟ་བ་བྱེ་བྲག་ཅིག་ཡིན་སྲིད་ལ། ཡང་དག་པ་དང་ལོག་པ་གཉིས་ཀ་ཡིན་སྲིད། དེ་ནི་སོ་སོ་རང་ཉིད་ཀྱི་བླ་མའམ་དགེ་བའི་བཤེས་གཉེན་ཡིན་སྲིད། འདི་ནི་དགེ་ལུགས་དང་། བཀའ་བརྒྱུད། ས་སྐྱ། རྙིང་མ་བཅས་ལ་བསམ་བློ་གཏོང་སྐབས། ངས་བསམ་བློ་གང་འཁོར་བ་དེ་རེད། ཡང་དེ་ནི་བརྒྱུད་པ་ཡིན་སྲིད་པ་སྟེ། དཔེར་ན། ཏཻ་ལོ་པ་དང་། ནཱ་རོ་པ། མར་པ་ལོ་ཙཱ་བ། རྗེ་བཙུན་མི་ལ་རས་པ་ལ་སོགས་པ་ལྟ་བུ་ངས་བཀའ་བརྒྱུད་ལ་བསམ་བློ་གཏོང་སྐབས། དེ་དག་གིས་ངའི་སེམས་ནང་བཀའ་བརྒྱུད་མཚོན་པར་བྱེད་ཀྱི་ཡོད། 

འོན་ཀྱང་། མཚོན་དོན་འདི་ཕན་ཐོགས་ཅན་ཞིག་ཆགས་པར། སོ་སོ་རང་ཉིད་ཀྱི་བརྒྱུད་པའི་ཁས་ལེན་དང་ཉམས་ལེན་དེ་བཞིན་བརྒྱུད་པ་གཞན་རྣམས་ཀྱིས་གང་བཞེད་ཀྱི་ཡོད་པའི་སྐོར་ལ་ཐོས་པ་དང་ཡང་དག་པའི་གནས་ཚུལ་ལ་གཞི་རྩ་བྱེད་པ་ཞིག་དགོས། དེ་ལྟར་བྱུང་ན། ཁྱེད་ཀྱིས་འདི་ནི་བརྒྱུད་པ་འདི་རེད། དེ་མ་རེད། ཅེས་པའི་མ་ནོར་བ་ཡང་དག་པའི་ཤན་འབྱེད་ཐུབ་ཀྱི་རེད། བྱས་ཙང་། ང་ཚོས་བརྒྱུད་པ་གཅིག་ལ་བསམ་བློ་གཏོང་སྐབས། དེ་མཚོན་པར་བྱེད་པར་གནད་དོན་གཅིག་ཁོ་ན་གདམ་ཀ་བྱེད་སྲིད་ནའང་། གནད་དོན་གཅིག་དེ་བརྒྱུད་པ་དེའི་ནང་བླ་མ་བྱེ་བྲག་པའི་བརྒྱུད་པ་ལྟ་བུ་གནད་དོན་ཆུང་ངུ་ཙམ་ཞིག་ཡིན་ན། གནད་དོན་གཅིག་དེ་འདང་ངེས་ཤིག་ཆགས་ཀྱི་མེད། དེ་ནི་ཤེས་རྒྱ་ཧ་ཅང་ཆེན་པོ་ཡོད་པར་གཞི་བྱེད་དགོས་པ་དང་དེ་ནས་ང་ཚོས་སྒེར་སོ་སོའི་མཚོན་དོན་དུ་གནད་དོན་གཅིག་གདམ་ཀ་བྱེད་དགོས། དེ་ནི་ང་ཚོས་སྤྱི་ཇི་ལྟར་ཤེས་པ་དང་སྤྱི་དེའི་ནང་གི་རྣམ་གྲངས་སོ་སོ་ཇི་ལྟར་ཤེས་པ་དང་འབྲེལ་བ་ཡོད་པ་ཞིག་དགོས་ཀྱི་ཡོད། 

ལྟ་བ་ཉོན་མོངས་ཅན་ལྔ།

གཏིང་ཟབ་ཤོས་སམ་དོན་དམ་པའི་རིམ་པའི་ཐོག་ནས་ང་ཚོར་རྟོག་བཅས་ཀྱི་ཤེས་པ་འདི་ཡོད་པ་དང་། འདི་ཡོད་པའི་སྐབས། ང་ཚོར་མ་རིག་པ་ཡོད་པ་རེད། ང་ཚོས་དེ་ཇི་ལྟར་གྲུབ་པ་ཤེས་ཀྱི་མེད་པའམ་ཡང་ན་ང་ཚོས་དེ་ལོག་པར་རྟོགས་ཀྱི་ཡོད། དེ་འདྲ་ཞིག་ང་ཚོར་ཡོད། བྱས་ཙང་། ང་ཚོས་སོ་སོ་རང་ཉིད་ཇི་ལྟར་གྲུབ་པ་དང་། བརྒྱུད་པ་ཇི་ལྟར་གྲུབ་པ། དེ་ཡོད་པ་དེ་གང་གིས་སྒྲུབ་ཀྱི་ཡོད་པ་བཅས་ཤེས་ཀྱི་མེད། དེ་བཞིན་ང་ཚོར་བདེན་པར་གྲུབ་པའམ་རང་ངོས་ནས་གྲུབ་པའི་བདག་དང་བརྒྱུད་པ་ལ་འཛིན་པ་དེ་ཡོད་པ་རེད། སོ་སོ་རང་ངོས་ལ་གཅིག་ཡོད་པ་དེས་ང་གྲུབ་པ་དང་བརྒྱུད་པའི་སྟེང་ལ་གཅིག་ཡོད་པ་དེ་རང་ངོས་ནས་རང་དབང་གིས་བརྒྱུད་པ་དེ་གྲུབ་པར་བྱེད་ཀྱི་ཡོད་ཅེས་འཛིན་གྱི་ཡོད། 

དེ་བཞིན་ང་ཚོར་རྩ་བའི་ཉོན་མོངས་རྣམས་ཀྱི་ནང་ལྟ་བ་ཉོན་མོངས་ཅན་དེ་དག་ཡོད། ལྟ་བ་ཉོན་མོངས་ཅན་ལྔའི་གྲངས་ཡོད་དེ། དང་པོ་ནི་ལྟ་བ་ཉོན་མོངས་ཅན་ཞེས་ཉོན་མོངས་ཅན་གྱི་ཀུན་སློང་ངམ་བློའི་ཁྱེར་སོ་རྣམས་རེད། དེ་ནི་འཇིག་ཚོགས་ལ་ལྟ་བ་དེ་རེད། འཇིག་ཚོགས་ནི་ང་ཚོའི་ཕུང་པོའི་ནང་ནས་གང་རུང་ཞིག་ལ་གོ་བ་ཡིན། དེ་དག་ནི་འཇིག་པའི་ཆོས་ཅན་ཡིན་པ་དང་རྟག་ཏུ་འགྱུར་བཞིན་ཡོད། བྱས་ཙང་། ལུས་དང་། སེམས། ང་ཚོས་གང་རྟོགས་པ་ཐམས་ཅད་འགྱུར་བཞིན་ཡོད། བརྒྱུད་པ་ལ་བསམ་བློ་བཏང་ན། ང་ཚོས་གང་གི་སྐོར་བསམ་བློ་གཏོང་བཞིན་ཡོད་པ་ནི་བརྒྱུད་པ་དེའི་མཚོན་དོན་ལ་བསམ་བཞིན་ཡོད། དེའི་ལྟ་བ་ཉོན་མོངས་ཅན་ནི་སྤྱི་འདིའི་ཡུལ་འཚོལ་བ་དང་དེས་ངའམ་བདག་དམ་ང་ཡི་བའམ་བདག་གི་བ་གང་རུང་མཚོན་གྱི་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོར་སྤྱི་གཞན་ཞིག་ཡོད་དེ། བདག་གམ་བདག་གི་བ་དེ་བདེན་པར་གྲུབ་པ་དང་འདྲེས་ནས་ཡོད་པ་དང་ལྟ་བ་ཉོན་མོངས་ཅན་འདིས་བསམ་ཕྱོགས་ཤིག་ལ་བརྟེན་ནས་གཡས་གཡོན་དུ་བལྟ་བ་དང་གཅིག་རྙེད་ཀྱི་ཡོད། བསམ་ཕྱོགས་དེ་དང་ལྷན་དུ་ཡུལ་དེ་འཛིན་གྱི་ཡོད། 

འདི་ནི་སྤྱིར་བཏང་གི་ཆ་ནས་བསམ་ཕྱོགས་ཤིག་ཡོད་པའི་སྐོར་ཤོད་ཀྱིན་ཡོད། ང་ཚོས་ནུབ་ཕྱོགས་ཀྱི་སྐད་ཡིག་ནང་གནད་དོན་གང་རུང་ཞིག་ལ་ཡོད་པའི་བསམ་ཕྱོགས་ཞེས་བརྗོད་ཀྱི་ཡོད། འདིར་བསམ་ཕྱོགས་ནི་བདག་དང་བདག་གི་བ་དེ་ཡིན་པ་རེད། ལྟ་བ་ཉོན་མོངས་ཅན་འདི་ནི་བདག་གམ་བདག་གི་བ་འི་ (དེ་ནི་རྟོག་བཅས་རེད་) བསམ་ཕྱོགས་དེ་རང་མིན་པར། འདིས་གང་བྱེད་ཀྱིན་ཡོད་ཅེ་ན། ཡུལ་གང་ཞིག་འཚོལ་བར་བྱེད་པ་དང་། འཕེན་པར་བྱེད་པ། དེ་ལ་ཆགས་པར་བྱེད་པའི་སེམས་བྱུང་ཞིག་རེད། བྱས་ཙང་། འདིར་དེ་ནི་བརྒྱུད་པ་དེ་རེད། “ངའམ་བདག་ལ། ང་ནི་དགེ་ལུགས་པ་ཡིན། ང་ནི་བཀའ་བརྒྱུད་པ་ཡིན། ང་ནི་རྙིང་མ་པ་ཡིན། ང་ནི་ས་སྐྱ་བ་ཡིན་” ཞེས་པ་དང་། ཡང་ང་ཡི་བའམ་བདག་གི་བ་ལ། “འདི་ནི་ངའི་བརྒྱུད་པ་རེད་” ཟེར་བ་དང་། ངའི་བླ་མ་དང་། ངའི་ཆོས་ཚོགས། ངའི་ཉམས་ལེན། ངའི་ཡི་དམ་གྱི་ལྷ་ལ་སོགས་པ་ལྟ་བུ་རེད། 

ང་ཚོ་ལ་ད་དུང་ཡང་མཐར་འཛིན་པའི་ལྟ་བ་ཞིག་ཀྱང་ཡོད། འདི་ནི་ལྟ་བ་ཉོན་མོངས་ཅན་དེ་དག་ལས་གཉིས་པ་དེ་རེད། འཕགས་པ་ཐོགས་མེད་ལྟར་ན། འདི་ནི་ལྟ་བ་ཉོན་མོངས་ཅན་དང་པོ་ལ་གཞི་བྱས་ཡོད། དེ་ཡང་བརྒྱུད་པ་དེ་རྟག་པ་ཞིག་ཏུ་བལྟ་བ་སྟེ། དེ་ནི་ནམ་ཡང་མི་འགྱུར་བ་དང་གཏན་དུ་གནས་པ་ཞིག་རེད། དེ་ནི་ཚུལ་མིན་ཡིད་བྱེད་ཅིག་ཡིན་པ་གསལ་པོ་རེད། དེ་ནི་བདེན་གྲུབ་མིན་པ་ཞིག་བདེན་གྲུབ་ཡིན་པ་ལྟ་བུའི་ཚུལ་མིན་ཡིད་བྱེད་ཙམ་ཞིག་མིན་པར། མི་རྟག་པའི་ཆོས་ཤིག་ལ་རྟག་པར་ལྟ་བ་ཞིག་ཀྱང་ཡིན་པ་རེད། བྱས་ཙང་། ང་ཚོས་ལྟ་བ་འདི་ལ་བརྟེན་ནས་བརྒྱུད་པ་དེ་ལ་བསམ་བློ་གཏོང་འདུན་ཡོད། ང་ཚོས་ལྟ་བ་འདི་ལ་ཆགས་བཞིན་ཡོད་པ་དང་བསམ་ཕྱོགས་འདི་ནི་ཚུགས་ཐུབ་ཏུ་གྲུབ་པ་ཞིག་དང་ནམ་ཡང་འགྱུར་བ་མི་འགྲོ་བ་རྟག་ཏུ་བཀའ་བརྒྱུད་དང་། རྙིང་མ། ས་སྐྱ། དགེ་ལུགས་བཅས་གནས་ཤིང་། སྔོན་ནམ་ཡང་འགྱུར་བ་ཕྱིན་མེད་པ་དང་གང་གིས་ཀྱང་ཤུགས་རྐྱེན་བྱས་མེད་པར་རང་ངོས་ནས་གྲུབ་པ་ཞིག་ཏུ་ལྟ་བ་ཡིན། 

ང་ཚོར་ད་དུང་ལྟ་བ་ཉོན་མོངས་ཅན་གསུམ་པ་ཞིག་ཡོད་ཆོག་སྟེ། ལྟ་བ་མཆོག་ཏུ་འཛིན་པ་དེ་རེད། དེ་ནི་གཞི་རྐང་ནས་བསམ་ཕྱོགས་དང་པོའམ་གཉིས་པ་ཡང་ན་གཉིས་ཀ་ལ་བརྟེན་ནས་སོ་སོ་རང་ཉིད་ཀྱི་བརྒྱུད་པ་དེ་ཡག་ཤོས་རེད་ཅེས་པ་བརྗོད་པ་དེ་རེད། བྱས་ཙང་། འདི་ནི་ “འདི་ནི་ཡག་ཤོས་དེ་རེད་” ཅེས་པའི་ལྟ་ཚུལ་འདི་ལ་ཆགས་ཀྱིན་ཡོད། དེ་ནས་ལྟ་བ་ཉོན་མོངས་ཅན་ལྔ་པ་ལོག་ལྟ་ལ་བརྟེན་ནས་ང་ཚོས་གཞན་རྣམས་ཁས་ལེན་མི་བྱེད་པ་ཡིན། འདི་ནི་གཞི་རྩའི་ཆ་ནས་ “སོ་སོ་རང་ཉིད་ཀྱི་དེ་ཡག་ཤོས་རེད་” ཅེས་པ་དང་ “གཞན་དག་ནི་ལོག་པ་རེད་” ཅེས་པ་དང་མཉམ་དུ་འགྲོ་ཞེས་བརྗོད་པ་དེ་རེད། དེ་ཡང་སྤྱི་ཡོངས་ཀྱི་ཆ་ནས་སམ་ཡང་ན་ཉམས་ལེན་བྱེ་བྲག་གང་ཡིན་རུང་དེ་དག་ཡང་དག་པ་ཡིན་པ་ཁས་ལེན་མི་བྱེད་པ་དེ་རེད། 

འདི་ནི་ཧ་ཅང་དོ་སྣང་བྱ་འོས་པ་ཞིག་རེད། རང་སོ་སོའི་སྲོལ་རྒྱུན་མི་འདྲ་བ་ཞིག་གི་ནང་ཉམས་ལེན་བྱེ་བྲག་ཅིག་ལ་བལྟ་བ་དང་དེ་དག་གིས་གནད་དོན་རྣམས་ཏོག་ཙམ་མི་འདྲ་བ་བྱེད་བཞིན་ཡོད། དཔེར་ན། དགེ་ལུགས་པའི་ཉམས་ལེན་གྱི་ནང་། འཕགས་པ་ཐོགས་མེད་ལྟར་ན། ཏིང་ངེ་འཛིན་ཐོབ་པར་ཁྱེད་ཀྱིས་ཡིད་ཀྱི་རྣམ་ཤེས་ལ་བརྟེན་ནས་ཐོབ་དགོས་ཀྱི་ཡོད་པ་ལས། དབང་པོའི་རྣམ་ཤེས་ལ་བརྟེན་ནས་མིན། དེར་བརྟེན་དགེ་ལུགས་པས་སངས་རྒྱས་དམིགས་རྣམ་དུ་བྱས་ནས་ཏིང་ངེ་འཛིན་ཐོབ་པ་དེ་ངོས་ལེན་བྱེད་ཀྱི་ཡོད་པ་ལྟ་བུ་རེད། ཡང་རྙིང་མ་དང་ཕྱག་རྒྱ་ཆེན་པོའི་ལུགས་ལྟ་བུ་སྲོལ་རྒྱུན་གཞན་གྱི་ནང་བལྟས་ན། དེ་དག་གིས་རིམ་པ་དང་པོ་ལ་སངས་རྒྱས་ཀྱི་སྐུ་འདྲ་ལ་ཅེར་ལྟ་དང་བཅས་ཏིང་ངེ་འཛིན་ཐོབ་པར་འབད་ཀྱི་ཡོད། བྱས་ཙང་། ཁྱེད་ཀྱིས་ “འདི་ནི་ནོར་བ་རེད། དེས་འགྲིག་གི་མ་རེད་” ཅེས་བརྗོད་ཀྱི་ཡོད། 

དེར་བརྟེན་འདི་ནི་ཕྱིན་ཅི་ལོག་པའི་ལྟ་བ་རེད། དེ་ནི་ཆོས་ལུགས་ཕྱོགས་རིས་ཀྱི་རྣམ་པ་ཞིག་རེད། མ་རེད་དམ། གང་ཡིན་ཞེ་ན། གཞི་རྐང་ནས་དེ་གཞན་གྱི་ཆོས་རྣམས་མི་ཤེས་པ་དང་། དེ་དག་གི་ཡིད་ཀྱི་ཤེས་པའི་མཚན་ཉིད་གང་ཡིན་མི་ཤེས་པ། རྟོག་བཅས་གང་ཡིན་མི་ཤེས་པ། རྟོག་མེད་གང་ཡིན་མི་ཤེས་པ། དབང་ཤེས་གང་ཡིན་མི་ཤེས་པ་སོགས་ལ་བརྟེན་ནས་འབྱུང་གི་ཡོད། དེ་དག་མི་ཤེས་པར་དུམ་བུ་ཆུང་ངུའམ་ཕྱོགས་རེ་ཙམ་ཞིག་ལ་བལྟ་ཙམ་བྱས་ནས་ “འདི་ནི་འགྲིག་པ་ཞིག་དང་ཡང་དག་པ་ཞིག་མིན། གང་ཡིན་ཞེ་ན་” ཞེས་བརྗོད་ཀྱིན་ཡོད། དེའི་རྒྱུ་མཚན་གཅིག་རང་ཡོད་པ་ནི་ “དེ་ནི་ངས་གང་བྱེད་པ་དང་གཅིག་མཚུངས་མིན་པའི་རྒྱུ་མཚན་གྱིས་” ཟེར་བ་དེ་ཆགས་ཀྱི་ཡོད། ངའི་ལུགས་འདི་ནི་གཞུང་ལུགས་འདི་ལ་ཁུངས་བྱས་ཡོད་ཅེས་དང་དེ་དག་གིས་ཁོང་ཚོའི་ལུགས་དེ་གཞུང་ལུགས་དེ་ལ་ཁུངས་བྱས་ཡོད་ཅེས་བརྗོད་ཀྱི་ཡོད། དེ་ནི་གཞུང་ལུགས་གཅིག་ལ་ཁུངས་བྱས་པའི་རྒྱུ་མཚན་ཙམ་གྱིས་ལྟ་བ་གཅིག་གམ་གཞན་དེ་ཡང་དག་པ་ཞིག་ཡིན་པར་སྒྲུབ་ཀྱི་མ་རེད། དེ་ནི་རྒྱུ་མཚན་རིགས་པ་གཞི་རྩ་བྱེད་དགོས། དེ་རྒྱུ་མཚན་རིགས་པར་གཞི་རྩ་བྱེད་པར། ཇི་ལྟར་སློབ་དཔོན་ཆེན་པོ་ཞི་བ་ལྷས་གསུངས་པ་ལྟར། ཕན་ཚུན་ཕྱོགས་གཉིས་ཀས་མཚན་ཉིད་ལ་མོས་མཐུན་དགོས། དེ་མིན་ཁྱེད་ཀྱིས་གནད་དོན་མི་འདྲ་བ་གཉིས་ཀྱི་སྐོར་ཤོད་ཀྱིན་ཡོད། 

དེ་ནི་ང་ཚོའི་རྟོག་བཅས་ཀྱི་ཤེས་པའི་ནང་གང་འབྱུང་བཞིན་པ་དེ་རེད། 

“བདག་” གམ་ “བདག་གི་བ་” ལྟ་བུ་སྲོལ་རྒྱུན་ལམ་ལུགས་ལ་འཛིན་པ།

ཡང་དོ་སྣང་བྱ་འོས་པ་ཞིག་ལ། སྲོལ་རྒྱུན་ལམ་ལུགས་ཤིག་ལ་བདག་གམ་བདག་གི་བ་ (ང་དགེ་ལུགས་པ་ཡིན། ང་བཀའ་བརྒྱུད་པ་ཡིན་) ལྟ་བུར་འཛིན་པ་སྐྱེ་ཆོག་པ་དང་། ང་ཚོས་དེའི་སྟེང་ལ་རྟག་པ་ (ཚུགས་ཐུབ་ཏུ་གྲུབ་པ་དང་ནམ་ཡང་འགྱུར་བ་མི་འགྲོ་བ་) ཡིན་པར་འཛིན་ཆོག་ཀྱང་། ད་དུང་ཡང་ཕྱོགས་རིས་བྲལ་བ་ཡིན་ཆོག་པ་རེད། ང་ཚོས་སྲོལ་རྒྱུན་ཚང་མ་ལ་འདི་ནི་ངའི་རེད། འདི་ནི་ངའི་མ་རེད། བདག་བདེན་པར་གྲུབ་པ། བརྒྱུད་པ་བདེན་པར་གྲུབ་པ། རྟག་པ། ཚུགས་ཐུབ་ཅེས་ལྟ་ཚུལ་འཛིན་གྱི་ཡོད། འོན་ཀྱང་། ང་ཚོས་དེ་དག་ཐམས་ཅད་ཀྱིས་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཀྱི་རེད་ཅེས་དང་དེ་དག་ཐམས་ཅད་ནི་འགྲིག་གི་འདུག་ཅེས་བརྗོད་ཀྱི་ཡོད། ང་ཚོར་བདེན་པར་གྲུབ་པའི་བདེན་འཛིན་འདི་དང་འཇིག་ཚོགས་ལ་ལྟ་བའི་ལྟ་བ་ཉོན་མོངས་ཅན་འདི་ཡོད་པའི་རྒྱུ་མཚན་ཙམ་གྱིས་ཕྱོགས་རིས་ཀྱི་ལྟ་བ་ཞིག་ཡོད་དགོས་པའི་དོན་མིན། དེ་ཕྱོགས་རིས་ཆགས་པར། “འདི་ནི་ཡག་ཤོས་རེད་” ཅེས་པའི་ལྟ་བ་མཆོག་འཛིན་འདི་དང་ “གཞན་དེ་ནོར་བ་རེད། དེ་ནི་སངས་རྒྱས་ཀྱི་བཀའ་མ་རེད་ཅེས་ཟེར་བའམ། ཡང་ན་དེས་ཕན་གྱི་མེད་” ཅེས་པའི་ཕྱིན་ཅི་ལོག་པའི་ལྟ་བ། རང་ལ་ཆགས་ཞེན་དང་གཞན་ལ་སྡང་བ། དེ་བཞིན་དུ་ “ངའི་སྲོལ་རྒྱུན་ལམ་ལུགས་ནི་ཡག་ཤོས་རེད་” ཅེས་པའི་ཁེངས་དྲེགས་བཅས་ཡོད་དགོས་ངེས་རེད། བྱས་ཙང་། འདིར་ང་ཚོས་དོན་ངོ་མར་ཕྱོགས་རིས་ཀྱི་ལྟ་ཚུལ་དེ་གང་འདྲ་ཞིག་ཆགས་ཀྱི་ཡོད་པ་དང་ཕྱོགས་རིས་མི་བཟོ་བར་ཕྱོགས་རིས་བྲལ་བའི་ལྟ་ཚུལ་གྱི་ནང་གང་ཡོད་ཆོག་པའི་ཐད་ལ་ཧ་ཅང་གཟབ་ནན་ཐོག་བརྟག་དཔྱད་བྱེད་དགོས། 

བརྒྱུད་པ་མི་འདྲ་བ་ལ་སྒེར་སོ་སོའི་བརྒྱུད་པའི་བླ་མ་མཚོན་པར་བྱེད་པའི་མཚན་ཉིད་ཡོད་ངེས་རེད། ཕྱོགས་གཞན་ཞིག་ནས་བཤད་ན། བརྒྱུད་པ་ཞིག་ལ་ཁས་ལེན་འགྲེལ་བརྗོད་ཐུན་མོང་དང་བརྒྱུད་པའི་བླ་མ་ཐུན་མོང་དེ་འདྲ་ཡོད། བྱས་ཙང་། ཀུན་རྫོབ་ཀྱི་ཆ་ནས་ཁྱེད་ཀྱིས་ཁོང་ཚོར་མཚན་ཉིད་ཡོད་ཅེས་བརྗོད་ངེས་རེད། འོན་ཀྱང་། ང་ཚོས་སྤྱིར་བཏང་གི་ཐུན་མོང་ཁས་ལེན་རྣམས་ཀྱི་སྐོར་ཤོད་ཀྱིན་ཡོད་པ་དེ་མཁྱེན་པ་གནང་རོགས། གང་ཡིན་ཞེ་ན། སྲོལ་རྒྱུན་ལམ་ལུགས་མི་འདྲ་བའི་ནང་གི་བླ་མ་མི་འདྲ་བ་ལ་ཁས་ལེན་དང་འགྲེལ་བརྗོད་མི་འདྲ་བ་ཡོད་པ་དང་། སྲོལ་རྒྱུན་མི་འདྲ་བའི་ནང་ཉམས་ལེན་མི་འདྲ་བ་ཡོད་པ་དང་དེ་དག་ལ་བརྒྱུད་པའང་མི་འདྲ་བ་ཡོད། དེ་ལྟ་ནའང་། ང་ཚོས་དེ་དག་འགྲེལ་བརྗོད་བྱེད་པའི་སྤྱིར་བཏང་འགའ་ཞིག་ཡོད་ཅེས་བརྗོད་ཆོག སྐབས་འདིར་དོན་དག་གཙོ་བོ་ནི། བརྒྱུད་པ་ཡོད་པ་དེ་བརྒྱུད་པའི་བླ་མ་རྣམས་དང་བརྒྱུད་པའི་ཆོས་ཀྱི་ངོས་ལ་རྙེད་དུ་རུང་བའི་མཚན་ཉིད་ཀྱི་དབང་གིས་གྲུབ་ནས་ཡོད་པ་ཞིག་མིན། འདི་ནི་དབུ་མ་ཐལ་འགྱུར་བའི་ལུགས་སུ་གནད་དོན་ཧ་ཅང་གལ་ཆེན་པོ་ཞིག་རེད། དེ་ནི་ཁྱེད་ཀྱིས་ཆོས་ཀྱི་ནང་བལྟ་བ་དང་དེའི་ནང་ཁས་ལེན་དང་འགྲེལ་བརྗོད་བྱེ་བྲག་འདི་བརྗོད་ཀྱི་ཡོད་པ་དང་། དེའི་ནུས་པ་ཁོ་ནས་དགེ་ལུགས་པ་དང་བཀའ་བརྒྱུད་པའི་ཆོས་ཆགས་ཀྱི་ཡོད་པ་དེ་འདྲ་ཞིག་ནི་མིན། ཡང་ན་སོ་སོའི་སེམས་ནང་གཅིག་ཡོད་པ་དང་དེས་རང་དབང་གི་སྒོ་ནས་ཏེ། སྐྱེ་བ་སྔོན་མའི་བག་ཆགས་ལྟ་བུས་རང་ཉིད་ས་དགེ་བཀའ་རྙིང་གང་རུང་བཟོ་གི་ཡོད་པ་ལྟ་བུ་མིན། འདི་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའམ་ཡང་ན་ཡུལ་གྱི་ངོས་ལ་རྙེད་དུ་རུང་བའི་རང་དབང་གིས་གྲུབ་པ་ལ་འཛིན་པ་དེ་རེད། སྐབས་འདིར་དེ་ནི་མཚན་ཉིད་དེ་རེད། 

མཚན་ཉིད་ཡོད་པ་ཡིན་ནའང་། ཁྱེད་ཀྱིས་དེ་དག་རྙེད་མི་ཐུབ་ལ་དེ་དག་ལ་རང་ངོས་ནས་གྲུབ་པའི་ནུས་པ་དེ་མེད། གང་ཡིན་ཞེ་ན། ཐ་ན་མཚན་ཉིད་རྣམས་བློའི་སྒོ་ནས་སམ་མིང་དུ་བཏགས་པ་ཞིག་དང་འདེམས་སྒྲུག་བྱས་པ་ཞིག་རེད། དེ་དག་ནི་ཐུན་མོང་གི་མཚན་ཉིད་ལྟ་བུར་དེར་གནས་ཀྱི་མེད། དེ་མིན་དེ་དག་ནི་ཚིག་ཙམ་དུ་ཟད་པ་དང་ཁས་ལེན་ཙམ་རེད། འོན་ཀྱང་། མཚན་ཉིད་དེ་དག་དང་ཐུན་མོང་དེ་དག་ཤེས་པར་བྱེད་དགོས་ཀྱི་ཡོད། དེ་ཡང་དེ་དག་ཕྱིན་ཅི་མ་ལོག་པར་རྟོགས་པ་དང་བརྒྱུད་པ་ནི་བཏགས་ཆོས་སུ་གྲུབ་པར་ཤེས་དགོས་པ་ལས། རྙེད་དུ་རུང་བའི་བཏགས་དོན་ཞིག་མིན་པར། སྒེར་སོ་སོའི་རྣམ་གྲངས་ལ་གཞི་བྱས་པའི་ཐུན་མོང་གི་མཚན་ཉིད་ཡོད་པའི་བློའི་འདོགས་ཚུལ་གྱི་དམིགས་གཏད་ཅིག་དགོས། དེ་ལྟར་བྱུང་ན། ཁྱེད་ལ་དེའི་རྟོག་བཅས་ཀྱི་ཤེས་པ་ཡང་དག་པ་ཞིག་ཡོད་པ་རེད། 

ང་ཚོས་ཁྱི་ཞེས་པའི་ཚིག་གི་སྐོར་བཤད་པ་རེད། ང་ཚོས་ཁྱི་དེའི་སེམས་ཀྱི་མཚོན་དོན་ཞིག་གི་སྒོ་ནས་བསམ་བློ་གཏོང་ཆོག དེ་ནི་ཁྱི་ཟེར་བ་དེ་གང་རེད་དམ། ཁྱི་ནི་མིང་དུ་བཏགས་པའི་ཁྱི་དེ་གང་ལ་གོ་བའི་བཏགས་ཆོས་དེ་རེད། དེ་ཡང་ཁྱིའི་རིགས་མི་འདྲ་བ་དེ་དག་ཐམས་ཅད་ལ་གཞི་བྱས་ནས་རེད། ཀུན་རྫོབ་ཀྱི་དབང་དུ་དེ་ལྟ་བུའི་ཁྱི་ཟེར་བ་ཞིག་ཡོད་པ་དང་ཁྱི་ཟེར་བའི་ཐ་སྙད་དེ་གང་ལ་གོ་བ་དང་སྤྱི་དེ་གང་ལ་གོ་བ་དེ་རེད། ཡིན་ནའང་། དེར་བསྡད་ནས་ཡོད་པ་དང་དེ་རང་ངོས་ནས་རང་དབང་ཐོག་ཁྱི་བཟོ་བ་ལས་སྤྱང་ཀི་ལྟ་བུ་གཞན་ཞིག་མི་བཟོ་བའི་བཏགས་དོན་ཞིག་ནི་མེད། འབྱོར་ལྡན་གྱི་ཁྱི་ཞིག་དང་འཇར་མི་ནིའི་ཤར་པརྜ་ (German sherpherd) ཟེར་བའི་ཁྱི་དང་དེ་བཞིན་མེཀྶི་ཀོའི་ཆི་ཝ་ཝ་ (Mexican Chihuahua) བཅས་པ་ཚང་མ་ཁྱི་ཟེར་བའི་སྡེ་ཚན་ནམ་སྤྱི་དེའི་ནང་མཉམ་དུ་ནམ་ཡང་མི་བླུག་པའི་རྟོག་པའི་སྒྲོམ་གཞི་རྦད་དེ་མི་འདྲ་བ་ཞིག་ཡིན་སྲིད། དེ་དག་ནི་མཐའ་གཅིག་ཏུ་ཕན་ཚུན་མི་འདྲ་བ་རེད། དེ་དག་ཚང་མ་ལ་ཁྱེད་ཀྱིས་ཁྱི་ཞེས་ཅིའི་ཕྱིར་བརྗོད་དམ། དེ་ནི་དངོས་པོ་སྡེ་ཁག་ཅིག་ལ་གོ་བའི་ཆེད་བེད་སྤྱོད་བྱས་པའི་བསམ་བློ་ཙམ་ཞིག་ཡིན་པ་དང་དེ་ནི་རང་སྣང་གང་དྲན་གྱིས་འདེམས་སྒྲུག་བྱས་པའི་ཐུན་མོང་མཚན་ཉིད་ཀྱི་ཚན་པ་ཞིག་ལ་གཞི་བྱས་ཡོད། མཁྱེན་གྱི་འདུག་གམ། 

སྲོལ་རྒྱུན་ལམ་ལུགས་ལའང་དེ་དང་གཅིག་པ་རེད། ཚང་མ་མཉམ་དུ་བཞག་པའི་གནད་དོན་འགའ་ཞིག་ཡོད། གང་ལྟར་ཡང་། བོད་དུ་དགེ་བའི་བཤེས་གཉེན་མང་པོ་ཞིག་ཕེབས་ཡོད་པ་དང་བོད་ཀྱི་མི་མང་པོ་ཞིག་རྒྱ་གར་དུ་ཕྱིན་ཡོད། དེ་དག་ཕྱིར་བོད་དུ་ལོག་ཕེབས་པ་དང་དེ་དག་ལ་རང་སོ་སོའི་ཆོས་ཚུལ་མི་འདྲ་བ་ཡོད་པ་དང་ཐ་ན་ཁོང་ཚོས་ཆོས་ཚུལ་དེ་དག་དྲན་ཚུལ་ལའང་མི་འདྲ་བ་ཡོད་པ་རེད། གཞུང་ལུགས་དཔེ་ཆ་གཅིག་ལ་འགྲེལ་ཚུལ་མི་འདྲ་བའང་ཡོད་སྲིད་པ་རེད། ཁོང་ཚོ་ས་ཆ་མི་འདྲ་བར་བཞུགས་པ་དང་དགོན་པ་མི་འདྲ་བ་ཡོད་པ། མི་མི་འདྲ་བས་ཁོང་རྣམ་པའི་ཆོས་ཀྱི་གོ་བ་བླངས་ཡོད་པ་དང་དེ་དག་ཉམས་ལེན་མི་འདྲ་བ་བྱས་ཡོད། མི་ཞིག་གིས།  “འགྲིག་གི་འདུག ཁྱེད་རང་ཚོ་ཚང་མ་་་” ཞེས་བརྗོད་པའམ་ཡང་ན་ཁོང་ཚོས་ནང་ཁུལ་མོས་མཐུན་བྱས་པ་དང་། “ང་ཚོས་སྡེ་ཁག་ཅིག་སྐྲུན་རྩིས་ཡོད་” ཅེས་པ་ལྟ་བུ་རེད། དེ་ནི་རང་སྣང་གང་དྲན་རེད། མ་རེད་དམ། མཐའ་གཅིག་ཏུ་རང་སྣང་གང་དྲན་མ་རེད། གང་ཡིན་ཞེ་ན། ཁོང་ཚོས་ཐུན་མོང་གི་དམ་བཅའ་དང་བརྒྱུད་པ་ཁག་གཅིག་ལ་མོས་མཐུན་བྱས་ཡོད། དེ་དག་ལས་གཅིག་ཀྱང་ལོགས་སུ་མེད། དེ་གང་ཡིན་ཟེར་ན། མར་པ་ལོ་ཙཱ་བས་བསྒྱུར་བའི་ཆོས་རྣམས་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་ནང་དུ་བརྒྱུད་ཡོད་ལ་ས་སྐྱའི་ནང་དུའང་བརྒྱུད་ཡོད་པ་ལས། བཀའ་བརྒྱུད་ཁོ་ནར་བརྒྱུད་པ་ཞིག་མིན། བྱས་ཙང་། ཉམས་ལེན་པ་དང་དགོན་སྡེ་ལ་སོགས་པའི་ཕྱོགས་སུ་མཉམ་བཞུགས་མི་བྱེད་པ་གང་ཡང་མེད་པ་དང་དེ་རང་ངོས་ནས་རང་དབང་དུ་དགེ་ལུགས་པ་དང་བཀའ་བརྒྱུད་པ་ཞེས་སྐྲུན་པ་ཞིག་མེད། དེའི་རང་དབང་གིས་མིང་དང་མཉམ་དུ་རྟགས་ཤིག་ཡོད་པ་དེས་དགེ་ལུགས་དང་བཀའ་བརྒྱུད་ཅེས་ཆགས་པའམ་སྐྲུན་པ་ཞིག་མིན། རེད་དམ། འདི་ལ་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་རེད། 

གལ་ཏེ་ང་ཚོ་ལ་ཡང་དག་པའི་གོ་རྟོགས་འདི་ཡོད་ན། ང་ཚོར་སླར་ཡང་དེའི་ཐད་ཕྱོགས་རིས་དང་ཕྱོགས་རིས་བྲལ་བའི་ལྟ་བ་ཞིག་ཡོད་པ་རེད། འདི་ནི་ཀུན་རྫོབ་ཀྱི་དབང་དུ་ངས་རྗེས་སུ་འབྲང་བའི་བརྒྱུད་པའམ་ངའི་བརྒྱུད་པ་གཙོ་བོ་དེ་ཆགས་སྲིད། ཡང་ན་ “ང་ནི་ཕྱོགས་རིས་དང་བྲལ་བ་ཞིག་ཡིན། ངས་དེ་དག་ཐམས་ཅད་ཀྱི་རྗེས་སུ་འབྲང་གི་ཡོད་” ཅེས་ཟེར་གྱི་རེད། འོན་ཀྱང་། ཐ་ན་དེའི་ནང་དུའང་སོ་སོའི་རང་ལུགས་དེ་མཆོག་ཏུ་གྱུར་བ་ཡིན་པའི་ལྟ་ཚུལ་ཞིག་ཡོད་ཆོག དེ་ཕྱོགས་རིས་བྲལ་བ་ཆགས་ཀྱི་རེད་དམ། དེ་ནི་ཕྱོགས་རིས་ཆགས་ཀྱི་རེད། བྱས་ཙང་། ང་ཚོས་བརྒྱུད་པ་སྣ་ཚོགས་པ་དེ་དག་ལ་ལྟ་ཚུལ་ཇི་ལྟར་འཛིན་པ་དེ་ནི་གནད་དོན་ཧ་ཅང་གལ་འགངས་ཆེན་པོ་རེད། གལ་ཏེ་ང་ཚོས་གོ་རྟོགས་ཡང་དག་པ་ཞིག་ཡོད་ན། དེ་ནི་ང་ཚོར་ཕྱོགས་རིས་བྲལ་བའི་ལྟ་ཚུལ་ཞིག་ཡོད་དགོས་པའི་དོན་མིན་པར། དེ་ནི་ད་དུང་ཡང་ “ངའི་ལུགས་ཡག་ག་ཡིན་པ་དང་འདི་ནི་མཆོག་ཏུ་གྱུར་བ་རེད་” ཅེས་སོགས་ཕྱོགས་རིས་ཆགས་སྲིད་པ་རེད། དེ་ནི་འདོད་ཆགས་དང་ཁེངས་དྲེགས་ཡིན་གཅིག་ཡིན་མི་དགོས། དེ་ལ་ཁྱེད་ཀྱིས་རྒྱུ་མཚན་རིགས་པ་ལ་བརྟེན་ནས་རྩོད་གླེང་བྱེད་ཆོག་སྟེ། འདི་ལ་རྒྱུ་མཚན་མང་བ་འདུག ཡིན་ནའང་། འདི་ནི་རྒྱུ་མཚན་རིགས་པ་ལས་འདས་པ་རེད་ཅེས་བརྗོད་པའི་ལྟ་བ་ཁྱེད་ལ་ཡོད་སྲིད་པས། དེ་ནི་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད། མ་རེད་དམ།

བརྒྱུད་པ་འགའ་ཞིག་ཉམས་ལེན་བྱེད་པ།

ད་གནད་དོན་མཐའ་མ་ཞིག་ཡོད། དེ་ནི་ཐ་ན་ང་ཚོ་ཕྱོགས་རིས་བྲལ་བ་ཡིན་ཁུལ་བྱེད་སྐབས། ང་ཚོས་གནས་ལུགས་དུ་མ་ཡོད་པར་སྨྲ་མཁན་དང་ཆོས་ཀྱི་བརྒྱུད་པ་གཅིག་ལས་མང་བ་ཉམས་ལེན་བྱེད་ཀྱི་ཡོད། འདི་ནི་དམིགས་བསལ་ནུབ་ཕྱོགས་སུ་མང་དུ་མང་དུ་འབྱུང་བཞིན་ཡོད། ང་ཚོར་གནས་བརྟན་སྡེ་པའི་ལུགས་ལ་ཅུང་ཟད་སློབ་སྦྱོང་བྱས་པའི་དགེ་བའི་བཤེས་གཉེན་ཡོད། དམིགས་བསལ་ལྷག་མཐོང་ (དེ་ནི་འབར་མ་ནས་བྱུང་ནའང་། ནུབ་ཕྱོགས་སུ་རྩ་བ་ཚུགས་པ་དང་ཉམས་ལེན་བྱེད་ཚུལ་དེ་རེད་) གི་སྐོར་དེ་ནུབ་ཕྱོགས་སུ་དར་ཁྱབ་བྱུང་བ་དེའི་སྐོར་སློབ་སྦྱོང་བྱེད་མྱོང་མཁན་ཡོད། དེ་བཞིན་བོད་བརྒྱུད་ནང་བསྟན་ཅུང་ཟད་ཙམ་དང་ཛེན་བསམ་གཏན་པའི་ཆོས་ཅུང་ཟད་མཉམ་དུ་སྒྲིལ་བ་ལྟ་བུ་བྱས་ཏེ། “ང་ཚོ་ཕྱོགས་རིས་བྲལ་བ་ཡིན་” ཞེས་བརྗོད་ཀྱི་ཡོད། མཉམ་བསྲེ་མི་གཏོང་རྒྱུ་དེ་༧གོང་ས་མཆོག་གིས་ནན་བརྗོད་གནང་བ་ལྟར། ཧ་ཅང་གལ་ཆེན་པོ་རེད། མཉམ་བསྲེ་མ་གཏོང་ཟེར་དུས་ང་ཚོས་དེ་དག་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་ནས་དེ་ལས་ཁུ་བའམ་ཐུག་པ་འདྲ་པོ་ཞིག་བཟོ་བའི་དོན་རེད། དེ་ལྟར་ང་ཚོས་ཉམས་ལེན་གྱི་རིགས་གཅིག་གམ་བརྒྱུད་པ་གཅིག་ཉམས་ལེན་བྱེད་སྐབས། ང་ཚོས་དེ་གཞན་ཞིག་ཉམས་ལེན་བྱེད་པའི་སྒོ་ནས་ལོགས་སུ་བྱེད་ཀྱི་ཡོད། 

དེར་བརྟེན་གལ་ཏེ་ང་ཚོས་ལྷག་མཐོང་ཉམས་ལེན་བྱེད་རྩིས་ཡོད་ན། ཁྱེད་ཀྱིས་དེ་ཆོས་ཐུན་གཅིག་གི་ནང་བྱེད་ཀྱི་ཡོད། ལྷག་མཐོང་ཉམས་ལེན་བྱེད་བཞིན་པའི་སྐབས་སུ་ཁྱེད་ཀྱིས་སྔགས་བཟླས་བརྗོད་བྱ་རྒྱུ་མེད། ཡང་ན་སྔགས་བཟླས་བརྗོད་བྱེད་རྩིས་ཡོད་ན། དེ་ཛེན་བསམ་གཏན་པའི་ཉམས་ལེན་ལ་འབད་ཐབས་བྱེད་བཞིན་པའི་སྐབས་དང་དུས་མཉམ་དུ་བྱེད་དགོས་པ་ལ་སོགས་པ་ལྟ་བུ་རེད། དེ་དག་མཉམ་བསྲེ་མི་བྱ་བར་ལོགས་སུ་སོ་སོར་ཉམས་ལེན་བྱེད་དགོས། དེ་ནི་ང་ཚོས་མཉམ་དུ་ཉམས་ལེན་བྱེད་ཀྱིན་ཡོད་ཅེས་དེ་དག་རེ་རེ་ལ་གུས་ཞབས་ཡོད་པའི་དོན་རེད། འདིའང་སྲོལ་རྒྱུན་ལམ་ལུགས་ནང་དུའང་ཡིན་ཏེ། དགེ་ལུགས་པའི་བླ་མ་ཞིག་ནས་ཉམས་ལེན་གྱི་རིགས་བྱེ་བྲག་ཅིག་ཐོབ་པ་དང་སྦྱངས་ཡོད་སྲིད་པ་དང་ཉམས་ལེན་གྱི་རིགས་གཞན་ཞིག་ནི་བཀའ་བརྒྱུད་དང་རྙིང་མའི་བླ་མ་ཞིག་ནས་ཐོབ་ཡོད་སྲིད་པ་ལྟ་བུ་རེད། བྱས་ཙང་། དེ་དག་རེ་རེ་བཞིན་དུ་སོ་སོར་བྱ་དགོས་པ་ལས། ཚང་མ་མཉམ་བསྲེ་གཏོང་མི་ཉན། 

འོན་ཀྱང་། དེ་ནི་གནད་དོན་གང་ཞིག་མཉམ་དུ་སྒྲིལ་བའམ་གཅིག་ཏུ་འདུས་པའི་ཚུལ་མེད་ཅེས་པའི་དོན་མིན། དཔེར་ན། རྙིང་མ་དང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་ནང་དུ་བཀའ་བརྒྱུད་ཀྱི་བླ་མ་ཀརྨ་ཆགས་མེད་ཞུ་བ་ལས་བྱུང་བའི་ཆོས་སྲོལ་དེ་འདྲ་ཡོད་པ་སྟེ། དེ་ནི་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་མཉམ་སྡེབ་ཀྱི་ཐབས་ལམ་ཞིག་ཁོང་ལ་ཡོད། དེ་ནི་ཁྱེད་ཀྱིས་གནས་སྐབས་ངེས་ཅན་ཞིག་གི་བར་དུ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་བྱེད་པ་དང་། ཡང་དེ་ནས་གནས་སྐབས་ངེས་ཅན་ཞིག་གི་ནང་ཁྱེད་ཀྱིས་རྫོགས་ཆེན་གྱི་ཉམས་ལེན་ལ་ཚུར་ཁ་སྒྱུར་བའི་ཉམས་ལེན་གྱི་ཐབས་ཚུལ་དེ་འདྲ་ཡོད་པ་ལྟ་བུ་རེད། དེ་ནི་ཕན་ཚུན་མཉམ་བསྲེ་གཏོང་བ་ཞིག་མ་རེད། དེ་ནི་དུས་དང་གནས་སྐབས་ངེས་ཅན་གྱི་ནང་ཕྱག་རྫོགས་གཉིས་ཀ་རེ་རེ་བཞིན་དུ་ཉམས་ལེན་པ་དེ་རེད། དེ་ལ་ཁྱེད་ཀྱིས། དེ་ཡང་གལ་ཏེ་ཁྱེད་ཀྱི་ཕྱག་ཆེན་ཉམས་ལེན་བྱས་ན། ཁྱེད་རང་སངས་རྒྱས་ཀྱི་གོ་འཕང་བར་དུ་བགྲོད་མི་ཐུབ། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཁྱེད་ཀྱིས་རྫོགས་ཆེན་གྱི་ཆོས་ཉམས་ལེན་བྱེད་དགོས་སམ་ཞེས་པ་འདི་ཆོས་ལུགས་གཅིག་ལ་གཞན་སྡུད་རིང་ལུགས་ཀྱི་ལྟ་བ་ལྟ་བུ་ཞིག་རེད་དམ་ཞེས་བརྗོད་སྲིད། ཡང་ན་དེ་ནི་ཁྱེད་གང་ཉམས་ལེན་བྱེད་ཐུབ་པའི་རྣམ་པ་མི་འདྲ་བ་སྟོན་པ་ཙམ་ཞིག་རེད་དམ། གནད་དོན་དེའི་རིགས་ལ་ཕྱོགས་རིས་དང་ཕྱོགས་རིས་མེད་པའི་སྒོ་ནས་ལྟ་ཚུལ་དེ་རེད། 

དེར་མ་ཟད། དགེ་ལུགས་ནང་ལའང་ཡི་དམ་གྱི་ལྷ་ཆེ་ཁག་གསུམ་པོ་མཉམ་སྡེབ་ཀྱི་ཉམས་ལེན་བྱེད་སྲོལ་ཡོད་པ་སྟེ། གསང་བ་འདུས་པ་དང་། རྡོ་རྗེ་འཇིགས་བྱེད། འཁོར་ལོ་སྡོམ་པ་བཅས་རེད། འདི་ནི་རྒྱུད་གྲྭ་སྟོད་སྨད་ཀྱི་ཉམས་ལེན་གཙོ་བོ་རེད། འདི་ཡང་བསྐྱེད་རིམ་སྟེ། རྣལ་འབྱོར་བླ་མེད་ཀྱི་ཉམས་ལེན་གྱི་རིམ་པ་དང་པོ་དེ་རེད། ཁྱེད་ཀྱིས་དེ་གསུམ་པོ་སོ་སོ་ནས་ཉམས་ལེན་བྱེད་དགོས། ཡིན་ནའང་། རྫོགས་རིམ་སྐབས་སུ་དེ་དག་རེ་རེ་ལ་རྫོགས་རིམ་གྱི་རྣམ་པ་གཞན་ལས་རྣམ་པ་གཅིག་གི་ཐོག་ལ་སྔར་ལས་རྒྱས་པ་ཡོད། བྱས་ཙང་། ཁྱེད་ཀྱིས་གསང་བ་འདུས་པ་ལས་སྒྱུ་ལུས་ཀྱི་སྐོར་རྒྱས་པར་ཁ་སྐོང་དགོས་པ་དང་། འཁོར་ལོ་སྡོམ་པ་ལས་གཏུམ་མོ་དང་དགའ་བ་བཞི་དེ་བཞིན་སེམས་ཀྱི་རང་བཞིན་འོད་གསལ་ཐོབ་པའི་ཐབས་རྣམས་རྒྱས་པར་ཁ་སྐོང་དགོས་ཤིང་། དེ་དག་ཀྱང་རྡོ་རྗེ་འཇིགས་བྱེད་ཀྱི་སྐབས་དོན་ནང་ཉམས་ལེན་བྱེད་དགོས། འདིའང་མཉམ་བསྲེ་བྱེད་པ་ཞིག་ཏུ་བསམ་བློ་གཏོང་རྒྱུ་མེད། འདི་ནི་རྟོགས་པ་བརྙེས་པའི་གང་ཟག་རྣམས་ཀྱིས་དུས་དང་གནས་སྐབས་རིམ་པ་ངེས་ཅན་གྱི་ནང་ཕན་ཚུན་ལེགས་སྐྱེས་བླང་བ་དང་ཉམས་ལེན་ཁ་སྐོང་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། རྡོ་རྗེ་འཇིགས་བྱེད་ཀྱི་ནང་གསང་བ་འདུས་པ་དང་འཁོར་ལོ་སྡོམ་པའི་ནང་གང་རྒྱས་པར་བཤད་པ་དེ་དག་གི་རྣམ་པ་ཁག་དང་ལྡན་པའི་ཉམས་ལེན་རྣམས་ཡོད་པ་དང་དེའི་ནང་དུ་ཁ་སྐོང་གི་ཚུལ་དུ་འཇོག་གི་ཡོད། བྱས་ཙང་། དེའང་མཉམ་བསྲེ་གཏོང་བ་ཞིག་མིན། 

མཇུག་སྡོམ།

དེ་ལྟར་ང་ཚོས་བོད་ཀྱི་ཆོས་བརྒྱུད་སྣ་ཚོགས་པ་དེ་དག་ཐམས་ཅད་དང་འབྲེལ་བ་བྱེད་ཀྱིན་ཡོད་པ་དང་བོད་ཀྱི་ཆོས་བརྒྱུད་ཙམ་དུ་མ་ཟད། ནང་ཆོས་ཀྱི་རྣམ་པ་གཞན་ཚང་མ་དང་འབྲེལ་བ་བྱེད་ཀྱི་ཡོད། དེ་ནས་ང་ཚོར་ཆོས་ལུགས་ཕྱོགས་རིས་དང་ཕྱོགས་རིས་བྲལ་བའི་གནད་དོན་དང་ཕྲད་ཡོད་ངེས་རེད། 

དེང་སང་འཛམ་གླིང་ས་ཕྱོགས་གང་སར་གྲོང་ཁྱེར་ཆེ་ཁག་ནང་ཆོས་ཚོགས་ཧ་ཅང་མང་པོ་ཡོད། དེ་ཡང་བོད་ཀྱི་ཆོས་བརྒྱུད་མི་འདྲ་བ་དང་། ཛེན་བསམ་གཏན་པའི་ཆོས་ལུགས་མི་འདྲ་བ། བསམ་གཏན་པ་མིན་པའི་རྒྱ་ནག་གི་ནང་པའི་ཆོས་སྲོལ་མི་འདྲ་བ། གནས་བརྟན་སྡེ་པའི་ཆོས་སྲོལ་མི་འདྲ་བ་ལ་སོགས་པ་དེ་དག་གི་ནང་ནས་སྲོལ་རྒྱུན་ལམ་ལུགས་གཅིག་གམ་གཞན་ཞིག་ནས་ཆོས་ཚོགས་གཅིག་གམ་གཉིས་ཙམ་མིན་པར། ཐ་ན་བརྒྱུད་པ་གཅིག་གི་ནང་ཆོས་ཚོགས་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་དང་བླ་མ་དང་དགེ་བའི་བཤེས་གཉེན་མི་འདྲ་བའི་ཆོས་ཚོགས་ཡོད། དེར་བརྟེན་ཕྱོགས་རིས་ཀྱི་ནང་ཆུད་རྒྱུ་དེ་ཧ་ཅང་ལས་སླ་པོ་ཡོད། ངས་གོང་དུ་ཞུས་ཟིན་ལྟར། ཆོས་ལུགས་ཕྱོགས་རིས་ལ་ང་ཚོས་ནང་པའི་ལམ་ལུགས་རང་གི་ནང་ལྷན་སྐྱེས་སུ་ཡོད་པ་དེ་གང་ཡིན་པ་དང་དམིགས་བསལ་རྒྱ་གར་གྱི་གྲུབ་མཐའི་ལམ་ལུགས་ཀྱི་ནང་ལྷན་སྐྱེས་སུ་ཡོད་པ་དེ་གང་ཡིན་པ་དང་དེ་དག་གི་ཀུན་སློང་གི་རིམ་པ་སོགས་དང་། དེ་ནས་སྒེར་སོ་སོའི་ཕྱོགས་ལྷུང་གི་རིགས་དེ་གང་ཡིན་པའི་དབར་ལ་ཁྱད་པར་འབྱེད་དགོས། དེ་ཡང་བླ་བ་ཞིག་གམ་དགེ་བའི་བཤེས་གཉེན་ཞིག་གིས་དམ་འཛིན་བྱས་པ་ཞིག་ཡིན་སྲིད་ལ། དགོན་པ་ཞིག་གི་ནང་སྡེ་ཁག་གཅིག་གིས་དམ་འཛིན་བྱེད་པའང་ཡིན་སྲིད་དེ། དཔེར་ན། “ང་ཚོའི་སློབ་དེབ་ནི་ཡག་ཤོས་རེད། གཞན་གྱི་སློབ་དེབ་རྣམས་ཡག་པོ་མ་རེད་” ཅེས་ཟེར་བ་ལྟ་བུའི་བསམ་ཕྱོགས་ཀྱང་ཡོད་པ་རེད། ང་ཚོས་ལྟ་བ་དེ་གང་གིས་ཕྱོགས་རིས་བཟོ་ཡི་ཡོད་པ་དང་གང་གིས་ཕྱོགས་རིས་མེད་པ་བཟོ་ཡི་ཡོད་པའི་དབར་ལ་ཁྱད་པར་འབྱེད་དགོས། ཐ་ན་དེ་ནི་ཕྱོགས་རིས་ཤིག་ཡིན་ནའང་། དེ་ནི་ཧ་ཅང་གནོད་གཞི་ཅན་ནམ་སྡུག་ཅག་མིན་པར། བདེན་དོན་ལ་གཞི་བྱས་པ་ཞིག་རེད་དམ། ང་ཚོས་དེ་ལ་ཕྱོགས་རིས་ཞེས་བརྗོད་ངེས་སམ། ང་ཚོས་དེ་ལ་ཕྱོགས་རིས་ཞེས་མི་བརྗོད་དམ། ཕྱོགས་རིས་ནི་གང་ལྟར་ཡང་གནད་དོན་ཞིག་ལ་གོ་བའི་ཚིག་ཙམ་རེད། 

དེ་འདྲ་ཡིན་ཙང་། ངས་ཆེས་ཐོག་མ་ནས་ཞུས་པ་ལྟར། འདི་ནི་གནད་དོན་ཧ་ཅང་མགོ་རྙོག་ཚ་པོ་ཞིག་ཡིན་པ་དང་ང་ཚོས་འདི་ལ་ཧ་ཅང་ཕྱི་ཚུལ་གྱི་རྣམ་པའི་ཐོག་ནས་འཇུག་ཆོག “དེ་དག་ཐམས་ཅད་ཡག་པོ་རེད། ཕྱོགས་རིས་མ་བྱོས། ངའི་ལུགས་ནི་ཡག་ཤོས་ཡིན་ཟེར་བའི་མི་འདི་དག་དང་རྐང་རྩེད་སྤོ་ལོ་རྩེ་བ་ནང་བཞིན་ཕན་ཚུན་འགྲན་རྩོད་ཀྱི་བློའི་ཁྱེར་སོ་འདི་ནི་མ་རིག་པ་ལ་གཞི་རྩ་བྱས་པ་ཙམ་རེད། ཁོང་ཚོས་སོ་སོ་རང་ཉིད་ཀྱི་ལུགས་དེ་ཤེས་ཀྱི་མེད། ཁོང་ཚོས་གཞན་གྱི་ལུགས་ཀྱང་ཤེས་ཀྱི་མེད་” ཅེས་པ་ལྟ་བུ་རེད། ཁྱེད་ཀྱིས་ཕྱི་ཚུལ་གྱི་རིམ་པ་དེའི་ཐོག་ལ་འཇོག་དགོས། ཡང་ན་ང་ཚོས་དོ་དགོང་གང་བྱས་པ་ནང་བཞིན་བྱས་ནའང་འགྲིག དེ་ནི་གཏིང་ཟབ་པ་དང་རྒྱས་སྤྲོས་ཆེ་བའི་རིམ་པའི་ནང་གནད་དོན་འདི་ལ་དོན་ངོ་མར་གང་འབྱུང་བཞིན་ཡོད་པའི་ཐད་བརྟག་དཔྱད་བྱེད་པ་དང་ཐག་གཅོད་བྱ་རྒྱུ་ལས་སླ་པོ་ཞིག་མེད་པ་ང་ཚོས་ཤེས་ཀྱི་ཡོད། 

བྱས་ཙང་། ཐུགས་རྗེ་གནང་། དེ་ནི་ངས་འགྲེལ་བརྗོད་བྱེད་འདོད་ཡོད་པ་དེ་རེད། ཁྱེད་རྣམ་པར་དྲི་བ་ཡོད་དམ། 

དྲི་བ་ཁག

ངོས་རང་བརྒྱུད་པ་འཛིན་མཁན་ཞིག་དང་མཉམ་དུ་སློབ་སྦྱོང་བྱས་ཡིན། དགེ་བའི་བཤེས་གཉེན་དེས། ཁོང་གི་བརྒྱུད་པའི་རྗེས་སུ་འབྲང་རྒྱུ་གལ་ཆེན་པོ་ཡིན་པ་དང་གཞན་གྱི་བརྒྱུད་པའི་རྗེས་སུ་འབྲང་རྒྱུ་དེ་གལ་ཆེན་པོ་མིན་ཚུལ་ནན་བརྗོད་གནང་གི་འདུག དགེ་བའི་བཤེས་གཉེན་དེ་ལ་ཆ་བཞག་ན། བརྒྱུད་པ་དེ་མུ་མཐུད་སྐྱོང་རྒྱུ་དང་དེ་མ་འོངས་པའི་མི་རབས་ཚོར་རྩིས་སྤྲོད་རྒྱུའི་འགན་འཁྲི་ཞིག་ཡོད་པ་རེད། སྲོལ་རྒྱུན་ལམ་ལུགས་གཞན་གྱི་སྐོར་བསླབ་པ་སློབ་གཉེར་དང་ཐོས་བསམ་མ་བྱས་པར། དེ་ནི་ང་ཚོ་ལ་ཡག་ཤོས་དེ་ཡིན་པ་ཇི་ལྟར་རྟོགས་སམ། སྲོལ་རྒྱུན་དང་བརྒྱུད་པ་གཞན་དེ་དག་ནི་ཧ་ཅང་མགོ་རྙོག་ཅན་ཆགས་ངེས་པས། བརྒྱུད་པ་འདི་ཙམ་གྱི་རྗེས་སུ་འབྲང་དགོས་ཞེས་དགེ་བའི་བཤེས་གཉེན་དེས་གསུང་གི་འདུག དེ་ལ་བརྟེན་ནས་ང་ཚོར་ཅི་བྱ་དགོས་མི་ཤེས་པའི་ཐེ་ཚོམ་གྱི་ནང་ལྷུང་གི་འདུག 

ཁྱེད་ཀྱིས་དྲི་བ་དེ་ལ་བརྟེན་ནས་གནད་དོན་ཧ་ཅང་གལ་ཆེན་འགའ་ཞིག་འབྱུང་གི་འདུག ཐོག་མར་འཛམ་གླིང་ནང་བརྒྱུད་པ་འཛིན་མཁན་ཟེར་བ་དེ་གང་རེད་དམ། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་གང་རུང་གི་ནང་བརྒྱུད་པ་ཧ་ཅང་མང་པོ་ཡོད་པ་རེད། ཉམས་ལེན་རེ་རེ་ལ་བརྒྱུད་པ་རེ་ཡོད་པ་དང་དགོན་པ་རེ་རེ་ལ་བརྒྱུད་པ་རེ་ཡོད་པས། ཁ་ཚོན་གཅོད་དཀའ་བ་ཞིག་རེད། བྱས་ཙང་། ང་ཚོས་དོན་ངོ་མར་གང་གི་རྗེས་སུ་འབྲང་བཞིན་ཡོད་དམ། དཔེར་ན། རྙིང་མའི་ཆོས་བརྒྱུད་ཀྱི་ནང་གཏེར་མའི་ཆོས་སྲོལ་རེ་རེ་ལ་བརྒྱུད་པ་རེ་ཡོད། མི་རྣམས་ཀྱིས་གཏེར་ཆོས་ཉམས་ལེན་བྱེད་པ་ཙམ་དུ་མ་ཟད། ཉམས་ལེན་གྱི་རིགས་གཞན་ཡང་བྱེད་ཀྱི་ཡོད། དེ་བས་ན་དགེ་བའི་བཤེས་གཉེན་གཅིག་གིས། “འདི་ན་བརྒྱུད་པ་ཞིག་ཡོད་པས། དེའི་རྗེས་སུ་འཇུག་དགོས་” ཞེས་གསུངས་པའི་སྐབས། དེ་ནི་ཏོག་ཙམ་མགོ་རྙོག་ཅན་ཆགས་ཀྱི་ཡོད། དེ་གང་ཡིན་ཞེ་ན། བརྒྱུད་པ་དེའི་ནང་བརྒྱུད་པ་གཞན་དང་ཐུན་མོང་གི་ཆ་མང་པོ་ཞིག་ཡོད་པ་གོར་མ་ཆག་པ་རེད། 

འོན་ཀྱང་། བརྒྱུད་པ་ཟེར་བ་དེ་གང་ཡིན་པ་དང་། དེ་ཇི་ལྟར་བརྒྱུད་པའི་ཚུལ། བརྒྱུད་པ་འཛིན་མཁན་དེ་སུ་ཆགས་ཀྱི་ཡོད་པ། བླ་མའམ་དགེ་བའི་བཤེས་གཉེན་ཞིག་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ནང་མཚན་འཁོད་པའི་ཕྱིར་དེ་བརྒྱུད་པ་འཛིན་མཁན་ཞིག་རེད་ཅེས་གསུང་མཁན་གྱི་དབང་ཆ་དེ་སུ་ལ་ཡོད་དམ་ཞེས་པའི་གནད་དོན་དེ་དག་ཟུར་དུ་འཇོག་དགོས། བརྒྱུད་པའི་གསོལ་འདེབས་ཀྱི་ནང་གང་ཟག་དེའི་མིང་ཇི་ལྟར་འཁོད་པའི་གནད་དོན་དེའང་ཧ་ཅང་འགྲན་སེམས་ཅན་ཞིག་ཡིན་པ་དང་དེའི་ནང་གང་ཟག་མི་འདྲ་བ་ལ་མིང་མི་འདྲ་བ་བཀོད་ཡོད་པ་རེད། ང་ཚོས་ཆབ་སྲིད་ཀྱི་གནད་དོན་དེ་ཟུར་དུ་འཇོག་གི་ཡིན། 

ང་ཚོ་ཚང་མར་ཕྲད་པའི་ཐེ་ཚོམ་གྱི་གནད་དོན་དེ་ནི། ང་ཚོས་བརྒྱུད་པ་ཞིག་ཇི་ལྟར་གདམ་ཀ་བྱེད་དམ། ང་ཚོ་ཚང་མར་འཇོན་ནུས་མི་འདྲ་བ་ཡོད་པ་དང་མི་འགའ་ཞིག་གིས་བརྒྱུད་པའམ་སྲོལ་རྒྱུན་ལམ་ལུགས་གཅིག་ལ་སློབ་སྦྱོང་བྱེད་བཞིན་པ་དེ་རན་ཚོད་ཀྱི་དཀའ་ལས་ཁག་པོ་ཡོད། དཔེར་ན། (དེ་ལ་ཉམས་ལེན་གྱི་སྡེ་ཚན་ཞིག་ཉམས་སུ་ལེན་ཚུལ་གྱི་སྲོལ་རྒྱུན་བརྗོད་ཀྱི་ཡིན་) དེ་ནི་རན་ཚོད་ཀྱི་དཀའ་ལས་ཁག་པོ་ཡིན་པ་ལྟ་བུ་རེད། གཞན་རྣམས་ལ་དེ་ནི་ཧ་ཅང་ཕན་ཐོགས་ཅན་ཡིན་སྲིད། དགེ་བའི་བཤེས་གཉེན་ཞིག་གིས་ང་ཚོར་སྲོལ་རྒྱུན་ལམ་ལུགས་མང་པོ་ལ་སློབ་སྦྱོང་བྱེད་དགོས་ཞེས་བརྗོད་སྲིད། དཔེ་ཆ་བཞག་ན། གལ་ཏེ་ཁྱེད་རང་དགེ་བའི་བཤེས་གཉེན་ཞིག་ཆགས་རྩིས་ཡོད་པའམ་སངས་རྒྱས་ཀྱི་གོ་འཕང་ཐོབ་རྩིས་ཡོད་ན། ཁྱེད་རང་འཇོན་ཐང་དང་ནུས་པ་མི་འདྲ་བ་སྣ་ཚོགས་པ་དང་ལྡན་པ་དང་སྲོལ་རྒྱུན་མི་འདྲ་བ་ནས་བསླེབས་པའི་མི་རྣམས་དང་འབྲེལ་བ་བྱེད་ཐུབ་པ་དགོས། བྱས་ཙང་། ཁྱེད་ཀྱིས་ཁོང་ཚོས་གང་གི་སྐོར་ཤོད་ཀྱིན་ཡོད་པ་དེ་ཤེས་དགོས་པའམ་དེའི་ཐད་ལ་ཤེས་རྒྱ་ (ཉམས་མྱོང་མེད་ནའང་) གང་འཚམས་ཤིག་དགོས་ཀྱི་ཡོད། དེ་ནི་རང་སོ་སོའི་འཇོན་ནུས་ལ་རག་ལུས་ཡོད།

ད་ཆོས་ཚོགས་གཅིག་གི་ནང་ཚོགས་མི་མི་འདྲ་བ་མང་པོ་ཡོད་པའི་སྐབས། དེ་ནི་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད། ཆོས་ཚོགས་དེ་ལ་བརྒྱུད་པ་མི་འདྲ་བ་ཚང་མ་ནས་གདན་འདྲེན་ཞུས་ཏེ་ཆོས་ཁྲིད་གནང་སྲོལ་གྱི་གུ་ཡངས་ཀྱི་སྲིད་བྱུས་ཤིག་ཡོད་དམ། མི་མང་པོ་ཞིག་ལ་དེ་ནི་ཧ་ཅང་མགོ་རྙོག་ཅན་ཆགས་ངེས་རེད། ཡང་ན་ཆོས་ཚོགས་དེ་ལ་བརྒྱུད་པའི་ཉམས་ལེན་གཙོ་བོ་ཞིག་ཡོད་པ་དང་སྐབས་སྐབས་སུ་དགེ་བའི་བཤེས་གཉེན་འགའ་ཞིག་སྐུ་མགྲོན་གྱི་ཚུལ་དུ་གདན་འདྲེན་ཞུ་སྲོལ་ཡོད་པ་རེད་དམ། ཡང་ན་དེ་ལ་ཉམས་ལེན་གཙོ་བོ་གཅིག་དང་བརྒྱུད་པ་གཅིག་ཁོ་ན་ཡོད་པ་དང་ཕྱི་ལོགས་ཀྱི་དགེ་བའི་བཤེས་གཉེན་གཞན་གདན་འདྲེན་མི་ཞུ་བ་རེད་དམ། བྱས་ཙང་། འདིར་འབྱུང་སྲིད་པའི་གནད་དོན་གསུམ་ཡོད་པ་རེད། དེ་ནི་ཆོས་ཚོགས་དེའམ་ཡང་ན་ཆོས་ཚོགས་དེའི་འགན་འཛིན་གྱི་བླ་མ་དེས་ཐག་གཅོད་བྱ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད། ཕན་ཐོགས་ཆེ་ཤོས་དེ་གང་ཆགས་ངེས་རེད་དམ། གང་ཡིན་ཞེ་ན། ཆོས་ཚོགས་དེ་རྟག་པ་ཞིག་མིན་པར་དེའི་ནང་གི་ཚོགས་མི་རྣམས་བརྗེ་འགྲོ་བ་དང་དེ་དག་གི་འཇོན་ནུས་དང་ཉམས་ལེན་རྣམས་ཧ་ཅང་མི་འདྲ་བ་རེད། དེ་ནི་གནད་དོན་གཅིག་རེད། 

གནད་དོན་གཞན་ཞིག་ནི། ཇི་ལྟར་༧གོང་ས་མཆོག་གིས་དུས་རྟག་ཏུ་གསང་སྔགས་ཀྱི་ཡི་དམ་ལྷ་གཅིག་ལས་མང་བ་ཉམས་ལེན་བྱེད་པ་ལ་གཞིགས་ནས་གསུང་གནང་བ་ལྟ་བུ་རེད། ཁོང་གིས། ཆེས་ཐོག་མའི་གནས་སྐབས་སུ་ཡི་དམ་གྱི་ལྷ་འགའ་ཞིག་ཉམས་ལེན་བྱེད་པ་དེ་ཕན་ཐོགས་ཅན་ཞིག་ཡིན་པ་དང་སྲོལ་རྒྱུན་ཞིག་ཀྱང་རེད། དེ་ཡང་བརྒྱུད་པ་གཅིག་གམ་བརྒྱུད་པ་མང་པོ་གང་ཡིན་གནད་དོན་གཞན་ཞིག་རེད་དེ། ཡིན་ནའང་། ཆེས་ཐོག་མའི་སྐབས་སུ་དེ་དག་མང་པོ་ཉམས་ལེན་བྱེད་པ་དེ་སྲོལ་རྒྱུན་ཞིག་རེད། དུས་ནམ་ཞིག་གི་ཚེ་ན་ང་ཚོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུས་ཚོད་བརྒྱ་ཆ་བརྒྱ་ཐམ་པ་འབད་འབུངས་བྱ་རྒྱུའི་གྲ་སྒྲིག་ཡོད་པ་ཁོ་ནའི་གནས་སྐབས་སུ་ཁྱེད་ཀྱིས་གཅིག་ལ་གདམ་ཀ་བྱས་ནས་དེ་ཁོ་ནའི་རྗེས་སུ་འབྲང་དགོས་ཀྱི་ཡོད་ཅེས་གསུངས། བྱས་ཙང་། སླར་ཡང་ང་ཚོས་གང་སློབ་སྦྱོང་བྱེད་པ་དང་གང་ཉམས་ལེན་བྱེད་པ་དེ་དག་ལམ་གྱི་རིམ་པ་མི་འདྲ་བའི་ནང་མི་འདྲ་བ་ཆགས་ཀྱི་རེད། འོན་ཀྱང་། ཆེས་ཐོག་མའམ་ཐོག་མར་འགོ་འཛུགས་བྱེད་པའི་སྐབས་སུ་ཐ་ན་ནང་ཆོས་ཀྱི་ཐུན་མོང་གི་ཁས་ལེན་རྣམས་གང་ཡིན་པ་ངོས་འཛིན་དེའང་ཧ་ཅང་ཁག་པོ་རེད་ཅེས་བརྗོད་ཀྱི་ཡིན། གང་ཡིན་ཞེ་ན། ང་ཚོས་འཕགས་པའི་བདེན་པ་བཞི་དང་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཞེས་བཤད་ཡོད་ནའང་། དེ་དག་གི་སྟེང་དུ་ནང་ཆོས་ཀྱི་ཁྲོད་དུ་ནང་པ་མིན་པའི་རྒྱ་གར་གྱི་སྲོལ་རྒྱུན་ལམ་ལུགས་དང་ཐུན་མོང་དུ་མཉམ་སྤྱོད་བྱེད་པ་དེ་འདྲའང་ཡོད་པ་རེད། དཔེར་ན། རྩེ་གཅིག་པའི་ཏིང་ངེ་འཛིན་ཐོབ་པའི་ཐབས་ལམ་རྣམས་ཁྱེད་ཀྱིས་རྒྱ་གར་གྱི་སྲོལ་རྒྱུན་ལམ་ལུགས་ཚང་མའི་ནང་རྙེད་ཐུབ་པ་ལྟ་བུ་རེད། 

དེ་འདྲ་སོང་ཙང་། ཁྱེད་ཀྱི་དྲི་བ་དེ་ལས་སླ་པོ་ཞིག་རྩ་ནས་མ་རེད། ང་ཚོའི་ནང་གི་ཉེ་འགྲམ་དུ་ཡོད་པ་དང་ང་ཚོ་ལ་སྟབས་བདེ་ཤོས་ཡོད་པའི་ཆོས་ཚོགས་ཀྱི་ནང་འགྲོ་གི་ཡོད་དམ། ཡང་ན་ཆོས་ཚོགས་དེའི་དགེ་བའི་བཤེས་གཉེན་དེ་ཡིད་དབང་འགུགས་ནུས་ཅན་ཞིག་ཡོད་པ་སོང་ཙང་། ང་ཚོ་འགྲོ་གི་ཡོད་དམ། ཡང་ན་དགེ་བའི་བཤེས་གཉེན་དེ་སྐད་གྲགས་ཅན་ཞིག་ཡིན་ཙང་། དེར་འགྲོ་གི་ཡོད་དམ། ཡང་མིན་ན་ཆོས་ཚོགས་དེས་ཆོས་ཚོགས་གཞན་ལས་ཉུང་བའི་རིན་འབབ་ལེན་གྱི་ཡོད་པ་དང་ང་ཚོས་ཀྱང་རིན་འབབ་དེ་སྤྲོད་ཐུབ་པ་སོང་ཙང་། དེར་འགྲོ་གི་ཡོད་དམ། ཡང་ང་ཚོའི་གྲོགས་པོ་རྣམས་ཆོས་ཚོགས་དེ་ལ་འགྲོ་བ་སོང་ཙང་། རང་ཉིད་འགྲོ་གི་ཡོད་དམ། ཆོས་ཚོགས་ཤིག་ལ་འགྲོ་བ་དང་། དགེ་བའི་བཤེས་གཉེན་ཞིག་མཇལ་དུ་འགྲོ་བ། མི་ཞིག་སོ་སོའི་དགེ་བའི་བཤེས་གཉེན་ཡིན་པའི་རྒྱུ་མཚན་ཧ་ཅང་མང་པོ་ཡོད་པ་རེད། རྒྱུ་མཚན་ཡང་དག་དང་ཡང་དག་མིན་པ་གཉིས་ཀ་ཡོད་པས། དེ་ལ་ལམ་སྟོན་བྱ་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་ཡོད། ཡིན་ནའང་། བྱང་ཆུབ་སེམས་དཔའི་སྡོམ་པའི་ནང་གི་གཅིག་ནི་སྙན་གྲགས་སོགས་ལ་ཆགས་པའི་རྐྱེན་གྱིས་རང་ཉིད་ལ་བསྟོད་པ་དང་གཞན་ལ་མཐོང་ཆུང་བྱེད་པ་དེ་རེད། གལ་ཏེ་ཆོས་ཚོགས་དང་དེའི་བླ་མ་དགེ་བའི་བཤེས་གཉེན་ལ་མངོན་གསལ་དོད་པོའི་ཕྱོགས་རིས་ཀྱི་ལྟ་བ་སྟེ། “ང་ཚོའི་ལུགས་འདི་ཡག་ཤོས་ཡིན་པ་དང་གཞན་གྱི་ལུགས་ནི་ཡག་པོ་མིན་” ཞེས་བརྗོད་པ་དང་། ཁོང་ཚོར་གཞི་རྐང་ནས་སློབ་ཕྲུག་མང་པོ་དགོས་འདོད་ཡོད་པ་དང་དེ་ལ་བརྟེན་ནས་ཁོང་ཚོས་ཁང་གླ་སོགས་སྤྲོད་ཐུབ་པ་ཡོང་གི་ཡོད། དེ་འདྲའི་སྐབས་སུ་ཆོས་ཚོགས་དེ་ལ་གང་འབྱུང་བཞིན་ཡོད་པའི་ཐད་གང་འཚམས་ཀྱི་དྭོགས་པ་ཟ་དགོས་པ་ཆགས་ཀྱི་ཡོད། 

དེ་ནི་ “འདི་ནི་བརྒྱུད་པ་དེ་རེད། བརྒྱུད་པ་གཞན་དག་མང་པོ་ཡོད། ཉམས་ལེན་བྱེད་ཚུལ་མི་འདྲ་བ་མང་པོ་ཡོད་པས། དེ་དག་ཀྱང་ཚད་ལྡན་རེད་” ཅེས་བརྗོད་མཁན་གྱི་ཆོས་ཚོགས་དང་གང་འཚམས་ཀྱི་མི་འདྲ་བ་རེད། འདིར་ཏོག་ཙམ་ཕྱོགས་རིས་མེད་པའི་སྒོ་ནས་ “འདི་ནི་ང་ཚོས་གང་མཁོ་སྤྲོད་བྱེད་པ་དེ་རེད། ཁྱེད་རང་ཚོས་ཚོད་ལྟ་བྱེད་དགོས་” ཞེས་བརྗོད་པ་ལྟ་བུ་རེད། དེ་ནི་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ཁྱེད་རང་ཆོས་ཚོགས་དེའི་ནང་ཐོག་མར་འཛུལ་བ་དང་གློ་བུར་དུ་ཁྱེད་རང་ཆོས་ལུགས་བརྗེ་སྒྱུར་བྱེད་པ་དེ་འདྲ་མིན། ཐོག་མར་ང་ཚོས་ཉོ་ཆ་རྒྱག་དགོས་ཀྱི་རེད་བསམ་གྱི་འདུག

བརྒྱུད་པ་དང་ཆོས་ཚོགས་མི་འདྲ་བ་སྣ་ཚོགས་པ་དེ་དག་གིས་རང་ཁོངས་ཀྱི་ཚོགས་མི་རྣམས་ལྟ་ཚུལ་གཞན་དག་ལ་གསལ་པོར་སྟོན་པའི་འགན་འཁྲི་ཡོད་པ་དེ་བསམ་ཚུལ་ཡག་པོ་ཞིག་མ་རེད་དམ། 

དེ་ནི་གནད་དོན་ཧ་ཅང་ཡག་པོ་ཞིག་རེད། དེ་ནི་ཕན་ཐོགས་ཅན་ཞིག་ཆགས་ཀྱི་རེད། 

ང་ཚོས་གྲོས་བསྡུར་བྱེད་བཞིན་པའི་སྐབས་སུ་ངའི་སེམས་ནང་བདེན་དོན་གཞན་ཞིག་འཁོར་སོང་། ངས་ཐོག་མར་འགོ་འཛུགས་བྱེད་སྐབས་སུ་ཉོ་ཆ་རྒྱག་རྒྱུ་དེ་ཕལ་ཆེར་གལ་ཆེན་པོ་རེད་ཅེས་བཤད་ཡིན། འོན་ཀྱང་། མཐར་ཐུག་ང་ཚོས་ཐག་གཅོད་བྱེད་དགོས་ཀྱི་རེད་བསམ་གྱི་འདུག ཉོ་ཆ་རྒྱག་རྒྱུ་དེ་ཧ་ཅང་ཡུན་རིང་པོའི་ནང་འགྲོ་སྲིད་པ་དང་དེ་ནི་ཧ་ཅང་ཡག་པོ་ཞིག་ཀྱང་མ་རེད། ཡིན་ནའང་། ངས་རྡ་སར་ཡོད་པའི་མཚན་ཉིད་གྲྭ་ཚང་ལ་གཞིགས་ནས་བསམ་བློ་གཏོང་གི་ཡོད། འདི་ནི་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་ནང་རྩོད་པ་ཞིག་ཡིན་པ་རེད། ཁོང་ཚོས་དགེ་བཤེས་ཀྱི་ཕྱག་ཁྱེར་ཆེད་དུ་ཐོབ་ངེས་པའི་བསླབ་པ་སློབ་གཉེར་གྱི་རྒྱུད་རིམ་ཡོངས་སུ་རྫོགས་པར་འགྲིམ་གྱི་ཡོད་ནའང་། མཐར་ཐུག་ཁོང་ཚོས་ལོ་གཅིག་གི་རིང་བོད་ཀྱི་ཆོས་བརྒྱུད་གཞན་གྱི་ནང་རྩོད་པའི་ཆེད་དུ་འགྲོ་གི་ཡོད། བྱས་ཙང་། དེ་ནི་དང་པོ་དེ་དག་ཐམས་ཅད་ལ་སློབ་སྦྱོང་བྱེད་པ་དང་དེ་ནས་གདམ་ཀ་བྱེད་པ་ཞིག་མིན། གཅིག་བྱས་ན་ཁྱེད་རང་གང་དུ་རན་འཚམས་ཡོད་པ་དང་། དེར་ཏོག་ཙམ་མཚམས་འཇོག་བྱེད་པ། ཁྱེད་ལ་གང་གིས་དོན་གནད་ཆེ་བ་སྟོན་གྱི་ཡོད་པ་དེར་ལྟ་རྒྱུ་དེ་ཡག་པོ་ཞིག་ཡིན་སྲིད་ཀྱང་། ཁྱེད་རང་ལྟ་ཚུལ་གཅིག་ལ་ཧ་ཅང་བརྟན་པོ་ཆགས་པའི་རྗེས་སུ་གཞན་གྱི་སྐོར་སྦྱོང་དགོས། 

ངའི་དགེ་བའི་བཤེས་གཉེན་དགེ་བཤེས་ངག་དབང་དར་རྒྱས་ལགས་ཀྱིས་ང་ཚོའི་ནུབ་ཕྱོགས་ཀྱི་ལངས་ཕྱོགས་ལ་སྐྱོན་བརྗོད་ཀྱི་ནང་གནད་དོན་འདི་གསུངས་ཡོད། ཁོང་གིས་ང་ཚོས་གནད་དོན་གཉིས་ཕན་ཚུན་བསྡུར་འདུན་ཡོད་པ་དང་གནད་དོན་དེ་གཉིས་ཀའི་ཐད་ལ་ང་ཚོར་རྒྱུས་མངའ་དེ་ཙམ་མེད་པ་རེད། གལ་ཏེ་ཁྱེད་ཀྱིས་དེ་ལྟར་བྱས་ན། དེ་ནི་རྨོངས་པ་ལ་གཞི་བྱས་པ་ཙམ་ཞིག་རེད། ཁྱེད་ཀྱིས་གནད་དོན་གཉིས་ལས་གཅིག་གི་སྐོར་ལ་ཧ་ཅང་པོ་ཤེས་པ་དང་གནད་དོན་གཞན་ཞིག་གི་སྐོར་སློབ་སྦྱོང་བྱེད་འགོ་ཚུགས་སྐབས། གཞི་ནས་ཁྱེད་ཀྱིས་འགྲན་བསྡུར་བྱེད་ཆོག་པ་དང་། ཁྱེད་ཀྱིས་འགྲན་བསྡུར་དངོས་གནས་དྲང་པོ་ཞིག་མ་བྱས་གོང་ལ་དེའི་སྐོར་ཁྱེད་ཀྱིས་གང་འཚམས་ཡག་པོ་ཤེས་དགོས་ཀྱི་ཡོད། 

བྱས་ཙང་། འདི་ནི་ཆོས་ཚོགས་ཁག་གི་ལས་འགན་ཞིག་རེད་དམ། ང་ཚོའི་དངོས་ཡོད་ཀྱི་འཛམ་གླིང་ནང་དེ་ཆོས་ཚོགས་ཀྱི་ལས་འགན་ཆགས་ཀྱི་ཡོད། འོན་ཀྱང་། ཁྱེད་ཀྱིས་དགེ་བའི་བཤེས་གཉེན་ཚང་མ་སངས་རྒྱས་མིན་པ་དང་མི་ཚང་མ་ལ་ནང་པའི་སྲོལ་རྒྱུན་གཞན་དག་ལ་ཡོད་པའི་ལྟ་བ་རྣམས་འགྲེལ་བརྗོད་བྱེད་ཐུབ་པའི་ཤེས་རྒྱ་དེ་མེད་པ་ངོས་ལེན་བྱེད་དགོས། ཆོས་ཚོགས་དེ་དག་གི་ནང་དུ་ཧ་ཅང་ཞེན་ཆགས་དེ་ཡོད་པ་དང་དེ་ནི་ཕྱོགས་ཙམ་ཞིག་དཔལ་འབྱོར་གྱི་གལ་གནད་དང་རིན་ཐང་གིས་སྐུལ་མ་བྱས་པ་ཡིན་སྲིད་པ་སྟེ། མི་རྣམས་ཆོས་ཚོགས་གཞན་གྱི་ནང་ཕྱིན་ན་ཁྱེད་རང་དེ་ལ་མི་དགའ་བ་བྱེད་པ་དང་དེ་དག་སོ་སོའི་ཆོས་ཚོགས་ཀྱི་ནང་གནས་ན་སྙམ་པ་དང་། དེ་ལ་བརྟེན་ནས་ཁོང་ཚོའི་རིན་འབབ་དེས་སོ་སོའི་ཆོས་ཚོགས་ཀྱི་ཁང་གླ་སྤྲོད་ཆོག་པ་དང་སོ་སོའི་དགོན་པ་ཁག་ལ་དངུལ་གཏོང་ཆོག་གི་ཡོད། (གང་ཡིན་ཞེ་ན། གལ་ཏེ་ཁྱེད་རང་བླ་མ་དགེ་བའི་བཤེས་གཉེན་ཞིག་ཡིན་ན། རྒྱ་གར་དུ་ཡོད་པའི་དགོན་སྡེ་ཁག་ནས་ཁྱེད་ལ་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད་པ་རེད།)

བྱས་ཙང་། སྲོལ་རྒྱུན་ལམ་ལུགས་གཞན་གྱི་སྐོར་སློབ་ཁྲིད་བྱ་རྒྱུ་དེ་ཧ་ཅང་ཡག་པོ་རེད། མཚན་ཉིད་གྲྭ་ཚང་གི་དཔེ་དེ་གང་འཚམས་ཀྱི་ཡག་པོ་རེད་འདུག་སྙམ། འདི་ནི་༧གོང་ས་མཆོག་གིས་འདམ་ཀ་མཛད་གནང་བའི་དཔེ་དེ་ཡིན་པ་དང་ཁོང་ནི་བློ་གྲོས་དང་ལྡན་པ་ཞིག་ཡིན་པ་ནི་གོར་མ་ཆག་པ་རེད། བྱས་ཙང་། ཁོང་ཚོས་འདི་ནི་སློབ་སྦྱོང་གི་མཐའ་མཇུག་ཏུ་བྱེད་ཀྱི་ཡོད། དེ་ནི་ཆོས་ཚོགས་ནང་ཧ་ཅང་དཀའ་ལས་ཁག་པོ་རེད། གང་ཡིན་ཞེ་ན། མི་རྣམས་བརྟན་པོ་མེད་པར་བརྗེ་ལེན་བྱེད་ཀྱི་ཡོད། ས་ཆ་འགའ་ཤས་ཀྱི་ནང་གཏན་འབེབས་ཀྱི་བསླབ་གཞི་ཡོད་པ་དང་ཁྱེད་རང་དེར་ཐོག་མར་འགོ་ཚུགས་པ་ནས་མཇུག་མ་སྒྲིལ་གྱི་བར་དུ་གནས་དགོས་པ་ལྟ་བུ་རེད། ཁོང་ཚོས་ཁྱེད་ཀྱིས་ཐོག་མར་ཚང་མའི་དོད་དུ་རིན་འབབ་སྤྲོད་པར་ངེས་བརྟན་བཟོས་ཡོད་པས། ཁྱེད་ཀྱིས་རིན་པ་སྤྲད་ཟིན་པ་སོང་ཙང་། མ་འགྲོ་ན་ཏོག་ཙམ་བྱབ་ཆུང་ལྟ་བུ་ཚོར་གྱི་རེད། དེ་ནས་བསླབ་གཞི་དེའི་ཆ་ཤས་སུ་ཕལ་ཆེར་མཐའ་མཇུག་ལ་ཁྱེད་ཀྱིས་ལྟ་བ་གཞན་དེ་དག་ལས་འགའ་ཞིག་ངོ་སྤྲོད་བྱེད་ཆོག འོན་ཀྱང་། དེ་ནི་རྒྱ་གར་གྱི་གྲུབ་མཐའ་སྨྲ་བའི་ལུགས་ལྟར་ཡིན་པ་དང་ཚང་མས་དེ་དག་ལ་སློབ་སྦྱོང་བྱེད་ཀྱི་ཡོད། ངས་གོང་དུ་ཞུས་པ་ནང་བཞིན་ནང་ཆོས་ཀྱི་ནང་དུ་དེ་ལ་ལྷན་སྐྱེས་ཀྱི་ཕྱོགས་རིས་ཤིག་ཡོད་པ་རེད། ཁྱེད་ཀྱིས་དེ་འགྲིག་པ་དང་དྲང་པོ་ཡིན་དང་མིན་གང་བརྗོད་པ་ནི་གནད་དོན་གཞན་ཞིག་རེད། ཡིན་ནའང་། དེ་འདྲ་བའི་གནས་སྟངས་ཤིག་ནི་དེར་ཡོད་པ་རེད། དེ་ལྟ་ནའང་། དེ་ནི་བསམ་བློ་མི་དགེ་བའམ་བསུན་གཙེར་ཅན་གྱི་བསམ་ཕྱོགས་ཤིག་ལ་བརྟེན་ནས་ཡིན་མི་དགོས། 

ང་ཚོས་ཆེས་མཐོའི་གཙུག་ལག་སློབ་ཆེན་གྱི་སློབ་ཚན་དང་བསླབ་གཞི་བརྒྱུད་ནས་ནང་པའི་སྲོལ་རྒྱུན་ལམ་ལུགས་གཞན་དག་གི་སྐོར་ལའང་སློབ་སྦྱོང་བྱེད་ཆོག ང་རང་ལ་མཚོན་ན། ངས་གཙུག་ལག་སློབ་ཁང་ཆེན་མོའི་ནང་ནང་དོན་རིག་པའམ་ནང་ཆོས་སྐོར་སློབ་སྦྱོང་བྱས་ཡིན། གཙུག་ལག་སློབ་ཁང་ཆེན་མོའི་ནང་སྲོལ་རྒྱུན་ལམ་ལུགས་གཅིག་དེ་གཞན་ལས་ཚད་ལྡན་ཆེ་བ་དང་ཡང་དག་པ་ཡིན་པའི་སྐོར་ལ་ཚོད་དཔག་དང་དཔྱད་ཁྲ་དེ་འདྲ་མེད་པར། ཚང་མ་འགྲེལ་བརྗོད་བྱེད་ཀྱི་ཡོད། “འདིར་ཡོད། འདི་དག་ནི་བདེན་དོན་རེད་” ཅེས་པ་ལྟ་བུ་རེད། བྱས་ཙང་། དེ་དང་འདྲ་བ་ཞིག་ཡིན་སྲིད། གལ་ཏེ་ཁྱེད་རང་ཉམས་ལེན་པ་ཞིག་ཡིན་པ་དང་དེ་དག་ལས་གཅིག་ཉམས་ལེན་བྱེད་བཞིན་ཡོད་ན། དེ་ནི་རྙོག་འཛིངས་ཆེ་བ་ཆགས་ཀྱི་ཡོད། དེ་ནས་ངས་བཤད་པ་ནང་བཞིན་ང་ཚོ་ལ་ཆོས་ལུགས་གཅིག་བདེན་རིང་ལུགས་དང་། ཆོས་ལུགས་གཅིག་ལ་ཆོས་ལུགས་གཞན་སྡུད་རིང་ལུགས། གནས་ལུགས་དུ་མ་ཡོད་པར་སྨྲ་མཁན་གྱི་ལངས་ཕྱོགས་རྣམས་ཡོད་པ་རེད། དེའི་ཚེ་ན་ཁྱེད་ཀྱི་ཕྱོགས་རིས་གང་གིས་བཟོ་གི་ཡོད་པ་དང་ཕྱོགས་རིས་དང་བྲལ་བ་གང་གིས་བཟོ་གི་ཡོད་པ་བཅས་སྡེ་ཚན་དེ་གསུམ་གྱི་ནང་གི་མི་རྣམས་ལ་བརྟག་དཔྱད་བྱེད་དགོས་ཀྱི་ཡོད། 

འོན་ཀྱང་། སྤྱིར་བཏང་ནང་པའི་ཤེས་ཡོན་ནི་ཧ་ཅང་ཕན་ཐོགས་ཅན་ཞིག་རེད་བསམ་གྱི་འདུག ཕལ་ཆེར་ཆེས་ཐོག་མའི་སྐབས་ཀྱི་སྤྱིར་བཏང་གི་ཤེས་ཡོན་དང་དེ་ནས་མཐའ་འཇུག་ཏུ་དེ་ལས་ཞིབ་ཅིང་ཕྲ་བའི་ཤེས་ཡོན་དགོས་པ་དང་། ཁྱེད་རང་ཚད་མཐོ་བ་བསླེབས་པ་དང་སྲོལ་རྒྱུན་ལམ་ལུགས་གཅིག་ལ་བརྟན་ཆ་ཆེ་བ་ཡོད་པའི་སྐབས། དེ་ནི་ཧ་ཅང་ཕན་རླབས་ཅན་ཞིག་རེད། གང་ཡིན་ཞེ་ན། དུས་གཅིག་ལ་གནད་དོན་གཅིག་གི་མི་འདྲ་བའི་ཁྱད་པར་ཧ་ཅང་མང་པོ་ཞིག་སྟོན་པ་དེ་ནི་མི་མང་ཆེ་བ་ལ་ཧ་ཅང་མགོ་རྙོག་ཚ་པོ་ཆགས་ཀྱི་ཡོད།།

Top