ངོས་ནས་དེང་གི་དུས་ཚོད་ནང་ཆོས་ལུགས་ཀྱི་གལ་གནད་དང་སྐབས་དོན་འབྲེལ་བའི་སྐོར་ལ་སྐད་ཆ་ཤོད་འདོད་བྱུང་སོང། མི་ཚང་མར་རང་བཞིན་གྱི་ཐོག་ནས་བདག་ཅེས་པའི་ཚོར་སྣང་ཞིག་ཡོད་པ་དང་། དེ་དང་ལྷན་དུ་ཤེས་བྱའི་ཆོས་རྣམས་ལ་ཚོར་བ་བདེ་སྡུག་བཏང་སྙོམ་གསུམ་གྱི་སྒོ་ནས་མྱོང་གི་ཡོད། དེ་དག་ནི་རྒྱུ་མཚན་གང་ཡིན་བརྟག་དཔྱད་བྱེད་མི་དགོས་པའི་དངོས་དོན་ཞིག་ཡིན། དུད་འགྲོ་ལའང་དེ་ཡོད་པ་རེད། རང་བཞིན་གྱི་ཐོག་ནས་ང་ཚོ་ཚང་མས་བདེ་བར་དགའ་བ་དང་སྡུག་བསྔལ་དང་དཀའ་ངལ་ལ་མི་དགའ་བ་ཡིན། དེ་ཡང་ར་སྤྲོད་བྱེད་དགོས་ཀྱི་མེད། གཞི་རྩ་དེའི་ཐོག་ང་ཚོས་མི་ཚང་མར་མི་ཚེ་སྐྱིད་པོ་ཡོང་བ་དང་སྡུག་བསྔལ་སེལ་རྒྱུའི་ཐོབ་ཐང་ཡོད་པའི་སྐོར་ལ་སྐད་ཆ་ཤོད་ཐུབ།
འདིར་བདེ་སྡུག་ལ་དབྱེ་བ་གཉིས་པ་ཡོད། གཅིག་ནི་ཕྱི་ལུས་ཀྱི་དབང་པོའི་མྱོང་བ་དང་འབྲེལ་ཡོད་པ་དང་། གཞན་དག་དེ་ནི་ནང་སེམས་ཀྱི་རིམ་པ་དང་འབྲེལ་ཡོད། དབང་པོའི་རིམ་པ་ནི་ནུ་གསོ་སྲོག་ཆགས་ཀྱི་རིགས་ཚང་མར་ཐུན་མོང་དུ་དབང་པོ་ལྔ་ཡོད་པ་རེད། ནང་སེམས་ཀྱི་རིམ་པར་མཚོན་ན། དུད་འགྲོ་ཁ་ཤས་ལ་དེ་ཡོད། འོན་ཀྱང་འགྲོ་བ་མིའི་རིགས་ལ་རྣམ་དཔྱོད་བཀྲ་བ་ཡོད་པ་སོང་ཙང། ཡུན་རིང་གི་དྲན་ཤེས་དང་མ་འོངས་པའི་བསམ་བློ་ཡོད་པ་རེད། དེ་ནི་དུད་འགྲོ་ལས་ལྷག་པ་རེད། དེ་འདྲ་སོང་བ་ཡིན་ཙང་། མིའི་རིགས་ལ་ནང་སེམས་ཀྱི་བདེ་བ་དང། ཡིད་ཚིམ་མམ་སྡུག་བསྔལ། རེ་བ། རེ་སྒུག །འཇིགས་སྣང་བཅས་ཡོད། དེར་བརྟེན་ཕྱི་ལུས་ཀྱི་བདེ་སྡུག་དང་ནང་སེམས་ཀྱི་བདེ་སྡུག་གཉིས་ནི་ཐ་དད་ཡིན། ང་ཚོས་ཕྱི་ལུས་ཀྱི་ན་ཟུག་མྱོང་ཐུབ། འོན་ཀྱང་ནང་སེམས་དང་བསྡུར་ན་སྐབས་རེ་ང་ཚོའི་ཕྱིའི་རིམ་པ་དེ་འགྲིག་འགྲོ་ནའང་ང་ཚོའི་ནང་གི་རིམ་པ་དེ་སེམས་ཁྲལ་དང་འདོད་བློ་མ་ཚིམ་པས་ཁེངས་ཡོད།
ཕྱི་ལུས་ཀྱི་རིམ་པ་དེ་ཕྱིའི་མཐུན་རྐྱེན་དང་འབྲེལ་བ་ཆགས་ཡོད་པ་ནི། ཁ་ལག །གྱོན་གོས། གནས་ཁང། མཐོང་སྣང་མཛེས་པོ། སྒྲ། དྲི། རེག་བྱ། ཕྱིའི་དངོས་པོའི་མཐུན་རྐྱེན་རྣམས་རེད། མི་ཁ་ཤས་རྒྱུ་ནོར་ཧ་ཅང་ཕྱུག་པོ་ཡིན་ཞིང། ཁོང་ཚོར་སྙན་གྲགས་དང། ཤེས་ཡོན། གུས་བརྩི། གྲོགས་པོ་གྲོགས་མོ་མང་པོ་ཡོད། འོན་ཀྱང་ད་དུང་མི་ཞིག་ཡིན་པའི་ཆ་ནས་ཁོང་ཚོ་སྐྱིད་པོ་མེད་པ་རེད། དེ་ནི་དངོས་པོའི་མཐུན་རྐྱེན་གྱིས་ནང་སེམས་ཀྱི་ཡིད་ཚིམ་མམ་བདེ་བ་འདྲེན་ཐུབ་ཀྱི་མེད་པའི་རྒྱུ་མཚན་གྱིས་ཡིན། གནོན་ཤུགས་དང། སེམས་ཁྲལ། འགྲན་རྩོད། ཕྲ་དོག །སྡང་བ། འདོད་ཆགས་སོགས་མང་པོ་ཡོད་པའི་མི་ཞིག་ཡིན་ཚེ། དེ་དག་གིས་ནང་སེམས་མི་སྐྱིད་པ་འདྲེན་གྱི་ཡོད། དེ་འདྲ་སོང་བ་ཡིན་ཙང། ཕྱི་དང་དངོས་པའི་བདེ་སྐྱིད་ལ་ཚད་ཡོད་པ་ཡིན། གལ་ཏེ་ང་ཚོའི་ནང་གི་རིམ་པར་ལྷོད་གཡེང་བཏང་ན། མི་ཚེ་སྐྱིད་པོ་ཡོང་བར་དཀའ། འབྱོར་ལྡན་སྤྱི་ཚོགས་ལ་དངོས་པའི་མཐུན་རྐྱེན་ཡོད། འོན་ཀྱང་དེས་དེར་ཡོད་ཀྱི་མི་རྣམས་བདེ་སྐྱིད་དང་། ཞི་བདེ། སེམས་སྐྱིད་པོ་ཡོད་པའི་ཁག་ཐེག་བྱེད་མི་ཐུབ། དེ་འདྲ་སོང་བ་ཡིན་ཙང་། ང་ཚོར་སེམས་ཀྱི་ཞི་བདེ་འདྲེན་མཁན་གྱི་ཐབས་ཚུལ་ཞིག་དགོས་ཀྱི་ཡོད།
སྤྱིར་བཏང་གི་ཆ་ནས་ཆོས་ལུགས་ནི་དད་པ་ངེས་ཅན་ཞིག་དང་ལྷན་དུ་ནང་སེམས་ཀྱི་ཞི་བདེ་དང། ཡིད་ཚིམ། སེམས་སྐྱིད་པོ་འདྲེན་པའི་ལག་ཆ་འདྲ་པོ་ཞིག་རེད། མང་པོ་ཞིག་གིས་སེམས་ཀྱི་ཞི་བདེ་འདྲེན་པར་ཆོས་དང་མ་འབྲེལ་བའི་ལམ་ཞིག་དགོས་ཀྱི་ཡོད་པའི་ཁས་ལེན་བྱེད་ཀྱི་ཡོད་ནའང་། དེ་ངོས་ནས་མི་མང་གཏམ་བཤད་ནང་གྲོས་བསྡུར་བྱེད་རྒྱུ་ཡིན། འོན་ཀྱང་གལ་ཏེ་ང་ཚོས་དད་པ་གཞི་རྩར་བྱས་ནས་སེམས་ཀྱི་ཞི་བདེ་འདྲེན་པའི་ཐབས་ལམ་ཞིག་གི་སྐོར་ལ་སྐད་ཆ་བཤད་ན། དེ་ནས་ཆོས་ལུགས་ལ་རིགས་གཉིས་ཆགས་ཀྱི་རེད། དེ་ཡང་རིགས་པའི་གཞུང་ལུགས་མེད་པའི་དད་པ་དང། རིགས་པའི་གཞུང་ལུགས་ཡོད་པའི་དད་པ་དང་གཉིས་ཡིན།
གནའ་སྔ་མོའི་དུས་སུ་མི་རྣམས་ཀྱིས་འ་ཆད་འུ་ཐུག་གི་གནས་སྟངས་ཏེ། སོ་སོའི་སྟངས་འཛིན་ལས་འདས་པའི་དཀའ་ངལ། རེ་བ་བྲལ་བ་ལྟ་བུའི་གནས་སྟངས་འཕྲད་པའི་སྐབས་དད་པ་སྤྱད་ནས་རེ་བ་དང་སྐྱིད་པོ་ཡོང་བ་བྱེད་ཀྱི་ཡོད། གནས་སྟངས་དེ་འདྲ་བའི་ནང་དད་པས་རེ་བ་གང་ཙམ་ཞིག་སྟེར་གྱི་ཡོད། དཔེར་ན། མཚན་མོར་དུད་འགྲོའི་འཇིགས་པ་ཡོད་ན། མུན་ནག་ནང་ཞེད་སྣང་དེ་བས་མང་བ་ཡོད། འོད་མདངས་འོག་བདེ་འཇགས་ཆེ་བ་ཚོར་གྱི་ཡོད། འོད་མདངས་ཀྱི་འབྱུང་ཁུངས་ནི་ཉི་མ་རེད། བྱས་ཙང་། ཉི་མ་ནི་རྩ་ཆེའི་རིགས་ཡིན་པས་མི་ཁ་ཤས་ཀྱི་ཉི་མར་ཕྱག་མཆོད་བྱས་པ་ཡོད། མེས་ང་ཚོ་འཁྱག་པའི་སྐབས་བདེ་བ་སྟེར་གྱི་ཡོད་པས། ཁ་ཤས་ཀྱིས་མེ་ཡག་པོ་ཡིན་པར་བརྩིས་པ་དང། སྐབས་རེ་མེ་དེ་གློག་དམར་འཁྱུག་པ་ལས་ཡོང་གི་ཡོད་པ་ནི་ཡ་མཚན་ཅན་ཞིག་ཡིན་པས། མེ་དང་གློག་དམར་གཉིས་ཀ་རྩ་ཆེན་པོ་ཡིན། དེ་དག་ནི་རིགས་པའི་གཞུང་ལུགས་མེད་པའི་གདོད་མའི་དད་པ་རེད།
དབྱེ་བ་གཞན་དེའི་ཁོངས་སུ་ཕལ་ཆེར་གདོད་མའི་ཨི་ཇིབ་སྤྱི་ཚོགས་གཏོགས་ཀྱི་ཡོད། ངོས་ནས་དེའི་སྐོར་ལ་ཤེས་ཀྱི་མེད། ཨི་ཇིབ་ (Egypt) ཀྱི་རིག་གཞུང་འཕེལ་རིམ་ནི་ལོ་ངོ་སྟོང་ཕྲག་དྲུག་གམ་བདུན་ཕྱིན་ཡོད་པ་དང་དད་པ་ཡོད་པ་རེད། ངོས་རང་ཁའེ་རོ་ (Cairo) ནང་གི་གཙུག་ལག་སློབ་གཉེར་ཁང་གཅིག་ལ་བསླེབས་པའི་སྐབས་ངོས་ནས་གལ་ཏེ་ངོས་རང་ལ་དུས་ཚོད་མང་ཙམ་ཡོད་ན། གདོད་མའི་ཨི་ཇིབ་ཀྱི་སྲིད་པའི་དཔལ་ཡོན་ནམ་རིག་གཞུང་འཕེལ་རིམ་སྐོར་ལ་སློབ་སྦྱོང་བྱེད་འདོད་དང་མང་ཙམ་ཤེས་འདོད་ཡོད་ཚུལ་བརྗོད་པ་ཡིན། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ། ངོས་རང་ལ་དུས་ཚོད་མེད་པ་རེད། གང་ལྟར་ཡང་། ཆོས་ལུགས་ཀྱི་དབྱེ་བ་གཞན་ཞིག་གི་ནང་རྒྱ་གར་ཨིན་ཌ་སི་ (Indus) ཡུལ་ལུང་གྱི་སྲིད་པའི་དཔལ་ཡོན་དང་རྒྱ་ནག་གི་སྲིད་པའི་དཔལ་ཡོན་ཡང་ཚུད་ཡོད་པ་རེད། ཁོང་ཚོར་ལྟ་གྲུབ་ཅིག་དང་ལྷན་དུ་ཆོས་ལུགས་རྣམས་སྤྲོས་པ་དེ་བས་རྒྱས་པ་ཡོད། དེ་ཡང་ཕལ་ཆེར་ཨིན་ཌ་སི་ཡུལ་ལུང་གི་སྲིད་པའི་དཔལ་ཡོན་ནང་དུ་གཞན་ལས་མང་བ་ཡོད་པ་འདྲ། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་མམ་བཞིའི་སྔོན་ནས་རིགས་པའི་གཞུང་ལུགས་ངེས་ཅན་ཞིག་ཡོད་པའི་དད་པ་ཡོད་བཞིན་པ་རེད། བྱས་ཙང་། ཆོས་ལུགས་ཀྱི་དབྱེ་བ་གཞན་ཞིག་ནི་རིགས་པའི་གཞུང་ལུགས་ཀྱི་བསམ་ཚུལ་ངེས་ཅན་ཡོད་པའི་དད་པ་དེ་ཡིན་པ་རེད།
དབྱེ་བ་གཉིས་པ་དེའི་ནང་ཐུན་མོང་གི་དྲི་བ་འགའ་ཡོད་པ་རེད། ངོས་ཀྱི་འཇིའུ་གྲོགས་པོ་གཅིག་གིས་དྲི་བ་དེ་དག་ཡག་པོ་ཞིག་བཏང་སོང། བདག་ཅེས་པ་དེ་གང་ཡིན་ནམ། བདག་གང་ནས་འོང་བ་རེད་དམ། བདག་གང་དུ་འགྲོའམ། མི་ཚེའི་དགོས་དོན་གང་ཡིན་ནམ། དེ་དག་ནི་དྲི་བ་གཙོ་བོ་རྣམས་ཡིན། དེ་དག་ལ་ལན་འདེབས་བྱེད་དུས་དབྱེ་བ་གཉིས་ཡོད་པ་ནི། ལྷ་བཅས་དང་ལྷ་མེད་སྨྲ་བའི་ཆོས་ལུགས་གཉིས་ཀྱི་ཐོག་ནས་ཤོད་དགོས།
རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་གྱི་སྔོན་ནས་མི་རྣམས་ཀྱིས། ང་ཞེས་པ་དེ་གང་ཡིན་དང་། བདག་ཅེས་པ་དེ་གང་ཡིན་མིན་གྱི་ལན་འདེབས་འཚོལ་རྒྱུའི་འབད་རྩོལ་བསྟེན་ཡོད། ཐུན་མོང་གི་མྱོང་བར་གཞིགས་ན། ལོ་ན་གཞོན་པའི་སྐབས་ལུས་པོའི་རྣམ་པ་དང་དབྱིབས་རྣམས་ལོ་ན་རྒས་པའི་སྐབས་ལས་མི་འདྲ་བ་ཞིག་ཡོད་པ་རེད། སེམས་ལའང་སྐར་མ་རེ་རེའི་ནང་འགྱུར་ལྡོག་འགྲོ་གི་ཡོད་པས་མི་འདྲ་བ་ཡོད། འོན་ཀྱང་བདག་ལོ་ན་གཞོན་པའི་སྐབས་ཡིན་ནའང་འདྲ། རྒས་པའི་སྐབས་སུ་ཡིན་ནའང་འདྲ། ང་ཚོར་བདག་ཅེས་པའི་རང་བཞིན་གྱི་ཚོར་སྣང་ཞིག་ཡོད། དེ་འདྲ་སོང་བ་ཡིན་ཙང་། ལུས་སེམས་གཉིས་ཀྱི་བདག་པོའམ། ཡང་ན་ལུས་སེམས་གཉིས་ལ་དབང་སྒྱུར་མཁན་ཞིག་དེར་ཡོད་པ་རེད། ལུས་དང་སེམས་འགྱུར་བ་འགྲོ་བའི་སྐབས་དབང་སྒྱུར་མཁན་དེ་ངེས་པར་དུ་གཞན་ལ་ལྟོས་མེད་དང། རྟག་པ། འགྱུར་བ་མེད་པ་ཞིག་ཡིན་ངེས། དེར་བརྟེན་རྒྱ་གར་ནང་བདག་གམ་ཨཱཏྨ་ཞེས་པའི་བསམ་ཚུལ་བྱུང་བ་རེད། ལུས་པོ་བེད་མེད་དུ་འགྱུར་བའི་སྐབས་སུའང་ཨཱཏྨ་དེར་གནས་ཡོད་པ་རེད། དེ་ནི་བདག་ཅེས་པ་དེ་གང་ཡིན་པའི་ལན་རེད།
འོ་ན་བདག་གམ་ཨཱཏྨ་དེ་གང་ནས་འོང་བ་རེད་དམ། དེ་ལ་ཐོག་མ་ཡོད་དམ་མེད། ཐོག་མ་མེད་པ་ནི་ཁས་ལེན་བྱེད་དཀའ་བ་དང། དེར་བརྟེན་ལུས་པོ་འདིར་ཐོག་མ་ཡོད་པ་བཞིན་དུ་དེ་ལ་ཐོག་མ་ཞིག་ཡོད་ངེས། བྱས་ཙང་། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་སྐྱེས་བུ་བཟོས་པ་རེད། མཐའ་མར་མཚོན་ན། ང་ཚོ་འཇིག་རྟེན་བཀོད་པ་པོའི་མདུན་དུ་འབྱུང་བའམ་འཇིག་རྟེན་བཀོད་པ་པོའི་དབྱིངས་སུ་ཐིམ་འགྲོ་བ་ཡིན། དབུས་ཤར་གྱི་ཆོས་ལུགས་སྟེ། སྔོན་མའི་འཇེའུ་དང། ཡེ་ཤུ། ཕལ་ཆེར་ཨི་ཇིབ་བཅས་ཀྱིས་སྐྱེ་བ་ཕྱི་མ་ཞིག་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་འཇེའུ་དང་། ཡེ་ཤུ། ཁ་ཆེ་རྣམས་ལ་མཚོན་ན། དོན་དམ་བདེན་པ་ནི་ལྷ་དཀོན་མཆོག་གམ་འཇིག་རྟེན་བཀོད་པ་པོ་ཡིན། དེ་ནི་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན། ལྷ་དཀོན་མཆོག་དེ་ལ་ཚད་མེད་ཀྱི་ནུས་མཐུ་དང། ཚད་མེད་ཀྱི་སྙིང་རྗེ་དང་ཤེས་རབ་ཡོད་ངེས་པ་རེད། ཨལ་ལཱ་ (Allah) བཞིན་དུ་ཆོས་ལུགས་ཚང་མས་སྙིང་རྗེ་ཚད་མེད་དག་སྐྱེལ་བྱེད་ཀྱི་ཡོད། ལྷ་དཀོན་མཆོག་སྟེ་དོན་དམ་བདེན་པ་ནི་ང་ཚོའི་མྱོང་བ་ལས་འདས་པ་རེད། དེ་ནི་ལྷ་ཡོད་པར་སྨྲ་བའི་ཆོས་ལུགས་ཡིན་པ་རེད།
དེ་ནས་ལོ་ངོ་སྟོང་ཕྲག་གསུམ་ཙམ་གྱི་སྔོན་རྒྱ་གར་ནང་གྲངས་ཅན་པའི་ལྟ་གྲུབ་བྱུང་བ་ང་ཚོས་ཤེས་ཀྱི་ཡོད། དེའི་ནང་ལ་དབྱེ་བ་གཉིས་བྱུང་ཡོད་པ་ནི། གྲངས་ཅན་ལྷ་བཅས་པའམ་དཀོན་མཆོག་ལ་ཡིད་ཆེས་བྱེད་མཁན་ཞིག་དང་ལྷ་མེད་པའམ་དཀོན་མཆོག་ལ་ཡིད་ཆེས་མི་བྱེད་མཁན་གཉིས་ཡོད། ཕྱི་མ་དེས་སྔ་མ་ལས་ལྡོག་ཏེ། སྤྱི་གཙོ་བོ་དང་ཤེས་བྱ་ཉེར་ལྔའི་སྐོར་ལ་བརྗོད་ཀྱི་ཡོད། ཁོང་ཚོར་སྤྱི་གཙོ་བོ་ནི་རྟག་པ་དང་འཇིག་རྟེན་བཀོད་པ་པོ་ཡིན། དེར་བརྟེན་སྟོན་པ་སངས་རྒྱས་ཀྱི་སྔོན་དུ་ལྷ་མེད་ཀྱི་ལྟ་བའམ་ལྷ་ལ་ཡིད་ཆེས་མེད་མཁན་གྱི་ལྟ་བ་དེར་ཡོད་བཞིན་པ་རེད།
དེས་ན་ལོ་ངོ་ ༢༦༠༠ ཙམ་གྱི་སྔོན་སྟོན་པ་བཅོམ་ལྡན་འདས་དང་གཅེར་བུ་བའི་སྲོལ་གཏོད་པ་པོ་དཔའ་བོ་ཆེན་པོ་ཕེབས་ཡོད་པ་རེད། དེ་གཉིས་ཀས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཁས་ལེན་གྱི་མེད། འོན་ཀྱང་རྒྱུ་དང་འབྲས་བུ་ཙམ་གྱི་ཐོག་ལ་ནན་བཤད་བྱས་ཡོད། དེས་ན་གྲངས་ཅན་པའི་དབྱེ་བ་གཅིག་དང་། གཅེར་བུ་བའི་ཆོས་དང་ནང་པའི་ཆོས་གཉིས་ཀ་ནི་ལྷ་མེད་སྨྲ་བའི་ཆོས་ལུགས་ཡིན།
ལྷ་མེད་སྨྲ་བའི་ཆོས་ལུགས་ཀྱི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་ཐམས་ཅད་སོ་སོའི་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བ་དང། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱུ་དང་འབྲས་བུའི་རང་བཞིན་གཙོ་བོ་གཅིག་ནི་འགྱུར་བའི་ཆོས་ཉིད་དེ་ཡིན་པ་བརྗོད་ཀྱི་ཡོད། ཆོས་རྣམས་ནམ་ཡང་རང་ཚུགས་སུ་བརྟན་པོར་གནས་ཀྱི་མེད། དེ་འདྲ་སོང་བ་ཡིན་ཙང། བདག་ཅེས་པའི་གཞི་རྩ་ནི་ལུས་དང་སེམས་ཡིན་པས། དེ་གཉིས་མངོན་གསལ་ཆེན་པོར་དུས་རྟག་ཏུ་འགྱུར་བཞིན་ཡོད་པ་དང། བདག་ཅེས་པ་དེ་དེ་གཉིས་ལ་བསྟེན་ཡོད་པ་སོང་ཙང། བདག་ཅེས་པ་དེའི་རང་བཞིན་ངེས་པར་དུ་གཅིག་པ་ཡིན་དགོས། དེ་འགྱུར་བ་མེད་པ་དང་རྟག་པ་འོང་ཐབས་མེད། གདགས་གཞི་འགྱུར་བ་འགྲོ་གི་ཡོད་ན། དེར་བཏགས་པའི་གདགས་ཆོས་ཀྱང་འགྱུར་བ་འགྲོ་དགོས་ཀྱི་ཡོད། དེ་འདྲ་སོང་ཙང། རྟག་པ་དང། འགྱུར་བ་མེད་པའི་སྐྱེས་བུའམ་བདག་ཅིག་ཡོད་པ་མིན། བདག་མེད་པ་འདི་ནི་ནང་པའི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་ཅིག་སྟེ། ཆོས་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་འབྲེལ་བ་ཡོད་པ་རེད། དེར་བརྟེན་ལྷ་མེད་སྨྲ་བའི་ཆོས་ལུགས་གསུམ་པོའི་ནང་ནས་གཞན་གཉིས་ཀྱིས་རྒྱུ་འབྲས་ཀྱི་རྣམ་གཞག་ཁས་ལེན་གྱི་ཡོད་ནའང། ཁོང་ཚོས་རྟག་པ་སྟེ། འགྱུར་བ་མེད་པའི་བདག་ཅིག་སྒྲུབ་གྱི་ཡོད་པ་རེད།
དེར་བརྟེན་རིགས་པའི་གཞུང་ལུགས་དང་ལྷན་དུ་དད་པ་ཡོད་པའི་ཆོས་ལུགས་རྣམས་ཀྱི་དབུས་སུ་ལུགས་འདྲ་མིན་མང་པོ་ཡོད། དེ་དག་ཚང་མར་ཁྱད་ཆོས་གཉིས་ཡོད་པ་ནི། རིགས་པའི་གཞུང་ལུགས་དང་ལྟ་གྲུབ་དང། ད་དུང་ཉམས་ལེན་བཅས་ཡིན། རིགས་པའི་གཞུང་ལུགས་དང་ལྟ་གྲུབ་ཀྱི་ཐད་ལ་ཁྱད་པར་ཆེན་པོ་ཞིག་ཡོད། འོན་ཀྱང་ཉམས་ལེན་ནི་གཅིག་མཚུངས་སྟེ། བརྩེ་བ་དང་། སྙིང་རྗེ། བཟོད་གསོལ། བཟོད་བསྲན། ཁྲིམས་རང་སྲུང་སོགས་ཡིན། རིགས་པའི་གཞུང་ལུགས་དང་ལྟ་གྲུབ་མི་འདྲ་བ་རྣམས་ནི་མི་རྣམས་ཀྱིས་བརྩེ་བ་དང་། སྙིང་རྗེ། བཟོད་གསོལ་ལ་སོགས་པ་ཉམས་ལེན་བྱེད་རྒྱུར་འདུན་པ་དང་ཡིད་ཆེས་བརྟན་པོ་བསླེབ་པའི་ཐབས་ལམ་ཙམ་ཞིག་ཡིན། དེ་འདྲ་ཡིན་ཙང། རིགས་པའི་གཞུང་ལུགས་དེ་དག་ཚང་མར་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་གཅིག་མཚུངས་སུ་ཡོད་པ་ནི། བརྩེ་བ་དང། སྙིང་རྗེ། དེ་ལ་སོགས་པ་རྣམས་སྐྲུན་རྒྱུ་དེ་ཡིན་པ་རེད།
དེ་ནི་ནང་ཆོས་ནང་གསལ་པོ་རེད། སྟོན་པས་ལྟ་གྲུབ་འགལ་འདུ་ཅན་འདྲ་མིན་གསུངས་ཡོད། མདོ་ཁ་ཤས་ཀྱི་ནང་། ལུས་སེམས་ཀྱི་ཕུང་པོ་རྣམས་ནི་ཁུར་པོ་དང་བདག་ནི་དེ་ཁུར་འཁུར་མཁན་ཞིག་ཏུ་གསུང་གི་ཡོད། ཁུར་པོ་དང་དེ་འཁུར་མཁན་ནི་གཅིག་འོང་ཐབས་མེད་པ་དང། དེར་བརྟེན་བདག་ནི་ངེས་པར་དུ་ཐ་དད་ཅིག་དང་རྫས་སུ་གྲུབ་པ་ཞིག་དགོས་ཀྱི་ཡོད། མདོ་གཞན་ཞིག་གི་ནང་། ལས་ཡོད་ནའང། ལས་དེ་གསོག་མཁན་ནམ་བྱེད་མཁན་གྱི་གང་ཟག་སྟེ། བདག་རྫས་སུ་གྲུབ་པ་ཞིག་མེད་ཅེས་གསུངས། ཡང་མདོ་གཞན་ལས། ཕྱི་རོལ་དོན་དུ་གྲུབ་པའི་ཆོས་གང་ཡང་མེད། སེམས་ཙམ་ཞིག་ཡོད་པ་དང་ཆོས་གཞན་སེམས་ཙམ་དུ་གྲུབ་ཡོད། སེམས་གྲུབ་པ་སྟེ། དེ་བདེན་པར་གྲུབ་པར་གསུངས། འོན་ཀྱང་མདོ་གཞན་ལས། སེམས་དང་སེམས་ཙམ་དུ་བདེན་པར་གྲུབ་པའི་ཆོས་གང་ཡང་མེད་ཅེས་གསུངས། ཤེར་ཕྱིན་གྱི་མདོ་ཡི་ནང་། དཔེར་ན། “མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། གཟུགས་མེད། སེམས་མེད།” ཅེས་སོགས་གསལ་བ་བཞིན་བདེན་པར་གྲུབ་པའི་ཆོས་མེད་པར་གསུངས། དེ་དག་ཚང་མ་འགལ་བ་ཡིན། འོན་ཀྱང་དེ་དག་ཐམས་ཅད་ཀྱི་འབྱུང་ཁུངས་ནི་གཅིག་པ་ཡིན་ཏེ། བདག་ཅག་གི་སྟོན་པ་ཤཱཀྱ་མུ་ནི་ལས་བྱུང་བ་རེད།
སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་དེ་རྣམས་ཁོང་ཉིད་ཀྱི་ཐེ་ཚོམ་དབང་གྱིས་བསྟན་པ་མ་ཡིན་ལ། ཁོང་གིས་བསམ་བཞིན་དུ་རྗེས་འཇུག་གདུལ་བྱའི་ཚོགས་རྣམས་ལ་ཐེ་ཚོམ་སྐྱེ་བའི་དོན་དུ་བསྟན་པ་ཡང་མིན། ཁོང་གིས་དེ་ལྟ་བུ་བསྟན་དགོས་པའི་རྒྱུ་མཚན་གང་ཡིན་ནམ། སྟོན་པ་བཅོམ་ལྡན་འདས་ཀྱིས་་གདུལ་བྱ་རེ་རེ་ནས་མི་འདྲ་བ་ཡོད་པ་མཁྱེན་པས་དེ་དག་ལ་ཕན་འདོགས་པའི་དོན་དུ་གསུངས་པ་རེད། ཁོང་གིས་དེ་དག་ཡོངས་རྫོགས་དགོས་མཁོ་རུ་གཟིགས་པ་རེད།
ལོ་ངོ་སྟོང་ཕྲག་གསུམ་གྱི་སྔོན་དུ་མི་ས་ཡ་བཅུའམ་བརྒྱ་ཡོད་པ་རེད། ད་ལྟ་མི་འབོར་ཐེར་འབུམ་དྲུག་ཡོད། དེར་བརྟེན། མི་དེ་དག་གི་དབུས་སུ་ཏན་ཏན་ཁམས་དང་མོས་པ་སྣ་ཚོགས་ཡོད། ང་ཚོས་ཕ་མ་གཅིག་གི་བུ་ཕྲུག་ལ་རང་གཤིས་མི་འདྲ་བ་ཡོད་པ་དང་། ཐ་ན་མཚེ་ཕྲུག་ཡིན་ནའང་ཁོང་ཚོའི་སེམས་དང་སེམས་ཚོར་རྣམས་མི་འདྲ་བ་ཡོད་པ་མཐོང་ཐུབ། དེ་འདྲ་སོང་བ་ཡིན་ཙང། མིའི་རིགས་ཀྱི་དབུས་སུ་མི་སོ་སོའི་རང་གཤིས་དང་། ཁམས་དང་མོས་པ་སྣ་ཚོགས་པ། འཚོ་བ་སྐྱེལ་སྟངས་མི་འདྲ་བ། བསམ་བློ་གཏོང་ཚུལ་མི་འདྲ་བ་ཡོད་པ་རེད། ཁྱད་པར་དེ་དག་ཀྱང་ཁོར་ཡུག་དང་། ས་ཁམས། གནམ་གཤིས་སོགས་ཀྱིས་རྐྱེན་བྱེད་ཀྱི་ཡོད། དཔེར་ན། ཨ་ར་སྦི་ཡ་ (Arabia) ནི་གནམ་གཤིས་ཚ་དྲོད་ཆེན་པོ་དང་སྐམ་ཤས་ཅན་ཞིག་ཡིན། རྒྱ་གར་ལ་ཆར་དུས་ཀྱི་ཆར་པ་ཡོད་པས་དེ་གཉིས་མི་འདྲ་བ་དང་། དེར་འཚོ་བཞིན་པའི་མི་རྣམས་ལ་འཚོ་བ་སྐྱེལ་སྟངས་མི་འདྲ་བ་ཞིག་ཡོད། འོན་ཀྱང་གདོད་མའི་དུས་སུ་ས་ཕྱོགས་གང་སར་མི་རྣམས་འདྲ་ཆེ་བ་ཡོད། འོན་ཀྱང་ད་ལྟའི་དུས་སུ་ཁྱད་པར་དེ་དག་རྒྱུ་མཚན་དུ་བྱས་ནས་ཐབས་ཚུལ་དང་ལངས་ཕྱོགས་མི་འདྲ་བ་དགོས་པ་ནི་གལ་འགངས་ཆེ། འོན་ཀྱང་རིགས་པའི་གཞུང་ལུགས་དང་ལྟ་གྲུབ་ཐ་དད་པ་དེ་དག་གིས་སྐྱོན་གང་ཡང་མེད། གལ་གནད་ཆེ་ཤོས་ནི་ཆོས་ལུགས་དེ་དག་ཚང་མའི་དམིགས་ཡུལ་དང་དགོས་དོན་ཡིན་པ་དང་། དེ་ནི་གཅིག་མཚུངས་ཏེ། གཞན་ལ་འདྲིས་གཏུགས་བྱེད་དུས་སེམས་བཟང་པོ་དང་སྙིང་རྗེ་ལྡན་པའི་མི་ཞིག་བྱེད་རྒྱུ་དེ་ཡིན་པ་རེད།
མི་ཁ་ཤས་ལ་འཇིག་རྟེན་བཀོད་པོ་ལྷ་དཀོན་མཆོག་དེ་ཕན་ཐོགས་ཆེན་པོ་ཡོད། ངོས་ནས་ཐེངས་གཅིག་ཡེ་ཤུའི་བླ་རྒན་ཞིག་ལ་ཡེ་ཤུས་སྐྱེ་བ་སྔ་མ་ཁས་མི་ལེན་པའི་རྒྱུ་མཚན་དྲིས་པ་ཡིན། ཁོང་གིས། “གང་ཡིན་ཟེར་ན། ད་ལྟའི་མི་ཚེ་དེ་ལྷ་དཀོན་མཆོག་གིས་བྱས་པ་རེད།” ཟེར་གྱི་འདུག །དེ་འདྲའི་བསམ་བློ་གཏོང་ཚུལ་དེས་ལྷ་དཀོན་མཆོག་དང་ཧ་ཅང་ཉེ་པོ་ཡོད་པའི་ཚོར་སྣང་ཞིག་སྦྱིན་གྱི་ཡོད། ལུས་པོ་འདི་ང་ཚོའི་ཨ་མའི་མངལ་ལས་བྱུང་བ་ཡིན་པ་སོང་ཙང་། ང་ཚོར་སོ་སོའི་མ་དང་ལྷན་དུ་ཉེ་པོ་དང་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་ཡོད་པ་རེད། དེར་བརྟེན། གནས་སྟངས་གཅིག་མཚུངས་ལྷ་དཀོན་མཆོག་དང་ལྷན་དུ་འབྱུང་གི་ཡོད། ང་ཚོ་ལྷ་དཀོན་མཆོག་ལས་བྱུང་བས་དེས་ང་ཚོར་ལྷ་དཀོན་མཆོག་དང་ལྷན་དུ་ཉེ་བའི་སེམས་ཚོར་ཞིག་སྦྱིན་གྱི་ཡོད། ག་ཚོད་ཀྱིས་སེམས་ཐག་ཉེ་བ་བྱུང་བ་དེ་ཙམ་གྱིས་ལྷ་དཀོན་མཆོག་གི་བསླབ་བྱ་སྟེ། བརྩེ་བ་དང་སྙིང་རྗེའི་རྗེས་སུ་འབྲང་རྒྱུའི་འདུན་པ་ཆེ་བ་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང། ལྷ་ཡོད་པར་སྨྲ་བའི་ཐབས་ཚུལ་ནི་ནུས་པ་ཆེན་པོ་ཡོད་པ་དང་ལྷ་མེད་པར་སྨྲ་བའི་ཐབས་ཚུལ་ལས་ལྷག་པའི་མི་མང་པོར་ཕན་ཐོགས་ཆེན་པོ་ཡོད།
སོ་སོའི་ཆོས་ལུགས་ཀྱི་སྲོལ་རྒྱུན་འཛིན་ན་ལེགས་པ་ཡོད། སོག་ཡུལ་དུ་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་ཡེ་ཤུར་བསྒྱུར་རྒྱུར་མི་རེར་ཨ་སྒོར་ ༡༥ རེ་སྤྲོད་ཀྱི་ཡོད་པ་རེད། བྱས་ཙང་། མི་ཁ་ཤས་ཀྱིས་དེ་ལ་ཕྱིན་ནས་ལོ་ལྟར་ཡང་ནས་ཡང་དུ་ཚར་རེར་ཨ་སྒོར་ ༡༥ འཐོབ་བྱེད་ཆོས་ལུགས་སྒྱུར་གྱི་ཡོད། ངོས་ནས་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་དེ་དག་ལ་དེར་ཡོད་པའི་མི་དེ་དག་ལ་ཐེ་བྱུས་མ་བྱས་པར་ཁོང་ཚོ་སྲོལ་རྒྱུན་གྱི་ནང་པ་རང་འཇགས་སུ་འཇོག་དགོས་པའི་བསླབ་བྱ་བྱེད་ཀྱི་ཡོད། དེ་དང་གཅིག་མཚུངས་སུ་ངོས་ནས་ནུབ་ཕྱོགས་པའི་མི་རྣམས་ལ་ཁོང་རང་ཚོ་སོ་སོའི་ཆོས་ལུགས་འཛིན་དགོས་པ་བརྗོད་ཀྱི་ཡོད།
ལེགས་ཤོས་ནི་གནས་ཚུལ་དེ་བས་མང་བ་མཁོ་སྒྲུབ་བྱེད་རྒྱུ་དེ་ཡིན། དེས་གུས་བརྩི་ཡར་རྒྱས་གཏོང་རྒྱུར་ཕན་པ་ཡིན། དེ་འདྲ་སོང་བ་ཡིན་ཙང་། གལ་ཏེ་ཁྱེད་རང་ཡེ་ཤུ་ཡིན་ན། ཁྱེད་རང་གི་ཡེ་ཤུའི་ལུགས་མི་ཉམས་རྒྱུད་འཛིན་བྱོས། འོན་ཀྱང་ལུགས་གཞན་གྱི་གོ་རྟོགས་དང་ཤེས་བྱ་འཐོབ་པར་གྱིས། ཐབས་ལམ་ལ་མཚོན་ན། ཚང་མས་བརྩེ་བ་དང། སྙིང་རྗེ། བཟོད་པའི་ཉམས་ལེན་གཅིག་མཚུངས་སུ་སྟོན་གྱི་ཡོད། ཉམས་ལེན་ཐུན་མོང་དུ་སྤྱོད་ཀྱི་ཡོད་པར་བརྟེན་ནང་པའི་ཆོས་ལས་ཐབས་ལམ་ཁ་ཤས་དང་དུ་་བླངས་ན་འགྲིག་པ་ཡིན། འོན་ཀྱང་ནང་པའི་ལྟ་གྲུབ་ཀྱི་ལྟོས་མེད་རང་རྐྱ་ཐུབ་པ་ཞིག་མེད་པ་དང་བདེན་པར་གྲུབ་པ་མེད་པ་ལ་མཚོན་ན། དེ་ནི་ནང་པ་ཁོ་ནའི་དོན་དག་ཡིན། དེ་གཞན་གྱིས་སློབ་སྦྱོང་བྱས་ན་ཕན་ཐོགས་མེད། ཡེ་ཤུའི་ཆོས་དཔོན་གཅིག་གིས་ངོས་ལ་སྟོང་པ་ཉིད་ཀྱི་སྐོར་སྐད་ཆ་དྲིས་སོང། ངོས་ནས་དེ་ཁྱེད་རང་ལ་ཡག་པོ་ཡོད་མ་རེད་ཅེས་བཤད་པ་ཡིན། གལ་ཏེ་ངོས་ནས་བརྟེན་འབྲེལ་གྱི་དོན་ཆ་ཚང་བསླབ་ན། དེས་ཁོ་རང་གི་དཀོན་མཆོག་ལ་དམིགས་པའི་དད་པར་གནོད་སྲིད། དེར་བརྟེན་གང་ཟག་དེ་འདྲ་བས་སྟོང་པ་ཉིད་ཀྱི་སྐོར་གཏམ་བཤད་མ་ཉན་ན་ལེགས་པ་ཡོད།
མདོར་ན། ཆོས་ལུགས་ཆེ་ཁག་ཚང་མར་ཉམས་ལེན་གཅིག་ཡིན་པ་དང། ཐབས་ལམ་མི་འདྲ་བ་དང་རིགས་པའི་གཞུང་ལུགས་མི་འདྲ་བ་ཡོད་ནའང་དགོས་དོན་མཚུངས་པ་རེད། དེ་ནི་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩིའི་གཞི་རྩ་རེད། དེར་བརྟེན། སོ་སོའི་ཆོས་ལུགས་ཉར་ཚགས་གྱིས། འོན་ཀྱང་གལ་ཏེ་ངོས་ཀྱི་གཏམ་བཤད་ལས་ནང་པའི་ཐབས་ལམ་ཁ་ཤས་ཁྱེད་རང་ཚོས་ཕན་ཐོགས་ཅན་དུ་མཐོང་ཚེ། དེ་ནས་དེ་དག་བེད་སྤྱོད་གྱིས། གལ་ཏེ་ཕན་ཐོགས་ཅན་མིན་ཚེ། གཡུག་བཞག་ན་འགྲིག་པ་ཡིན།།