ཉིན་རེའིི་མི་ཚེའི་ནང་བློ་རིག་གི་འབྲེལ་ཚུལ་དང་སྦྱོར་ཚུལ།

བོད་ཀྱི་དགེ་ལུགས་པའི་ཆོས་བརྒྱུད་ཀྱིས་འགྲེལ་བརྗོད་ལྟར། རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་མདོ་སྡེ་པའི་ལུགས་ཀྱིས་ཆོས་རྣམས་རྟོགས་ཚུལ་དེ་བློ་རིག་བདུན་ལ་དཔྱད་པ་བྱས་ཡོད། དེ་དག་ནི།

༡༽ མངོན་སུམ

༢༽ རྗེས་དཔག

༣༽ བཅད་ཤེས།

༤༽ སྣང་ལ་མ་ངེས་པ།

༥༽ ཡིད་དཔྱོད།

༦༽ ཐེ་ཚོམ།

༧༽ ལོག་ཤེས།

ང་ཚོས་ཆོས་གང་ཞིག་རྟོགས་པའི་ཚུལ་དེ་ངོས་འཛིན་ཐུབ་པ་ནི་གང་ཤེས་པའམ་ཤེས་ཀྱི་ཡོད་བསམ་པ་དེ་ང་ཚོར་ཚོད་དཔྱད་ཞིབ་བྱེད་ཐུབ་པར་བཟོ་བའི་ཐབས་རྩལ་མེད་དུ་མི་རུང་བ་ཞིག་རེད། ང་ཚོའི་སེམས་ནི་སྐབས་རེར་གོ་བ་ལོག་པ་དང་དངོས་པོའི་གནས་ལུགས་དང་འབྲེལ་བ་མེད་པའི་རྟོག་འཆར་གྱི་རིགས་སྣ་ཚོགས་པས་བསླད་ནས་ཡོད་པ་སོང་ཙང་། ང་ཚོས་རང་གཞན་ཚང་མར་དཀའ་ངལ་མང་པོ་ཞིག་སྐྲུན་གྱི་ཡོད། འདི་ནི་དམིགས་བསལ་ང་ཚོས་གང་རྟོགས་པ་དང་བསམ་པ་དེ་ནོར་བ་ཡིན་པ་མི་ཤེས་པའམ། ཡང་ན་ང་ཚོས་དུས་ལ་མ་བབས་སྔོན་ནས་སམ་ནོར་བའི་སྒོ་ནས་མཇུག་སྡོམ་ལ་མཆོངས་པའི་སྐབས་ཀྱི་གནས་སྟངས་ཤིག་ཡིན་པ་རེད། 

དཔེ་ཆ་བཞག་ན། ང་ཚོའི་གྲོགས་པོ་སྲང་ལམ་འོག་ནས་ང་ཚོ་ཐུག་རུ་བསླེབ་ཀྱི་ཡོད་པའི་དབང་དུ་བཏང་ནས་དེའི་སྐབས་ང་ཚོས་མིག་ཤེལ་གྱོན་མེད་ན། ང་ཚོས་སྲང་ལམ་འོག་ལ་མར་ལྟ་བའི་སྐབས། གཡོ་འགུལ་བྱེད་བཞིན་པའི་རབ་རིབ་ཅན་ཞིག་བསླེབ་ཀྱི་ཡོད་པ་ཙམ་མཐོང་གི་རེད། ང་ཚོའི་མིག་ཤེས་ཕྱིན་ཅི་ལོག་པ་རེད། དོན་ངོ་མར་རབ་རིབ་ཅན་ཞིག་ང་ཚོའི་ཕྱོགས་སུ་བསླེབ་ཀྱི་ཡོད་པ་ཞིག་མེད། 

གལ་ཏེ་ང་ཚོས་མིག་ཤེལ་གྱོན་ནས་ཡང་བསྐྱར་བལྟས་ནའང་། མི་དེ་ང་ཚོ་ལས་ཧ་ཅང་རྒྱང་ཐག་རིང་པོར་ཡོད་པས་སུ་ཡིན་ཤེས་མི་ཐུབ། མི་ཞིག་བསླེབ་ཀྱིན་ཡོད་པ་མཐོང་བའི་མིག་གི་ཤེས་པ་དེ་ཚད་མ་རེད། འོན་ཀྱང་མི་དེ་སོ་སོའི་གྲོགས་པོ་ཡིན་པར་མཐོང་བ་ནི་སྣང་ལ་མ་ངེས་པ་རེད། གལ་ཏེ་ང་ཚོས་མཐོང་བ་དེ་སྣང་ལ་མ་ངེས་པ་ཡིན་པ་ཤེས་ན། མི་དེ་སུ་ཡིན་ངེས་བརྟན་མ་ཆགས་སྔོན་ནས་མི་དེ་ཐག་ཉེ་རུ་བསླེབ་དགོས་ཀྱི་ཡོད་པ་ང་ཚོས་ཚད་མའི་སྒོ་ནས་ཤེས་ཐུབ། དེར་བརྟེན་ང་ཚོས་བཟོད་སྒོམ་དང་བཅས་སྒུག་པ་ལས། མཇུག་སྡོམ་ཞིག་གི་ནང་མཆོངས་རྒྱུག་བྱ་མི་ཉན། 

ང་ཚོས་མི་དེ་སོ་སོའི་གྲོགས་པོ་ཡིན་པའི་རེ་བ་བྱེད་སྲིད། དེར་བརྟེན་ང་ཚོས་དེ་ནི་ཁོ་མོ་རེད་འདུག་ཅེས་དེ་ལ་ང་ཚོའི་རྟོག་འཆར་དེ་བསྐྲུན་ནས་སྲང་ལམ་འོག་ནས་བསླེབ་བཞིན་པའི་བུད་མེད་དེ་ལ་སྣང་བརྙན་ཞིག་སྐྲུན་གྱི་ཡོད། འོན་ཀྱང་མི་དེའི་རྟོག་བཅས་ཀྱི་ཤེས་པ་ནི་མངོན་སུམ་ལྟར་སྣང་བ་ཙམ་ལས། དེ་ནི་ཚད་མ་མིན། ང་ཚོ་རྨོངས་པ་རེད། ང་ཚོའི་རྟོག་བཅས་ཀྱི་ཤེས་པ་ནི་འཁྲུལ་བ་རེད། གང་ཡིན་ཞེ་ན། མི་དེ་སོ་སོའི་གྲོགས་པོ་ཡིན་ངེས་བསམས་ནས་མགོ་སྐོར་གཏོང་གི་ཡོད། ཡིན་ནའང་ང་ཚོའི་རེ་བ་དེ་ནོར་བ་ཆགས་སྲིད། 

དཔེར་ན། མངོན་རྟོགས་ལ་གཞི་བྱས་ནས་རྒྱུ་མཚན་དངོས་མེད་པར་ང་ཚོས་སོ་སོའི་གྲོགས་པོ་བསླེབ་ཀྱིན་ཡོད་པའི་རེ་བ་ཙམ་བྱེད་ཀྱི་མེད། དེ་ལས་ལྡོག་སྟེ། ང་ཚོས་དེ་ནི་ཁོ་མོ་ཡིན་པར་རྗེས་སུ་དཔོག་གི་ཡོད། དེ་ངེས་བརྟན་ཆགས་པར་མི་དེ་ཐག་ཉེ་རུ་མ་བསླེབ་བར་དུ་སྒུག་མི་དགོས་བསམ་གྱི་ཡོད། ང་ཚོས་སོ་སོའི་གྲོགས་པོ་དེ་དུས་ཚོད་དེའི་སྐབས་ལ་ཐུག་ག་ཡོང་འཆར་བྱས་ཡོད་པ་དང་བུད་མེད་ཅིག་སོ་སོའི་ཕྱོགས་སུ་བསླེབ་ཀྱི་ཡོད་པའི་རྒྱུ་མཚན་ལ་གཞི་བྱས་ནས་མཇུག་སྡོམ་རྒྱག་གི་ཡོད། ང་ཚོའི་གྲོགས་པོ་ནི་བུད་མེད་ཅིག་ཡིན་པ་དང་ད་ལྟའིི་དུས་ནི་ཁོ་མོ་ཡོང་རྒྱུའི་དུས་ཚོད་དེ་རེད། བྱས་ཙང་། ང་ཚོས་དེ་ནི་སོ་སོའི་གྲོགས་པོ་ཡིན་དགོས་པའི་མཇུག་སྡོམ་རྒྱག་གི་ཡོད། 

གལ་ཏེ་ཁོ་མོ་སོ་སོའི་གྲོགས་པོ་ཡིན་པར་ངེས་བརྟན་བྱུང་ནས་ཁོ་མོ་རང་གི་གྲོགས་མོ་མིན་ན། དེ་ནས་ང་ཚོའི་རྗེས་དཔག་དེ་ནོར་བ་རེད། གལ་ཏེ་ང་ཚོ་དེ་ཙམ་ཡིད་ཆེས་པ་བྱུང་མེད་ནའང་། ཁོ་མོ་ནི་ངའི་གྲོགས་མོ་རེད་ཅེས་ཚོད་དཔག་བྱེད་པ་དང་ཁོ་མོ་རང་གི་གྲོགས་མོ་དངོས་གནས་ཡིན་ན། དེ་ནས་ང་ཚོས་ཚོད་དཔག་ཡག་པོ་ཞིག་བྱས་ཡོད། འོན་ཀྱང་ང་ཚོའི་ཡིད་དཔྱོད་དེ་རྒྱུ་མཚན་ཡང་དག་ལ་གཞི་བྱས་མེད། དེ་ནི་སོ་སོའི་གྲོགས་པོ་དེ་ད་ལྟ་ཐུག་རྒྱུ་ཡིན་ཤག་བྱས་པ་དང་བུད་མེད་ཅིག་སོ་སོའི་ཕྱོགས་སུ་བསླེབ་ཀྱི་ཡོད་པས། དེ་ནི་ངའི་གྲོགས་མོ་ཡིན་དགོས། གང་ཡིན་ཞེ་ན། ངའི་གྲོགས་མོ་ནི་བུད་མེད་ཅིག་ཡིན་པ་དང་ཁོ་མོ་ད་ཚོད་བསླེབ་རྒྱུ་ཡིན་ཞེས་རྒྱུ་མཚན་ཡང་དག་མིན་པ་ལ་གཞི་བྱས་པ་རེད། 

གང་ལྟར་ཡང་། སོ་སོའི་གྲོགས་མོ་དེ་བསླེབ་ཀྱིན་ཡོད་དམ་ཡང་ན་མི་གཞན་ཞིག་བསླེབ་ཀྱི་ཡོད་པའི་ཐད་ལ་ཏེ་ཚོམ་སྐྱེ་སྲིད་པ་རེད། ང་ཚོ་མཇུག་སྡོམ་གྱི་ཐག་གཅོད་གཉིས་ཀྱི་བར་ལ་ཕར་ཚུར་སོམ་ཉི་བྱེད་སྲིད་པ་དང་། དེས་ང་ཚོ་མི་བདེ་བ་བཟོ་གི་ཡོད། གནས་སྟངས་ཀྱི་ནང་ང་ཚོ་ཉེན་སྲུང་མེད་པ་ཚོར་གྱི་ཡོད། གང་ཡིན་ཞེ་ན། བུད་མེད་དེ་སུ་ལ་བསྒྱུར་རྒྱུ་ཡིན་པའི་སྟངས་འཛིན་ནང་ང་ཚོར་མེད། ང་ཚོས་དེ་ལྟར་ཚོར་གྱི་ཡོད། གང་ཡིན་ཞེ་ན། ཐེ་ཚོམ་ལ་གྲོགས་བྱེད་མཁན་གྱི་ཐག་ཆོད་མི་ཐུབ་པའི་སེམས་བྱུང་ནི་ཉོན་མོངས་པའི་སེམས་ཀྱི་གནས་བབས་ཤིག་རེད། དེས་ང་ཚོའི་སེམས་ཀྱི་ཞི་བདེ་བརླགས་པར་བྱེད་པ་དང་རང་ཚུགས་ཤོར་བར་བྱེད་ཀྱི་ཡོད། ང་ཚོས་སྟངས་འཛིན་བྲལ་བའི་སྒོ་ནས་སེམས་འཁྲལ་བྱེད་འགོ་བཙུག་སྲིད་པ་རེད། 

ང་ཚོའི་གྲོགས་པོ་དེ་སུ་ཡིན་ཚད་མར་མཐོང་བར་ང་ཚོ་ལས་ཧ་ཅང་ཐག་རིང་པོར་ཡོད་པའི་སྐབས། ང་ཚོས་གང་མཐོང་བཞིན་ཡོད་དམ། ང་ཚོས་སྐད་ཅིག་གཅིག་ཁོ་ནའི་དབྱིབས་དང་ཁ་དོག་མཐོང་བ་དང་། དེ་ནས་སྐད་ཅིག་གཞན་ཞིག་གི་དབྱིབས་དང་ཁ་དོག་སྣ་ཚོགས་པ་མཐོང་གིན་ཡོད་དམ། མེད། ང་ཚོས་མཐོང་ཐུབ་པ་དང་། ཐོས་ཐུབ་པ། སྣོམ་ཐུབ་པ། དྲོ་བ་མྱོང་ཐུབ་པ། རེག་ཐུབ་བ་བཅས་འཇིག་རྟེན་གྲགས་པས་ང་ཚོར་བརྗོད་པའི་ཡུལ་ཆ་ཚང་བ་ཞིག་མཐོང་བཞིན་ཡོད་པ་དང་། དེ་ཡང་སྐར་ཆ་གཅིག་ཙམ་མིན་པར་དུས་ཡུན་གང་འཚམ་ཞིག་གི་བར་དུ་གནས་ཀྱི་ཡོད། འདི་ནི་གང་ཡང་མེད་པའི་ཡུལ་ཞིག་རེད་དམ། མ་རེད། ཡུལ་གྱི་ངོས་ནས་དེ་ནི་ལུས་པོ་ཞིག་ཡིན་པ་དང་། མིའི་ལུས་པོ་ཞིག་རེད། བུད་མེད་ཀྱི་ལུས་པོ་ཞིག་རེད། ང་ཚོས་ལུས་པོ་ཙམ་ཞིག་སྲང་ལམ་འོག་ནས་འགྲོ་བཞིན་པ་མཐོང་གི་ཡོད་དམ། མེད། ང་ཚོས་ལུས་པོར་མིང་དུ་བཏགས་པའི་གང་ཟག་ཅིག་མཐོང་བཞིན་ཡོད། གང་ཟག་དེ་ལུས་པོ་ཙམ་རེད་དམ། མ་རེད། གང་ཟག་ནི་འཇིག་རྟེན་གྲགས་པས་ང་ཚོར་བརྗོད་པའི་སེམས་ཡོད་པ་དང་། སེམས་ཚོར་ཡོད་པ། ཚོར་བ་སོགས་ཡོད་པའི་ཡུལ་ཆ་ཚང་བ་ཞིག་ཡིན་པ་དང་། ད་དུང་དུས་ཡུན་གང་འཚམ་ཞིག་གི་བར་དུ་གནས་ཀྱི་ཡོད། 

ང་ཚོའི་ཕྱོགས་སུ་བསླེབ་བཞིན་པ་མཐོང་བའི་མི་དེ་སོ་སོའི་གྲོགས་མོ་གཡུ་སྒྲོན་ཡིན་པའི་དབང་དུ་བཏང་ན། ང་ཚོས་ཁོ་མོ་མཐོང་བའི་སྐབས། མི་གཅིག་ཁོ་ན་མཐོང་བཞིན་ཡོད་དམ་ཡང་ན་ང་ཚོས་གཡུ་སྒྲོན་མཐོང་གི་ཡོད་དམ། ང་ཚོས་མཐོང་བའི་གང་ཟག་དེ་སུ་གང་མིན་པ་དེ་འདྲ་མ་རེད། དེ་ནི་དངོས་གནས་གཡུ་སྒྲོན་ཡིན་པ་རེད། གལ་ཏེ་ང་ཚོས་དེ་སུ་རེད་ཅེས་དྲིས་ན། ཁོ་མོས་མོས་མཐུན་བྱེད་ངེས་ཡིན་པ་དང་ཁོ་མོ་ངོ་ཤེས་མཁན་གྱི་མི་གཞན་རྣམས་ཀྱིས་ཀྱང་མོས་མཐུན་བྱེད་ངེས་རེད། འོན་ཀྱང་ད་ལྟ་ང་ཚོས་ཁོ་མོ་སུ་ཡིན་ཁྱད་པར་འབྱེད་པར་ཧ་ཅང་རྒྱང་ཐག་རིང་པོ་ཡོད་པའི་སྐབས། ང་ཚོས་མཐོང་བཞིན་པ་དེ་ནི་གཡུ་སྒྲོན་ཡིན་པ་ང་ཚོས་ཤེས་ཀྱི་མེད། དེ་ལྟ་ནའང་ང་ཚོས་གཡུ་སྒྲོན་མཐོང་བཞིན་ཡོད། ང་ཚོས་མི་གཞན་ཞིག་མཐོང་གི་མེད་ལ་ང་ཚོས་སུ་གང་ཡང་མི་མཐོང་བ་དེ་འདྲའང་མིན། 

ང་ཚོའི་གྲོགས་མོ་གཡུ་སྒྲོན་ཡིན་པར་ཚད་མའི་སྒོ་ནས་མཐོང་བའི་ཕྱིར་ཉེ་འགྲམ་དུ་བསླེབ་པའི་སྐབས། ང་ཚོས་དེ་གཡུ་སྒྲོན་ཡིན་པ་ཇི་ལྟར་ཤེས་སམ། ང་ཚོ་རྟོག་པ་དང་བཅས་ཏེ་ཤེས་ཡོད། དེའི་དོན་ནི་མི་སྒེར་པ་བྱེ་བྲག་དེ་ལ་ཡོད་པའི་སེམས་ཀྱི་སྤྱི་དེ་བརྒྱུད་ནས་ཤེས་པ་རེད། ང་ཚོས་ཁོ་མོའི་གཟུགས་པོ་ག་དུས་མཐོང་བ་དང་། ཁོ་མོའི་སྐད་ག་དུས་ཐོས་པ། ཡང་ན་ཁོ་མོའི་ལུས་ཀྱི་ཆ་ཤས་ཤིག་ལ་ག་དུས་རེག་ནའང་། ཁོ་མོས་གང་བྱེད་བཞིན་པ་དང་། གང་ཤོད་བཞིན་པ། ང་ཚོས་ལུས་ཀྱི་ཚོར་བ་གང་མྱོང་བཞིན་པ་ལ་ཁྱད་པར་མེད་པར། ང་ཚོས་དེ་དག་ཐམས་ཅད་རྟོགས་བཞིན་པའི་གང་ཟག་སྒེར་པ་གཅིག་པ་དེའི་སྤྱིའི་ནང་རན་འཚམས་བཟོ་གི་ཡོད། སྡེ་ཚན་དེ་ནི་རྟག་པ་དང་། འགྱུར་བ་མེད། གང་ཡང་མི་བྱེད་པ་ཞིག་ཡིན་པ་དང་ཁོ་མོས་གང་བྱེད་བཞིན་པ་ང་ཚོས་མཐོང་བའམ་ཐོས་པ་ལ་བརྟེན་ནས་ཤུགས་རྐྱེན་ཐེབས་ཀྱི་མེད། གཞན་ཡང་སྡེ་ཚན་དེ་ནི་གཡུ་སྒྲོན་ཟེར་བའི་མིང་དེ་ལ་བཏགས་ཡོད་པ་དང་། ང་ཚོས་ག་དུས་མཐོང་བ་དང་ཐོས་པ། དེ་བཞིན་ཁོ་མོར་རེག་པའི་སྐབས། ང་ཚོས་མིང་འདི་ལ་བརྟེན་ནས་ཁོ་མོར་མིང་འདོགས་ཆོག 

མི་དེ་ང་ཚོའི་སེམས་ཀྱི་སྐྱི་གཡུ་སྒྲོན་ཟེར་བའི་ནང་རན་འཚམ་བཟོ་བ་དེ་ང་ཚོས་ཇི་ལྟར་ཤེས་པ་རེད་དམ། ང་ཚོས་མཐོང་བའི་མི་དེའི་ཐུན་མིན་གྱི་ཁྱད་ཆོས་འགའ་ཞིག་ཁྱད་པར་ཕྱེས་པ་དང་གཡུ་སྒྲོན་ཞེས་པའི་སྤྱིའི་བཀྲ་བའི་ཁྱད་ཆོས་འགའ་ཞིག་ལ་ཁྱད་པར་ཕྱེས་ཡོད། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་གཡུ་སྒྲོན་ཁོ་ན་ལ་ཡོད་པ་ལས་གཞན་སུ་ལའང་མེད་པའི་ཁྱད་ཆོས་དག་རེད། བཀྲ་བའི་ཁྱད་ཆོས་ནི་སྡེ་ཚན་ནང་རན་འཚམ་ཡོད་པའི་དངོས་པོ་ཚང་མས་མཉམ་སྤྱོད་བྱེད་པའི་ཐུན་མོང་བ་དེ་རེད། དེ་ནི་དུས་རྟག་ཏུ་ང་ཚོས་གཡུ་སྒྲོན་ལ་བརྟེན་ནས་སམ་གཡུ་སྒྲོན་ལ་བསམས་ནས་མཐོང་བ་དང་བཤད་པའི་བཀྲ་བའི་ཁྱད་ཆོས་ཤིག་རེད། ང་ཚོས་རྒྱུ་མཚན་རིམ་པ་ལ་གཞི་བྱས་འདི་གཡུ་སྒྲོན་རེད་ཅེས་རྗེས་སུ་དཔགས་ཡོད། གལ་ཏེ་མི་ཞིག་ལ་འདི་དང་འདི་ལྟ་བུའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ན། དེ་ནི་འདི་དང་འདི་ལྟ་བུའི་བཀྲ་བའི་ཁྱད་ཆོས་དང་ལྡན་པའི་སྤྱིའི་ནང་རན་འཚམ་ཆགས་ཀྱི་ཡོད། 

གལ་ཏེ་ང་ཚོས་ནོར་ནས་ཁོ་མོ་ནི་ཆོས་འཛོམས་རེད་ཅེས་བསམས་ན། ང་ཚོས་གཡུ་སྒྲོན་ཐག་རིང་ནས་མཐོང་བའི་སྐབས། ང་ཚོས་ཁོ་མོ་ནི་ཆོས་འཛོམས་ཟེར་བའི་མིང་ཐོགས་པའི་གང་ཟག་སྒེར་པའི་སྤྱིའི་བརྒྱུད་ནས་མཐོང་ཡོད། ཚུལ་མིན་ཡིད་བྱེད་ལ་བརྟེན་ནས་ང་ཚོས་གཡུ་སྒྲོན་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་ཆོས་འཛོམས་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་རེད་ཅེས་བསམས་ཡོད། དེ་ལ་གཞི་བྱས་ཏེ། ང་ཚོས་ཚུལ་བཞིན་མ་ཡིན་པའི་སྒོ་ནས་འདི་ནི་ཆོས་འཛོམས་རེད་ཅེས་རྗེས་སུ་དཔོག་པ་རེད། གང་ཡིན་ཞེ་ན། ཁོ་མོར་ཆོས་འཛོམས་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཡོད་ཅེས་པའི་ང་ཚོའི་བསྒྲུབ་བྱའི་ཆོས་དེ་ཡང་དག་མིན། ནོར་འཁྲུལ་འདི་ལ་གཞི་བྱས་ཏེ། ང་ཚོས་གཡུ་སྒྲོན་ནི་ཆོས་འཛོམས་ཞེས་པའི་སྤྱིའི་ནང་དུ་རན་འཚམ་བཟོ་གི་ཡོད། ཡང་ན་ང་ཚོས་གཡུ་སྒྲོན་ལ་ཆོས་འཛོམས་རྟོག་འཆར་བསྐྲུན་པ་རེད། གཡུ་སྒྲོན་དེ་ཆོས་འཛོམས་ཡིན་པའི་ང་ཚོའི་རྟོག་བཅས་ཀྱི་ཤེས་པ་དེ་བསླུ་བ་རེད། ཁོ་མོ་ཆོས་འཛོམས་འདྲ་པོ་ཡོད་ནའང་། དེ་ནི་ནོར་བ་རེད། 

གཡུ་སྒྲོན་ང་ཚོའི་ཉེ་འགྲམ་དུ་བསླེབ་པ་དང་ང་ཚོས་ཡང་དག་པའི་སྒོ་ནས་རྟོག་པ་དང་བཅས་ཁོ་མོ་གཡུ་སྒྲོན་ཡིན་པ་ཤེས་པའི་སྐབས། ང་ཚོས་ཁོ་མོ་ནི་ཆོས་འཛོམས་མིན་པ་དེའང་ཤེས་ཀྱི་ཡོད། ང་ཚོས་ཁོ་མོ་ཆོས་འཛོམས་ཡིན་པ་དེ་དགག་གི་ཡོད། ང་ཚོས་དེ་ཇི་ལྟར་རྟོགས་སམ། ཐོག་མར་གལ་ཏེ་ང་ཚོས་ཆོས་འཛོམས་སྔོན་མ་ནས་ངོ་ཤེས་ན། གཞི་ནས་ང་ཚོས་འདི་ཆོས་འཛོམས་མིན་པ་ཤེས་ཐུབ། གལ་ཏེ་ང་ཚོས་ཆོས་འཛོམས་ཤེས་ཀྱི་མེད་ན། འདི་ཆོས་འཛོམས་རེད་ཅེས་དགག་པ་རྒྱག་མི་ཐུབ་པ་དང་ཆོས་འཛོམས་མིན་པ་དེ་གཡུ་སྒྲོན་ཡིན་པར་རྟོགས་མི་ཐུབ། ང་ཚོས་མཐོང་བཞིན་པ་དེ་གཡུ་སྒྲོན་ཡིན་པར་ངེས་པའི་སྐབས། ང་ཚོས་ཁོ་མོ་ནི་གཡུ་སྒྲོན་ལས་གཞན་པའི་གཞན་ཞིག་ཡིན་པ་དེ་བརྩི་མེད་བཏང་ཡོད་པ་དང་། གཡུ་སྒྲོན་ལས་གཞན་པའི་སུ་འདྲ་ཞིག་ཡིན་ནའང་ཞེས་པའི་ནང་ཆོས་འཛོམས་འཚུད་ངེས་རེད། འོན་ཀྱང་ང་ཚོས་འདི་ནི་གཡུ་སྒྲོན་རེད་ཅེས་ངེས་ཤེས་ཡོངས་སུ་བརྙེད་པ་དང་། ང་ཚོས་དེ་ཆོས་འཛོམས་རེད་ཅེས་པའམ་ཆོས་འཛོམས་ཡིན་སྲིད་ཅེས་བསམ་པའི་སྐབས། ང་ཚོས་དམིགས་སུ་བཀར་ནས་ཆོས་འཛོམས་ཡིན་པ་དེ་བརྩི་མེད་གཏོང་གི་ཡོད། འདི་ནི་ང་ཚོས་གཡུ་སྒྲོན་ཞེས་རྟོག་པ་དང་བཅས་དངོས་སུ་རྟོགས་པ་དང་ཆབས་ཅིག་ཁོ་མོ་ནི་ཆོས་འཛོམས་མིན་ཞེས་ང་ཚོས་ཤུགས་ལ་རྟོགས་པ་མ་ཟད་། གཡུ་སྒྲོན་ལས་གཞན་སུ་གང་མིན་པ་དེའང་ཤུགས་ལ་རྟོགས་ཀྱི་ཡོད། དངོས་སུ་རྟོགས་པའི་དོན་ནི་གཡུ་སྒྲོན་ང་ཚོའི་ཤེས་པའི་ནང་སྣང་བ་དེ་རེད། ཤུགས་ལ་རྟོགས་པའི་དོན་ནི་ང་ཚོས་དེ་ནི་ཆོས་འཛོམས་མིན་པ་ཤེས་པའམ། ཡང་ན་གཡུ་སྒྲོན་ལས་གཞན་སུ་ཡང་མིན་པ་ཤེས་ནའང་། ཆོས་འཛོམས་མེད་པའམ་ཡང་ན་གཡུ་སྒྲོན་ལས་གཞན་སུ་ཡང་མེད་པ་དེ་དོན་ངོ་མར་སྣང་གི་མེད་པའི་སྟོང་པ་ཞིག་གིས་མཚོན་གྱི་ཡོད། 

གཞན་ཡང་ང་ཚོས་ཐོག་མར་འདི་ནི་གཡུ་སྒྲོན་རེད་ཅེས་ངོ་ཤེས་པའི་སྐབས། ང་ཚོའི་རྗེས་དཔག་རྟོག་བཅས་ཀྱི་ཤེས་པའི་སྐད་ཅིག་དང་པོ་དེ་གསར་པ་རེད། ང་ཚོས་ “ཨོ། གཡུ་སྒྲོན་བསླེབ་བཞིན་འདུག་” ཅེས་བསམ་གྱི་ཡོད། སྐད་ཅིག་དེའི་རྗེས་སུ་ང་ཚོས་རྗེས་དཔག་ཧུར་བརྩོན་གྱིས་བཟོ་གི་མ་རེད། ང་ཚོར་འདི་ནི་གཡུ་སྒྲོན་རེད་ཅེས་པའི་བཅད་ཤེས་ཡོད་པ་དང་དེའི་དྲན་ཤེས་དེ་གསར་པ་མ་རེད། ང་ཚོས་དེ་ནི་གཡུ་སྒྲོན་ཡིན་པ་ཤེས་ཀྱི་ཡོད། ཡིན་ནའང་ང་ཚོས་ཤེས་པ་དེ་ང་ཚོས་ཐོག་མར་དེ་སུ་ཡིན་པ་རྟོགས་པའི་སྐབས་ནང་བཞིན་དྲན་ཤེས་ལྡན་པ་མིན། 

དཔེ་མཚོན་དེ་དག་གིས་རྟོགས་ཚུལ་གྱི་བློ་རིག་བདུན་པོ་གང་དག་ཡིན་པ་དང་། དེ་དག་འཇུག་པའི་ཚུལ། དེ་བཞིན་དེ་དག་ང་ཚོའི་ཉིན་རེའི་མི་ཚེའི་ནང་ངོས་འཛིན་བྱ་རྒྱུ་ཕན་ཐོགས་ཅན་ཡིན་ཚུལ་བཅས་ཁ་གསལ་འགྲེལ་བརྗོད་བྱེད་ཀྱི་ཡོད།།

Top