ཕྲག་དོག་ལ་ཞིབ་ཕྲར་དཔྱད་པ། ང་དམིགས་བསལ་དང་ཁྱོད་དམིགས་བསལ་ཟེར་བ་མེད།

མཐར་གཏུགས་ན། ཕྲག་དོག་དེ་གཞན་ནས་འབྱུང་གི་མེད་པར། དེ་ནི་སོ་སོ་རང་ཉིད་ཀྱི་སྐོར་ལ་བསམ་བློ་གཏོང་རྒྱུ་མང་དྲགས་པ་ལས་འབྱུང་གི་ཡོད། ང་ཚོ་མི་ཚེའི་ནང་གི་རྣམ་པ་བྱེ་བྲག་ཅིག་ལ་ཧ་ཅང་ཆགས་པའི་ཚེ། མི་གཞན་སུ་འདྲ་ཞིག་དེའི་ཐད་ལ་ཐ་ན་ཅུང་ཟད་ཙམ་ཡག་ག་དང་ལམ་ལྷོང་བྱུང་ནའང་། དེ་ནི་ང་ཚོའི་ཕྲག་དོག་གི་ཡུལ་ཆགས་ཀྱི་ཡོད། འདི་དག་ཐམས་ཅད་ཀྱི་རྨང་གཞིར་གྱུར་བ་ནི་“ང་”ཟེར་བ་འདི་རེད། འདིར་ང་ཚོས་སོ་སོ་རང་ཉིད་ལ་དམིགས་བསལ་གང་ཡང་ཇི་ལྟར་མེད་པའི་ཚུལ་ལམ། ཡང་ན་གཞན་སུ་ལའང་དམིགས་བསལ་གང་ཡང་ཇི་ལྟར་མེད་པའི་ཚུལ། དེ་བཞིན་ང་ཚོས་འདི་བཀོལ་སྤྱོད་ཀྱིས་ཉོན་མོངས་ལས་ཐར་བར་བྱེད་ཐུབ་པའི་སྐོར་ལ་བལྟ་རྒྱུ་ཡིན།

ཕྲག་དོག་གི་རྣམ་པ་ཁག་ལ་བསྐྱར་ཞིབ།

ང་ཚོའི་ཕྲག་དོག་སྐོར་གྱི་གྲོས་བསྡུར་དེས་ད་ལྟ་སོ་སོ་རང་ཉིད་དམ་ང་ཞེས་བྱ་བའི་སྐོར་ལ་གྲོས་བསྡུར་བྱེད་དུ་འཇུག་གི་ཡོད། ང་ཚོ་ཇི་ལྟར་གྲུབ་ཡོད་པ་དང་གཞན་ཐམས་ཅད་ཇི་ལྟར་གྲུབ་ཡོད་པ་རྟོགས་པ་ནི། ཕྲག་དོག་གི་ཉེ་འཁོར་དུ་ཡོད་པའི་དཀའ་ངལ་གཙོ་བོ་དེ་རེད། 

ཇི་ལྟར་ང་ཚོས་མཐོང་བ་ལྟར། ནང་ཆོས་ནས་ཕྲག་དོག་ཟེར་བ་དེ་ཞེ་སྡང་གི་རིགས་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་། དེ་ནི་གཞན་གྱི་ལེགས་གྲུབ་དང་ལམ་ལྷོང་ལ་དམིགས་པའི་སེམས་ཚོར་གྱི་བསམ་ཕྱོགས་ཤིག་ཡིན། དེ་ཡང་ཕ་རོལ་པོ་དེ་དག་གི་རྣམ་དཔྱོད་དང་། ནོར་རྫས། ལྟ་ན་སྡུག་པ། ཡང་ན་རྒྱུ་ནོར་དང་འགྲུབ་འབྲས། གོ་གནས་བཅས་ལ་བརྟེན་ནས་ཕྲག་དོག་བཟའ་སྲིད་པ་རེད། དེས་ཕ་རོལ་པོའི་འབྲེལ་ལམ་ལ་དམིགས་སྲིད་པ་ཡིན། དཔེར་ན། ཁོང་ཚོར་ཟླ་རོགས་དང་ཕྲུ་གུ་ཡོད་པ་དང་ང་ཚོར་མེད་ན་ཕྲག་དོག་བྱེད་པ་ལྟ་བུ་རེད། ཕ་རོལ་པོ་དེ་དག་ལ་འདི་དང་དེ་འདུག་ཅེས་ང་ཚོ་བཟོད་ཐུབ་ཀྱི་མེད་པ་དང་། ཕ་རོལ་པོ་དེ་དག་གི་འགྲུབ་འབྲས་དང་ལམ་ལྷོང་ལ་བཟོད་པའི་ནུས་པ་དེ་ང་ཚོར་མེད།

འཁོན་འཛིན་འདི་ནི་སོ་སོ་རང་ཉིད་ཀྱི་གནས་སྟངས་དང་འགྲུབ་འབྲས་ལ་ཆགས་ཞེན་ཡོད་པར་གཞི་བྱས་ཡོད། དཔེ་ཆ་བཞག་ན། ང་ཚོས་སོ་སོའི་དངུལ་ཁང་གི་རྩིས་འགོའི་ནང་ཡོད་པའི་དངུལ་འབོར་ལ་བལྟས་ནས་གཞན་དག་ལ་ང་ཚོ་ལས་མང་བ་ཡོད་པ་ཤེས་པ་ལྟ་བུ་རེད། ང་ཚོས་དངུལ་ཁང་ནང་དངུལ་འབོར་མང་པོ་ཡོད་པའི་ཁྱད་ཆོས་བཟང་པོ་དང་གལ་གནད་ལ་སྒྲོ་བཏགས་ནས་དེ་མི་ཚེའི་ནང་གི་གལ་འགངས་ཆེ་ཤོས་ཀྱི་རྣམ་པ་ཞིག་ཏུ་བཟོ་གི་ཡོད། དེ་ནས་ང་ཚོས་རང་མཐོང་གི་ཚོར་བ་དེ་ལ་གཞི་རྩ་བྱེད་ཀྱི་ཡོད། ང་ཚོས་དེ་རྣམ་དཔྱོད་དང་ལྟ་ན་སྡུག་པ་སོགས་ལ་བརྟེན་ནས་བྱེད་ཆོག །གནས་སྟངས་དེ་གའི་ནང་མི་གཞན་ཞིག་སོ་སོ་ལས་ཡག་ག་དང་འཇོན་པ་བྱེད་བཞིན་པའི་སྐབས། ང་ཚོས་བཟོད་སྒོམ་ཐུབ་ཀྱི་མེད། དེ་ནི་ཕྲག་དོག་རེད། དེའི་ལྡོག་ཕྱོགས་ནི་གཞན་དག་ལ་གང་འགྲུབ་འབྲས་སྨིན་ཡོད་པ་དང་ལམ་ལྷོང་བྱུང་བ་ལ་ང་ཚོས་དགའ་བ་སྒོམ་རྒྱུ་དེ་རེད། 

Top