སེམས་ངལ་སྤོང་བར་ཕན་པའི་ནང་པའི་དཔྱད་དོན།

དོ་དགོང་ངེས་འབྱུང་སྟེ། དཀའ་ངལ་ལས་ཐར་འདོད་ཀྱི་ཆོད་སེམས་དང་། ལྷག་པར་དུ་འདི་ག་མཽསྐོ་ལྟ་བུ་གྲོང་ཁྱེར་ཆེན་པོའི་ནང་གནས་པའི་སེམས་ངལ་དང་འབྲེལ་ནས་དེ་ཇི་ལྟར་རྟོགས་ཐུབ་པའི་སྐོར་ཤོད་དགོས་ཞེས་གསུངས་སོང་། འོན་ཀྱང་ངའི་བསམ་པར། ཁྱེད་ཀྱིས་བརྗོད་གཞི་དེ་ལ་བརྟག་ཞིབ་བྱེད་འགོ་བཙུག་པའི་སྐབས། དེང་དུས་འཛམ་གླིང་ནང་ང་ཚོར་འཕྲད་པའི་དཀའ་ངལ་མང་ཆེ་བ་ནི་གྲོང་ཁྱེར་ཆེན་པོའི་ནང་གནས་པ་ཙམ་ཞིག་ལ་ཚད་བཀག་བྱས་མེད་པ་ཤེས་ཀྱི་རེད།

ཚད་བརྒལ་ཧུར་བརྩོན་གྱི་ངར་ཤུགས་ནི་སེམས་ངལ་གྱི་འབྱུང་ཁུངས་ཤིག་ཡིན།

གྲོང་ཁྱེར་ཆེན་པོའི་ནང་མཁའ་རླུང་འབགས་བཙོག་དང་། སྣུམ་འཁོར་འཚང་འགག་སོགས་ཀྱི་དཀའ་ངལ་ཡོད་པ་ཤོད་མི་དགོས་ཤིང་། དེ་དག་ཁྱེད་ཀྱིས་གྲོང་གསེབ་ཏུ་མི་མཐོང་བ་སྲིད། འོན་ཀྱང་དེ་དག་ཁོ་ནས་ང་ཚོའི་སེམས་ངལ་ལ་རྐྱེན་བྱེད་པ་ཞིག་མིན། ང་ཚོས་གཏིང་ཟབ་ཏུ་ལྟ་ཞིབ་བྱེད་པའི་སྐབས། དེང་དུས་འཛམ་གླིང་ནང་གང་དུ་གནས་སྡོད་བྱེད་མིན་ལ་མ་ལྟོས་པར། མི་མང་ཆེ་བར་འཕྲད་བཞིན་པའི་དཀའ་ངལ་རྣམས་ང་ཚོས་ཤེས་ཀྱི་ཡོད། དོན་ངོ་མར་ང་ཚོར་གནད་དོན་ཇེ་མང་ནས་ཇེ་མང་ཐོབ་རུང་ཡིན་པ་དང་། གདམ་ཀ་ཇེ་མང་ནས་ཇེ་མང་ཡོད་པ། གནས་ཚུལ་ཇེ་མང་ནས་ཇེ་མང་། གཟུགས་མཐོང་བརྙན་འཕྲིན་གྱི་བསྟི་གནས་རྒྱུ་ལམ་ཇེ་མང་ནས་ཇེ་མང་། དེ་དག་ལས་གློག་བརྙན་ལྟད་མོ་ཇེ་མང་ནས་ཇེ་མང་འདེམས་སྒྲུག་བྱ་རྒྱུ་ཡོད་པ། དེ་ལས་ཐོན་རྫས་ཇེ་མང་ནས་ཇེ་མང་འདེམས་སྒྲུག་བྱ་རྒྱུ་ཡོད་པ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད་བསམ་གྱི་འདུག །མི་མང་ཆེ་བས་ལག་ཐོགས་ཁ་པར་འཁྱེར་གྱི་ཡོད་པ་དང་། གློག་འཕྲིན་འབྱོར་བ་དང་། རྒྱུན་མི་ཆད་པའི་འཕྲིན་ཡིག་འབྱོར་བ། ཕན་ཚུན་ཁ་བརྡ་བྱེད་པ་སོགས་ཡོང་གི་ཡོད། བྱས་ཙང་། ང་ཚོས་དེ་དག་ཚང་མར་བལྟ་དགོས་པ་དང་། སྔོག་བཤེར་བྱེད་དགོས་པ། དེ་མ་ཐག་ལན་འདེབས་བྱེད་དགོས་པའི་སེམས་ངལ་གྱི་ཚོར་བ་ཞིག་ཡོད། གང་ཡིན་ཞེ་ན། མི་གཞན་དག་གིས་ང་ཚོས་དེ་མ་ཐག་ལན་འདེབས་ཀྱི་རེད་ཅེས་རེ་བ་བྱེད་ཀྱི་ཡོད། དེ་དག་ལ་བརྟེན་ནས་འབྲེལ་བ་བྱ་གལ་ཡིན་པའི་སྐབས། གཞན་དང་མཉམ་དུ་འབྲེལ་བ་མུ་མཐུད་དེ་གནས་པ་སོགས་ཀྱི་ཕན་ཡོན་འགའ་ཞིག་ཡོད་ནའང་། སྐབས་རེར་དེ་ནི་ཧ་ཅང་མང་དྲགས་ཀྱི་ཡོད། དེ་ནི་རྒྱུན་མི་ཆད་པ་ཡིན་པ་དང་ང་ཚོ་ཧ་ཅང་ཉེན་སྲུང་མེད་པ་ཆགས་ཀྱི་ཡོད། དེ་གང་ཡིན་ཟེར་ན། གལ་ཏེ་ཁྱེད་ཀྱིས་དེའི་སྐོར་བསམ་བློ་བཏང་ན། དེའི་རྒྱབ་ཀྱི་བསམ་བློའི་ཁྱེར་སོ་ནི། “དེ་གལ་ཆེན་པོ་ཡིན་སྲིད་པས། ང་རང་གོ་སྐབས་དེ་བརླག་འཇུག་འདོད་མི་འདུག་” ཅེས་པ་དེ་རེད།

དེར་བརྟེན་ང་ཚོས་རྟག་ཏུ་གང་འབྱུང་བཞིན་ཡོད་མེད་སྔོག་བཤེར་མི་བྱེད་ཀ་མེད་ཚོར་གྱི་ཡོད། འོན་ཀྱང་དེས་ང་ཚོ་ཉེ་སྲུང་ཡོད་པ་ཞིག་ནམ་ཡང་ཚོར་འཇུག་གི་མེད། གང་ཡིན་ཞེ་ན། དུས་རྟག་ཏུ་གནས་ཚུལ་གསར་པ་ཞིག་འབྱུང་བཞིན་ཡོད་པ་དང་། འཕྲིན་ཡིག་གསར་པ་དང་ཁ་བརྡ་གསར་པ་འབྱུང་བཞིན་ཡོད། གལ་ཏེ་ང་ཚོས་ཡཱུ་ཊུབ་ཡང་ན་གཟུགས་མཐོང་བརྙན་འཕྲིན་ནང་ལྟད་མོ་ཞིག་བལྟ་རྒྱུ་གདམ་ཀ་བྱས་ན། འདི་ག་མཽསྐོ་ལ་བརྙན་འཕྲིན་གྱི་བསྟི་གནས་ཁང་ག་ཚོད་ཡོད་མེད་ངས་མི་ཤེས། ཡིན་ནའང་ཡོ་རོབ་དང་ཨ་རིའི་ནང་། དེ་འདྲ་བརྒྱ་ཕྲག་མང་པོ་ཡོད་པས། ཁྱེད་ཀྱིས་ལྟད་མོ་ཞིག་བལྟ་བར་བདེ་པོ་མིན་པ་ཚོར་གྱི་མེད། གང་ཡིན་ཞེ་ན། ཁྱེད་ཀྱིས་ “ད་དུང་དེ་ལས་ཡག་ག་ཞིག་ཡོད་སྲིད་” ཅེས་བསམ་གྱི་ཡོད། བྱས་ཙང་། “ངས་གོ་སྐབས་ཤོར་གྱིན་ཡོད་པའི་གནད་དོན་དེ་ལས་ཡག་ག་ཅིག་ཡོད་སྲིད་” ཅེས་རྟག་ཏུ་བལྟ་རྒྱུའི་ངང་ངམ་ཤུགས་ཀྱི་རང་བཞིན་ཞིག་ཡོད།

དྲྭ་ཐོག་གི་འཇིག་རྟེན་ན་མོས་མཐུན་དང་ངོས་ལེན་འཚོལ་བ།

ངའི་བསམ་པར། གནད་དོན་དེ་དག་གིས་ང་ཚོ་གང་དུ་གནས་མིན་ལ་མ་ལྟོས་པར། སེམས་ངལ་དངོས་གནས་ཤུགས་ཆེ་རུ་གཏོང་གི་ཡོད། གྲོང་ཁྱེར་ཆེན་པོའམ་གྲོང་གསེབ་ཀྱི་ནང་དང་དམིགས་བསལ་དེང་དུས་ཀྱི་འཛམ་གླིང་ནང་དེ་ལྟར་ཡོང་གི་ཡོད། ང་ཚོ་སྤྱི་ཚོགས་མི་སྡེ་དང་། གྲོགས་པོ་རུ་ཁག་ཅིག་གི་ཁོངས་སུ་གཏོགས་འདོད་ཡོད། བྱས་ཙང་། ང་ཚོས་སོ་སོའི་ངོ་དེབ་ཀྱི་ནང་གང་ཁྱབ་སྤེལ་བཏང་བ་རྣམས་ལ་དགའ་རྟགས་དགོས་འདོད་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་གང་ལྟར་ཡང་ང་ཚོས་རང་ཉིད་ཁས་ལེན་དང་རྗེས་སུ་ཡི་རངས་བྱས་པ་ཚོར་གྱི་ཡོད། འོན་ཀྱང་ང་ཚོ་དེའི་ཐད་ལ་ཞི་འཇམ་མེད། ང་ཚོར་ཐོབ་པའི་དགའ་རྟགས་ཀྱི་གྲངས་དེ་ལ་འདོད་བློ་ནམ་ཡང་ཁེངས་ཀྱི་མེད། ང་ཚོར་ད་དུང་མང་བ་དགོས་འདོད་བྱེད་ཀྱི་ཡོད། ཁོང་ཚོས་དེ་དངོས་གནས་དགའ་རྟགས་སྤྲད་ཡོད་པ་རེད་དམ། ཡང་ན་ཁོང་ཚོས་མཐེབ་ཅུ་ཞིག་གནན་པ་ཙམ་ཞིག་གམ། ཡང་ན་འཕྲུལ་ཆས་ཤིག་གིས་མཐེབ་ཅུ་གནན་པ་ཙམ་ཞིག་རེད། ༼དེང་སང་དགའ་རྟགས་མང་པོ་ཐོབ་པར་ཁྱེད་ཀྱིས་དངུལ་སྤྲོད་ཆོག༽ ང་ཚོའི་ཁ་པར་གྱི་ནང་འཕྲིན་ཡིག་ཅིག་འབྱོར་བའི་བརྡ་བསྟན་ན། དེ་དམིགས་བསལ་ཞིག་ཡིན་སྲིད་བསམས་ནས་སྤྲོ་སེམས་རབ་ཏུ་ཁོལ་ནས་རེ་སྒུག་བྱེད་ཀྱི་ཡོད།

སོ་སོའི་ངོ་དེབ་ཀྱི་ཤོག་ངོས་སུ་སྔོག་བཤེར་བྱས་ཏེ། དགའ་རྟགས་མང་པོ་ཐོབ་ཡོད་མེད་བལྟ་བའི་སྐབས། ང་ཚོའི་སེམས་ནང་རེ་སྒུག་གི་སྤྲོ་སེམས་ཡོད། ཡང་ན་ངས་ནམ་རྒྱུན་སོ་སོ་རང་ཉིད་འགྲེལ་བརྗོད་ཇི་ལྟར་བྱེད་ཀྱི་ཡོད་དམ། གསར་འགྱུར་ལ་ངན་ལང་ཤོར་བ་ཞིག་ཡིན་པའི་ཆ་ནས་རྟག་ཏུ་གསར་འགྱུར་ལ་བལྟ་གི་ཡོད། དམིགས་བསལ་གསར་པ་དང་དོ་སྣང་བྱེད་འོས་པའི་གནས་སྟངས་དེ་འདྲ་འབྱུང་བཞིན་ཡོད་མེད་བལྟ་དགོས། གང་ཡིན་ཟེར་ན། ངས་གོ་སྐབས་གཅིག་ཀྱང་ཤོར་འདོད་མེད།

གལ་ཏེ་ང་ཚོས་གནད་དོན་དེ་གཏིང་ཟབ་ཏུ་བརྟག་དཔྱད་བྱས་ན། ང་ཚོར་གང་འཐོབ་ཀྱི་རེད་ཅེ་ན། དེའི་རྒྱབ་ལ་ “ང་རང་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། གནད་དོན་ཆ་ཚང་ཤེས་དགོས་ཤིང་། མི་ཚང་མས་ང་ལ་དགའ་པོ་བྱེད་དགོས་” པའི་ཚོར་བ་ཞིག་ཡོད། ང་ཚོས་སོ་སོ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་ཚང་མ་ཤེས་དགོས་པ། དེ་བཞིན་མཐའ་གཅིག་ཏུ་རང་ཉིད་ལ་རྗེས་སུ་ཡི་རངས་བྱེད་དགོས་པ་ཚོར་བའི་རྒྱུ་མཚན་གང་ཡིན་པའི་ཐོག་ལ། ནང་པའི་ལྟ་ཚུལ་གྱི་ཐོག་ནས་གང་འཚམ་གཏིང་ཟབ་ཀྱི་བརྟག་དཔྱད་བྱེད་ཆོག །ང་ཚོ་ཧ་ཅང་སྔོན་ཚུད་ལས་བྲེལ་དེ་འདྲ་ཅིའི་ཕྱིར་ཡིན་ནམ། དེ་དག་གི་སྐོར་ལ་དོ་དགོང་གཏིང་ཟབ་པོ་ཤོད་འདོད་མི་འདུག

དངོས་ཡོད་ཀྱི་གནས་སྟངས་ལས་ཐར་བར་བྱེད་པ།

ཕྱོགས་གཅིག་ནས་ང་ཚོ་ནམ་རྒྱུན་ཉེ་འཁོར་གྱི་གནས་སྟངས་ལ་བརྟེན་ནས་དབང་དུ་སྡུད་པའི་ཚོར་བ་ཡོང་གི་ཡོད་པ་དང་། དེ་ལས་ཐར་ཐབས་སུ་ས་འོག་མེ་འཁོར་ནང་འགྲིམ་འགྲུལ་བྱེད་བཞིན་པའི་སྐབས་དང་། ཉེ་འཁོར་དུ་གོམ་པ་སྤོ་བཞིན་པའི་སྐབས། ང་ཚོས་སོ་སོའི་ཁ་པར་སྔོག་བཤེར་བྱེད་པ་དང་གཞས་དང་རོལ་དབྱངས་སོགས་ཉན་གྱི་ཡོད། ང་ཚོར་རྟག་ཏུ་གཞས་ཉན་བྱེད་ཀྱི་ཨ་ཡེ་པོཌ་དང་མཉམ་དུ་རྣ་མཆོག་ནང་རྣ་འཇུག་ཡོ་བྱད་དེ་བཀོན་བཀོན་པ་རེད། གལ་ཏེ་ཁྱེད་ཀྱིས་དེའི་སྐོར་ལ་བསམ་བློ་བཏང་ན། དེ་ནི་དོ་སྣང་བྱེད་འོས་པའི་འགལ་ཟླ་ཞིག་རེད། ཕྱོགས་གཅིག་ནས་ང་ཚོ་སྤྱི་ཚོགས་མི་སྡེ་དེའི་ནང་ངོས་ལེན་ཡོང་བར་འདོད་ནའང་། ཕྱོགས་གཞན་ཞིག་ནས་ང་ཚོ་སྤྱི་ཚོགས་ཀྱི་ནང་དངོས་སུ་ཡོད་པའི་སྐབས། སོ་སོའི་ཁ་པར་སྔོག་བཤེར་དང་། ཧ་ཅང་སྐད་ཤུགས་ཆེ་བའི་གཞས་ལ་ཉན་ནས་མི་གཞན་དག་ཚང་མར་སྣང་མེད་གཏོང་གི་ཡོད།
 
དེའི་དོན་གང་རེད་དམ། དེས་ཁེར་རྐྱང་ཡིན་པ་སྟོན་གྱི་ཡོད། མ་རེད་དམ། ང་ཚོར་སྤྱི་ཚོགས་ཀྱི་ངོས་འཛིན་དེ་དགོས་འདོད་བྱེད་པ་དང་། ང་ཚོ་ཁེར་རྐྱང་ཡིན་པ་རེད། གང་ཡིན་ཞེ་ན། ང་ཚོས་ཁས་ལེན་བྱས་ཡོད་ཅེས་ནམ་ཡང་བསམ་གྱི་མེད། ཡིན་ནའང་ཕྱོགས་གཞན་ཞིག་ནས་ང་ཚོས་སོ་སོའི་དྲྭ་ཐོག་གི་འཛམ་གླིང་ནང་བྲོས་ནས་རང་གིས་རང་ལ་སྣང་མེད་གཏོང་གི་ཡོད། དེ་ཡང་ཧ་ཅང་ཁེར་རྐྱང་ཡིན་པ་རེད། མ་རེད་དམ།

ང་ཚོས་སྤྲོ་སྐྱིད་གཏོང་དགོས་པ་ངང་ངམ་ཤུགས་ཀྱིས་ཚོར་གྱི་ཡོད། གང་ཡང་མི་འབྱུང་བའི་དུས་གཅིག་མེད་པ་རེད། དེ་ནི་སླར་ཡང་འགལ་བ་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། ཕྱོགས་གཅིག་ནས་ང་ཚོས་ཞི་བདེ་དང་ཁུ་སིམ་ལ་དོན་གཉེར་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ང་ཚོ་གནས་ཚུལ་ཆ་འཕྲིན་དང་རོལ་དབྱངས་སོགས་གང་ཡང་མེད་པའི་སྟོང་སང་ལ་ཞེད་སྣང་སྐྱེ་གི་ཡོད།

ང་ཚོ་གང་ལྟར་ཡང་། ཕྱིའི་འཛམ་གླིང་གི་སེམས་ངལ་ལས་ཐར་འདོད་ཡོད། དེ་ཡང་ས་འོག་མེ་འཁོར་སོགས་གང་ཡིན་ནའང་འདྲ་སྟེ། དེ་ནས་བྲོས་ཏེ་དྲྭ་ཐོག་གི་འཛམ་གླིང་ཆུང་ངུའི་ཁ་པར་དང་དྲྭ་རྒྱའི་ཕྱོགས་སུ་བྲོས་ཀྱི་ཡོད། འོན་ཀྱང་དེ་ལའང་ང་ཚོས་གྲོགས་པོ་ཚོའི་ངོས་ལེན་སོགས་བྱེད་ན་བསམ་བསྡད་ཀྱི་ཡོད། ང་ཚོ་ནམ་ཡང་ཉེན་སྲུང་ཡོད་པ་ཞིག་ཚོར་གྱི་མེད། དེ་ནི་ང་ཚོས་དངོས་གནས་བསམ་བློ་གཏོང་དགོས་པ་ཞིག་རེད། དཔེར་ན། སོ་སོའི་ཁ་པར་གྱི་ཕྱོགས་སུ་མགོ་འཐོམས་ནས་སྡོད་རྒྱུ་དེ་ང་ཚོ་སེམས་ངལ་གྱི་དཀའ་སྡུག་དེ་སེལ་བའི་ཐབས་དངོས་གནས་རེད་དམ། ང་ཚོ་གྲོང་ཁྱེར་ཆེན་པོ་ཞིག་གམ་གང་དུ་གནས་སྡོད་བྱེད་ཀྱང་། དེ་ནི་དཀའ་ངལ་སེལ་བའི་ཐབས་དེ་ཨེ་ཡིན།

མི་དགེ་བའི་རྒྱུན་ལྡན་གྱི་བྱེད་སྒོ་ཁག་ངོས་འཛིན་དང་དེ་ལས་ཐར་འདོད་ཀྱི་ཆོད་སེམས།

ང་ཚོས་གང་བྱེད་དགོས་ཞེ་ན། རྒྱུན་ལྡན་གྱི་བྱེད་སྒོ་དེ་དག་གི་ནང་འཁར་བའི་སྐབས། ང་ཚོས་མྱོང་བའི་མི་བདེ་བའམ་སྡུག་བསྔལ་དེ་ངོས་འཛིན་དགོས་པ་དང་། དེ་དག་གི་འབྱུང་རྩ་གང་ཡིན་ངོ་རྟགས་ཆོད་དགོས། ང་ཚོ་གོམས་གཤིས་དེ་དག་གི་ནང་ཚུད་ནས་འཁར་བའི་རྒྱུ་མཚན་གང་རེད་དམ།

དེ་ལྟའི་སྡུག་བསྔལ་ལས་ཐར་འདོད་ཀྱི་ཆོད་སེམས་སྐྱེད་དགོས་ཤིང་། དེ་ཡང་དེའི་འབྱུང་ཁུངས་རྣམས་སྤོང་བའི་ཐབས་རྣམས་ལ་གཞི་བྱས་ཏེ་ཆོད་སེམས་སྐྱེད་དགོས། དེ་བཞིན་དེས་ཕན་ཐོགས་ངེས་ཡིན་པའི་གདེང་ཚོད་ལྡན་པ་དགོས། ང་ཚོས་སྡུག་བསྔལ་དེ་མེད་པ་བཟོས་ནས་ཛོམ་བྷིའམ་རོ་སྔགས་ལྟ་བུ་ཆགས་ཏེ། ཅི་ཡང་མི་ཚོར་བ་དང་གྲོང་ཁྱེར་ནང་མི་རོ་འགྲོ་བ་ནང་བཞིན་སྐྱོད་འདོད་པ་ཙམ་ཞིག་རེད་དམ་ཟེར་ན། མ་རེད། བདེ་སྐྱིད་ཟེར་བ་དེ་སྡུག་བསྔལ་མེད་པ་ཙམ་དེ་མིན། དེ་ནི་བར་མའམ་བཏང་སྙོམས་ཡང་ན་ཞི་ལྷིང་གི་ཚོར་བའི་ཁ་སྣོན་ཞིག་ཡིན། ང་ཚོ་ཚོར་མེད་ཅིག་ཆགས་པར་དམིགས་ཀྱི་མེད། དོན་དག་དེའང་མ་རེད།

ཕྱིའི་དངོས་པོ་དང་གནས་སྟངས་རྣམས་ང་ཚོས་མྱོང་བའི་སྡུག་བསྔལ་དང་། དཀའ་ངལ། སེམས་ངལ་གྱི་འབྱུང་ཁུངས་དངོས་གནས་མིན་པ་ངོས་འཛིན་དགོས། གལ་ཏེ་དེ་ལྟར་ཡིན་ན། མི་ཚང་མས་དེ་གཅིག་པ་གཅིག་རྐྱང་མྱོང་དགོས།

དཀའ་ངལ་དེ་དྲྭ་རྒྱ་ལ་བརྟེན་ནས་མིན་ལ་ང་ཚོའི་ཁ་པར་ལ་བརྟེན་ནས་ཀྱང་མིན། ང་ཚོས་དེ་དག་ཚུལ་བཞིན་དུ་བེད་སྤྱོད་བྱེད་པའི་སྐབས། དེ་དག་ང་ཚོའི་མི་ཚེའི་ནང་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་ཤོད་ག་ལ་དགོས། ང་ཚོའི་དཀའ་ངལ་ནི། དེ་དག་ལ་བསམ་བློ་གཏོང་ཕྱོགས་དང་། དེ་ལས་བྱུང་ཞིང་ཁ་སྣོན་བྱེད་པའི་སེམས་ཚོར། དེ་ག་ནང་བཞིན་ང་ཚོས་ཡ་མཚན་ཅན་གྱི་དྲྭ་རྒྱའི་འཛམ་གླིང་འདི་ལ་སྟངས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་པ་དང་། ང་ཚོའི་མི་ཚེའི་ནང་གནས་སྟངས་ལ་སྟངས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་པ་བཅས་རེད།

ང་ཚོར་རང་གིས་རང་ལ་ཕུང་བར་བྱེད་པའི་གོམས་གཤིས་ཧ་ཅང་མང་པོ་ཡོད་པ་དང་། དེ་ཡང་ཉེན་སྲུང་མེད་པ་དང་། ཁས་ལེན་མི་བྱེད་པའི་ཞེད་སྣང་། ཁེར་རྐྱང་ལྷག་པ། རང་དབང་མེད་པ་སོགས་དེ་དག་ཐམས་ཅད་སེམས་ཀྱི་གནས་བབས་བསུན་གཙེར་ཅན་ནམ་ཉོན་མོངས་ལ་བརྟེན་ནས་བྱུང་བ་ཡིན། འོན་ཀྱང་ང་ཚོས་དེ་དག་ལས་ཐར་བའི་ཆེད་ཐབས་བྱུས་ཁག་དང་ལེན་བྱེད་ཐབས་བྱེད་པ་དང་། སྤྱི་ཚོགས་བརྒྱུད་ལམ་ནང་བྲོས་པ་སོགས་ཀྱིས་ང་ཚོར་སེམས་ངལ་མང་བ་བཟོ་གི་ཡོད། དེ་ནི་དགའ་རྟགས་དང་མཆན་འགོད་ཀྱི་རྒྱབ་རྟེན་ལམ་ལུགས་ཤིག་ཡིན། དེས་མི་རྣམས་ཀྱིས་ང་ལ་དགའ་པོ་བྱེད་ཀྱི་རེད་དམ་ཞེས་པའི་སེམས་འཚབ་ཤུགས་ཆེ་བ་སྐྱེ་འཇུག་པ་ཙམ་ཞིག་ཡིན།

ང་ཚོས་བཅུ་ཐོག་ན་གཞོན་རྣམས་དང་དྲྭ་རྒྱའི་ལམ་ནས་གཞུ་གཤོག་གཏོང་བར་བསམ་བློ་གཏོང་བའི་སྐབས། དེ་ནི་དེ་ལས་སྡུག་ཏུ་འགྲོ་གི་ཡོད། དེ་ནི་ཁྱེད་ལ་དགའ་རྟགས་རག་ཡོད་པ་དང་། དགའ་རྟགས་ག་ཚོད་རག་ཡོད་པ་དེ་གཞན་ཚང་མས་མཐོང་གི་ཡོད་པ་ཙམ་མིན་པར། གལ་ཏེ་ཁྱེད་རང་ལ་ཐུབ་ཚོད་བཏང་ན། དགའ་རྟགས་མེད་པ་ལྟ་བུ་མི་ཚང་མས་དེ་ཡང་མཐོང་གི་ཡོད། དེ་ནི་ཞེད་སྣང་ཚ་པོ་རེད། མ་རེད་དམ།

མི་རྣམས་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཐོག་འདྲ་པར་ཁག་ཁྱབ་སྤེལ་གཏོང་གི་ཡོད། དེ་ཡང་དུས་ཚོད་སྐྱིད་པོའི་རིང་གི་སོ་སོའི་འདྲ་པར་རྣམས་སྤེལ་གྱི་ཡོད། མ་རེད་དམ། ཁོང་ཚོས་དུས་ཚོད་སྡུག་ཅག་སྐབས་ཀྱི་འདྲ་པར་རིགས་ཁྱབ་སྤེལ་གཏོང་གི་མེད། བྱས་ཙང་། ཁྱེད་ཀྱིས་སོ་སོའི་གྲོགས་པོ་ཚང་མས་སྐྱིད་པོ་གཏོང་བཞིན་པ་མཐོང་གི་ཡོད། དེ་ནས་རང་གིས་རང་ལ་ཐབས་སྐྱོ་བ་ལ། ང་རང་འདིར་ཉལ་ཁང་དུ་བསྡད་ནས་ཁ་པར་བལྟ་དགོས་ཀྱི་འདུག །འདི་ནི་སེམས་ཀྱི་གནས་བབས་བདེ་སྐྱིད་དང་ལྡན་པ་ཞིག་མ་རེད། རེད་དམ།

སྤྱི་ཚོགས་བརྒྱུད་ལམ་སོགས་ཀྱི་ནང་གང་འབྱུང་བཞིན་པའི་ཐོག་ལ་དངོས་ཡོད་དང་མཐུན་པའི་བསམ་ཕྱོགས་ཤིག་ང་ཚོར་དགོས་ཀྱི་ཡོད། སོ་སོའི་ངོ་དེབ་ཀྱི་ཤོག་ངོས་སྟེང་དགའ་རྟགས་ཧ་ཅང་མང་པོ་སྤྲད་ཡོད་པ་དེས་རང་ཉིད་ཉེན་སྲུང་ཡོད་པ་ཞིག་ཚོར་བར་མི་བྱེད་པ་རྟོགས་དགོས། དེ་ལ་ནུས་པ་དེ་མེད། དེ་ནི་དེ་ལས་ལྡོག་ཟླ་དེ་རེད། ང་ཚོ་བྱིས་བློ་ནང་བཞིན་རྨོངས་པའི་དབང་གིས་དེས་ཁྱད་པར་ཆེན་པོ་ཞིག་བཟོ་གི་རེད་བསམ་གྱི་ཡོད་པ་དང་། དེས་དགའ་རྟགས་དེ་ལས་མང་བ་དགོས་འདོད་ཀྱི་ཞེན་ཆགས་སྐྱེ་གི་ཡོད། དེ་ནི་འདོད་རྔམ་ཡིན་པས་ང་ཚོ་ནམ་ཡང་འདོད་བློ་མི་ཚིམ་པ་དང་། ད་དུང་དགའ་རྟགས་མང་བ་ཡོད་ན་བསམས་ནས་ཡང་ནས་ཡང་དུ་ཁ་པར་སྔོག་བཤེར་བྱེད་དགོས་པའི་ཉེན་སྲུང་མེད་པའི་གནས་སྟངས་ཤིག་ཡོང་གི་ཡོད།
 
ང་རང་ལྟ་བུར་མཚོན་ན། ང་རང་གི་དྲྭ་ཚིགས་ལ་དེ་འདྲའི་གོམས་གཤིས་ཤིག་ཡོད་པ་ངས་ངོས་ལེན་བྱེད་ཀྱི་ཡོད། དེ་རིང་མི་ག་ཚོད་ཙམ་ཞིག་གིས་དྲྭ་ཚིགས་ལ་བལྟ་ཀློག་བྱས་ཡོད་མེད་ཀྱི་བསྡོམས་གྲངས་ལ་བལྟ་བཞིན་ཡོད། དེ་ནི་གནས་སྟངས་གཅིག་པ་རེད། ཡང་ན་ཉིན་ལྟར་དངུལ་གྱི་འཛའ་ཐང་ལ་ལྟ་ཞིབ་བྱས་ནས་དེ་རིང་དངུལ་ག་ཚོད་ཤོར་ཡོད་མེད་ལྟ་གི་ཡོད། ང་ཚོར་སེམས་ཀྱི་ཞི་བདེ་ཞིག་ནམ་ཡང་མེད། ༼གད་ཤོར་བ།༽ ཡང་ན་ང་ཚོས་བྱིས་བློའི་རང་བཞིན་དང་བཅས་ཏེ། གནས་ཚུལ་ཆ་འཕྲིན་གྱི་འཛམ་གླིང་གི་གློག་ཀླད་རྩེད་རིགས་ཀྱི་ནང་བྲོས་ཆོག་པ་དང་། དཀའ་ངལ་རྣམས་མེད་པ་ཆགས་ཀྱི་རེད་བསམ་གྱི་ཡོད། དེ་ནི་ཨ་རག་ཝོཌ་ཀ་ཚོད་མེད་འཐུང་ནས་དཀའ་ངལ་དེ་མེད་པ་ཆགས་ཀྱི་རེད་བསམ་པ་དང་ཁྱད་པར་དེ་ཙམ་མེད། ཡོད་དམ།
 
གལ་ཏེ་ང་ཚོས་མངོན་རྟགས་དེ་ལ་བརྟག་ཞིབ་བྱས་ན། དེ་ནི་ཧ་ཅང་རང་གིས་རང་ལ་གནོད་པ་ཞིག་ཡིན་པ་ཤེས་ཀྱི་རེད། ང་ཚོའི་མི་ཚེའི་ནང་གི་གནོན་ཤུགས་དང་སེམས་ངལ་གདོང་ལེན་བྱེད་སྟངས་དེས་དཀའ་ངལ་དེ་ལས་མང་བ་སྐྲུན་པ་ཙམ་དུ་ཟད།

གནས་སྟངས་ལ་ཕན་ནུས་ལྡན་པའི་སྟངས་འཛིན་བྱེད་པར། ཆོས་རྣམ་པར་འབྱེད་པའི་ཤེས་རབ་དགོས།

མངོན་རྟགས་དེ་ལ་གདོང་ལེན་བྱེད་པར། ང་ཚོར་འཕྲད་བཞིན་པའི་གནས་སྟངས་ལ་ཆོས་རྣམ་པར་འབྱེད་པའི་ཤེས་རབ་དགོས། དཔེར་ན། འགྲོ་རྒྱུག་ཆེ་བའི་ལས་ཀ་ལྟ་བུར་མཚོན་ན། ང་ཚོས་དེ་ལ་གདོང་ལེན་བྱེད་དགོས་པ་ནི་དངོས་ཡོད་ཅིག་ཆགས་ཀྱི་ཡོད། དངོས་ཡོད་གནས་སྟངས་དེ་ངོས་ལེན་བྱེད་དགོས། དངོས་ཡོད་གནས་ཚུལ་དེ་གང་རེད་ཅེ་ན། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་དེ་བྱེད་ཐུབ། གལ་ཏེ་ང་ཚོས་དངོས་ཡོད་གནས་སྟངས་དེ་ཁས་ལེན་བྱས་ན། འདི་ནི་མནར་གཅོད་དྲག་པོ་ཞིག་རེད་འདུག་ཅེས་དང་། སོ་སོ་རང་ཉིད་ལ་ང་རང་ཡག་པོ་དེ་ཙམ་མིན་ཞེས་པའི་རྟོག་པའི་འཆར་སྒོ་ཞིག་ང་ཚོའི་ལས་ཀའི་སྒང་ལ་སྐྲུན་རྒྱུ་མཚམས་འཇོག་བྱེད་ཀྱི་ཡོད།

ང་ཚོས་སོ་སོ་སྐྱོན་མེད་ཡང་དག་ཅིག་ཡིན་དགོས་པར་བསམ་པ་ནི་དཀའ་ངལ་ཆགས་ཀྱི་ཡོད། ང་ཚོ་སངས་མ་རྒྱས་བར་དུ་སུ་གཅིག་སྐྱོན་མེད་ཡང་དག་མིན། ཐ་ན་ང་ཚོའི་འགོ་འཛིན་དེས་ང་ཚོ་ཡང་དག་པ་ཞིག་དགོས་བསམ་པ་དང་སྐྱོན་མེད་ཡང་དག་དགོས་པའི་གནོན་ཤུགས་སྤྲད་ནའང་། དངོས་ཡོད་གནས་སྟངས་ལ་དེ་ནི་མི་སྲིད་པ་ཞིག་རེད། དེ་མི་སྲིད་པ་ཞིག་ཡིན་པ་སོང་ཙང་། ང་ཚོས་མི་སྲིད་པ་ཞིག་བྱེད་ཐུབ་ཀྱི་མི་འདུག་ཅེས་སོ་སོའི་མགོ་བོ་རྩིག་པའི་ངོས་སུ་བརྡུང་བ་ལྟ་བུ་རང་སྡུག་རང་གིས་ཁུར་ནས་ནག་ཉེས་ཅན་དུ་ཅིའི་ཕྱིར་ཚོར་གྱི་ཡོད་དམ།

བྱས་ཙང་། ང་ཚོས་གང་ཐུབ་ཅི་ཐུབ་བྱེད་དགོས་པ་དང་གལ་ཆེ་བ་གང་ཡིན་དེ་བྱེད་དགོས། དངོས་ཡོད་གནས་སྟངས་གང་ཡིན་པ་དེ་ངོས་ལེན་བྱེད་དགོས། དེ་ནས་ང་ཚོས་རྩེ་གཅིག་པའི་ཏིང་ངེ་འཛིན་རྒྱུན་སྐྱོང་ཐབས་བྱེད་དགོས། ང་ཚོར་འཕྲད་པའི་གནས་སྟངས་ཀྱི་དངོས་ཡོད་ལ་ “འདི་ནི་མི་སྲིད་པ་རེད་” ཅེས་ཚད་བརྒལ་གྱི་ཚོད་དཔག་མེད་པ་དང་། ཡང་ “ངས་ཁ་པར་གྱི་ཕྱོགས་སུ་བྲོས་ནས་དེའི་ནང་རྩེད་མོ་རྩེ་བ་དང་སྔོག་བཤེར་བྱེད་པ་བཅས་བྱེད་ཆོག་” ཅེས་མཐོང་ཆུང་མེད་པའི་སྒོ་ནས་དྲན་ཤེས་དང་ལྡན་པ་དགོས།

ཁྱེད་ཀྱིས་དེར་གདོང་ལེན་བྱེད་དགོས། ཁྱེད་ཀྱིས་ལས་ཀར་གདོང་ལེན་བྱེད་དགོས། གལ་ཏེ་ང་ཚོས་མཐོང་ཆུང་བྱས་ན། དེ་ནས་གདོང་ལེན་བྱེད་མི་དགོས་པའི་གནད་དོན་ཞིག་རེད་བསམ་གྱི་ཡོད། དེ་ནི་དཔེ་ཆ་བཞག་ན། ལས་ཀའི་རིང་ཁྱེད་ཀྱིས་ལས་དོན་ཞིག་བསྒྲུབ་དགོས་ཀྱི་ཡོད་པ་དང་། དེ་བསྒྲུབ་འདོད་རྩ་ནས་མེད་ན། ཁྱེད་ཀྱིས་གང་བྱེད་དམ། དེ་བྱེད་དགོས་པའི་སྒྲིག་ཁྲིམས་ཤིག་ཁྱེད་ལ་ཡོད་དམ། ཡང་ན་ཁྱེད་ཀྱིས་དེ་མ་ཐག་བེད་སྤྱོད་བྱེད་འགོ་བཙུག་གམ། ཡང་མིན་ན། “ཕལ་ཆེར་འཕྲིན་ཡིག་གསར་པ་ཤིག་ཡོད་ས་རེད། མི་ཞིག་གིས་སྔར་ལས་དོ་སྣང་བྱེད་འོས་པའི་གནད་དོན་ཞིག་ཁྱབ་སྤེལ་བྱས་ཡོད་ས་རེད་” ཅེས་དེ་མ་ཐག་ཁྱེད་ཀྱི་ཁ་པར་བལྟ་རྒྱུའི་བསམ་པ་དེ་ཡོད་དམ། དེ་ནི་ཁྱེད་ཀྱིས་ལས་དོན་དེ་ངེས་པར་དུ་བྱེད་དགོས་པའི་བདེན་དོན་ལ་མཐོང་ཆུང་བྱེད་ཀྱི་ཡོད། དེ་དག་ཐམས་ཅད་ངེས་འབྱུང་ངམ་ཐར་འདོད་ཀྱི་ཆོད་སེམས་ཁོངས་སུ་གཏོགས་ཡོད། དཀའ་ངལ་གྱི་རྒྱུ་ངོ་མ་བྱེད་མཁན་དེ་གང་ཡིན་པ་ངོས་འཛིན་ཐབས་བྱེད་དགོས།
 
དེ་ལ་གདོང་ལེན་ཇི་ལྟར་བྱེད་དམ།

བརྙན་པར། དགེ་བཤེས་བཀྲ་ཤིས་ཚེ་རིང་། “སེམས་ངལ་དང་སེམས་འཚབ་ལས་ཐར་བ།”

ང་ཚོའི་བྱ་སྤྱོད་སྤེལ་སྟངས་ལ་བརྟེན་ནས་སྐུལ་རྒྱུའི་རྣམ་འགྱུར་ལ་ཤུགས་རྐྱེན་སྤྲོད་ཚུལ་རྟོགས་པ།

ང་ཚོས་ཁྲིམས་རང་བསྲུང་ནས་འགོ་འཛུགས་བྱེད་པ་དང་། གནད་དོན་ཆུང་ཙག་ནས་འགོ་འཛུགས་བྱེད་དགོས་ཤིང་། དེ་ནས་ང་ཚོས་སེམས་ངལ་ལ་གདོང་ལེན་བྱེད་སྟངས་དེས་བྱ་བ་ཇི་ལྟར་བྱེད་ཀྱི་ཡོད་པ་རྟོགས་ཐུབ། ཚན་རིག་གི་ལྟ་ཚུལ་ནས་ཀྱང་། གལ་ཏེ་ང་ཚོས་སྐུལ་རྒྱུ་དང་འབྲེལ་ནས་བལྟས་ན། དེ་དང་གཅིག་པ་རེད། དེས་ང་ཚོར་ནང་གི་རྟོགས་པ་མི་འདྲ་བ་མང་པོ་སྦྱིན་པ་དང་། ནང་ཆོས་ནས་གང་གསུང་པ་དེ་ལ་ཚན་རིག་གི་གཞི་རྟེན་གང་འཚམ་ཞིག་སྦྱིན་གྱི་ཡོད།

སྐུལ་རྒྱུ་ཀོར་ཊི་སལ་ (Cortisol) དང་ཌོ་པ་མིན་ (Dopamine)

ཁྱེད་རང་སེམས་ངལ་ཚོར་བའི་སྐབས། སྐུལ་རྒྱུའི་རིམ་པའི་ཐོག་ནས་བལྟས་ན་གང་འབྱུང་བཞིན་ཡོད་དམ་ཞེ་ན། ང་ཚོའི་སྐུལ་རྒྱུ་ཀོར་ཊི་སལ་གྱི་རིམ་པ་དེ་འཕར་ཆ་འགྲོ་གི་ཡོད། ཀོར་ཊི་སལ་ནི་སེམས་ངལ་གྱི་སྐུལ་རྒྱུ་ཞིག་ཡིན་པས། ང་ཚོས་ལྷོད་ཡངས་དང་ངལ་སེལ་འཚོལ་ཐབས་བྱེད་ཀྱི་ཡོད། ང་ཚོའི་ཐབས་བྱུས་གང་རེད་དམ། ལུས་པོའི་ནང་འགྲོ་བཞིན་པའི་ཀོར་ཊི་སལ་གྱི་སྐུལ་རྒྱུ་འདི་མེད་པ་བཟོ་བ་སོང་ཙང་། དེས་ང་ཚོར་བདེ་སྐྱིད་སྐྲུན་གྱི་རེད་ཅེས་བསམ་གྱི་ཡོད་དམ། ང་ཚོས་ཐ་མག་ཅིག་འཐེན་གྱི་ཡིན། དེས་ཕན་གྱི་རེད་བསམ་པའམ། ཡང་ན་དྲྭ་རྒྱ་སྔོག་བཤེར་བྱེད་པ་དང་། སྤྱི་ཚོགས་བརྒྱུད་ལམ་ལ་ལྟ་ཞིབ་བྱེད་པ་བཅས་སེམས་ངལ་དེ་སེལ་བའི་ཆེད་སྤྲོ་སྣང་ལྡན་པ་ཞིག་འཚོལ་དགོས་བསམ་གྱི་ཡོད། འདི་ལ་བརྟེན་ནས་སྐྱིད་པོ་དང་ཡག་པོ་ཡོང་གི་རེད་བསམ་པའི་སྤྲོ་སེམས་ཤིག་ཡོད་པ་དང་རེ་འདུན་གྱི་བདེ་བ་ཞིག་ཀྱང་ཡོད་པས། ང་ཚོའི་ལུས་པོའི་ནང་ཡོད་པའི་ཌོ་པ་མིན་གྱི་སྐུལ་རྒྱུ་དེ་འཕེལ་རྒྱས་འགྲོ་གི་ཡོད། ཌོ་པ་མིན་གྱི་སྐུལ་རྒྱུ་དེ་ནི་བྱ་དགར་རེ་སྒུག་གི་སྐུལ་རྒྱུ་ཞིག་ཡིན། འདིས་དུད་འགྲོ་གཞན་ཞིག་གི་རྗེས་འདེད་གཏོང་བར་འགྲོ་བའི་སྐབས། དུད་འགྲོས་གང་ཚོར་བ་དེ་རེད། དེར་རེ་སྒུག་འདི་ཡོད། ཁྱེད་རང་སོ་སོའི་དགའ་ས་ཉེ་ས་ཐུག་ཏུ་འགྲོ་སྐབས། ངོས་འཛིན་བྱེད་སླ་པོ་ཡོད་པ་འདྲ་པོ་རེད། ཌོ་པ་མིན་གྱི་སྐུལ་རྒྱུ་ནི། དེ་ཅི་འདྲའི་ཡ་མཚན་ཞིག་མ་ཡིན་ནམ་ཞེས་པའི་རེ་སྒུག་གིས་གོང་དུ་འདེགས་ཡོད། ཁྱེད་རང་མི་དེ་དག་མཉམ་དུ་དངོས་སུ་ཡོད་པའི་སྐབས། དེ་ཧ་ཅང་ཡག་པོ་ཞིག་མཐོང་གི་མེད་སྲིད་ཀྱང་། དེ་ནི་ཌོ་པ་མིན་གྱི་སྐུལ་རྒྱུ་ལ་གཞི་བྱས་ནས་རང་གི་བདེ་སྐྱིད་ཀྱི་རིམ་པ་གོང་དུ་འདེགས་པའི་རེ་འདུན་དེ་རེད།

ང་ཚོ་ནི་ཧ་ཅང་སྐྱེ་དངོས་རིག་པའི་སྲོག་ལྡན་གང་ཟག་རེད། འོན་ཀྱང་ཐ་མག་འཐེན་ཚར་བའི་རྗེས་དང་། དྲྭ་རྒྱ་སྔོག་བཤེར་ཚར་བའི་རྗེས་ལ་ད་དུང་འདོད་པ་ཁེངས་ཀྱི་མེད། བྱས་ཙང་། ང་ཚོའི་སེམས་ངལ་དེ་ཚུར་རང་འཇགས་ལོག་སླེབ་ཀྱི་ཡོད། དེ་འདྲ་སོང་ཙང་། དེ་ནི་ཐབས་བྱུས་ཧ་ཅང་ཡག་པོ་ཞིག་མིན།

རྒྱུ་མཚན་དེ་ལྟ་བས་ན། ཐ་མག་འཐེན་ན་དཀའ་ངལ་སེལ་གྱི་ཡོད་པའི་གོ་བ་ལོག་སྒྲུབ་ལ་ཡིད་ཆེས་བྱེད་པའི་སྐྱོན་ལ་རྣམ་པར་འབྱེད་དགོས། ཡང་ན་གསར་འགྱུར་དང་ངོ་དེབ་ནང་དོ་སྣང་བྱེད་འོས་པའི་གནད་དོན་དེ་འདྲ་བཙལ་ན། དཀའ་ངལ་སེལ་གྱི་ཡོད་པའི་གོ་བ་ལོག་སྒྲུབ་ལ་ཡིད་ཆེས་བྱེད་པའི་སྐྱོན་ལ་རྣམ་པར་འབྱེད་དགོས།

ང་ཚོས་འདི་ནི་རྗེས་སུ་འབྲང་རྒྱུའི་ཐབས་བྱུས་ཡག་ཤོས་དེ་རེད་ཅེས་བསམ་པའི་སྐྱོན་དེ་རྟོགས་པའི་སྐབས། གོམས་གཤིས་དེའི་རིགས་ལས་ཐར་བའི་ཆོད་སེམས་སྐྱེད་ཐུབ།

བག་ཆགས་ངན་པའི་ཡ་ལན་གྱི་རྗེས་སུ་འབྲང་རྒྱུ་སྤོང་བ།

དེ་འདྲ་སོང་ཙང་། ང་ཚོས་ཐ་མག་འཐེན་རྒྱུ་ལ་སྐྱབས་བཅོལ་རྒྱུ་དེ་མཚམས་འཇོག་བྱེད་ཀྱི་ཡོད། ཐ་མག་འཐེན་ན་ཕན་ཡོན་འདྲ་ཡོད་དམ་ཞེས་པ་དང་འབྲེལ་བའི་ཐ་མག་དེ་ནི་གནད་དོན་གཞན་ཞིག་རེད། ཐ་མག་འཐེན་ན་ཕན་ཡོན་མེད། ཡིན་ནའང་དྲྭ་རྒྱ་དང་སྤྱི་ཚོགས་བརྒྱུད་ལམ་ཁག་གི་བེད་སྤྱོད། འཕྲིན་ཡིག་འབྱོར་ཡོད་མེད་ཡང་ནས་ཡང་དུ་སྔོག་བཤེར་བྱེད་པ་ལ་གཞིགས་ན། ང་ཚོས་སྟངས་འཛིན་བྱེད་དགོས་ཤིང་། རྟག་ཏུ་དེ་ལྟར་བྱ་མི་ཉན། ཕྱོགས་གཞན་ཞིག་ནས་བཤད་ན། དེ་ནི་སྐྱབས་ཡུལ་ལྟ་བུ་དང་བྲོས་ས་ལྟ་བུར་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་བྱེད་དགོས། དེ་ནི་ཕན་ཐོགས་ཅན་གྱི་དགོས་དོན་བསྒྲུབ་ཕྱིར་བེད་སྤྱོད་བྱེད་དགོས་པ་ལས་དེས་བསྒྲུབ་པར་མི་སྲིད་པའི་དགོས་དོན་ཞིག་གི་ཆེད་དུ་བེད་སྤྱོད་བྱ་མི་རུང་།

སོ་སོའི་ལས་ཀ་བྱེད་ས་དང་ནང་དུ་ང་ཚོ་ཉོབ་ཏོ་ཆགས་པ་དང་། ང་ཚོས་དམིགས་བསལ་བྱེད་འདོད་མེད་པ་ཞིག་དང་འཕྲད་པའི་སྐབས་དེར། སོ་སོའི་ཁ་པར་བལྟ་རྒྱུའི་ངང་ངམ་ཤུགས་ཀྱི་འཐེན་ཤུགས་ཤིག་ཡོད། མ་རེད་དམ། གནས་སྟངས་དེ་འདྲའི་སྐབས། ཧ་ཅང་དཀའ་ལས་ཁག་པོ་རེད། འོན་ཀྱང་ཇི་ལྟར་ང་ཚོས་རང་གི་གཟུགས་པོ་ཧ་ཅང་རྒྱགས་པའི་རང་བཞིན་དེ་མེད་པར་བཟོ་བར། ཟས་ཚོད་ངེས་ཅན་གྱི་འཕྲོད་བསྟེན་བྱེད་དགོས་ཀྱི་ཡོད་པ་ནང་བཞིན་རང་གི་སེམས་ནང་དཀའ་ངལ་ཡོད་པ་དེ་མེད་པར་བཟོ་བར། ང་ཚོས་གནས་ཚུལ་ཆ་འཕྲིན་གྱི་ཚད་འཛིན་ངེས་ཅན་བསྟེན་དགོས། ཇི་ལྟར་ང་ཚོས་ཟས་བཟའ་བར་ཚད་བཀག་བཟོ་བ་ནང་བཞིན་སེམས་ནང་བཅང་དགོས་པའི་གནས་ཚུལ་ཆ་འཕྲིན་དང་། འཕྲིན་ཡིག །རོལ་དབྱངས་ལ་སོགས་པ་ཚད་བཀག་བཟོ་དགོས།

ཐོག་མར་ང་ཚོའི་རང་གིས་རང་ལ་གནོད་པའི་གོམས་གཤིས་རྙིང་པ་དག་སྤོང་བ་ལ་བརྟེན་ནས་སེམས་ངལ་གྱི་སྐུལ་རྒྱུ་ཀོར་ཊི་སལ་གྱི་རིམ་པ་རྒྱས་པར་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། གོམས་གཤིས་རྙིང་རྣམས་ནི་ཧ་ཅང་ཤུགས་ཆེན་པོ་ཡོད། བྱས་ཙང་། ཁྱེད་ཀྱིས་ཐ་མག་སྤོང་བའམ། ཡང་ན་ཆང་རག་དང་བཟི་སྨན་གྱི་རིགས་སྤོང་བའི་སྐབས། ང་ཚོར་ཕྱིར་འཐེན་གྱི་རྟགས་མཚན་ཞེད་སྣང་ཅན་ཞིག་ཡོད་པ་ནང་བཞིན་སེམས་ངལ་གྱི་སྐུལ་རྒྱུ་ཀོར་ཊི་སལ་ལ་མཚོན་ན། ཁྱེད་ཀྱིས་དྲྭ་རྒྱ་དང་། སྤྱི་ཚོགས་བརྒྱུད་ལམ་ཁག་གི་འཕྲིན་ཡིག །རོལ་དབྱངས་སོགས་སྤྱོད་མཚམས་འཇོག་པའམ་ངལ་གསོ་བའི་སྐབས། དེ་དང་གཅིག་པའི་ཕྱིར་འཐེན་གྱི་སེམས་ངལ་ཡོད། དེ་ནི་དུག་རྫས་སེལ་བའམ་མང་ཐལ་ལ་འཛེམ་པ་ལྟ་བུ་རེད། དཔེར་ན། མི་རྣམས་ཀྱིས་གཞས་དང་རོལ་དབྱངས་མང་ཐལ་ལས་འཛེམ་པ་ཞེས་འགྲེལ་བརྗོད་བྱས་ཡོད་པ་དང་། དམིགས་བསལ་ཁོང་ཚོ་རྟག་ཏུ་རང་གི་རྣ་བར་རྣ་འཇུག་ཡོ་བྱད་དེ་བླུག་རྒྱུ་ལང་དུ་ཤོར་བའི་སྐབས། དུས་ཚོད་གང་འཚམ་གྱི་རྗེས་སུ་ཁྱེད་ཀྱི་སེམས་ནང་ད་དུང་རྒྱུན་མི་ཆད་པའི་རོལ་དབྱངས་དེ་ཐོས་ཀྱི་ཡོད། དེ་ཞི་འཇམ་བཟོ་བར་དུས་ཚོད་རིང་པོ་འགོར་གྱི་ཡོད། ངའི་བསམ་པར། དེ་ནི་མཐོང་སྣང་ཧ་ཅང་ཡག་པོ་ཞིག་རེད། ཁྱེད་ཀྱི་སེམས་ནང་རོལ་དབྱངས་མང་དྲགས་ཀྱི་ཡོད།
 
ཁྱེད་ཀྱིས་བྱ་བ་བྱེད་མི་ཐུབ། གང་ཡིན་ཞེ་ན། རོལ་དབྱངས་དེ་སེམས་ནང་ལྷང་ལྷང་དྲན་བཞིན་པ་སོང་ཙང་། ཁྱེད་ཀྱིས་གང་ལའང་བསམ་བློ་གཏོང་ཐུབ་ཀྱི་མེད། དམིགས་བསལ་རོལ་དབྱངས་དེའི་འགྲོས་གཅིག་པ་ཞིག་ཡང་ནས་ཡང་དུ་འབྱུང་བཞིན་ཡོད་ན། དེས་རང་ཉིད་སྐྱིད་པོ་མེད་པ་བཟོ་གི་ཡོད། འོན་ཀྱང་ང་ཚོས་དེ་དང་མཉམ་དུ་འབད་བརྩོན་བྱས་ན། ཕྱིར་འཐེན་སེམས་ངལ་གྱི་རིམ་པ་དེ་རིམ་པས་མེད་པ་ཆགས་འགྲོ་བ་དང་ང་ཚོས་སེམས་ཀྱི་ཞི་བདེ་དང་ལྷིང་འཇམ་ཞིག་མྱོང་གི་རེད། དེའི་སྐབས་ང་ཚོ་རང་གི་གོམས་གཤིས་ངན་པ་རྣམས་བཟང་པོར་བརྗེ་བསྒྱུར་བྱ་རྒྱུའི་གནས་སྟངས་ཡག་གའི་ནང་ཡོད།
 
འདིར་ནང་པའི་ཐབས་ལམ་ཧ་ཅང་ཡག་པོ་ཞིག་ཡོད། དེ་དག་ནི་ནང་པ་ཁོ་ནར་ཚད་བཀག་ཡོད་དགོས་པའི་ངེས་པ་མེད། དཔེར་ན། ང་ཚོ་ཚང་མ་འགྲོ་བ་མིའི་ཆ་ཤས་ཡིན་པར་རྟོགས་པ་དང་། ང་ཚོ་ཚང་མ་གཅིག་གིས་གཅིག་ལ་བརྟེན་ནས་ཡོད་པ། ང་ཚོའི་བདེ་དོན་དེ་གཞན་སེམས་ཅན་ཐམས་ཅད་ལ་རག་ལུས་ཡོད། འདི་ནི་ཕན་ཚུན་འབྲེལ་ཞིང་གཞན་དང་མཐུད་ནས་ཡོད་པའི་ཚོར་བ་ཞིག་དགོས་པའི་འདོད་བློ་ཁེངས་པའི་བློ་དེ་འཐོབ་པའི་ལམ་ཁ་རྦད་དེ་བརྟན་པ་ཞིག་ཡིན། དེ་དྲྭ་རྒྱའི་སྤྱི་ཚོགས་བརྒྱུད་ལམ་གྱི་ཆ་ཤས་ཤིག་ཡིན་ནའང་དེ་ལྟར་འབྲེལ་མཐུད་བརྟན་པོ་དེ་ཡོང་མི་ཐུབ།

ཨོཀྶི་ཊོ་སིན་སྐུལ་རྒྱུ།

དེ་ལ་སྐུ་རྒྱུ་ཞིག་ཡོད་པ་ནི་ཨོཀྶི་ཊོ་སིན་ཟེར་བ་དེ་རེད། འདི་ནི་ཁྱེད་ལ་ཡོད་པའི་ཕན་ཚུན་མཐུད་བྱེད་ཀྱི་སྐུལ་རྒྱུ་རེད། དེ་ནི་ཨ་མ་དང་ཕྲུ་གུ་མ་འབྱར་སོགས་ལ་ཡོད། འདི་ནི་ང་ཚོར་ཡོད་པའི་ཕན་ཚུན་མཐུད་འབྲེལ་གྱི་དགོས་གལ་དེ་སྐུལ་འདེད་གཏོང་མཁན་དང་སྡེ་ཁག་འགའ་ཞིག་གི་ཆ་ཤས་ཡིན་པར་ཚོར་འཇུག་མཁན་དེ་རེད། འདིས་བཟང་ཕྱོགས་ཀྱི་ལམ་ནས་འདོད་བློ་ཁེངས་པ་ཡོང་ཆོག །དཔེར་ན། ང་ཚོ་འགྲོ་བ་མིའི་རིགས་ཀྱི་ཆ་ཤས་ཡིན་པ་དང་། ང་ཚོ་ཚང་མ་གཅིག་པ་ཡིན་པ། ཚང་མར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཚོར་གྱི་ཡོད། དེ་ལྟ་བུའི་བསམ་ཕྱོགས་ནི་སྤྱི་ཚོགས་བརྒྱུད་ལམ་གྱི་ཆ་ཤས་སུ་གཏོགས་ནས་དགའ་རྟགས་ལ་བརྟེན་ནས་འདོད་བློ་ཁེངས་ཐབས་བྱེད་པ་ལས་ཀྱང་རྦད་དེ་བརྟན་པ་ཡོད།
 
ངས་སྐུལ་རྒྱུ་དེ་དག་གི་སྐོར་གནས་ཚུལ་འགྲེལ་བརྗོད་བྱེད་པ་འདི་རྒྱུ་མཚན་ངེས་ཅན་ཞིག་ལ་བརྟེན་ནས་བཤད་ཡིན། ༧གོང་ས་མཆོག་གིས་ཡང་ནས་ཡང་དུ་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་ཀྱི་འདུག་ཅེས་གསུང་གནང་གི་ཡོད། དེའི་དོན་ནི་ནང་པའི་ཆོས་དང་ཚན་རིག་དབར་འབྲེལ་མཐུད་ཀྱི་ཟམ་པ་ཞིག་དགོས་པ་དང་། དེ་བརྒྱུད་དེ་ནང་ཆོས་ཀྱི་ནང་ཚན་རིག་དང་མཐུན་པའི་ཆ་ཧ་ཅང་མང་པོ་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་༧གོང་ས་མཆོག་ནས་ཚན་རིག་པ་རྣམས་དང་ཡང་སེ་ཐུག་འཕྲད་གནང་བ་དང་། སེམས་དང་སྲོག་གི་བགྲོ་གླེང་འགོ་འཛུགས་གནང་ཡོད། བགྲོ་གླེང་བརྒྱུད་ནས་ཐུན་མོང་གི་གོ་རྟོགས་སམ་འདྲ་བའི་ཆ་གང་དག་ཡིན་པ་དང་། མི་ཚེའི་གཟུགས་བརྙན་ཆ་ཚང་བ་ཞིག་འཐོབ་ཕྱིར་ནང་ཆོས་དང་ཚན་རིག་གཉིས་ཀའི་ཕྱོགས་ནས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཅི་ལྟར་བྱེད་ཐུབ་མིན་སོགས་ཀྱི་སྐོར་གཟིགས་ཞིབ་གནང་གི་ཡོད།

གལ་ཏེ་ང་ཚོས་ལུས་ཀྱི་སྐྱེ་དངོས་རིག་པའི་རིམ་པའི་ཐོག་ནས་ལུས་པོའི་ནང་གི་སྐུལ་རྒྱུ་འགའ་ཞིག་ལ་བརྟེན་ནས་སྐྱིད་པོ་ཚོར་བ་དང་ཡག་པོ་ཚོར་བ་དེ་རྟོགས་ན། དེ་དག་འདོད་བློ་ཁེངས་ཐབས་སུ་ད་ལྟ་བེད་སྤྱོད་བྱེད་བཞིན་པའི་ཐབས་བྱུས་རྣམས་གང་ཡིན་པའི་ཐད་ལ་ང་ཚོས་བརྟག་ཞིབ་བྱེད་ཆོག །གལ་ཏེ་དེ་དག་གིས་ཕན་ཐོགས་ཀྱི་མི་འདུག་ན། བཟང་ཕྱོགས་དང་རང་གིས་རང་ལ་མི་གནོད་པའི་ཐོག་ནས་ཁེ་ཕན་ལེན་ཐུབ་པའི་ཐབས་བྱུས་གཞན་དག་འཚོལ་དགོས།

ཌོ་པ་མིན་ཏེ། རེ་འདུན་གྱི་སྐུལ་རྒྱུ་དང་། ཕན་བྱེད་ཀྱི་དམིགས་ཡུལ་སྐྲུན་པ།

ང་ཚོས་ཌོ་པ་མིན་སྐུལ་རྒྱུའི་སྐོར་བཤད་ཡོད་པ་དང་། འདི་ནི་ཆེ་བསྟོད་ཅིག་གི་རེ་འདུན་གྱི་སྐུལ་རྒྱུའི་རིགས་ཤིག་རེད། འདིས་སེངྒེ་ཞིག་གིས་བཟའ་འདོད་དང་བཅས་རི་དྭགས་ཀྱི་རྗེས་འདེད་གཏོང་བ་ནང་བཞིན་ཁྱེད་རང་ཧ་ཅང་སྤྲོ་སེམས་འཁོལ་བ་བཟོ་གི་ཡོད། བྱས་ཙང་། ང་ཚོར་ཕན་མེད་གནོད་བྱེད་ཀྱི་ལམ་འགའ་ཞིག་ཡོད། ཇི་ལྟར་ངོ་དེབ་ནང་ང་ཚོར་དགའ་རྟགས་གང་མང་འཐོབ་འདོད་ཡོད་པ་ནང་བཞིན་ཌོ་པ་མིན་ཀྱི་མངོན་རྟགས་དེ་ལས་ཁེ་བཟང་ལེན་ཐབས་བྱེད་པ་ནི་ཕན་ཐོགས་མེད་པ་རེད།

ཡང་ན་ང་ཚོར་དེ་འདོད་བློ་ཁེངས་པ་ཞིག་ཡོང་ཐབས་སུ་ལམ་བར་མ་ཞིག་ཡོད་ཆོག །ང་ལ་གྲོགས་པོ་ཞིག་ཡོད། ཁོང་གྱད་པའི་འདེགས་རྩལ་བྱེད་མཁན་ཞིག་རེད། བྱས་ཙང་། ཁོང་གིས་རྒྱ་མ་བརྒྱ་དང་བརྒྱད་ཅུ་ཇི་ལྟར་འདེགས་ཐུབ་པའི་སྐོར་ད་ལྟ་སྔོན་དཔག་བྱེད་པ་དང་། རྒྱ་མ་ཉིས་བརྒྱ་འདེགས་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད། ཁོང་ཧ་ཅང་སྤྲོ་སེམས་ཁོལ་ནས་ཆེ་བསྟོད་ཀྱི་རེ་འདུན་ལ་ཧ་ཅང་སྐྱིད་པོ་ཡོང་གི་ཡོད། ཡིན་ནའང་ད་དུང་ཁོས་རྒྱ་མ་ཉིས་བརྒྱ་བཀྱག་ཐུབ་ཅེས་ཟེར་གྱི་ཡོད། ནང་པ་ཞིག་ཡིན་པའི་ཆ་ནས་ཧ་ཅང་མ་རངས་པའི་རྣམ་འགྱུར་དང་བཅས་ཏེ། ང་ཚོས་སྐྱེ་བ་ཡག་པོ་ཞིག་བླང་རྒྱུ་ཡིན་ཞེས་བརྗོད་ངེས་རེད། ཁོང་གིས་རྒྱ་མ་ཉིས་བརྒྱ་བཀྱག་ཐུབ་པ་དེས་ཁོང་ལ་སྐྱེ་བ་བཟང་བ་ཞིག་ལེན་ཐུབ་བམ། 

གལ་ཏེ་ང་ཚོས་ཌོ་པ་མིན་གྱི་རྟགས་དེ་ལས་སུ་རུང་བར་བྱེད་པའི་ཁེ་བཟང་དེ་བླངས་ན། དཔེར་ན། ཞི་གནས་དང་ཡང་དག་པའི་ཏིང་ངེ་འཛིན། ཡང་ན་བཟོད་པ་དང་ཁོང་ཁྲོ་ལས་ཐར་བ་སོགས་ཡོང་ཕྱིར། འདི་ནི་ཧ་ཅང་སྤྲོ་སེམས་ལྡན་པ་ཆགས་ཀྱི་ཡོད། ཁྱེད་ཀྱིས། “ང་རང་ཡག་པོ་མིན། ངས་འདི་བཟོད་ཐུབ་ཀྱི་མི་འདུག་” ཅེས་བརྗོད་ནས་སུན་སྣང་གི་ཚོར་བ་སྐྱེ་རྒྱུ་ཚབ་ལ་ “འདིར་གདོང་ལེན་བྱེད་ས་ཞིག་འདུག །གདོང་ལེན་འདི་བྱེད་པར་ང་རང་ཧ་ཅང་དགའ་པོ་འདུག་” ཅེས་བརྗོད་པའི་སྒོ་ནས་སླར་ཡང་འབད་བརྩོན་བྱེད་འགོ་བཙུག་ཆོག

ང་ཚོས་འདི་རེ་བ་དང་བློ་ཕམ་མེད་པའི་སྒོ་ནས་བྱ་རྒྱུའི་འབད་བརྩོན་བྱེད་དགོས་ཤིང་། སྒོམ་གྱི་གདམས་ངག་ནང་འདི་ཡོད་དགོས། ཁྱེད་ལ་ལམ་སེང་འབྲས་བུ་ཡོང་རྒྱུ་ཡིན་པའི་རེ་བ་བྱེད་པའི་སྐབས་སུ། ཁྱེད་རང་བློ་ཕམ་ཆགས་རྒྱུ་ཨ་ཅང་ཅང་རེད། བྱས་ཙང་། རེ་བ་མེད་པ་ཞིག་དགོས། ཡིན་ནའང་ཁྱེད་རང་དམིགས་ཡུལ་གྱི་ཕྱོགས་སུ་འབད་བརྩོན་བྱེད་ཀྱིན་ཡོད། དམིགས་ཡུལ་གྱི་ཕྱོགས་སུ་འབད་བརྩོན་བྱེད་པའི་སྐབས། དམིགས་བསལ་དམིགས་ཡུལ་དེ་དོན་དང་ལྡན་པ་ཞིག་དང་བདེ་སྐྱིད་ཀྱི་འབྱུང་ཁུངས་ཤིག་ཡིན་ན། འབད་བརྩོན་བྱེད་དགོས། བདེ་སྐྱིད་དེ་ལ་སྐྱེ་དངོས་རིག་པའི་གཞི་རྟེན་ཞིག་ཡོད་པ་ང་ཚོས་ཚོར་བ་དང་། དེ་ནི་ཚན་རིག་གི་ཐབས་ལམ་དང་ཡང་དག་པ་མཐུན་གྱི་ཡོད། དེ་ནི་དུས་རབས་ཉེར་གཅིག་པའི་ནང་ཆོས་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་ནང་པའི་ཐབས་ལམ་ཁག་ཕན་ནུས་ལྡན་པ་ཇི་ལྟར་ཡིན་པ་དང་། ཕན་ནུས་ལྡན་པའི་རྒྱུ་མཚན་བཅས་ཚན་རིག་པ་ཚོས་ཁས་ལེན་བྱེད་ཐུབ་པ་ཞིག་འགྲེལ་བརྗོད་བྱེད་ཐུབ། དེ་ནི་དགོས་དོན་དེ་རེད། 

ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་ལྷག་པའི་བསླབ་པ་གསུམ།

མདོར་བསྡུས་ན། ཐར་འདོད་ཀྱི་ཆོད་སེམས་དེ་སྐྱེད་དགོས་ཀྱི་ཡོད། དེ་ལ་ནང་ཆོས་ནང་ངེས་འབྱུང་ཟེར། དེ་ནས་ང་ཚོའི་རྒྱུད་ཀྱི་མི་དགེ་བའི་གོམས་གཤིས་རྙིང་པ་རྣམས་ལས་ཐར་བར་བྱེད་པར། རང་ཉིད་ཀྱིས་འབད་པ་ཆེན་པོས་ལྷག་པའི་བསླབ་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་གསུམ་ལ་སྦྱོང་བརྡར་བྱེད་དགོས། དེ་དག་ལ་བསླབ་པ་གསུམ་ཞེས་བྱ་བ་ཡིན། ཕན་ཐོགས་ཅན་དེ་གང་ཡིན་པ་དང་། གནོད་གཞི་ཅན་དེ་གང་ཡིན་པ། གང་ལས་སུ་རུང་བ་ཡིན་པ། གང་ལས་སུ་མི་རུང་བ་ཡིན་པ་བཅས་རྣམ་པར་འབྱེད་པར། དེ་དག་ལ་ཏིང་ངེ་འཛིན་གྱི་སྒོ་ནས་དམིགས་པ་རྩེ་གཅིག་ཏུ་གཏད་དགོས་ཤིང་། དེ་དག་དང་བསྟུན་ནས་རང་གི་སྤྱོད་ལམ་བཅོས་པའི་ཚུལ་ཁྲིམས་དགོས་པ་ཡིན།

ཁྲིམ་རང་བསྲུང་ལ་བར་ཆད། འགྱོད་པ།

བསླབ་པ་གསུམ་པོ་ཞི་མཐུན་ངང་མཉམ་དུ་བྱ་བ་བྱེད་དགོས་ཀྱི་ཡོད། འོན་ཀྱང་དེ་དག་ཚུལ་བཞིན་དུ་ཡར་རྒྱས་གཏོང་བར། ང་ཚོས་དེ་དག་ལ་བར་ཆད་བྱེད་པའི་རྐྱེན་རྣམས་མེད་པ་བཟོ་དགོས། ང་ཚོའི་ཚུལ་ཁྲིམས་ལ་འགྱོད་པས་བར་ཆད་བྱེད་ཀྱི་ཡོད། དཔེར་ན། ང་ཚོས་དྲྭ་རྒྱ་སྔོག་བཤེར་བྱས་མེད་བསམས་ནས་འགྱོད་པ་སྐྱེ་བའམ། ཡང་ན་འཕྲིན་ཡིག་དང་གློག་འཕྲིན་ལ་ལམ་སེང་ལན་འདེབས་བྱས་མེད་བསམས་ནས་འགྱོད་པ་སྐྱེ་གི་ཡོད། དེ་ལྟའི་འགྱོད་པ་ལ་བརྟེན་ནས་ཉིན་གཅིག་ལ་ཆུ་ཚོད་ངེས་ཅན་ཞིག་གི་ནང་ཁོ་ནར་དྲྭ་རྒྱ་སྔོག་བཤེར་བྱེད་པ་སོགས་ང་ཚོའི་ཚུལ་ཁྲིམས་ལ་གནོད་ཀྱི་ཡོད།

དེ་ལ་ཕན་ཐོགས་ཅན་གྱི་ཐབས་ཤིག་ནི། རང་གི་སྤྱོད་བདེའི་ཁ་པར་དང་གློག་ཀླད་སོགས་ཀྱི་འཕྲིན་ཡིག་འབྱོར་བའི་སྐད་བརྡ་དེ་སྒོ་རྒྱག་ནས་སྐད་མེད་པ་བཟོ་རྒྱུ་དང་། ཉིན་གཅིག་གི་ནང་དུས་ཚོད་ངེས་ཅན་ཞིག་ཁོ་ནར་སྔོག་བཤེར་བྱ་རྒྱུ་དེ་རེད། ང་ཚོས་སྔོག་བཤེར་གྱིས་འཕྲིན་ཡིག་རྣམས་བཀླགས་རྗེས། དེ་དག་ལས་གལ་ཆེན་ཡིན་པ་ཁོ་ནར་ལན་འདེབས་བྱེད་དགོས། བྱས་ཙང་། ལྷག་མ་རྣམས་རྗེས་སུ་ལན་འདེབས་བྱ་རྒྱུ་དང་། ང་ཚོ་བྲེལ་བ་ཆེན་པོ་མིན་པའི་བར་དུ་བཞག་ན་འགྲིག་པའི་དྲི་བ་རྣམས་ཟུར་དུ་འཇོག་པའམ། ཡང་ན་ཉིན་དེའི་དུས་ཚོད་གང་འཚམ་ཞིག་གི་བར་དུ་ནམ་རྒྱུན་འཕྲིན་ཡིག་ཁག་ལ་ལན་འདེབས་ཀྱི་དུས་ཚོད་ཟུར་འདོན་བྱེད་པའི་བར་དུ་འཇོག་པ་སོགས་ང་ཚོ་རང་ཉིད་ལ་ཚུལ་ཁྲིམས་དགོས།

ང་རང་ལ་ཆ་བཞག་ན། དེའི་ཐད་ང་རང་གང་འཚམ་གྱི་ནག་ཉེས་ཅན་ཞིག་ཡིན་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ང་རང་ལ་གློག་འཕྲིན་འབྱོར་རིམ་རྣམས་ལ་གདོང་ལེན་བྱེད་ཐབས་ཀྱི་ཐབས་བྱུས་ཤིག་དང་ལེན་བྱས་ཡིན། ང་རང་སྤྱི་ཚོགས་བརྒྱུད་ལམ་བེད་སྤྱོད་བྱེད་ཀྱི་མེད་པས། ང་ལ་འཕྲིན་ཡིག་དེའི་རིགས་འབྱོར་གྱི་མེད། འོན་ཀྱང་ང་རང་ལ་མ་མཐའ་ཡང་ཉིན་རེར་གློག་འཕྲིན་སུམ་ཅུ་ལས་ལྷག་ཙམ་འབྱོར་གྱི་འདུག །ངས་དེ་མ་ཐག་ལན་འདེབས་བྱ་རྒྱུའི་ཚབ་ལ་ངས་ཧ་ཅང་གལ་ཆེ་བ་རྣམས་ལན་འདེབས་བྱེད་ཀྱི་ཡོད། ལྷག་མ་རྣམས་ངས་རྗེས་སུ་བཀོལ་སྤྱོད་བདེ་བའི་དར་རྟགས་ཀྱི་ནང་དུ་འཇོག་གི་ཡོད། དགོང་མོའི་མཚམས་སུ་ཡི་གེ་འབྲི་བའམ་ཡང་ན་གལ་ཆེ་བའི་ལས་དོན་བྱེད་ཐུབ་པར་ངའི་སེམས་ཧ་ཅང་གསལ་པོ་མེད་པའི་སྐབས། ངས་དེ་དག་ལ་ལན་འདེབས་བྱ་རྒྱུ་ཡིན་པ་ཤེས་ཀྱི་ཡོད། བྱས་ཙང་། ཁྱེད་ཀྱིས་དུས་ཚོད་འགའ་ཞིག་ཟུར་འདོན་བྱེད་དགོས། དེ་མིན་ཁྱེད་རང་སྟངས་འཛིན་ལས་འདས་པ་ཆགས་ཀྱི་རེད།

ཏིང་ངེ་འཛིན་གྱི་བར་ཆད་ལ། གཉིད་དང་། རྨུགས་པ། རྒོད་པ།

གཉིད་དང་། རྨུགས་པ། རྒོད་པ་བཅས་ཀྱིས་ཏིང་ངེ་འཛིན་ལ་གེགས་བྱེད་ཀྱི་ཡོད། དེ་དག་གང་རུང་ཡོད་པ་ལ་བརྟེན་ནས་རྒྱུན་ཆད་མེད་པར་འཕྲིན་ཡིག་སྔོག་བཤེར་བྱ་རྒྱུ་སྤོང་བ་དེས་མི་ཚེའི་ནང་མགོ་རྙོག་ཉུང་བ་བཟོ་གི་ཡོད། དེའི་སྟེང་ལ་དམིགས་ནས་སྡོད་རྒྱུ་དེ་ནི་དྲན་པ་ཉེར་བཞག་གི་དོན་ཡིན་པ་དྲན་དགོས།
 
ངའི་མི་ཚེ་ནི་སེམས་ངལ་ཉུང་བ་དང་གནོན་ཤུགས་ཉུང་བ་ཡོང་གི་ཡོད་པ་དྲན་ཐབས་བྱེད་དགོས། དཔེར་ན། གལ་ཏེ་ངས་འཕྲིན་ཡིག་དེ་དག་མང་ཆེ་བ་དགོང་མོར་ལན་འདེབས་བྱ་རྒྱུའི་ཁས་ལེན་བྱེད་པའམ། ཡང་ན་ང་ཚོས་གདོང་ལེན་བྱ་རྒྱུའི་དུས་ཚོད་ག་དུས་འཆར་འགོད་བྱས་ཡོད་ནའང་། དྲན་ཐབས་བྱེད་དགོས། དེ་ལ་གང་གིས་བར་ཆད་བྱེད་ཀྱི་ཡོད་ཅེ་ན། ཁྱེད་རང་གཉིད་ཡུར་བ་དང་ཐང་ཆད་ནས་དྲན་པ་བརྗེད་ཀྱི་ཡོད། དེ་ནས་སོ་སོའི་ངོ་དེབ་སྔོག་བཤེར་བྱ་རྒྱུ་དེ་ལས་སླ་རུ་འགྲོ་གི་ཡོད། ཡང་ན་ཁྱེད་རང་རྨུགས་པའི་དབང་དུ་ཤོར་བ་དང་། དེ་ལས་ཡར་ལངས་ཏེ། ཆུ་འདྲ་པོ་འཐུང་རྒྱུའི་ཚབ་ལ་ཁྱེད་ཀྱིས་དྲྭ་རྒྱ་སྔོག་འཚོལ་བྱེད་ཀྱི་ཡོད། རྒོད་པ་ནི་སོ་སོའི་སེམས་དེ་གང་སར་འཁྱམས་པ་དང་། འདི་འབྱུང་བཞིན་པ་དང་དེ་འབྱུང་བཞིན་པ་སོགས་བསམ་བློ་ཙམ་ཡང་མི་བཏང་བར་ཁྱེད་ཀྱིས་འཕྲིན་ཡིག་ལ་ལན་འདེབས་ཀྱི་ཡོད། ཁྱེད་ཀྱིས། “ང་རང་གོ་སྐབས་ཤིག་ཤོར་འདོད་མི་འདུག་” ཅེས་འཕྲིན་ཡིག་ཁག་ཀློག་གི་ཡོད།

ཤེས་རབ་ཀྱི་བར་ཆད་ལ། བློ་ཐག་མི་ཆོད་པའི་ཐེ་ཚོམ།

མཐའ་མར་བློ་ཐག་མི་ཆོད་པའི་ཐེ་ཚོམ་གྱིས་ང་ཚོའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བར་ཆད་བྱེད་ཀྱི་ཡོད། ང་ཚོས་བརྡ་འཕྲིན་ཁག་ལ་དུས་ངེས་ཅན་གྱི་ནང་སྔོག་བཤེར་བྱ་རྒྱུའི་ཐད་ལ་བློ་ཐག་མི་ཆོད་པའི་ཐེ་ཚོམ་བྱེད་ཀྱི་ཡོད། དེ་ཡང་། དེ་ནི་ཐག་གཅོད་མ་ནོར་བ་དེ་རེད་དམ། ཞེས་རང་གིས་རང་ལ་ངེས་པ་མེད་པའི་ཐེ་ཚོམ་དེ་ཡིན། 

དེ་ལྟ་བུའི་ཐེ་ཚོམ་ཡོང་གི་ཡོད། གང་ཡིན་ཞེ་ན། བརྡ་འཕྲིན་སྔོག་བཤེར་བྱ་རྒྱུ་སྤོང་ཁག་པོ་དང་སེམས་ངལ་ཅན་ཞིག་ཡོད། ཐེ་ཚོམ་དེ་དག་ལ་གདོང་ལེན་བྱེད་པར། ང་ཚོས་སོ་སོའི་གོམས་གཤིས་ལ་འགྱུར་བ་གཏོང་བའི་ཁེ་ཕན་ལ་དྲན་གསོ་གཏོང་དགོས། གལ་ཏེ་ང་རང་གནད་དོན་གཅིག་གི་ཐོག་ལ་གནས་ཐུབ་པ་དང་། གནད་དོན་རྣམས་མ་ནོར་བ་དང་སྒྲོམ་གཞི་དང་རིམ་པ་གཅེས་སྐྱོང་བྱེད་ཐུབ་ན། དེས་སོ་སོའི་མི་ཚེར་ཆག་གྲུམ་ཉུང་བ་བཟོ་གི་ཡོད། དེ་མིན་ཧ་ཅང་ཟིང་འཁྲུག་ཆགས་རྒྱུ་ཡིན་པ་དང་། ཟིང་འཁྲུག་ནི་སེམས་ངལ་ཅན་ཞིག་རེད།

བཏང་སྙོམས་དང་སྙིང་རྗེ།

མི་ཚེ་སྔར་ལས་བདེ་སྐྱིད་ཆེ་བ་ཡོང་བའི་ཆེད། ང་ཚོས་ཐབས་བྱུས་གཞན་དག་ཀྱང་དང་ལེན་བྱེད་ཆོག །དཔེར་ན། ས་འོག་མེ་འཁོར་འཚང་འགག་ཅན་ཞིག་གི་ནང་ཡོད་པའི་སྐབས། ང་ཚོས་དེར་གདོང་ལེན་ཇི་ལྟར་བྱེད་དམ། ང་ཚོས་སོ་སོ་རང་ཉིད་ཀྱི་དོན་དུ་ཇི་ཙམ་གྱིས་མང་བ་དོ་སྣང་དང་སྲུང་སྐྱོབ་བྱེད་པ་དང་། དེ་ལས་གཡོལ་ཐབས་སུ་ལག་ཐོགས་ཁ་པར་སྔོག་བཤེར་བྱེད་པ་དེའི་རྐྱེན་གྱིས་རང་ཉིད་ལ་གུ་དོག་པོའི་ཚོར་བ་མང་བ་སྐྱེ་གི་རེད། ངས་ཞི་འཇམ་ངང་ནས་ས་འོག་མེ་འཁོར་ནང་དཔེ་དེབ་ཀློག་ཕྱིར་དུས་ཚོད་བེད་སྤྱོད་གཏོང་གིན་ཡོད་པའི་སྐོར་ཤོད་ཀྱིན་མེད། དེས་གང་དུའང་མི་སླེབས་པར་དུས་ཚོད་རིང་པོ་ཞིག་འགོར་གྱི་ཡོད་པ་སོང་ཙང་། ངས་ དུས་ཚོད་དེའི་རིང་དེ་ཁྱེད་ཀྱིས་ལག་ཐོགས་ཁ་པར་དང་། གཞས་དང་རོལ་དབྱངས། རྩེད་མོའི་རིགས་ལ་གཏོང་བའི་སྐོར་ཤོད་ཀྱིན་ཡོད། གང་ཡིན་ཟེར་ན། ཁྱེད་རང་མེ་འཁོར་ནང་ཡོད་པའི་དངོས་ཡོད་གནས་སྟངས་དེ་ལས་གཡོལ་འདོད་ཡོད་པ་རེད། ང་ཚོས་སོ་སོ་རང་ཉིད་ལ་ཇི་ཙམ་གྱིས་དོ་སྣང་དང་སྲུང་སྐྱོབ་བྱེད་པར་འདོད་པ་དང་། དེ་ལས་གཡོལ་ནས་ཁ་པར་སྔོག་བཤེར་བྱེད་པ་དེའི་ཚོད་ཀྱིས་ང་ཚོ་གུ་དོག་པ་ཚོར་གྱི་ཡོད། བྱས་ཙང་། ང་ཚོའི་ནུས་པ་དེ་དམ་བཙིར་ཐེབས་ཏེ། སེམས་ཁམས་འཚབ་འཚུབ་ཆེ་བ་ཡོང་གི་ཡོད། ང་ཚོ་བདེ་ལྷོད་མེད། གང་ཡིན་ཞེ་ན། ང་ཚོར་ཉེན་ཁས་སྡིགས་ར་བྱས་པ་ཚོར་བ་དང་། དམིགས་བསལ་འདི་ག་མཽསྐོ་ལ་ས་འོག་མེ་འཁོར་རྣམས་ཧང་སངས་པའི་འཚང་འགག་ཅན་ཡོད། བྷར་ལིན་ལ་འཚང་འགག་ཆེན་པོ་དེ་ཙམ་མེད།

ཐ་ན་ང་ཚོས་ལག་ཐོགས་ཁ་པར་གྱི་ནང་རྩེ་བཞིན་པའི་རྩེད་མོའི་རིགས་སམ། ཡང་ན་སོ་སོའི་གཞས་ཉན་བྱེད་ཀྱི་ཡོ་བྱད་ལས་ཐོས་པའི་སྐད་ཤུགས་ཆེ་བའི་རོལ་དབྱངས་ལ་བརྟེན་ནས་དེའི་ནང་འཐིམས་པ་ཡིན་ནའང་། ང་ཚོས་སོ་སོའི་ཉེ་འཁོར་གྱི་མི་རྣམས་དང་ཕན་ཚུན་འབྲེལ་བ་བྱ་རྒྱུ་བཀག་ཡོད་པ་དང་། ང་ཚོར་བསུན་པོ་བཟོ་བར་མི་འདོད་པ་ཡིན། བྱས་ཙང་། ང་ཚོ་སྲུང་སྐྱོབ་ཅན་ཆགས་ཀྱི་ཡོད། ང་ཚོས་སྤྲོ་སྐྱིད་གཏོང་ཐབས་བྱེད་ཀྱིན་ཡོད་ནའང་། དེ་ནི་ཧ་ཅང་མི་སྡུག་པའི་ཉམས་མྱོང་ཞིག་རེད། ང་ཚོར་ཞི་བདེ་ལྷིང་འཇགས་མེད་པ་རེད།
 
ཕྱོགས་གཞན་ཞིག་ནས་གལ་ཏེ་ང་ཚོས་སོ་སོ་རང་ཉིད་ས་འོག་མེ་འཁོར་གྱི་འཚང་འགག་ནང་ཚུད་པའི་མི་རྣམས་ཀྱི་ཆ་ཤས་སུ་ཡིན་པར་བལྟས་ནས་རང་ཉིད་གནས་སྟངས་དེའི་ནང་ཡོད་པ་ནང་བཞིན་གཞན་ཚང་མ་དེའི་ནང་ཡོད་པའི་སེམས་འཁུར་དང་སྙིང་རྗེ་བསྐྱེད་ན། ང་ཚོའི་སེམས་གུ་ཡངས་པོ་ཆགས་ཀྱི་ཡོད། ང་ཚོས་ཉེན་ཁ་ལ་གཟབ་ནན་བྱེད་ཆོག །འོན་ཀྱང་རང་ཉིད་ཁོ་ནར་དམིགས་པའི་སེམས་ནད་ལྟ་བུ་མིན་པའི་ཐོག་གཟབ་ནན་བྱེད་ཆོག །ང་ཚོས་མི་ཚང་མ་ཉེན་ཁ་མེད་པ་འདོད་ཀྱི་ཡོད། ང་ཚོས་མི་ཚང་མ་རོལ་དབྱངས་ཀྱི་སྒྲས་མི་གོ་བར་མི་བྱེད་པའམ་ཡང་ན་རྩེད་མོའི་ནང་ཕྱིན་ཏེ་མི་དེ་དག་ལས་བྲོས་ཐབས་མི་བྱེད། དེས་རང་ཉིད་གཞན་ལས་ལོགས་སུ་ཁེར་རྐྱང་ཞིག་ཏུ་གྱུར་གྱི་ཡོད། ང་ཚོ་ཁེར་རྐྱང་དུ་འགྱུར་འདོད་མེད།

གཞན་ཚང་མར་གུ་ཡངས་ཀྱི་ཚོར་བ།

དེ་ལས་ཕན་ཐོགས་ཆེ་བ་ཞིག་ནི། གཞན་ཚང་མར་གུ་ཡངས་ཀྱི་ཚོར་བ་ཞིག་སྐྱེ་རྒྱུ་དེ་རེད། འོན་ཀྱང་གུ་ཡངས་ཅན་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན། གལ་ཏེ་ཁྱེད་ཀྱིས་ང་ཞེས་རྡོག་རྡོག་ཚུགས་ཐུབ་ཅིག་རང་གི་སེམས་ནང་ཡོད་པ་དེ་ལ་འཛིན་པ་སྐྱེས་ནས་ད་ངས་གུ་ཡངས་བྱས་ཡིན། ང་རང་གླགས་རྙེད་སླ་པོ་ཡིན། ང་རང་ལ་གནོད་ཀྱི་རེད་ཅེས་གཞི་རྟེན་དེ་འདྲ་ཞིག་གི་ཐོག་ནས་ཡོང་མི་ཐུབ། གཞན་ཚང་མར་བསམ་བློ་གཏོང་བའི་གུ་ཡངས་དེས་ཕྱོགས་གཅིག་ནས་ཁྱུ་ཚོགས་ཀྱི་ཆ་ཤས་སུ་གཏོགས་པའི་དུད་འགྲོའི་བག་ཆགས་ལ་འདོད་བློ་ཁེངས་པར་བྱེད་ཀྱི་ཡོད། ཁྱུ་ཚོགས་དེ་ལས་ལོགས་སུ་འཇོག་པ་ལས་ཁྱུ་ཚོགས་དེའི་ཆ་ཤས་ཡིན་པའི་སྐབས། ཁྱེད་རང་སྲུང་སྐྱོབ་ཆེ་བ་ཚོར་གྱི་ཡོད། བྱས་ཙང་། དུད་འགྲོ་སེམས་ཅན་གྱི་རིམ་པའི་ཐོག་ནས་བཤད་ན། དེས་བྱ་བ་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་སོ་སོའི་སེམས་ནང་ཡོད་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་འདི་ལའང་ “ད་མི་ཚང་མས་ང་ལ་འཐབ་རྒོལ་བྱེད་ཀྱི་རེད་” ཅེས་བརྟག་ཞིབ་དང་བཅས་གུ་ཡངས་བྱ་རྒྱུའི་ཐད་གཟབ་ནན་བྱེད་དགོས།
 
འདི་ནི་གནད་འགག་ཆེ་བའི་བཀོལ་སྤྱོད་ཅིག་ཡིན་ནའང་། གལ་ཏེ་ཁྱེད་ཀྱིས་བྱེད་ཐུབ་ན་ཧ་ཅང་ཕན་ཐོགས་ཅན་ཞིག་ཀྱང་ཡིན། དེ་ལྟར་བྱེད་པར། ང་ཚོས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཆོས་རྣམ་འབྱེད་ཀྱི་ཤེས་རབ་བཅས་ཟུང་དུ་འབྲེལ་དགོས།

ཧ་ཅང་གཟབ་ནན་གྱི་བྱ་བ་ལས་ཕན་ནུས་ལྡན་པའི་བར་སེང་ལེན་པ།

ང་ཚོའི་མི་ཚེའི་ནང་སེསམ་ངལ་ལ་གདོང་ལེན་བྱེད་ཐབས་ཆེད་ང་ཚོས་དང་དུ་ལེན་ཆོག་པའི་ཐབས་བྱུས་གཞན་མང་པོ་ཡོད་པ་དང་། ཧ་ཅང་སྟབས་བདེ་བའི་ཐབས་བྱུས་དེ་འདྲ་ཡང་ཡོད། དཔེར་ན། ཧ་ཅང་གཟབ་ནན་གྱི་ལས་ཀ་ལས་བར་སེང་དགོས་ན། དྲྭ་རྒྱ་སྔོག་བཤེར་བྱ་རྒྱུའི་ཚབ་ལ་ཡར་ལངས་ཏེ། ཆུ་ཞིག་འཐུང་། སྒེའུ་ཁུང་ནས་ཕྱིར་བལྟ་བ་ལྟ་བུ་བྱེད་དགོས། ཕྱོགས་གཞན་ཞིག་ནས་དེ་ཧུར་བརྩོན་གྱི་ངར་ཤུགས་ཆེ་བ་ལས་ལྡོག་སྟེ་ངར་ཤུགས་ཆུང་བ་ཡོད། སེམས་ངལ་ནི་ཚད་བརྒལ་ཧུར་བརྩོན་གྱི་ངར་ཤུགས་ལས་འབྱུང་གི་ཡོད། ཁྱེད་རང་སྔར་ལས་ཧུར་བརྩོན་གྱི་ངར་ཤུགས་མང་བ་བསྐྱེད་ནས་དཀའ་ངལ་སེལ་འདོད་མེད། ཧུར་བརྩོན་གྱི་ངར་ཤུགས་ཆུང་བ་དེ་ཡག་ག་ཡོད།

ཐར་འདོད་ཀྱི་ཆོད་སེམས་སམ་ངེས་འབྱུང་ལ་བརྟེན་ནས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་བསླབ་པ་གསུམ་པོ་ལག་བསྟར་བྱེད་པས། ང་ཚོའི་ཉིན་རེའི་མི་ཚེའི་ནང་ཡོད་པའི་སེམས་ངལ་དང་རང་གིས་རང་ལ་གནོད་པའི་གོམས་གཤིས་རྣམས་ཉུང་དུ་གཏོང་ཐུབ། སོ་སོའི་ལས་ཀ་དང་། ནང་མི། དཔལ་འབྱོར་གྱི་གནས་སྟངས་སོགས་ཀྱི་གནོན་ཤུགས་ལ་གདོང་ལེན་བྱ་རྒྱུའི་སེམས་སྔར་ལས་ཞི་འཇམ་པ་ཡོང་གི་ཡོད། དེང་དུས་གནས་སྟངས་ཀྱི་ནང་ང་ཚོར་དྲྭ་རྒྱ་དང་། སྤྱི་ཚོགས་བརྒྱུད་ལམ། གཞས་དང་རོལ་དབྱངས་སོགས་ཧ་ཅང་འབེལ་ལྷུག་ཡོད་པའི་ཐོག་གདོང་ལེན་བྱ་རྒྱུ་དམིགས་བསལ་གྱི་ཕན་ནུས་ལྡན་པ་ཆགས་ཀྱི་རེད། ང་ཚོས་དྲྭ་རྒྱ་བེད་སྤྱོད་གཏོང་རྒྱུ་སྤོང་དགོས་པ་དང་། སྤྱོད་བདེའི་ཁ་པར་ཡོ་ཆས་རྣམས་གཡུག་གཏོང་དགོས་པ། སླར་ཡང་གཞས་དང་རོལ་དབྱངས་ལ་ནམ་ཡང་མི་ཉན་པ་སོགས་བྱེད་དགོས་པའི་དོན་མིན། འོན་ཀྱང་ཐབས་བྱུས་བཟང་བ་ཞིག་དང་། དེ་དག་བཟང་པོ་དང་ཕན་ཐོགས་ལྡན་པའི་སྒོ་ནས་བཀོལ་སྤྱོད་བྱེད་སྟངས་ཀྱི་གོམས་གཤིས་ཤིག་ཡར་རྒྱས་གོང་འཕེལ་གཏོང་བར། དེ་དག་དགོས་མཁོ་ཅན་ཡིན། ཐུགས་རྗེ་ཆེ།

དྲི་བ་ཁག 

དཀའ་ངལ་དེ་གང་རེད་ཅེ་ན། དེང་སང་མི་ཚེའི་ནང་། ང་ཚོས་གནད་དོན་རྣམས་ལ་ཡ་ལན་སྤྲོད་དགོས་ཀྱི་ཡོད། དཔེར་ན། གལ་ཏེ་ང་ཚོས་གསར་འགྱུར་ལ་བལྟས་ན། རང་གིས་རང་ལ་སྔོན་ཚུད་ལས་བྲེལ་དབང་གིས་ང་ཚོས་ལྟ་ཞིབ་བྱེད་ཀྱི་མེད། འོན་ཀྱང་ང་ཚོས་ག་རེ་བྱེད་དགོས་པ་དང་གནད་དོན་ལ་ཇི་ལྟར་ཡ་ལན་སྤྲོད་དགོས་མིན་ཤེས་འདོད་ཡོད། གོང་ཚད་ལྟ་བུར་མཚོན་ན། མཚམས་མཚམས་གོང་ཚད་འགྱུར་བ་འགྲོ་ཚུལ་དེ་དྲྭ་ཐོག་བརྒྱུད་སྟོན་གྱི་ཡོད་པ་དང་། ང་ཚོས་དེ་ལ་ཡ་ལན་སྤྲོད་དགོས་ངེས་ཆགས་སྲིད། ཡང་ན་མི་ཞིག་གིས་ཁྱེད་ལ་གང་ཟག་ཅིག་ནད་པ་ཡིན་པ་དང་རོགས་སྐྱོར་དགོས་པའི་བརྡ་འཕྲིན་ཞིག་བསྐུར་བ། ཡང་མིན་ན་སོ་སོའི་ལས་རོགས་ཀྱིས་ང་ཚོར་བརྡ་འཕྲིན་བྲིས་ནས་སྐད་ཆ་ཞིག་འབྲི་འདོད་བྱེད་པ་དང་། གལ་ཏེ་ང་ཚོས་བལྟས་མེད་ན། བརྡ་འཕྲིན་དེ་འབྱོར་བ་ཤེས་ཀྱི་མེད། ཡང་གནམ་གཤིས་སྔོན་བརྡའི་སྙན་ཐོ་ལྟ་བུ་རེད། གལ་ཏེ་ང་ཚོས་གནམ་གཤིས་སྔོན་བརྡ་དེ་ཞོགས་པ་ནས་མ་བལྟས་པར་ཕྱི་རུ་ཕྱིན་ན། ང་ཚོ་གྲང་སྲིད་པ་དང་། དེའི་སྐོར་ང་ཚོས་ཤེས་ཀྱི་མེད། ང་ཚོ་ན་སྲིད་པ་རེད། གནས་སྟངས་དེ་དག་ཚང་མའི་ནང་། ང་ཚོ་ཕན་ནུས་ཆུང་བ་ཆགས་པ་དང་སོ་སོའི་དུས་ཚོད་དང་འཕྲོད་བསྟེན་ལ་སོགས་པ་འགྲོ་བརླག་གཏོང་སྲིད།

རྒྱུ་མཚན་དེ་ལ་བརྟེན་ནས་ངས་དྲྭ་རྒྱ་བཀོལ་སྤྱོད་བྱེད་སྟངས་ཐད་ཐབས་བྱུས་བཟང་པོ་ཞིག་དང་རྣམ་དཔྱོད་ལྡན་པའི་ཐབས་བྱུས་ཤིག་གོང་འཕེལ་གཏོང་དགོས་ཞེས་བཤད་ཡིན། གལ་ཏེ་ང་ཚོ་ལུས་ཀྱི་སྒོ་ནས་རྒྱགས་ནད་ཡོད་པ་དང་ཟས་ཚོད་ངེས་ཅན་བསྟེན་དགོས་ཐུག་ན། དེ་ནི་ང་ཚོས་ཟས་རྩ་ནས་མི་བཟའ་རྒྱུ་མཚམས་འཇོག་བྱེད་པའི་དོན་མིན། ང་ཚོས་བཟའ་བའི་ཟས་ལ་ཚད་བཀག་བཟོ་གི་ཡོད། དེ་དང་མཚུངས་པར་གལ་ཏེ་ང་ཚོར་གནས་ཚུལ་ཆ་འཕྲིན་གྱི་རྒྱགས་ནད་ལྟ་བུ་ཡོད་ན། ང་ཚོས་གང་བལྟ་གི་ཡོད་པ་དང་གང་དགོས་གལ་ཡིན་པ་དང་། ཕན་ཐོགས་ཅན་ཡིན་པ། ངས་གོང་དུ་ཞུས་པའི་གནད་དོན་གཞན་རྣམས་ལ་བལྟ་བའི་ཚད་བཀག་བཟོ་གི་ཡོད། མ་མཐའ་ཡང་སོ་སོའི་གློག་འཕྲིན་གྱི་བྱེད་སྒོའི་ནང་། ཁྱེད་ཀྱིས་འཕྲིན་ཡིག་སྤྱོད་བདེའི་ཆེད་ཟུར་འཇོག་དར་རྟགས་ནང་ཉར་བ་སོང་ཙང་། རྗེས་མ་ཁྱེད་ཀྱིས་དེ་ལ་བལྟ་བ་དང་སྟངས་འཛིན་བྱ་རྒྱུ་ཡིན་པ་ཤེས་ཀྱི་ཡོད།  

འོན་ཀྱང་ཐབས་བྱུས་འདིས་གནས་སྟངས་གང་འདྲ་ཞིག་ཡིན་རུང་། ང་ཚོར་གནས་ཚུལ་ཆ་ཚང་འབྱོར་གྱི་ཡོད་པ་དང་། དེ་ནས་ང་ཚོས་གང་ལ་ལན་འདེབས་དགོས་དང་མི་དགོས་འདེམས་སྒྲུག་བྱེད་ཀྱི་ཡོད་པར་གོ་བ་ཡིན། ཡིན་ནའང་ང་ཚོས་བརྡ་འཕྲིན་ཆ་ཚང་ཀློག་གི་ཡོད། དེ་ག་ནང་བཞིན་གསར་འགྱུར་སོགས་ཚང་མ་ཀློག་གི་ཡོད།

ད་དུང་ཁྱེད་ཀྱིས་ཐབས་བྱུས་མི་འདྲ་བ་དང་ལེན་བྱེད་དགོས། ཁྱེད་རང་ཞོགས་པ་སྔ་པོ་ལངས་དུས་གནམ་གཤིས་སྔོན་བརྡའི་སྙན་ཐོ་ལ་ལྟ་ཞིབ་བྱེད་པ་དང་མཚན་དེའི་རིང་ཁྱེད་ལ་ངོ་དེབ་སོགས་ཀྱི་ནང་དགའ་རྟགས་ག་ཚོད་རག་ཡོད་མེད་ལྟ་ཞིབ་བྱེད་པ་གཉིས་ཀྱི་དབར་ལ་ཁྱད་པར་གང་ལ་གང་འཚམས་ཤིག་ཡོད། ཁྱེད་ལ་དགའ་རྟགས་ག་ཚོད་འབྱོར་ཡོད་མེད་ལྟ་ཞིབ་བྱེད་དགོས་ཀྱི་མེད། ཁྱེད་ལ་འབྱོར་བའི་བརྡ་འཕྲིན་རྣམས་ནས་འགའ་ཞིག་ནི་ཁྱབ་བསྒྲགས་ཡིན་པ་དང་། འགའ་ཞིག་ནི་ཁྱེད་ཀྱི་ལས་ཀ་སོགས་དང་འབྲེལ་བ་དེ་ཙམ་མེད་པའམ་གལ་ཆེན་དེ་ཙམ་མིན་པའི་མི་རྣམས་ནས་འབྱོར་བའང་ཡོད། གནད་དོན་དེ་འདྲའི་ཁ་ཤས་ནི་ཁྱེད་ཀྱིས་ཕྱིས་སུ་གདོང་ལེན་དང་ལན་འདེབས་བྱེད་ཆོག །སོ་སོར་ཡོད་པའི་ཁ་བྱང་དེབ་ཆུང་ནང་དུ་གང་གལ་ཆེན་པོ་ཡིན་པ་དང་གང་གལ་ཆུང་བ་ཡིན་པའི་ཐོ་གྲངས་བཀོད་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་ཡོད། ང་ལ་གྲོགས་པོ་ཞིག་ཡོད་པ་དང་། ཁོང་རང་སོ་སོས་བཟོས་པའི་ཞོགས་ཟས་ལ་པར་རྒྱག་ནས་མི་གཞན་དག་ལ་བསྐུར་རྒྱུ་དགའ་ཡོད། ངས་དེ་ལ་བལྟ་དགོས་ངེས་ཤིག་མིན་པ་ལྟ་བུ་རེད།

ཁོས་ཁྱེད་ཀྱིས་ལྟ་གི་མེད་པ་དེ་ཤེས་ཀྱི་ཡོད་དམ།

ངས་རྗེས་མ་སྐད་ཆ་འདྲི་གི་ཡིན། འོན་ཀྱང་ངས་དེ་ལ་བལྟས་ནས་སོ་སོའི་ལས་ཀ་ལ་དངོས་གནས་བར་ཆད་བྱེད་འདོད་མི་འདུག 

ཆོས་ལུགས་གཞན་དག་གིས་ཀྱང་ང་ཚོར་བདེ་བ་ཚོར་བའི་སྐུལ་རྒྱུ་འདི་ཡོང་བའི་ཐབས་ལམ་མཁོ་སྤྲོད་བྱེད་ཀྱི་ཡོད། འོ་ན་དེ་དག་དང་ནང་ཆོས་དབར་ཁྱད་པར་གང་ཡོད་དམ།

ཆོས་ལུགས་གཞན་དག་གི་ངོས་ནས་ “ཡེ་ཤུ་མ་ཤི་ཀས་ང་ལ་བརྩེ་བ་འདུག་” ཅེས་དང་། “དཀོན་མཆོག་གིས་ང་ལ་བརྩེ་བ་འདུག་” ཅེས་སོགས་ཁས་བླངས་ནས་དམིགས་ཡུལ་གྱི་ཕྱོགས་སུ་འབད་བརྩོན་བྱེད་པའི་ཐབས་ལམ་དེ་དག་མཁོ་སྤྲོད་བྱེད་ཀྱི་ཡོད་པ་བདེན་པ་རེད། དེ་འདྲ་ཡོད་ངེས་པ་རེད། བདེན་པ་རེད། ངས་བཤད་པའི་ཐབས་ལམ་ཁག་ནི། མཐའ་གཅིག་ཏུ་ནང་ཆོས་ཀྱི་ཡིན་དགོས་པ་དེ་འདྲ་མ་རེད། དེ་དག་ཆོས་ལུགས་ཀྱི་སྐབས་དོན་མེད་པའི་སྒོ་ནས་རྙེད་དུ་ཡོད། དེ་དག་ནི་མི་སུ་འདྲ་ཞིག་ལ་ཕན་ཐོགས་ཡོད་པའི་སྤྱིར་བཏང་གི་ཐབས་བྱུས་ཁག་རེད། ངས་གང་བཤད་པའི་ནང་། ནང་པ་ཁོ་ནའི་ཡིན་དགོས་པའི་གནད་དོན་བྱེ་བྲག་དེ་འདྲ་གང་ཡང་མེད།

གཞན་ལ་མེད་པའི་ནང་པའི་ཁྱད་ཆོས་དེ་གང་རེད་ཅེས་བརྗོད་པའི་སྐབས། དེ་ནི་ཧ་ཅང་ཕྲ་བའི་རིམ་པའི་དངོས་པོའི་གནས་ལུགས་ཀྱི་ལྟ་བ་དེ་རེད། ཚན་རིག་དང་མཉམ་དུ་གོ་བསྡུར་བྱེད་པ་དེས་ག་རེ་གསལ་སྟོན་བྱེད་ཀྱིན་ཡོད་ཅེ་ན། ད་དུང་དེ་ནི་ཐུན་མོང་མ་ཡིན་པ་ཞིག་དེ་ཙམ་མིན། གང་ཡིན་ཞེ་ན། དངོས་པོའི་གནས་ལུགས་ཀྱི་ལྟ་བ་འདི་གང་འཚམ་གྱི་ཀོན་ཊམ་དངོས་ཁམས་ཀྱི་འཇིག་རྟེན་ལ་ལྟ་ཚུལ་དང་མཐུན་པ་ཡིན། གལ་ཏེ་ཁྱེད་ཀྱིས་ཀོན་ཊམ་གྱི་རྣམ་གཞག་དེ་འཇིག་རྟེན་གྱི་བཀོད་པ་དང་འབྲེལ་བའི་རྒྱུ་མཚན་རིགས་པའི་མཇུག་སྡོམ་གྱི་ཐོག་ལ་གཞིགས་པ་ཡིན་ན། ཁྱེད་ཀྱིས་ནང་པའི་ཆོས་ཀྱི་སྟོང་པ་ཉིད་དང་རྟེན་འབྲེལ་གྱི་སྐོར་ཤེས་ཀྱི་རེད།  

གལ་ཏེ་ང་ཚོས་མི་ཞིག་དང་དངོས་སུ་ཐུག་འཕྲད་ཆེད་གྲ་སྒྲིག་ཡོད་པ་དང་མི་དེ་ཐུག་རྒྱུ་ཡིན་ནའང་། ང་ཚོས་མི་དེ་དངོས་སུ་ཐུག་དུས་ཁོས་སོ་སོའི་ལག་ཐོགས་ཁ་པར་བལྟས་ནས་ང་ཚོར་དོ་སྣང་དེ་ཙམ་མ་བྱས་ན། ང་ཚོས་གང་བྱེད་དམ། གནས་སྟངས་དེ་འདྲའི་སྐབས། ང་ཚོས་མི་དེ་ལ་བྱེད་སྟངས་དེ་ཚུལ་མཐུན་མིན། གང་ཡིན་ཟེར་ན། ང་ཚོ་ཐུག་འཕྲད་ངོ་མ་བྱེད་ཀྱིན་ཡོད་ཅེས་ཁ་རི་ཁ་ཐུག་བརྗོད་ན་འགྲིག་གམ།

ང་རང་སྒེར་གྱི་ངོས་ནས་དེ་ལྟར་བརྗོད་ན་འགྲིག་སྙམ། མི་དེ་ལ་ “ཝ་ཡེ། ང་འདིར་ཡོད་” ཅེས་བརྗོད་རྒྱུ་དེ་རན་འཚམ་ཞིག་རེད་བསམ་གྱི་འདུག །ལག་ཐོགས་ཁ་པར་གྱི་སྒྲིག་གཞི་ལམ་ལུགས་ཟེར་བ་ཞིག་ཡོད་པ་དེ་ཧ་ཅང་གལ་ཆེན་པོ་ཡིན། དམིགས་བསལ་གལ་ཏེ་ཁྱེད་རང་ཕ་མ་ཡིན་པ་དང་ཁྱེད་ལ་བཅུ་ཐོག་ན་གཞོན་གྱི་ཕྲུ་གུ་ཡོད་ན། ཁྱེད་ཀྱིས་དགོང་ཚིགས་སྐབས་ཅོག་ཙེའི་སྒང་ཁ་པར་སྤྱོད་མི་ཆོག་པའི་སྒྲིག་ལམ་བཟོ་བ་ལྟ་བུ་རེད། རེད། ཁྱེད་ཀྱིས་དེ་མི་ཆོག་ཅེས་ཟེར་བ་དང་ཁོང་ཚོའི་ཁ་པར་རྣམས་ཟུར་དུ་འཇོག་འཇུག་གི་ཡོད། ང་ལ་གྲོགས་པོ་ཞིག་ཡོད། ཁོང་ཨ་རིའི་གཙུག་ལག་སློབ་ཁང་དུ་སློབ་འཁྲིད་བྱེད་ཀྱི་ཡོད། ཁོང་གིས་སློབ་ཕྲུག་ཚོར་འཛིན་གྲྭའི་ནང་གཏམ་བཤད་སྐབས། རང་སོ་སོའི་ཁ་པར་ཅོག་ཙེ་ཞིག་གི་སྟེང་དུ་འཇོག་འཇུག་གི་ཡོད། ཁོང་ཚོས་སོ་སོའི་སྡོད་སར་ཁ་པར་འཁྱེར་ཆོག་གི་མེད། ངའི་བསམ་པར། དེ་ནི་མཐའ་གཅིག་ཏུ་རན་འཚམ་ཞིག་རེད། འདི་ལ་ཧ་ཅང་དོ་སྣང་བྱེད་འོས་པ་ཞིག་ནི། གཏམ་བཤད་ཀྱི་དུས་ཡུན་དེ་སྐར་མ་བཞི་བཅུ་ཞེ་ལྔའམ་ཡང་ན་ཆུ་ཚོད་གཅིག་གང་ཡིན་རུང་ཁྱད་པར་མི་འདུག །གང་ཡིན་ཟེར་ན། དེ་ནི་ཆུ་ཚོད་གསུམ་རིང་གི་བགྲོ་གླེང་ཞིག་རེད། བྱས་ཙང་། ཁོང་གིས་མི་རྣམས་ལ་ཁ་པར་གྱི་དུས་ཚོད་བར་སེང་ཞིག་སྤྲོད་དགོས་ཀྱི་ཡོད། ཁོང་ཚོ་གསང་སྤྱོད་དུ་འགྲོ་དགོས་ཀྱི་མེད། ཡིན་ནའང་ཁོང་ཚོས་སོ་སོའི་ཁ་པར་སྔོག་བཤེར་མི་བྱེད་པར་ཧ་ཅང་སེམས་གུ་དོག་པོ་དང་དངངས་འཚབ་ཡོང་གི་ཡོད། བྱས་ཙང་། ཁོང་ཚོ་བྲེལ་འཚུབ་ཀྱིས་ཕྱིན་ནས་ཁ་པར་བླངས་ཏེ། བར་སེང་སྐབས་ཁ་པར་སྔོག་བཤེར་བྱེད་ཀྱི་ཡོད། སྤྱི་ཚོགས་རིག་པའི་ཐོག་ནས་ཀྱང་དེ་ཧ་ཅང་དོ་སྣང་བྱེད་འོས་པ་ཞིག་རེད།

མི་རྣམས་ལ་སོ་སོའི་ལག་ཐོགས་ཁ་པར་མཉམ་དུ་ཡོད་དགོས་པ་འདི་ནི་ནད་ཡམས་ཀྱི་ལང་ཤོར་ཞིག་ཡིན་པ་དང་། ཁྱེད་ཀྱིས་ནམ་རྒྱུན་མི་རྣམས་ལ་སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་ཤིག་གོང་འཕེལ་གཏོང་བར་རོགས་བྱེད་དགོས། དེ་འདྲ་ཞིག་གལ་ཏེ་སེམས་བཟང་པོའི་སྒོ་ནས་བྱས་ན། དེ་ནི་རན་ཞིང་འཚམ་པ་ཞིག་རེད་བསམ་གྱི་འདུག །ཁོང་ཚོས་ངེས་པར་དུ་ཤེས་དགོས་པའི་བྱུས་ཉེས་དེ་འདྲ་ཡོད་མེད་དང་། ཡང་ན་རྩ་ནས་གལ་ཆེན་མིན་པའི་སྐོར་ལ་ཁ་བརྡ་བྱེད་ཀྱིན་ཡོད་བཅས་ཀྱི་དབར་ལ་ཁྱད་པར་ཞིག་ཡོད། དངོས་ཡོད་གནས་ཚུལ་ལ། བྱུས་ཉེས་དང་རྐྱེན་ངན་གྱི་ཁ་པར་ག་ཚོད་ཙམ་ང་ཚོར་འབྱོར་གྱི་ཡོད་དམ། གལ་ཏེ་ང་ཚོ་མི་ཞིག་དང་ཐུག་པའི་སྐབས་དེར་རང་གི་ཕྲུ་གུ་ནང་དུ་བདེ་འབྱོར་བྱུང་ཡོད་མེད་ཀྱི་ཁ་པར་སྒུག་བཞིན་ཡོད་ན། ཁྱེད་ཀྱིས་མི་དེ་ལ་བརྗོད་དགོས། སེམས་བཟང་པོའི་ཐོག་ནས། “ང་རང་ཁ་པར་ཞིག་རེ་སྒུག་བྱེད་བཞིན་ཡོད། ངའི་ཕྲུ་གུ་ནང་དུ་བདེ་འབྱོར་བྱུང་ཡོད་མེད་ཀྱི་ལན་ངེས་བརྟན་ཞིག་སྒུག་བཞིན་ཡོད།” ཅེས་བརྗོད་དགོས། དེ་ལྟར་བརྗོད་ན། ཕ་རོལ་པོ་དེས་ཀྱང་ཧ་གོ་བ་དང་ཚང་མ་གསལ་པོ་ཆགས་ཀྱི་རེད།

ས་འོག་མེ་འཁོར་ནང་འགྲུལ་བཞུད་བྱེད་པའི་སྐབས། ངས་རྟག་པར་གཞས་དང་རོལ་དབྱངས་ཉན་གྱི་ཡོད། འོན་ཀྱང་ངས་དེ་ནི་ངར་ཤུགས་དང་བསྐུལ་རྐྱེན་མང་བ་ཡོང་ཕྱིར་ཉན་གྱི་མེད། ཡིན་ནའང་མི་དགེ་བའམ་བསྐུལ་རྐྱེན་ངན་པའི་ཚད་ཉུང་དུ་གཏོང་ཕྱིར་ཉན་གྱི་ཡོད། དེའི་རྒྱུ་མཚན་ནི་ངའི་ཉེ་འཁོར་ཡོད་པའི་མི་རྣམས་ཀྱིས་སྐད་ཆ་ཤོད་པ་དང་། སྐབས་རེར་ང་རང་ཁོང་ཚོའི་སྐད་ཆ་ལ་ཉན་འདོད་མི་འདུག །ཁོང་ཚོའི་སྐད་ཆའི་ནང་མི་སྙན་པ་དང་ངན་པའི་རིགས་ཧ་ཅང་མང་པོ་འདུག །དེ་ག་ནང་བཞིན་མེ་འཁོར་ནང་དུ་ཁྱེད་ཀྱིས་རྟག་ཏུ་ངའི་སེམས་ཤེས་དགོས་ཞེས་པ་ལྟ་བུ་ཁྱབ་བསྒྲགས་བྱེད་ཀྱིན་འདུག །བྱས་ཙང་། སྡུག་ཅག་བཟོ་མཁན་གྱི་རིགས་དེ་དག་ཐམས་ཅད་ལས་གཡོལ་ཕྱིར། ངས་གཞས་དང་རོལ་དབྱངས་ཉན་གྱི་ཡོད། ང་རང་གཡོལ་ཐབས་བྱེད་ཀྱིན་ཡོད་དམ། ཡང་ན་ངས་མི་དགེ་བ་དང་ཧ་ཅང་དངངས་འཚབ་ཅན་གྱི་སྡུག་ཅག་བཟོ་མཁན་རྣམས་དངངས་འཚབ་ཉུང་བ་དང་གནོད་པ་ཉུང་བའི་ནང་འགྱུར་བ་གཏོང་བཞིན་པ་ཡིན་ནམ།

འདི་ནི་ཧ་ཅང་དོ་སྣང་བྱེད་འོས་པའི་དྲི་བ་ཞིག་རེད། ངའི་སེམས་ནང་དང་པོ་ཤར་བའི་དྲི་བ་འདིའི་ལན་ནི་རྒྱ་གར་བ་ཚོའི་དྲིས་ལན་ཆགས་ཀྱི་འདུག །དེ་ནི་ལན་འདེབས་རན་ཞིང་འཚམ་ཤོས་དེ་མིན་སྲིད། རྒྱ་གར་ནང་ཁྱེད་རང་མཚན་མོ་གཅིག་གི་རིང་གཟུགས་མཐོང་བརྙན་པར་གྱི་ཁ་ལོ་པ་སྟེ། སྤྱི་སྤྱོད་རླངས་འཁོར་ནང་གཟུགས་མཐོང་བརྙན་པར་ཡོད། དེ་ནི་མཚན་གང་སྤར་ནས་ཡོད། དེ་ནི་གློག་བརྙན་ལྟད་མོ་གཅིག་རང་དེ་ཡང་ནས་ཡང་དུ་སྐད་ཤུགས་ཆེ་ཤོས་ནང་ལྟ་གི་ཡོད། ཁྱེད་ཀྱིས་ཁ་ལོ་པར། “སྐད་ཤུགས་ཆུང་དུ་གཏོང་རོགས་” ཞེས་བརྗོད་ན། རྒྱ་གར་བ་ཚོས་དེའི་ལན་ནི། “དེ་ལ་མ་ཉོན་” ཞེས་ཟེར་གྱི་ཡོད།
 
ས་འོག་མེ་འཁོར་ནང་ཁྱེད་ཀྱིས་མི་གཞན་དག་གི་གང་ཤོད་ཀྱིན་ཡོད་པར་ཉན་དགོས་མེད། དེ་ནི་དོ་སྣང་སྤྲད་དང་མི་སྤྲད་ཀྱི་གནད་དོན་ཞིག་རེད། ཁྱེད་ཀྱིས་ག་རེ་ལ་དམིགས་པ་གཏད་ཀྱིན་ཡོད་དམ། གལ་ཏེ་ཁྱེད་ཀྱི་དོ་སྣང་མི་ཚང་མར་ཡོད་པ་དང་། དཔེར་ན། ཁྱེད་ཀྱིས་མི་རྣམས་ཀྱི་གདོང་གི་རྣམ་འགྱུར་ཡན་ཆད་མཐོང་གི་ཡོད་པ་དང་། ཁོང་ཚོ་དེ་ཙམ་སྐྱིད་པོ་མེད་སྲིད་པས། སྙིང་རྗེའི་སྒོ་ནས་ཁོང་ཚོ་སྡུག་བསྔལ་དང་འབྲལ་བ་དང་། བདེ་བ་དང་ལྡན་པར་ཤོག་ཅེས་ཡིད་སྨོན་བྱས་ན། ཁྱེད་ཀྱི་དོ་སྣང་དེ་ཁོང་ཚོས་གང་ཤོད་ཀྱིན་ཡོད་པ་ལ་དམིགས་ཀྱི་མེད། ཁྱེད་ཀྱིས་ཁྱབ་བསྒྲགས་ལ་བལྟ་གི་མེད། ཁྱེད་ཀྱི་དོ་སྣང་དེ་གཞན་ཞིག་གི་སྒང་ལ་ཡོད།

གལ་ཏེ་ང་ཚོས་དེ་ལྟར་བྱེད་མ་ཐུབ་ན། གཞས་དང་རོལ་དབྱངས་ཉན་རྒྱུ་དེ་འགྲིག་པ་རེད། འོན་ཀྱང་གཞས་ཉན་རྒྱུར་སྙད་བཏགས་ཏེ་མི་རྣམས་ལ་སྣང་མེད་གཏོང་མི་ཉན། དེ་ནི་སྙིང་རྗེ་ཉམས་ལེན་བྱ་རྒྱུའི་གོ་སྐབས་ཧ་ཅང་ཡག་པོ་ཞིག་རེད།

གང་ལ་གང་འཚམ་གྱི་ཚད་མཐོའི་ནང་པའི་ཉམས་ལེན་གཏོང་ལེན་གྱི་རྩ་དོན་ལ་བསམ་བློ་གཏོང་དགོས། གནས་སྟངས་དེའི་ནང་ཁྱེད་ཀྱིས་གང་ཐབས་ཤེས་བྱ་རྒྱུ་ཡིན་པ་ནི། ཨུ་ཚུགས་བྱེད་པ་དང་མི་གཞན་དག་གིས་གང་གི་སྐོར་ཤོད་ཀྱིན་ཡོད་པ་ལ་སྣང་མེད་མི་གཏོང་བར། ཁྱེད་ཀྱིས་ངོས་ལེན་བྱེད་དགོས་ཤིང་། ཁྱེད་རང་གུ་ཡངས་དང་ཁ་རི་ཁ་ཐུག་བྱེད་དགོས། ཁོང་ཚོས་གནད་དོན་ཆུང་ཙག་རིགས་སམ་ཡང་ན་གནས་ཚུལ་སྡུག་ཅག་གི་སྐོར་ཤོད་ཀྱིན་ཡོད་པ་ཁྱེད་ཀྱིས་ངོས་ལེན་བྱེད་དགོས། དེ་ནས་ཁྱེད་ཀྱིས་ཁོང་ཚོར་བརྩེ་བའི་ཡིད་སྨོན་བྱས་ཏེ། ཁོང་ཚོར་གང་གིས་བློ་ཕམ་དུ་འཇུག་པ་དེ་ལས་ཐར་བར་ཤོག་ཅེས་བརྗོད་དགོས། ཁོང་ཚོས་དགེ་བ་དང་དོན་ལྡན་ཆེ་བའི་གནད་དོན་ལ་འཇུག་ཐུབ་པས། འདི་ནི་གཏོང་ལེན་ཉམས་ལེན་གྱི་གོ་སྐབས་ཆེན་པོ་ཞིག་ཡིན།

ནམ་རྒྱུན་ཡང་སེ་ང་ཚོར་ཐོག་མར་ཐར་འདོད་ཀྱི་ཆོད་སེམས་སམ་ངེས་འབྱུང་ཡོད་པའི་སྐབས། གང་འཚམ་ཞིག་ནས་དེ་ཉུང་དུ་འགྲོ་གི་ཡོད། དེ་ནི་ལེ་ལོའི་དབང་གིས་ཡིན་སྲིད་ལ་རྒྱུ་མཚན་གཞན་དག་ཡོད་སྲིད། ང་ཚོས་དེ་ཚོར་གྱི་མེད། གལ་ཏེ་དེ་འདྲ་བྱུང་ན། དེ་བསྐྱར་གསོའི་ཆེད་དུ་ང་ཚོས་གང་བྱེད་དམ།

འདི་ལ་དུས་རྒྱུན་བསླབ་བྱ་གཙོ་བོ་རྒྱག་གིན་ཡོད་པ་ནི། ང་ཚོ་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་ཡོད་པ་དང་། སྡུག་བསྔལ་གྱི་གནས་སྟངས་གང་ཡོད་པ། དེ་ལས་ཐར་བའི་ཕན་ཡོན་སོགས་གནད་དོན་གང་ཡིན་རུང་། དེའི་སྐྱོན་གྱི་ཆ་རྣམས་དྲན་གསོ་བྱ་རྒྱུ་དེ་རེད། དེ་བཞིན་དེ་ལས་ཐར་པའི་ཐབས་ལམ་གང་ཡིན་པའི་ཐོག་རང་གིས་རང་ལ་དྲན་གསོ་བྱེད་པ་དང་། ཐབས་ལམ་དེས་ཕན་པ་ཙམ་དུ་མ་ཟད། ང་ཚོས་ཐབས་ལམ་བཀོལ་སྤྱོད་བྱེད་པའི་ནུས་པ་དང་ལྡན་པ་ཡིན་པའི་གདེང་ཚོད་ལ་སླར་ཡང་ངེས་བརྟན་བཟོ་དགོས། དེ་དག་ཐམས་ཅད་ཐར་འདོད་ཀྱི་ཆོད་སེམས་སམ་ངེས་འབྱུང་གི་ཧ་ཅང་གལ་ཆེ་བའི་ཆ་ཤས་ཤིག་ཡིན། ཕྱོགས་གཞན་ཞིག་ནས་རང་གིས་རང་ལ་ “གལ་ཏེ་ངས་འབད་བརྩོན་གང་ཐུབ་བྱས་ན། དེ་དག་ལས་ཐར་ཐུབ་” ཅེས་དྲན་གསོ་གཏོང་དགོས། དེ་མིན་ཁྱེད་རང་སེམས་ཤུགས་ཆག་ནས་ཅི་གང་མི་བྱེད་པ་དང་། བློས་གཏོང་བྱེད་ཀྱི་རེད།

གལ་ཏེ་ང་ཚོས་སྒོམ་ཉམས་ལེན་བྱས་ན། དེས་ང་ཚོ་བརྟན་ཆ་ཆེ་བ་ཡོང་གི་ཡོད། དེ་ནི་ང་ཚོར་གང་ཐོབ་པ་དེ་རེད། འོན་ཀྱང་གལ་ཏེ་ང་ཚོས་བརྟན་ཆ་ཆེ་བ་ཡོང་ཕྱིར་སྨན་བསྟེན་པ་ཡིན་ན། དེ་ནི་གཞི་རྩའི་ཆ་ནས་འབད་བརྩོན་མི་དགོས་པའི་ཐོག་ང་ཚོར་རག་གི་ཡོད་པ་དང་། དེས་ང་ཚོར་འགྱུར་བ་གཏོང་གི་མེད། གལ་ཏེ་མི་ཞིག་ནད་པ་ཡིན་ན། སྨན་བསྟེན་དགོས་གལ་ཞིག་ཡིན་པ་ནི་ཤོད་མི་དགོས། ཡིན་ནའང་གལ་སྲིད་མི་ཞིག་གིས་སོ་སོའི་གནས་བབས་ཡར་རྒྱས་གཏོང་ཕྱིར་དང་། སེམས་ངལ་དང་སེམས་ནང་གི་མི་དགེ་བའི་ཤུགས་རྐྱེན་ཡང་ན་ཉོན་མོངས་ཀྱི་རིགས་གཞན་རྣམས་ཉུང་དུ་གཏོང་ཕྱིར། ཉིན་རེའི་མི་ཚེའི་ནང་སྨན་ཞིག་བསྟེན་གྱི་ཡོད་ན། ག་རེ་ཆགས་ཀྱི་རེད་དམ།

ངའི་བསམ་པར། ང་ཚོ་ནང་པའི་ཐབས་ལམ་ཁག་ལ་དངོས་ཡོད་དང་མཐུན་པ་དགོས་ཀྱི་ཡོད། ནང་པའི་ཐབས་ལམ་ཁག་སྨིན་ཚད་དང་བརྟན་ཆ་ངེས་ཅན་གྱི་གནས་ཚད་ལ་སླེབས་པའི་གང་ཟག་རྣམས་ལ་ཕན་ནུས་ལྡན་པ་ཡིན། གལ་ཏེ་ཁྱེད་རང་སེམས་དང་སེམས་ཚོར་གྱི་སྒོ་ནས་བསུན་གཙེར་ཚབས་ཆེན་བྱུང་ཡོད་ན། ཁྱེད་རང་ད་དུང་ཡང་ནང་པའི་ཐབས་ལམ་ཁག་ལག་བསྟར་བྱ་རྒྱུའི་ནུས་པ་མེད། ཁྱེད་རང་ལ་བརྟན་ཆའི་རང་བཞིན་ཞིག་དགོས་ཀྱི་ཡོད། དེ་ལ་སྨན་བསྟེན་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད་སྲིད། སྨན་གྱི་རིགས་ཀྱང་ཞི་སྨན་དང་སེམས་ངལ་འགོག་པའི་སྨན་སོགས་གང་ཡང་ཡིན་ཆོག །ཁྱེད་རང་ཕན་པའི་ཐབས་ཤིག་དགོས་ཀྱི་ཡོད། “སྒོམ་རྒྱག་དགོས་པ་ཙམ་རེད་” ཅེས་བརྗོད་པ་ཙམ་གྱིས་ནུས་པ་ཐོན་པ་མི་ཡོང་། འོན་ཀྱང་ཁྱེད་བརྟན་ཆ་ཆེ་རུ་འགྲོ་བའི་སྐབས། སྨན་བསྟེན་པའི་ལང་ཤོར་དེ་ལས་ཐར་དགོས་ཀྱི་ཡོད། ཁྱེད་རང་བརྟན་ཆ་ཆེ་བ་ཡོད་པའི་སྐབས། སྒོམ་ཉམས་ལེན་བྱེད་ཐུབ་པའི་སེམས་ཀྱི་གནས་བབས་ཤིག་གི་ནང་ཡོད། དེའི་སྔོན་ལ་ཁྱེད་རང་སེམས་ཧ་ཅང་དཀྲོག་རྐྱེན་ཆགས་ཡོད་པས། རྩེ་གཅིག་པའི་ཏིང་ངེ་འཛིན་མེད། 

འབར་མའི་ནང་། སངས་རྒྱས་ཀྱིས་རྣར་འཇུག་ཉན་ཆས་མནབས་པའི་སྐུ་པར་ཞིག་ཟ་ཁང་ཁྱབ་བསྒྲགས་གཏོང་ཆེད་བེད་སྤྱོད་གཏོང་མཁན་གྱི་མི་གསུམ་བཙོན་དུ་བཅུག་ཡོད། ནང་པའི་ལྟ་ཚུལ་ཐོག་ནས་བྱས་ན། དེའི་ཐད་ཁྱེད་ཀྱི་དགོངས་ཚུལ་གང་ཡོད་དམ།

སངས་རྒྱས་ཀྱི་ཚ་བོ་ཕྲག་དོག་ཅན་ལྷས་སྦྱིན་གྱིས་རྟག་ཏུ་ཁོང་ལ་གནོད་སྐྱེལ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་སངས་རྒྱས་ལ་གནོད་ཐུབ་ཀྱི་མེད། ཁོང་དེ་ལ་བློ་ཕམ་དང་ཁོང་ཁྲོ་གནང་མེད། བྱས་ཙང་། སངས་རྒྱས་ཀྱི་སྙན་ལ་རྣར་འཇུག་ཉན་ཆས་ཡོད་པ་དེ་འཁང་ར་བྱེད་པ་ཆགས་ངེས་མིན། ཡིན་ནའང་ནང་ཆོས་རྗེས་འབྲང་པའམ། ཆོས་ལུགས་གང་འདྲ་ཞིག་གི་རྗེས་འཇུག་པ་ཚོས། མི་རྣམས་ཀྱིས་ཁོང་ཚོའི་མི་སྣ་གཙོ་བོ་དེར་གུས་ཞབས་དང་མི་ལྡན་པའི་བྱ་བ་བརྩམ་པའི་སྐབས། དེ་ནི་ཧ་ཅང་འཁང་ར་ཆགས་ཀྱི་ཡོད། མི་རྣམས་ལ་འཁང་ར་བྱེད་པའི་རྒྱུ་མཚན་མེད། དེ་ནི་ཧ་ཅང་སྡུག་རྩུབ་ཅན་ཞིག་རེད། ཁོང་ཚོ་བཙོན་དུ་འཇུག་པ་དང་། ཉེས་ཆད་ཚབས་ཆེན་དེ་འདྲ་འགེལ་བ་ལྟ་བུ་ཕལ་ཆེར་རན་ཞིང་འཚམ་པ་ཞིག་རྩ་ནས་མིན། གང་ལྟར་ཡང་། ཁོང་ཚོས་དེ་འདྲ་བྱེད་དགོས་ཀྱི་མེད། སྨྲ་བརྗོད་ཀྱི་རང་དབང་ཟེར་དུས་མི་རྣམས་ལ་འཁང་ར་དང་མཐོང་ཆུང་བྱེད་པའི་རང་དབང་གི་དོན་མིན། དམིགས་བསལ་དེས་མང་ཚོགས་ལ་ཁོང་ཁྲོ་སློང་གི་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་ཡོད། མཐོང་ཆུང་དང་འཁང་ར་དེ་གང་ཡིན་མིན་སུས་ཐག་གཅོད་བྱེད་པར་རག་ལུས་ཡོད་པ་ཤོད་མི་དགོས་པ་རེད། དེ་ནི་སྐྱོན་བརྗོད་ཡིན་སྲིད། འོན་ཀྱང་ཡེ་ཤུ་མ་ཤི་ཀ་དང་། ཁ་ཆེའི་སྟོན་པ་མོ་ཧ་མད། ཡང་ན་སངས་རྒྱས་བཅོམ་ལྡན་འདས་སོགས་ལ་གུས་ཞབས་དང་མི་ལྡན་པའི་ལས་བརྩམ་པ་ལྟ་བུ་ཆོས་ལུགས་ཀྱི་གནས་སྟངས་སྒང་ལ་སླེབས་དུས་དེ་ནི་རན་ཞིང་འཚམ་པ་ཞིག་མིན་པ་གང་ལ་གང་འཚམ་གྱི་གསལ་པོ་རེད། དེང་དུས་གསར་ཐོན་གྱི་ཨ་ཡེ་པོཌ་ཁྱབ་བསྒྲགས་ཀྱི་ཆེད་དུ་ཡེ་ཤུ་མ་ཤི་ཀས་སྙན་ལ་རྣར་འཇུག་ཉན་ཆས་བཀོན་ཡོད་ན། དེ་ལ་ཡེ་ཤུའི་རྗེས་འབྲང་པ་ཚོས་ལན་འདེབས་ཇི་ལྟར་རྒྱག་གམ། ཡེ་ཤུའི་ཆོས་ལ་ཧ་ཅང་ཤུགས་ཆེན་དད་པ་ཡོད་མཁན་ཚོས་དེ་ལ་དགའ་གི་མ་རེད་བསམ་གྱི་འདུག

ང་ཚོས་འཇིག་རྟེན་གྱི་དམིགས་ཡུལ་བསྒྲུབ་ཐབས་བྱེད་ཆོག་ལ། ཆོས་ཕྱོགས་ཀྱི་དམིགས་ཡུལ་བསྒྲུབ་ཐབས་བྱེད་ཆོག །མཐའ་གཉིས་ཡོད་པ་ངས་ཤེས་སོང་། གཅིག་ནི་འཇིག་རྟེན་གྱི་དམིགས་ཡུལ་ཁག་ལ་དོ་སྣང་མང་བ་བྱ་རྒྱུ་དེ་རེད། འོན་ཀྱང་གནས་སྟངས་འདིའི་ནང་དེ་ནི་རྫོགས་མཐའ་མེད་པ་ཞིག་དང་། ཁྱེད་ཀྱིས་དམིགས་ཡུལ་གཅིག་བསྒྲུབ་པ་དང་ཡང་དམིགས་ཡུལ་གཞན་ཞིག་ཡོད། མཐའ་གཞན་དེ་ནི་ནང་པའི་སྤྱི་ཚོགས་ནང་ངས་མཐོང་བའི་ཆོས་ཕྱོགས་ཀྱི་དམིགས་ཡུལ་བསྒྲུབ་ཐབས་བྱེད་པ་ལྟ་བུ་དེ་རེད། འོན་ཀྱང་ཁོང་ཚོས་འཇིག་རྟེན་གྱི་དམིགས་ཡུལ་དེ་དག་དྲན་པ་བརྗེད་ཀྱི་ཡོད། གནད་དོན་འདི་སེལ་ནས་ཆ་སྙོམ་པའི་ཐབས་ལམ་ཞིག་རག་ཐབས་ཡོད་དམ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྟག་ཏུ་བརྒྱ་ཆ་ལྔ་བཅུ་ལྔ་བཅུ་གསུང་གི་ཡོད། ང་ཚོས་མི་ཚེའི་ནང་གི་དངོས་ཡོད་གནས་སྟངས་དང་ལས་འགན་གང་ཡིན་པ་ལ་ལྟ་དགོས་ཏེ། དཔལ་འབྱོར་གྱི་གནས་སྟངས་དང་། ང་ཚོར་ལྟོས་ས་ལྟོས་ཕྱོགས་ཀྱི་མི་ཡོད་མེད་ལྟ་བུ་རེད། བྱས་ཙང་། དངོས་ཡོད་དང་མཐུན་པ་དགོས།།

Top