འཚེ་བ་མེད་པ་ནི་རྩོད་རྙོག་སེལ་བ་དང་ཞི་བདེ་འཐོབ་པའི་ཐབས་ངོ་མ་དེ་ཡིན། དེ་ནི་ཚན་རིག་གི་རྙེད་དོན་དུ་སྙིང་རྗེ་ནི་འགྲོ་བ་མིའི་གཞི་རྩའི་རང་གཤིས་ཡིན་ཞེས་པ་དང་མཐུན་གྱི་ཡོད། གལ་ཏེ་ང་ཚོས་དུས་རབས་སྔོན་མའི་ལོ་རྒྱུས་ལ་བལྟས་ན། འཚེ་བའི་ལས་ལ་བརྟེན་ནས་ཞེ་སྡང་ལ་སོགས་པའི་སེམས་ཚོར་ངན་པའི་རིགས་ཁོ་ན་བྱུང་ཡོད་པ་ང་ཚོས་མཐོང་ཐུབ། གལ་སྲིད་འཚེ་བའི་ཁ་གཏད་དུ་འཚེ་བ་བེད་སྤྱོད་བྱས་ན། དེ་ལ་འབྲས་བུ་བཟང་པོ་ཞིག་མེད། ཡུ་རོབ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་འཚེ་བ་ནི་ཡང་དག་པའི་ཐབས་ལམ་ཞིག་མིན་པར་རྟོགས་ཡོད། ཁོང་ཚོས་རྒྱ་ཆེ་ས་ནས་བསམ་བློ་བཏང་ནས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ། ཁོང་ཚོས་ཡོ་རོབ་མཉམ་སྦྲེལ་མཐུན་ཚོགས་འགོ་བཙུགས་པ་རེད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས། ཧྥ་རན་སི་དང་འཇར་མི་ཎི་གཉིས་དགྲ་རུ་འགྱུར་ཚུལ་དེ་ངས་ནམ་རྒྱུན་མི་རྣམས་ལ་ཤོད་སྡོད་ཀྱི་ཡོད། ངའི་གྲོགས་པོ་ཡིན་ལ་དགེ་རྒན་ཡིན་པ་ཀོན་ཊམ་དངོས་ཁམས་རིག་པ་སྨྲ་བ་ Carl Friedrich von Weizsacker ཀརླ་ ཧྥི་རིཌ་རིཆ་ ཝོན་ ཝེཛཻཀར་ལགས་དགུང་ལོ་དགུ་བཅུ་ཡིན་སྐབས། ཁོང་གིས་ང་ལ། ཁོང་གཞོན་དུས་སུ་འཇར་མིན་གྱི་མི་ཚང་མས་ཧྥ་རན་སི་མི་ཚང་མ་དགྲ་རུ་འཛིན་གྱི་རེད། དེ་ག་ནང་བཞིན་ཧྥ་རན་སིའི་མི་རྣམས་ཀྱིས་འཇར་མིན་ཚང་མ་དགྲར་འཛིན་གྱི་རེད་ཅེས་གསུངས་མྱོང་ཡོད། འོན་ཀྱང་དེང་སང་བསམ་ཕྱོགས་དེ་དག་རྦད་དེ་འགྱུར་བ་ཕྱིན་ཡོད།
མི་རྣམས་ལ་ཉམས་མྱོང་གཏིང་ཇེ་ཟབ་འཐོབ་པ་དང་བཅས་ཁོང་ཚོས་འཚེ་བ་ནི་དུས་ཚོད་ཡོལ་ཟིན་པ་ཞིག་ཡིན་པ་རྟོགས་ཀྱི་ཡོད། འཚེ་བ་ནི་“ང་ཚོ་”དང་“ཁྱོད་ཚོ་”ཟེར་བའི་བསམ་བློ་ལ་བརྟེན་པ་ཞིག་ཡིན། དེ་ལ་གཞི་རྟེན་བྱས་ཏེ་ཕན་ཚུན་འཐབ་འཛིང་བྱེད་ཀྱི་ཡོད། ཡིན་ནའང་ཡུལ་མི་ཁྱིམ་མཚེས་ཚང་མ་མི་སྡེ་གཅིག་ཏུ་བསམ་བློ་བཏང་ནས་ཁོང་ཚོས་ཡུ་རོབ་མཉམ་སྦྲེལ་མཐུན་ཚོགས་འགོ་བཙུགས་པ་རེད། ཡུ་རོབ་མཐུན་ཚོགས་ཚུགས་ནས་བཟུང་ཡུ་རོབ་ནང་འཁྲུག་རྩོད་ལ་བརྟེན་ནས་དམག་རྒྱག་རྒྱུའི་ཉེན་ཁ་མེད་ཅེས་ངས་ནམ་རྒྱུན་ཤོད་ཀྱི་ཡོད། གལ་ཏེ་ཡུ་རོབ་མཐུན་ཚོགས་མེད་ན། ད་བར་དུ་དཀའ་ངལ་ཚབས་ཆེན་དེ་འདྲ་བྱུང་ཡོད་སྲིད་པ་རེད། འོན་ཀྱང་མི་རྣམས་འཚེ་བ་མེད་པའི་སྒོ་ནས་རང་སོ་སོའི་གཞི་རྩའི་རང་གཤིས་དང་མཐུན་པར་གནས་ཡོད།
མི་རྣམས་ཀྱི་བསམ་བློ་དེ་དུས་རབས་ཉི་ཤུ་པའི་འགོ་སྟོད་ནས་མཇུག་ཙམ་གྱི་བར་དུ་འགྱུར་བ་ཧ་ཅང་གལ་ཆེན་པོ་མངོན་གསལ་དོད་པོ་ཕྱིན་ཡོད། དཔེ་ཆ་བཞག་ན། པཽ་ལེནྜའི་ Poland ནང་གི་ཆིག་སྒྲིལ་གྱི་ལས་འགུལ་ཆེན་མོ་ལྟ་བུ་རེད། དེར་ཨུ་རུ་སུའི་དམག་མི་འབུམ་གཉིས་ཡོད། འོན་ཀྱང་མི་རྣམས་དྲག་རྒོལ་གྱི་ཁ་གཏད་དུ་འཚེ་བ་མེད་པའི་ཐབས་ཀྱིས་འཐབ་རྒྱུའི་ཆོད་སེམས་ཡོད་པ་རེད། གནས་དོན་དེ་དག་ལ་བལྟས་ན། གླིང་ཆེན་དེ་དག་གི་ནང་ཡོད་པའི་མི་རྣམས་འཚེ་བ་ལ་བརྟེན་ནས་སྡུག་བསྔལ་ཤུགས་ཆེན་མྱངས་རྗེས། འཚེ་བ་མེད་པ་ནི་ཐབས་ལམ་ཡག་ཤོས་དེ་ཡིན་པར་རྟོགས་ཡོད་པ་གསལ་པོ་སྟོན་གྱི་ཡོད།
ཨུ་རུ་སུས་ཀྱང་ཡུ་རོབ་མཐུན་ཚོགས་སུ་མཉམ་ཞུགས་བྱེད་པའི་རེ་སྨོན་ཡོད། ངོས་ཀྱི་བསམ་བློའི་ནང་། ཡུ་རོབ་མཐུན་ཚོགས་ཀྱི་བློ་སྟོབས་དང་གཅིག་པ་ཞིག་ལེ་ཊིན་ཨ་རི་ Latin America དང་ Africa ཨ་ཧྥི་རི་ཀའི་ནང་འགོ་འཛུགས་བྱེད་དགོས། ཨ་ཧྥི་རི་ཀའི་ནང་རྒྱལ་ཁབ་འདྲ་མིན་ཡོད་པས། ཐོག་མར་བྱང་ཨ་ཧྥི་རི་ཀ་ནས་འགོ་བཙུགས། དེ་ནས་རྒྱ་སྐྱེད་བཏང་ནས་དབུས་དང་། ཤར། ནུབ། ལྷོ་ཨ་ཧྥི་རི་ཀ་བཅས་འཚུད་པར་བྱས་ན་འགྲིགས། དེ་ནས་རིམ་པས་འཛམ་གླིང་ཁྱོན་ཡོངས་འཚུད་དགོས་ཤིང་། མཐར་ཐུག་ང་ཚོའི་དམིགས་ཡུལ་ནི་འཛམ་གླིང་ཁྱོན་ཡོངས་གོང་བུ་གཅིག་ཏུ་གྱུར་ནས་མཐུན་ཚོགས་གཅིག་ཆགས་རྒྱུ་དེ་རེད། དེ་འདྲ་ཡོང་སྲིད་པ་རེད་བསམ་གྱི་འདུག །དེ་ནི་ངོས་ཀྱི་རྨི་ལམ་ཡིན།
རྒྱ་གར་ལྟ་བུ་དཔེ་མཚོན་ཡག་པོ་ཞིག་རེད། རྒྱ་གར་ནི་བྱང་དང་། དབུས། ཤར། ནུབ། ལྷོ་བཅས་ཆིག་སྒྲིལ་ཡིན། མངའ་སྡེ་ཚང་མ་རྒྱལ་ཁབ་མི་འདྲ་བ་ལྟ་བུ་རེད། དེ་དག་སོ་སོར་སྐད་དང་ཡི་གེ་རེར་ཡོད། ཁོང་ཚོ་མཐུན་ཚོགས་གཅིག་སྒྲུབ་ཡོད། ངའི་རྨི་ལམ་ནི་རྨི་ལམ་སྟོང་པ་ཙམ་ཞིག་ཡིན་སྲིད་ཀྱང་། རྒྱ་གར་དང་། རྒྱ་ནག །ཉི་ཧོང་བཅས་ཉིན་གཅིག་མཐུན་ཚོགས་གཅིག་ཏུ་བསྒྲུབ་རྒྱུ་དེ་ཡིན། མཐུན་ཚོགས་དང་ཆིག་སྒྲིལ་གྱི་བསམ་བློ་ནི་འཚེ་བ་མེད་པའི་བསམ་བློའི་ཐོག་གཞིར་བྱས་ཡོད།
དུས་རབས་འདི་ནི་གྲོས་མོལ་གྱི་དུས་རབས་ཤིག་ཡིན་དགོས། མི་རྣམས་ལ་དོ་དབྱིངས་མི་འདྲ་བ་ཡོད་དུས་དེར་གྲོས་མོལ་དགོས་པ་ལས་མཚོན་ཆ་མི་དགོས། དེ་ལྟར་ཡོང་ཐུབ་པ་ཞིག་རེད། ཐོག་མར་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་སྐོར་ཤོད་དགོས། འདི་ཧ་ཅང་གལ་ཆེན་པོ་རེད། ཐེངས་ཤིག་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ཚོགས་འདུའི་སྐབས་རེད། ཚོགས་འདུ་དེ་ལྷོ་ཨ་ཧྥི་རི་ཀའི་ནང་འཚོགས་འཆར་རེད། ཡིན་ནའང་དེར་ཡོད་གཞུང་ལ་དཀའ་ངལ་ཞིག་བྱུང་ནས་ཚོགས་འདུ་དེ་རཽམ་ Rome ལ་སྤོ་ཤུད་བྱས་པ་རེད། དེའི་སྐབས་ང་ཚོས་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་ཇི་ལྟར་བྱེད་དགོས་པའི་སྐོར་གྲོས་མོལ་བྱུང་། སྐབས་དེ་དུས་ང་ཚོས་དུས་ཚོད་རེའུ་མིག་ཅིག་བཟོས་ནས་རྡུལ་ཕྲན་གྱི་ནུས་པ་བདག་བཟུང་བྱེད་དགོས་ཞེས་ངས་བསམ་ཚུལ་ཞུས་ཡིན། ཡིན་ནའང་གང་ཡང་བྱུང་མ་སོང་། རྡུལ་ཕྲན་མཚོན་ཆ་བཀག་སྡོམ་ཟེར་བ་དེ་ཧ་ཅང་ཡག་པོ་ལྟར་སྣང་ཡང་། དུས་ཚོད་ཀྱི་རེའུ་མིག་གཏན་འཁེལ་ཞིག་མེད་པར་དེ་ནུས་པ་དང་ལྡན་པ་དེ་ཙམ་ཡོང་གི་མེད་སྲིད། གལ་ཏེ་དེ་འཛམ་གླིང་ཁྱོན་ཡོངས་ཀྱི་ལས་འགུལ་ཞིག་ཆགས་ན། དེ་བསྒྲུབ་ཐུབ་པ་ཡོང་སྲིད། དེའི་རྗེས་སུ་ང་ཚོས་ཁྲིམས་འགལ་གྱི་མཚོན་ཆ་རྣམས་མེད་པ་བཟོ་དགོས་ཤིང་། དེ་ནས་སྲུང་སྐྱོབ་ཀྱི་མཚོན་ཆ་རྣམས་མེད་པ་བཟོ་དགོས། ཞི་བདེ་དང་ལྡན་པའི་འཛམ་གླིང་ཞིག་སྐྲུན་པར། ང་ཚོས་རིམ་པ་བཞིན་དུ་དམག་ཤུགས་ཕྱིར་བསྡུ་བྱེད་དགོས།
ཕྱི་རོལ་གྱི་ཞི་བདེ་འཐོབ་པར་ཐོག་མར་ང་ཚོས་ནང་གི་ཞི་བདེར་དོ་སྣང་སྤྲོད་དགོས། ང་ཚོར་ཁོང་ཁྲོ་དང་། ཕྲག་དོག །འདོད་རྔམ་སོགས་ཤུགས་ཆེན་ཡོད། བྱས་ཙང་། ང་ཚོར་ཕྱི་ནང་གཉིས་ཀའི་གོ་མཚོན་བཀག་སྡོམ་དགོས་ཀྱི་ཡོད། ནང་གི་གོ་མཚོན་བཀག་སྡོམ་ནི་ཤེས་ཡོན་ལ་བརྟེན་ནས་འབྱུང་གི་ཡོད། ང་ཚོའི་སེམས་ཇི་ཙམ་སྙིང་རྗེ་དང་ལྡན་པ་ལ་བརྟེན་ནས་ཐ་ན་ལུས་ཀྱི་འཕྲོད་བསྟེན་ཡིན་ནའང་ཡག་ག་ཡོང་གི་ཡོད།
དེ་དང་འབྲེལ་ནས་འཛུམ་མདངས་སྟོན་རྒྱུ་དེ་གལ་ཆེན་པོ་ཡིན། མི་རྣམས་འཛུམ་མདངས་ཤིག་སྟོན་པར་དགའ་མོས་བྱེད་ཀྱི་ཡོད་པ་ལས་ངོ་གནག་པོ་དང་ཁྲོ་གཉེར་སྟོན་ན་སུས་ཀྱང་དགའ་པོ་མི་བྱེད། ཁྱེད་ཀྱིས་ཁྱི་ཞིག་ལ་འཛུམ་མདངས་སྟོན་པའི་སྐབས། ཁྱི་དེས་རྔ་མ་གཡུག་གཡུག་བྱེད་ཀྱི་རེད། གལ་ཏེ་ཁྱེད་ཀྱིས་ཁྱི་ལ་ཟས་སྟེར་ནས་ངོ་གནག་པོ་ཞིག་བསྟན་ན། ཁྱི་དེས་ཟས་ཁྱེར་ནས་ལོག་འགྲོ་གི་རེད།
སྤྱི་ཚོགས་སེམས་ཅན་རྣམས་ཀྱི་འཚོ་ཐབས་ནི་སྤྱི་ཚོགས་སེམས་ཅན་ལྷག་མ་གཞན་རྣམས་ལ་རག་ལུས་ཡོད་ཙང་། ཁོང་ཚོར་སྤྱི་ཚོགས་ཀྱི་སེམས་འཁུར་ཡོད་པ་རེད། ང་ཚོ་འགྲོ་བ་མི་རྣམས་སྤྱི་ཚོགས་སེམས་ཅན་ཡིན་པ་དང་འཛམ་གླིང་ཁྱོན་ཡོངས་ང་ཚོའི་མི་སྡེ་ཡིན། བསམ་བློ་གཏོང་སྟངས་འདི་ལ་བརྟེན་ནས་ང་ཚོས་གཞན་ལ་གུས་ཞབས་སྐྱེད་ཀྱི་ཡོད། དེ་ནས་ང་ཚོའི་དབར་ལྟ་བ་མི་འདྲ་བ་དང་། བསམ་པ་དང་མོས་པ་མི་འདྲ་བ་ཡོད་ནའང་། ད་དུང་ང་ཚོས་མུ་མཐུད་མདུན་དུ་ཇི་ལྟར་སྐྱོད་དགོས་པའི་གཉིས་མོས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་ཀྱི་རེད།
ཐོག་མར་ང་ཚོས་གཞན་གཅེན་གཅུང་མིང་སྲིང་རྣམས་ཀྱི་ཐོབ་ཐང་ལ་གུས་བརྩི་བྱེད་དགོས། ང་ཚོ་དགའ་ནའང་འདྲ་མི་དགའ་ནའང་འདྲ་སྟེ། ཚང་མ་འཇིག་རྟེན་འདིའི་ནང་མཉམ་དུ་གནས་དགོས་པ་ལས་མེད། ཡུ་རོབ་མཐུན་ཚོགས་ཀྱི་ནང་། ཤར་ཕྱོགས་དང་ནུབ་ཕྱོགས་ཕན་ཚུན་གཅིག་ལ་གཅིག་ལྟོས་པ་དང་བྱང་ཕྱོགས་དང་ལྷོ་ཕྱོགས་གཉིས་ཀྱང་ཕན་ཚུན་ལྟོས་ནས་ཡོད། ཚང་མའི་མ་འོངས་པའང་ཕན་ཚུན་གཅིག་ལ་གཅིག་བརྟེན་པ་ལ་རག་ལུས་ཡོད། གོ་ལ་སྤྱིའི་དཔལ་འབྱོར་གྱི་ཆེད་རྒྱལ་ཁབ་ཀྱི་དབྱེ་མཚམས་ནི་གལ་འགངས་ཆེན་པོ་དེ་ཙམ་མིན།
གོ་ལའི་སྤྱི་དྲོད་འཕེལ་བ་ནི་ཛ་དྲག་གི་དཀའ་ངལ་ཞིག་ཆགས་ཡོད། གལ་ཏེ་མུ་མཐུད་དཀའ་ངལ་དེ་གནས་ན། དུས་རབས་རྗེས་མའི་ནང་འཛམ་གླིང་ནང་དངོས་གནས་ཛ་དྲག་གི་དཀའ་ངལ་ཚབས་ཆེན་ཡོང་གི་རེད། ངོས་རང་ལ་མཚོན་ན་གྲྭ་པ་ཞིག་ཡིན། བྱས་ཙང་། ངོས་ལ་ཕྲུ་གུ་མེད། འོན་ཀྱང་ཁྱེད་རང་ཚོ་ཕ་མ་དང་པོ་པོ་རྨོ་མོ་ཡིན་མཁན་ཚོར་རང་གི་ཕྲུ་གུ་དང་ཚ་བོ་ཚ་མོ་རྣམས་ཀྱི་ཆེད་དུ་འགན་འཁྲི་ཡོད། དེ་འདྲ་སོང་ཙང་། གོ་ལའི་སྤྱི་དྲོད་འཕེལ་བའི་ཐད་དོ་གལ་བརྩི་རོགས་གནང་།
དེར་མ་ཟད། འགྲོ་བ་མིའི་མི་འབོར་མང་དུ་འགྲོ་བཞིན་ཡོད། ངོས་རང་རྒྱ་གར་ལ་ཐོག་མར་སླེབས་དུས་མི་ཐེར་འབུམ་དྲུག་ཡོད། ད་ལྟ་ཐེར་འབུམ་བདུན་ཆགས་ཡོད། ཚན་རིག་པ་ཚོས་དུས་རབས་འདིའི་མཇུག་ཙམ་ལ་འཛམ་གླིང་འདིའི་མི་འབོར་ཐེར་འབུམ་བཅུ་ཆགས་ཀྱི་རེད་ཟེར། དེར་བརྟེན་ཁོར་ཡུག་དང་སྤྱི་ཚོགས་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ལ་བསམ་བློ་གཏོང་དགོས།
འཚེ་བ་མེད་པའི་ཐབས་ནི་དཀའ་ངལ་ལ་གདོང་ལེན་བྱེད་པའི་ཐབས་ཁོ་ན་དེ་ཡིན། ངོས་རང་ནས་རྒྱ་གར་ནང་གནའ་བོའི་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་གྲུབ་དང་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་བསྐྱར་གསོ་བྱེད་ཐབས་བྱེད་བཞིན་ཡོད། རྒྱ་གར་ནི་འཚེ་བ་མེད་པའི་ཁྱིམ་ཞིག་རེད། ལོ་ངོ་སུམ་སྟོང་རིང་ནས་བཟུང་སྟེ་ཆོས་ལུགས་ཀྱི་མཐུན་སྒྲིལ་དེ་ཡོད་པ་རེད། ངས་རྒྱ་གར་གྱི་ཁ་ཆེ་བ་ཚོར་ཨ་ཧྥ་གྷ་ནིསྟཱན་ Afghanistan དང་ Syria སི་རི་ཡ་སོགས་ཀྱི་ནང་ཡོད་པའི་ཁོ་ཚོའི་སུནྣི་ Sunni དང་ཤི་ཡའི་ Shia གྲོགས་པོ་ཚོར་ངེས་པར་དུ་རོགས་པ་བྱེད་དགོས་ཞེས་བསམ་ཚུལ་བཤད་ཡིན། རྒྱ་གར་ནང་སུནྣི་དང་ཤི་ཡའི་དབར་དཀའ་ངལ་གང་ཡང་བྱུང་མེད། དེ་ག་ནང་བཞིན་རྒྱ་གར་ནང་ཧིནྡུ་དང་། ཁ་ཆེ། ཡེ་ཤུ། པར་སི་སོགས་ཆོས་ལུགས་ཚང་མ་ཕན་ཚུན་འཆམ་མཐུན་མཉམ་གནས་བྱེད་ཀྱི་ཡོད། དེ་དང་འདྲ་བར་ངོས་ནས་ཀྱང་ཆོས་ལུགས་མཐུན་སྒྲིལ་ཁྱབ་སྤེལ་གཏོང་རྒྱུ་དང་དུ་བླངས་པ་ཡིན།
ཕྱིའི་དངོས་པོའི་ཐོག་ལ་ནན་བརྗོད་མང་དྲགས་ཡག་བྱེད་ཀྱི་ཡོད། རྒྱ་གར་ནང་དེང་དུས་ཤེས་ཡོན་དང་མཉམ་དུ་གནའ་བོའི་འཚེ་བ་མེད་པའི་སྲོལ་རྒྱུན་དང་བཟང་སྤྱོད་ཀྱི་འགན་འཁྲི། དེ་བཞིན་སེམས་ཚོར་གྱི་ཤེས་ཡོན་བཅས་མཉམ་སྡེབ་བྱེད་བདེ་པོ་ཡོད། ངོས་རང་ནས་རྒྱ་གར་གྱི་གནའ་བོའི་སེམས་ཚོར་དང་འབྲེལ་བའི་སྲོལ་རྒྱུན་བསྐྱར་གསོའི་ཆེད་རོགས་རམ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། རྒྱ་ནག་ལའང་གནའ་བོའི་སྲོལ་རྒྱུན་ཡོད་པ་རེད། རྒྱ་ནག་ནང་དེང་སང་ནང་པ་ས་ཡ་བཞི་བརྒྱ་ཙམ་ཡོད། གལ་ཏེ་རྒྱ་དཀར་ནག་གཉིས་མཉམ་སྡེབ་བྱས་ན། དེ་ནས་མི་འབོར་ཧ་ཅང་ཆེན་པོ་ཆགས་ཀྱི་རེད།
དེ་ལྟར་རིམ་པ་བཞིན་དུ་ཆེད་ལས་འདྲ་མིན་སྤྱད་དེ་ང་ཚོས་ཞི་བདེ་དང་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཐུབ། དེ་ནི་སྲིད་པ་ཞིག་རེད། དེ་ནས་དུས་རབས་ཉེར་གཅིག་པའི་སྨད་ཀྱི་ཕྱེད་ཙམ་ལ་ཞི་བདེ་ཆེ་བ་ཡོང་ཐུབ། ངོས་རང་ད་ལྟ་ལོ་བརྒྱད་བཅུ་གྱ་བཞི་རེད། བྱས་ཙང་། ལོ་བཅུའམ་ཉི་ཤུའི་རྗེས་སུ་ངས་ཁྱེད་རང་ཚོར་ག་ལེར་བཞུགས་ཨ་ལབ་ཡག་གི་དུས་ཚོད་ཆགས་ཀྱི་རེད། ཡིན་ནའང་དམིགས་འདུན་དང་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཡོད་པའི་ཐོག་ང་ཚོས་ད་ལྟ་ནས་འགོ་བཙུག་དགོས། དེ་ག་རང་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།