དྲི་བ་ཁག
བདེ་སྐྱིད་ལ་རང་བཞིན་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་ཡོད་དམ།
སེམས་ཅན་རྣམས་ལ་བདེ་སྐྱིད་ཀྱི་ཆེད་དུ་རང་བཞིན་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་ཡོད་དམ།
ཕ་མ་རྣམས་ལ་རང་གི་ཕྲུ་གུ་ཚོར་གཅེས་སྐྱོང་བྱེད་པ་དང་གང་ཐུབ་ཅི་ཐུབ་ཀྱིས་བརྩེ་བ་སྤྲོད་པའི་འགན་འཁྲི་ཞིག་ཡོད་དམ། གལ་ཏེ་ང་ཚོ་ཕ་མ་ཆགས་རྒྱུའི་ཐག་གཅོད་བྱས་ན། ངས་འགན་འཁྲི་ཡོད་ཅེས་ཟེར་ངེས་རེད། ཡིན་ནའང་ང་ཚོས་ཕྲུ་གུའི་ཕྱོགས་ལ་རང་བཞིན་ལྷན་སྐྱེས་ཀྱི་ཐོབ་ཐང་ངེས་ཅན་ཞིག་ཡོད་ཅེས་ཇི་ལྟར་སྒྲུབ་པའམ་ཁུངས་སྐྱེལ་བྱེད་ཐུབ་བམ། ༧གོང་ས་མཆོག་ནས་ནམ་རྒྱུན་དཔེ་མཚོན་ཞིག་གསུང་གནང་གི་ཡོད་པ་ནི། མཚོའི་རུས་སྦལ་གྱིས་མཚོ་ངོགས་སུ་སྒོ་ང་བཞག་ནས་འགྲོ་གི་ཡོད། དེ་དུས་རུས་སྦལ་གྱི་ཕྲུ་གུ་ཚོས་རང་གིས་རང་ལ་གཅེས་སྲུང་དང་སྒོ་ང་སྨིན་པར་བྱེད་དགོས་ཀྱི་ཡོད་པ་ལྟ་བུ་རེད།
བྱས་ཙང་། དེ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་ཅེས་བརྗོད་རྒྱུ་དཀའ་ལས་ཁག་པོ་རེད། ཡིན་ནའང་ཕ་མ་ཡིན་པའི་ཆ་ནས་སོ་སོའི་ཕྲུ་གུས་གང་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར། དེ་དག་ལ་བྱམས་སྐྱོང་དང་བརྩེ་བ་སྤྲོད་རྒྱུ་ནི་ལས་འགན་ཞིག་རེད། ཁོང་ཚོས་ཐོབ་པར་བྱེད་མི་དགོས་པའམ་ཡང་ན་འོས་འབབ་ཡོད་པ་ཞིག་མིན། ༧གོང་ས་མཆོག་ནས་ནམ་རྒྱུན་འགྲོ་བ་མིའི་ཁྲོད་ཀྱི་ཕྲུ་གུ་ཚོའི་ཆེད་དུ་རང་བཞིན་གྱིས་བྱམས་བརྩེ་ཞིག་ཡོད་པ་དང་བསྟུན་ནས་གསུང་གི་ཡོད། རྒྱུ་མཚན་དེ་ལྟར་ན། ཁོང་གིས། མཚོའི་རུས་སྦལ་གྱི་སྒོ་ང་དེ་དག་སྨིན་ཟིན་པ་དང་རང་གི་ཨ་མ་དང་མཉམ་དུ་བཞག་ནས། ཨ་མས་ཕྲུ་གུ་དེ་དག་ལ་རང་བཞིན་གྱིས་བྱམས་བརྩེ་ཞིག་ཡོད་དང་མེད་ཀྱི་བརྟགས་ན། དེ་ནི་དོ་སྣང་བྱ་འོས་པའི་ཚོད་ལྟ་ཞིག་ཆགས་ངེས་རེད། ཡང་མིན་ན་གནས་སྟངས་འདིའི་ནང་མཚོའི་རུས་སྦལ་དེ་དམིགས་བསལ་རེད་ཅེས་གསུངས།
༧གོང་ས་མཆོག་ནས་ད་དུང་མི་ཚང་མར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་པ་དང་། མི་ཚང་མར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཐོབ་ཐང་ཡོད་པའི་དཔེ་མཚོན་དེ་ཡང་བཞག་གནང་ཡོད། གལ་ཏེ་ང་ཚོས་དེ་ཐག་ཉེ་པོའི་སྒོ་ནས་བརྟག་དཔྱད་བྱས་ན། རེད། ཀུན་རྫོབ་ཀྱི་སྒོ་ནས་དེ་བདེན་པ་རེད། འོན་ཀྱང་ང་ཚོ་དེ་ལས་གཏིང་ཟབ་ཏུ་ཕྱིན་ན། དེ་ལ་མཇུག་སྡོམ་མི་འདྲ་བ་ཞིག་ཡོད། ང་ཚོར་བདེ་བ་འཐོབ་པ་དང་སྡུག་བསྔལ་སྤོང་བའི་འབད་བརྩོན་གྱི་ནང་། མི་གཞན་གྱི་བདེ་སྐྱིད་ལ་གནོད་པའི་ལས་བྱ་རྒྱུ་ང་ཚོར་ཐོབ་ཐང་མེད། ཡང་ན་དེས་ཁོང་ཚོར་མི་སྐྱིད་པ་བཟོས་ན། ཐོབ་ཐང་དེ་མེད། སོ་སོ་རང་ཉིད་ཀྱི་ཕྱོགས་སུ་ཡོད་པའི་མི་རྣམས་ལ་བདེ་བ་དང་ལྡན་པའི་ཐོབ་ཐང་དེ་ཙམ་མེད་པ་རེད། འོན་ཀྱང་སོ་སོ་རང་ཉིད་བདེ་སྐྱིད་འཐོབ་པའི་ཕྱིར། མི་གཞན་དག་སྡུག་བསྔལ་མྱོང་དུ་འཇུག་པའམ་བདེ་སྐྱིད་ལ་འགོག་རྐྱེན་བྱེད་པའི་ཐོབ་ཐང་དེ་ང་ཚོར་མེད། དེ་ནི་ནང་པའི་ལྟ་ཚུལ་ལྟར་བྱས་ན། དེ་ནི་གཏིང་ཟབ་པའི་སྒོ་ནས་དེ་ལ་ལྟ་ཚུལ་གྱི་ཆ་ནས་རན་འཚམ་ཆེ་བ་ཡོད། དེ་ཡང་རང་སོ་སོའི་བདེ་སྐྱིད་ལ་རྗེས་སྙེག་བྱེད་པ་དེ་ཚུད་པ་དང་། དེ་ནས་མི་གཞན་ཚང་མའང་བདེ་སྐྱིད་འདོད་ཀྱི་ཡོད་པའི་གནད་དོན་དེ་རེད།
གལ་ཏེ་མི་ཞིག་གིས། ངས་རང་ཉིད་ཀྱི་དོན་དུ་ཐོབ་ཐང་ལེན་བཞིན་པ་འདིས་གཞན་མི་སྐྱིད་པ་བཟོ་གི་འདུག་ཅེས་བརྗོད་ན། དེ་ལ་གང་བྱེད་དགོས་སམ། ང་རང་ཚོ་སོ་སོ་རང་ཉིད་ཀྱི་མི་ཚེའི་སྐྱེལ་སྟངས་ལ་བལྟས་ནས་ང་ཚོ་དཀའ་ངལ་ནང་ལྷུང་སྲིད་པ་ངེས་པ་རེད། གང་ཡིན་ཞེ་ན། མི་ཚང་མ་སྐྱིད་པོ་བཟོ་ཐུབ་པ་ཞིག་ནི་མི་སྲིད་པ་རེད།
ཐོག་མར་ང་ཚོར་རང་བཞིན་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་མེད་ཅེས་བརྗོད་ཀྱི་ཡོད། འདིར་ “རང་བཞིན་ལྷན་སྐྱེས་” ཟེར་བ་ནི་ཚིག་གཙོ་བོ་དེ་རེད། ང་ཚོས་གང་བྱེད་ཀྱི་ཡོད་མེད་ལ་མ་བལྟོས་པར། རང་བཞིན་ལྷན་སྐྱེས་ཀྱི་བདེ་སྐྱིད་དང་ལྡན་པའི་ཐོབ་ཐང་མེད། འོན་ཀྱང་དེ་ནི་ང་རང་བདེ་སྐྱིད་དང་ལྡན་པའི་ཐོབ་ཐང་མེད་ཅེས་པའི་དོན་མིན། ང་ཚོའི་བདེ་སྐྱིད་ལ་ངོས་ལེན་མི་བྱེད་པ་དེ་འདྲ་མ་རེད། བྱས་ཙང་། འདི་ལ་གོ་ནོར་ཐེབ་རྒྱུ་མེད། ཆོས་ཐམས་ཅད་རྒྱུ་དང་འབྲས་བུར་རག་ལུས་ཡོད་པས། གལ་ཏེ་ང་ཚོས་གང་ཡང་མ་སྦྱིན་པར། གང་མང་མང་བླང་བའམ་ངོས་ལེན་ཁོ་ན་བྱས་ན། དེ་ནི་རྒྱུ་མཚན་དང་ལྡན་པ་ཞིག་མིན། འདིར་ངས་སོ་སོའི་ཟླ་རོགས་ཀྱི་སྐོར་ཤོད་ཀྱིན་ཡོད། འདི་ང་ཚོས་ཕན་ཚུན་གྱི་འབྲེལ་ལམ་དེ་ལམ་ལྷོང་དང་དོན་ལྡན་ཡོང་བར། ཕན་ཚུན་གཉིས་ཀས་སྦྱིན་པ་དང་བླང་བའམ་གཏོང་ལེན་མཉམ་པ་བྱེད་དགོས།
དཔེར་ན། མི་གཅིག་གིས་ཕྲུ་གུ་གསོ་སྐྱོང་བྱེད་པའི་སྒོ་ནས་འབྲེལ་ལམ་ལ་མཐུན་རྐྱེན་སྦྱོར་གྱི་ཡོད། བྱས་ཙང་། ཀུན་རྫོབ་ཀྱི་གོ་དོན་ལྟར་བྱས་ན། ཁོང་ཚོས་དུས་ཚོད་ཏོག་ཙམ་རིང་བར་སེང་ལེན་རྒྱུའི་ཐོབ་ཐང་ཐོབ་ཡོད། ཟླ་རོགས་གཉིས་ཀས་དྲང་པོ་ཡོང་ཕྱིར་གཅིག་སྦྱིན་དགོས་ཀྱི་ཡོད། འདི་ནི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་ཁྲིམས་ཤིག་མིན། ཡིན་ནའང་ཆོས་རྣམས་ཕན་ཚུན་ལྟོས་ནས་བྱ་བ་ཇི་ལྟར་བྱེད་པ་དེ་རེད། མི་གཞན་དེས་འདི་ལ་ཁས་ལེན་མ་བྱས་ན། དེ་ནས་ཨ་ཅང་ཅང་། སྒྲིག་བཀོད་ཡོངས་སུ་རྫོགས་པ་སླར་ཡང་བསམ་ཞིབ་བྱེད་དགོས་ཀྱི་ཡོད། དེ་ནི་གཅིག་ལུས་སྲོག་བློས་བཏང་གི་དཔའ་བོ་ཆགས་པའམ། ཡང་ན་གནོད་ཡུལ་ཅན་དུ་གྱུར་ནས་བློས་གཏོང་བྱེད་ཀྱི་ཡོད་པ་དེ་འདྲ་མ་རེད། གང་ཡིན་ཞེ་ན། ང་ཚོས་བདེ་སྐྱིད་དང་ལྡན་པའི་ཐོབ་ཐང་མེད་པ་དང་རྟག་ཏུ་བྲན་གཡོག་ཡིན་པ་ནང་བཞིན་བྱ་སྤྱོད་སྤེལ་གྱིན་ཡོད། དེ་ཡང་དཀའ་ངལ་སེལ་ཐབས་ཡང་དག་པ་དེ་མ་རེད།
ནང་ཆོས་ཀྱིས་རྟག་ཏུ་མཐའ་གཉིས་སྤོང་ཐབས་བྱེད་ཀྱི་ཡོད། སྐབས་རེར་ཁྱེད་ཀྱིས་མཐའ་གཅིག་སྟོན་པའི་སྐབས། མཐའ་གཞན་དེ་དྲན་པ་བརྗེད་རྒྱུ་ལས་སླ་པོ་ཡོད། དེ་ནི་མི་ཞིག་གི་སེན་ཊ་ནང་བཞིན་གོས་གྱོན་ཡོད་པ་འདི་སེན་ཊ་རེད་ཅེས་ངོས་ལེན་མི་བྱེད་པ་ཡིན་ནའང་། དེར་མི་ཞིག་ཡོད་པར་སླར་ཡང་ངེས་བརྟན་བཟོ་རྒྱུ་དྲན་པ་བརྗེད་ཀྱི་ཡོད་པ་ལྟ་བུ་རེད།
མང་གཙོ་དང་མ་རྩའི་རིང་ལུགས་ཀྱི་སྐོར་ལ་གནད་དོན་ཁག་གསལ་བཤད།
ཁྱེད་ཀྱི་མང་གཙོའི་སྐོར་ལ་ཡོད་པའི་བསམ་ཚུལ་ལ་ང་རང་མོས་མཐུན་མེད། དེ་གང་ཡིན་ཞེ་ན། ཁྱེད་ཀྱིས་མང་གཙོ་དེ་ལ་རིན་ཐང་དང་གལ་ཆེན་མེད་པ་འདྲ་པོ་བཟོ་གི་འདུག །ང་རང་གི་ཤེས་ཚོད་ལ་གཞིགས་ན། མི་རྣམས་ལ་སྟོབས་ཤུགས་ཀྱི་ནང་ཆ་ཤས་ལེན་དུ་འཇུག་པའི་ཐབས་ལམ་འདི་ལས་ཡག་ག་ཞིག་མེད། ཁྱེད་ཀྱིས་དེ་ཕྲག་དོག་དང་འགྲན་རྩོད་མཉམ་དུ་ཆ་སྙོམ་བཟོ་བ་ཙམ་དུ་སྣང་།
རེད། དགོངས་དག །ངས་མཐའ་གཅིག་བསྟན་པ་ཡིན། མཐའ་གཞན་དེ་བསྟན་མེད། ངས་རྒྱལ་པོའི་མངའ་ཐང་ངམ། བཙན་དབང་རིང་ལུགས། ཡང་མིན་ན་ཁྲིམས་མེད་ལུགས་མེད་ལ་རྒྱབ་སྐྱོར་གང་ཡང་བྱེད་ཀྱིན་མེད། འོན་ཀྱང་འོས་བསྡུའི་ལས་འགུལ་དེ་འོས་མི་གཞན་དེ་ལ་མཐོང་ཆུང་བྱེད་པ་དང་དཀྲོག་གཏམ་གྱི་རིགས་འཚོལ་ཞིབ་བྱེད་པ་སོགས་ལ་གཞི་བྱེད་པ་སོགས་མི་གཞན་དེ་ག་ཚོད་ཀྱིས་སྡུག་ཅག་ཡོད་པ་སྟོན་པའི་སྐབས། དེ་ནི་དཀའ་ལས་ཁག་པོ་ཡོད་ཅེས་བརྗོད་ཀྱིན་ཡོད། དམའ་འབེབས་ཀྱི་ལས་འགུལ་ལ་གཞི་བྱས་པའི་འོས་བསྡུ་དང་དཀའ་ངལ་ཁག་དང་གོ་གནས་ཀྱི་ཆེད་དུ་ཁྱད་ཆོས་བཟང་པོ་དང་ཤེས་ཚད་རྣམས་བརྗོད་པའི་གྲོས་མོལ་བཅས་ཀྱི་དབར་ལ་ཁྱད་པར་གང་ལ་གང་འཚམ་ཞིག་ཡོད། དེ་ནི་གཞན་སུ་ལའང་མཐོང་ཆུང་མི་བྱེད་པའི་ཐོག་ནས་རང་གི་ཁྱད་ཆོས་བཟང་པོ་རྣམས་ཧ་ལམ་འགྲེལ་བརྗོད་བྱེད་ཐུབ་ངེས་རེད། དེ་ནས་མི་མང་གིས་འདམ་ག་བྱེད་ཆོག །གལ་དེ་བོད་པའི་སྤྱི་ཚོགས་ལྟ་བུ་ཞིག་གི་ནང་ཡིན་ན། སོ་སོ་རང་ཉིད་ཀྱི་ཁྱད་ཆོས་བཟང་པོ་རྣམས་བརྗོད་རྒྱུ་དེ་མ་རབས་ལྟ་བུ་ཆགས་ངེས་ཡིན་པ་དང་། མི་གཞན་ཞིག་གིས་ཁྱེད་ཀྱིས་མགྲིན་ཚབ་ཏུ་འགྲེལ་བརྗོད་བྱེད་ཆོག་པ་ལྟ་བུ་རེད།
ཨ་ཅང་ཅང་། འདི་ནི་ལམ་ལུགས་ཡོངས་སུ་རྫོགས་པའི་སྐོར་གྱི་འཆར་སྣང་དེ་རེད། ཡིན་ནའང་དོན་ངོ་མར་གལ་ཏེ་ང་ཚོས་ཕུལ་བྱུང་གི་ལམ་ལུགས་ཤིག་ལ་བསམ་བློ་བཏང་ན། དེ་ནི་ལས་ཁུངས་སུ་འོས་ཐོན་བྱུང་བའི་ཆེད་ལས་འགུལ་སྤེལ་མཁན་གྱི་མི་དེ་སོ་སོའི་ཁྱད་ཆོས་བཟང་པོའི་ཐད་ལ་མཐའ་གཅིག་ཏུ་དྲང་པོ་དྲང་རྐྱང་ཡིན་པ་དང་སོ་སོའི་ཞན་ཆ་རྣམས་སྦས་ཐབས་བྱས་མེད་པ་དེ་ཡིན་ངེས་མ་རེད་དམ། དྲང་པོ་དྲང་གཞག་གི་ལྟ་ཚུལ་ལྟར་བྱས་ན། འདི་ནི་གང་འདྲ་ཞིག་ཡིན་དགོས་ངེས་དེ་རེད། མི་སུ་གཅིག་ཀྱང་སྐྱོན་བྲལ་ཡང་དག་ཅིག་མིན་པས། སྐྱོན་བྲལ་ཞིག་ཡིན་ཁུལ་བྱེད་པ་ནི་རྒྱུ་མཚན་མེད་པ་རེད། ང་ཚོས་དེ་རེད་ཅེས་ངོས་ལེན་བྱེད་ཐུབ། ང་ཚོ་ལོ་ན་ཉི་ཤུ་དང་ཉི་ཤུ་རྩ་ལྔའི་སྐབས། ང་ཚོས་སོ་མ་ར་ཙའི་སྨན་རྫས་སྤྱད་ཡོད། དེ་ལ་གང་ཡོད་དམ། ང་ཚོས་དེ་སྦས་ཐབས་བྱེད་ཀྱིན་མེད། དེའི་ཚེ་དེའི་དུས་སུ་བྱུང་བ་རེད། ད་ལྟ་འབྱུང་བཞིན་མེད།
གང་ལྟར་ཡང་། ཆབ་སྲིད་པ་ཚོས་ཐ་ན་ཁོང་ཚོས་མི་གཞན་དག་ལ་མཐོང་ཆུང་མ་བྱས་ནའང་། ཁོང་ཚོས་ལས་ཁུངས་སུ་འོས་ཐོན་ཆེད་ལས་འགུལ་སྤེལ་གྱིན་ཡོད། དེ་ནི་ནམ་རྒྱུན་རིན་ཐང་མེད་པ་དང་བློས་ཐུབ་མིན་པའི་རྙིང་སོང་གི་སྣུམ་འཁོར་ཚོང་པས་སྣུམ་འཁོར་ཆག་གྲུམ་ཞིག་འཚོང་ཐབས་བྱེད་པ་དང་། དེ་ནི་འཛམ་གླིང་ནང་གི་དངོས་པོ་ཡག་ཤོས་དེ་ཡིན་པ་ལྟར་འགྲེལ་བརྗོད་བྱེད་པ་འདྲ་པོ་རེད། གལ་ཏེ་མང་གཙོ་དེ་ལ་གཞི་བྱས་ཡོད་པ་དང་། ང་ཚོས་སྣུམ་འཁོར་རྙིང་སོང་ཚོང་སྒྱུར་བྱེད་མཁན་ཡག་ག་དེ་སུ་ཡིན་འདམ་ག་བྱེད་དགོས་ན། དེ་ནི་ཡ་ང་པོ་ཞིག་རེད། ལོ་གཅིག་ཧྲིལ་པོ་དང་ཐ་ན་ལས་འགུལ་གཉིས་སྤེལ་བ་དེ་དགོས་ངེས་མིན་པ་དང་དེ་ནི་རྩེད་མོ་ཞིག་དང་འདྲ་པོ་ཆགས་ཀྱི་ཡོད། དེ་ལྟར་ན་ང་ཚོར་གྲི་རྩེད་མཁས་པ་ཞིག་ཡོད་ནའང་འགྲིག་པ་ལྟ་བུ་རེད། ངས་མང་གཙོ་རང་ལ་ནོར་བ་འདུག་ཅེས་བརྗོད་ཀྱིན་མེད། ང་ཚོས་དེ་བཟང་སྤྱོད་དང་མཐུན་པ་ཞིག་དང་ཉོན་མོངས་ལ་གཞི་མི་བྱེད་པ་ཞིག་ཇི་ལྟར་བཟོ་ཐུབ་པའི་སྐོར་ཤོད་ཀྱིན་ཡོད།
སྒེར་གྱི་འབྲེལ་ལམ་ནང་དགེ་མཚན་ལྡན་པའི་སྐྱོན་བརྗོད།
གནས་སྟངས་ཡག་ཏུ་གཏོང་བར་གཞིགས་ནས། ཕ་རོལ་གང་ཟག་དེ་ལ་མཐོང་ཆུང་མེད་པ་དང་མི་དེ་སྡུག་ཅག་མི་བཟོ་བའི་སྒོ་ནས་སྐྱོན་བརྗོད་ཇི་ལྟར་བྱེད་དམ།
ཐོག་མར་ང་ཚོས་མི་དེ་ལ་ངེས་བརྟན་བཟོ་དགོས། ལྷག་པར་དུ་མི་དེ་སྐྱོན་བརྗོད་ལ་ཚད་བརྒལ་གྱི་ཚོར་བ་སྐྱེན་པོ་ཡོད་ན། ང་ཚོས་དགེ་མཚན་ལྡན་པའི་སྐྱོན་བརྗོད་ཅུང་ཟད་བྱེད་འདོད་ཡོད་པ་དང་དེ་འགྲིག་གམ་མི་འགྲིག་ཅེས་འདྲི་དགོས། ཁྱེད་ཀྱིས་ད་དུང་མི་དེ་ལ་ཇི་ཙམ་དགའ་བའམ་བརྩེ་བ་ཡོད་པ་དང་མི་དེ་ཞེད་སྣང་ཚ་པོ་མེད་ཅེས་བརྗོད་དགོས་ཐུག་སྲིད། དེ་ནས་ཁྱེད་ཀྱིས་སྐྱོན་ཡོན་གྱི་དཔྱད་གཏམ་འབུལ་ཆོག
མི་ཚེ་ཡག་ཏུ་ཇི་ལྟར་གཏོང་དགོས་པའམ་ཡང་ན་ལས་ཀ་ཞིག་ཡག་ག་ཇི་ལྟར་གྲུབ་དགོས་པའི་ཐད་གཤེ་གཤེ་གཏོང་བ་དང་བསམ་ཚུལ་བརྗོད་པ་གཉིས་ཀྱི་དབར་ལ་ཁྱད་ཧ་ཅང་ཆེན་པོ་ཞིག་ཡོད། དེ་ཡང་ང་ཚོས་བེད་སྤྱོད་བྱེད་པའི་སྐད་གདངས་དང་རང་གི་ཀུན་སློང་གིས་ཀྱང་ཤུགས་རྐྱེན་ཐེབས་ཀྱི་ཡོད། “ཁྱེད་ཀྱིས་ལས་ཀ་ཡག་པོ་བྱས་མ་སོང་བས། ང་རང་དངོས་གནས་བློ་ཕམ་བྱུང་” ཞེས་བརྗོད་ནས་ལས་ཀའི་སྐྱོན་བརྗོད་ལ་ཞིབ་ཕྲར་འགྲོ་རྒྱུ་དེ་ནི། “ངའི་ངོས་ནས་འདི་བྱེད་པར་ཧ་ཅང་བྲེལ་བ་ཆེ་བ་སོང་ཙང་། ངས་ཁྱེད་ལ་བྱེད་རོགས་ཞེས་བརྗོད་པ་ཡིན། ཁྱེད་ཀྱིས་འདི་ངའི་འདོད་པ་ནང་བཞིན་ཏག་ཏག་བྱེད་ཀྱི་ཡོད་པའི་རེ་བ་བྱེད་པ་ནི་རྒྱུ་མཚན་དང་མི་ལྡན་པ་རེད་” ཅེས་བརྗོད་པ་དང་རྦད་དེ་མི་འདྲ་བ་རེད། བཟོད་སྒོམ་ལ་བརྟེན་ནས་ང་ཚོས་ “འདི་ནི་ངའི་སེམས་ནང་གང་ཡོད་པ་དེ་ཏག་ཏག་མ་རེད། ཁྱེད་ཀྱིས་འདི་བྱེད་ཐུབ་བམ་” ཞེས་བརྗོད་པ་ལྟ་བུ་ཡར་རྒྱས་གཏོང་ཐབས་ཁག་བསམ་ཚུལ་བརྗོད་ཆོག
ནང་པའི་བློ་སྦྱོང་། རྒྱལ་ཁ་གཞན་ལ་སྟེར་བ།
ངས་ནང་པའི་བློ་སྦྱོང་གི་ནང་ནས་གསུངས་པའི་བསླབ་བྱར་འཇུག་ཐབས་བྱེད་ཀྱི་ཡོད། བློ་སྦྱོང་ལ་ནམ་རྒྱུན་ཨིན་སྐད་དུ་ (mind training) ཞེས་བསྒྱུར་ཡོད་ནའང་། ང་རང་ངོས་ནས་བསམ་བློའི་ཁྱེར་སོ་སྦྱོང་བརྡར་ (attitude training) ཞེས་བརྗོད་འདོད་འདུག །འདིའི་སྐབས་སུ་ང་ཚོས་ནོར་འཁྲུལ་དང་ཕམ་ཁ་དེ་རང་ཉིད་ཀྱིས་ངོས་ལེན་བྱེད་པ་དང་རྒྱལ་ཁ་དེ་གཞན་ལ་སྟེར་གྱི་ཡོད། འདིའི་དོན་ནི་ང་ཚོར་འདང་ངེས་ཀྱི་གསལ་པོའི་སྒོ་ནས་གང་དགོས་འདོད་ཡོད་པ་དེ་འགྲེལ་བརྗོད་མི་བྱེད་པའི་སོ་སོ་རང་ཉིད་ཀྱི་ནོར་འཁྲུལ་ཡིན་ཞེས་བརྗོད་པ་དེ་རེད། མི་སུ་གཅིག་གིས་ཀྱང་ཁོང་ཚོར་སྐྱོན་བརྗོད་མི་བྱེད་པའི་སྐབས། མི་གཞན་དག་ཡར་རྒྱས་འགྲོ་བར་ཧ་ཅང་ལས་སླ་རུ་གཏོང་གི་ཡོད། འདི་ནི་ཤུགས་ཀྱིས་ཐད་ཀར་མིན་པའི་སྒོ་ནས་བོད་མི་ཚོའི་བྱེད་སྟངས་ཤིག་ཡིན། གཞན་གྱིས་ནོར་འཁྲུལ་བྱེད་ཀྱི་ཡོད་ཅེས་ཐེར་འདོན་བྱེད་མི་དགོས་པར། ང་ཚོས་སོ་སོའི་སྟེང་ལ་སྐྱོན་བརྗོད་དེ་ཁུར་ཐུབ་ཀྱི་ཡོད།
དེ་ལ་དཔེ་མཚོན་ཞིག་ནི། ངས་མི་ཞིག་ལ་ངའི་དྲྭ་ཚིགས་ཀྱི་ཆེད་དུ་ཡིག་སྒྱུར་བྱེད་རོགས་ཞེས་བརྗོད་པའི་སྐབས། ཁོང་ཚོར་དངོས་གནས་ཉམས་མྱོང་མེད་པ་རེད། དེ་ནི་མི་དེའི་བསྒྱུར་ཐེངས་དང་པོ་དེ་ཡིན་ཞིང་། བསྒྱུར་ཟིན་ནས་ང་ལ་འབྱོར་རྗེས། ངས་སྐད་ཡིག་སྡེ་ཚན་དེའི་ཐོག་ལས་ཀ་བྱེད་མཁན་གཞན་རྣམས་ལ་བསྐུར་ཡིན། ཁོང་ཚོས་དག་བཅོས་ཧ་ཅང་མང་པོ་བྱས་ནས་ང་ལ་ཚུར་བསྐུར་སོང་། གཞི་རྩའི་ཆ་ནས་ནོར་བཅོས་བྱས་པ་ཧ་ཅང་མང་པོ་འདུག །ནང་པའི་བློ་སྦྱོང་ལ་བརྟེན་ནས་ངས་དེ་ནི་ང་རང་གི་ནོར་འཁྲུལ་ཡིན་ཞེས་བརྗོད་ཐུབ། ངས་འདི་ནི་བསྒྱུར་ཐེངས་དང་པོ་དེ་རེད་ཅེས་གསལ་པོར་འགྲེལ་བརྗོད་བྱས་མེད་པ་དང་། ངས་ཡང་དག་པ་དང་སྐྱོན་དང་བྲལ་བ་ཞིག་རེ་བ་བྱས་མེད། ངས་མི་དེས་ཡར་རྒྱས་གཏོང་བ་དང་ནོར་བ་གང་ཡིན་ཤེས་པའི་ཆེད་དུ་གཞན་དག་ལ་བཅོས་སྒྲིག་ཕྱིར་བསྐུར་ཡིན། དངོས་གནས་བྱས་ན། དེ་ནི་ངའི་ནོར་འཁྲུལ་རེད། ཤུགས་ཀྱིས་ཡིག་སྒྱུར་བ་གསར་པ་དེ་ལ་བརྡ་འཕྲིན་དེ་འབྱོར་བ་དང་། དེ་ལ་ཚད་ལྡན་མིན་པའི་ཚོར་བ་མེད་པའི་སྒོ་ནས་སྦྱོང་རྒྱུ་དང་ཡར་རྒྱས་གཏོང་རྒྱུ་དེ་ལག་བསྟར་བྱེད་སྲིད་པ་རེད།
ངས་འདི་མི་གཉིས་ཀྱི་དབར་ལ་སྒེར་གྱི་རིམ་པའི་ཐོག་ནས་ངོས་ལེན་བྱེད་ཐུབ། འོན་ཀྱང་དེ་ལས་རྒྱ་ཆེ་བའི་རིམ་པ་དེ་གང་རེད་དམ། དེ་ནི་འཁོར་ཡུག་གི་སྒྲིག་འཛུགས་དེས་བཟོ་ལས་དང་འབྲེལ་བའི་ཀཾ་པ་ཎི་འགའ་ཤས་ཀྱི་ཁ་གཏད་དུ་ལངས་དགོས་ཐུག་པའི་སྐབས་ལྟ་བུ་རེད། ང་ཚོས་ཐབས་ལམ་མ་ནོར་བའི་སྒོ་ནས་སྐྱོན་བརྗོད་ཇི་ལྟར་བྱེད་དམ།
བདེན་དོན་འཚོལ་ཞིབ་དང་ཤོག་ཁག་གཞན་དེས་སྡུག་རིགས་བྱེད་བཞིན་པར་སྐྱོན་འཛུགས་པའི་དབར་ལ་ཁྱད་པར་ཞིག་ཡོད། བདེན་དོན་འཚོལ་ཞིབ་ལ་བརྟེན་ནས་ང་ཚོས་ཡུལ་གྱི་གནས་ཚུལ་རྣམས་འགྲེལ་བརྗོད་བྱེད་ཀྱིན་ཡོད། དེ་ནས་ང་ཚོས་གནས་ཚུལ་དེ་ལ་འཇུག་པར་སྲིད་བྱུས་ལག་ལེན་བསྟར་བའི་ཆེད་མི་རག་ཐབས་བྱེད་ཀྱི་ཡོད། མིང་འབོད་པ་དང་མི་དེ་ལ་ངན་པ་དང་སྡུག་ཅག་ཅེས་མིང་འདོགས་པ་ལ་བརྟེན་ནས་འཐོབ་མཁན་དེ་རང་ཤུགས་ཀྱིས་སྲུང་སྐྱོབ་ཅན་ཆགས་ནས་ཚུར་རྒོལ་ལན་སློག་ངེས་ཆེ། གལ་ཏེ་ཁྱེད་རང་ཧ་ཅང་དྲག་ཤུལ་ཅན་ཡིན་ན། དེ་ལ་ཡ་ལན་གཞན་གང་ཞིག་ཁྱེད་ཀྱིས་རེ་བ་བྱེད་ཐུབ་བམ།
གལ་ཏེ་ཁྱེད་ཀྱིས་གཞན་རྣམས་ཀྱིས་གང་བྱེད་བཞིན་པའི་ནང་གི་ཞན་ཆ་རྣམས་ཐེར་འདོན་བྱེད་ཀྱིན་ཡོད་ན། ཁྱེད་ཀྱིས་པར་རིས་ཆེན་པོ་དང་དུ་ལེན་དགོས་པ་ལས། རྣམ་པ་ཆུང་ངུ་ཞིག་ལ་དམིགས་པ་གཏད་རྒྱུ་མེད། ཁོང་ཚོ་ལའང་དོན་དག་ཅིག་ཡོད། གལ་ཏེ་ཁྱེད་ཀྱིས་ས་ཁུལ་འགའ་ཞིག་གི་ནང་ཤིང་གི་བཟོ་ལས་ཁང་མཚམས་འཇོག་བྱས་ན། གྲོང་ཁེར་དེའི་ནང་ཡོད་པའི་མི་སུ་གཅིག་ལའང་ལས་ཀ་མེད་པ་ཆགས་ཀྱི་རེད། ཁོང་ཚོས་སོ་སོའི་ཕྲུ་གུ་ཚོར་ཇི་ལྟར་བཟའ་བཏུང་སྦྱིན་རྩིས་ཡོད་དམ། དེའི་ནང་མཚོན་ཆ་བཟོ་མཁན་གྱི་མི་རྣམས་རང་གི་ལས་ཀ་ཤོར་ངེས་ཡིན་པ་རྣམས་ཚུད་ཡོད་ནའང་། ཁྱེད་ཀྱིས་ཀྱང་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་བསམ་བློ་ལ་བརྟེན་ནས་སེམས་འཁུར་འདི་དག་བརྗོད་དགོས།
ང་ཚོ་མཐའ་གཅིག་ཏུ་འཆར་སྣང་ཅན་ཆགས་རྒྱུ་མེད། ང་ཚོས་གྲོས་འཆར་གང་འདོན་བཞིན་པ་ལས་འབྱུང་ངེས་པའི་རྗེས་འབྲས་ངན་པ་རྣམས་སེལ་བའི་ཐབས་ལམ་ལས་སུ་རུང་བ་ཞིག་འཚོལ་དགོས་ཀྱི་ཡོད། དེ་མིན་ང་ཚོ་ལ་ཚུར་འཐབ་རྒོལ་བྱེད་ཀྱི་རེད། གལ་ཏེ་ང་ཚོས་འཆར་སྣང་གི་སྒོ་ནས་ “མཚོན་ཆ་མི་དགོས། གང་ཡང་མི་དགོས་” ཞེས་བརྗོད་ན། མི་རྣམས་ཇི་ལྟར་འཚོ་ངེས་རེད་དམ། མི་དེ་དག་ལའང་འཚོ་གནས་ཐུབ་པའི་འཆར་གཞི་ཞིག་དགོས་ཀྱི་ཡོད། དེ་ནི་བཟང་ཕྱོགས་ཀྱི་སྐྱོན་བརྗོད་ཡིན་པ་དང་ཁོང་ཚོ་ལ་འགྱུར་བ་འགའ་ཞིག་གཏོང་ཐུབ་སྲིད་པ་རེད། གང་ཡིན་ཞེ་ན། དེར་གདམ་ཀ་ཞིག་ཡོད་པ་རེད།
བློའི་འདོགས་ཚུལ། འཛམ་གླིང་སྡེ་ཚན་གྱི་ནང་དབྱེ་བ་འབྱེད་པ།
ང་ཚོས་སྡེ་ཚན་ཟེར་བའི་གལ་ཆེན་གྱི་བརྗོད་གཞི་འདིའི་སྐོར་བལྟས་ཟིན་པ་རེད། ང་ཚོས་འཛམ་གླིང་འདི་རྒྱལ་ཁ་ཐོབ་མཁན་དང་ཕམ་མཁན་གྱི་ནང་ཇི་ལྟར་དབྱེ་བ་འབྱེད་ཀྱི་ཡོད་པའི་དཔེ་མཚོན་ལ་བརྟེན་ནས་ངས་མུ་མཐུད་ཤོད་འདོད་བྱུང་། འདིར་ང་ཚོ་ “བློའི་འདོགས་ཚུལ་” ཟེར་བའི་ནང་པའི་བརྗོད་གཞི་སྒང་ལ་བསླེབ་ཀྱི་ཡོད་པ་དང་། དེ་ནི་སྟོང་པ་ཉིད་ཀྱི་གོ་བསྡུར་དེ་ཡང་ཚུད་ཡོད་པ་ཞིག་རེད། རྒྱལ་ཁ་ཐོབ་མཁན་དང་ཕམ་མཁན་གྱི་གཉིས་སྣང་འདི་ནི་ཧ་ཅང་རྒྱ་ཆེ་བའི་བརྗོད་དོན་ཞིག་གི་ཁྱད་པར་ཆུང་ངུ་ཞིག་ཡིན་པ་དང་། སྡེ་ཚན་ཞེས་པའི་ཚིག་འདི་ནི་ནུབ་ཕྱོགས་མི་མང་ཆེ་བས་ལས་སླ་པོའི་སྒོ་ནས་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་པ་ལྟ་བུ་ཞིག་རེད། བྱས་ཙང་། སྡེ་ཚན་དེ་དག་གི་སྐོར་ལ་བལྟ་རྒྱུ་ཡིན།
སྡེ་ཚན་རྣམས་གཞི་རྩའི་ཆ་ནས་ང་ཚོས་འཛམ་གླིང་དང་སོ་སོའི་ཉམས་མྱོང་རྟོགས་ཐབས་བྱེད་པའི་ཐབས་ལམ་དེ་རེད། དེར་བརྟེན་དེ་དག་ནི་མཐའ་གཅིག་ཏུ་ང་ཚོའི་སེམས་ཀྱིས་བཟོས་པ་ཞིག་ཡིན་པ་དང་། བརྒྱ་ཆ་བརྒྱ་ཐམ་པ་སེམས་ཀྱི་སྒོ་ནས་བཀོད་སྒྲིག་བྱེད་པ་ཞིག་རེད། ང་ཚོས་རྟོགས་སླ་བའི་ཁ་དོག་ལ་དཔེ་བཞག་ནས་ཤོད་ཆོག་ཀྱང་། ང་ནི་ཚན་རིག་པ་ཞིག་མིན་ཙང་། གལ་ཏེ་ཏག་ཏག་འགྲིག་གི་མེད་ན། དགོངས་དག་ཞུ་རྒྱུ་ཡིན། རླབས་ཀྱི་རིང་ཚད་ཀྱི་འཇའ་མདངས་ཡོངས་སུ་རྫོགས་པ་ཞིག་ཡོད། ང་ཚོས་ཁ་དོག་གི་འཇའ་མདངས་དེ་དག་ཇི་ལྟར་དབྱེ་བ་འབྱེད་དམ། རེད། དེ་ནི་མཐའ་གཅིག་ཏུ་རང་སྣང་གང་དྲན་རེད། གང་ལྟར་ཡང་། ང་ཚོས་དེ་དབྱེ་བ་ཕྱེ་ཆོག་གི་རེད། གང་ཡིན་ཞེ་ན། འཇའ་མདངས་ཀྱི་ངོས་ནས་ཁ་དོག་གཅིག་ནས་གཞན་དུ་དབྱེ་བའི་བརྟན་པོ་དང་ཚུགས་ཐུབ་དེ་འདྲ་གང་ཡང་མེད། རིག་གཞུང་བྱེ་བྲག་རེ་རེས་སོ་སོའི་སྡེ་ཚན་གྱི་མཚན་ཉིད་བཟོས་ནས་ཐག་གཅོད་དང་བཅས་འོད་རླབས་འདི་དང་དེའི་དབར་ཀྱི་རྒྱ་ཁྱོན་ལ་ཁ་དོག་གི་སྡེ་ཚན་གཅིག་གཏོགས་ཡོད་ཅེས་བརྗོད་ཀྱིན་ཡོད།
ང་ཚོས་ “འདི་ནས་ཕ་གི་ཨང་ཀི་བར་དུའམ་” ཡང་ན་ “ཁ་དོག་འདི་ལས་ནག་ཆ་ཆེ་བ་ནི་དམར་པོ་ཡིན་པ་དང་ཁ་དོག་འདི་ལས་དཀར་ཆ་ཆེ་བ་ནི་ལི་ཁྲི་ཡིན་པ་” ལ་གཞིགས་ཏེ་ང་ཚོས་འགྲེལ་ནའང་འདྲ་སྟེ། ཁྱད་པར་གང་ཡང་མེད། ང་ཚོས་ས་མཚམས་ཤིག་བཟོ་བ་དང་དེ་ལ་འགྲེལ་བརྗོད་ཅིག་བྱེད་ཀྱིན་ཡོད། འདི་ནི་ང་ཚོས་བརྟག་དཔྱད་བྱེད་དགོས་པའི་གནད་དོན་དེ་རེད། ཆོས་གང་འདྲ་ཞིག་ཡིན་ནའང་། དེའི་ནང་མཚན་ཉིད་རང་བཞིན་ལྷན་སྐྱེས་ཡོད་པ་རེད་དམ། ཡང་ན་རིག་གཞུང་དང་ང་ཚོའི་སེམས་ཀྱིས་བཟོས་པ་རེད་དམ། ནང་ཆོས་ནས་ཕལ་ཆེར་སེམས་ཀྱིས་བསྐྲུན་པ་ཞིག་རེད་ཅེས་བརྗོད་ངེས་རེད། ང་ཚོས་ཐིག་མཚམས་དང་མཚན་ཉིད་བཟོས་ཏེ། ཁ་དོག་གི་འཇའ་མདངས་ཐོག་ནས་འདི་འདི་རེད་ཅེས་པ་དང་དེ་ནི་དེ་རེད་ཅེས་བརྗོད་ཀྱི་ཡོད། འཇིག་རྟེན་ན་དམར་པོ་ནས་ལི་ཁྲིར་དབྱེ་བ་འབྱེད་པའི་མཚམས་ཐིག་མེད་པ་རེད། སྡེ་ཚན་བཟོ་བའི་གཞི་རྩ་དེ་གང་རེད་དམ་ཞེ་ན། དེ་ནི་འབྲེལ་བ་མེད་པ་རེད། དོན་དག་གཙོ་བོ་ནི་ས་མཚམས་དེ་དག་རང་སྣང་གང་དྲན་གྱི་སྒོ་ནས་བསྐྲུན་ཡོད།
སྐད་ཡིག །སྒྲ་དབྱངས་ཀྱི་དཔེ་རིས་སྐྲུན་པ།
རིག་གཞུང་ལའང་སྒྲ་དབྱངས་ཀྱི་དཔེ་རིས་ཡོད་པ་དང་། དེ་ཡང་ག་རེ་ཡིན་ནའང་ཆོག་དཔེར་ན། “ཨོ། ཨ། ཨེ། འོ་” ཟེར་བ་ལྟ་བུ་རེད། སྒྲ་དེ་དག་ལ་རང་བཞིན་ལྷན་སྐྱེས་ཀྱི་དོན་དག་གཅིག་ཀྱང་མེད། འོན་ཀྱང་རིག་གཞུང་གིས་དེ་དག་མཉམ་དུ་བཞག་ནས་དེ་དག་ལ་ལི་ཁྲི་ཟེར་བའི་གོ་དོན་ཡོད་ཅེས་བརྗོད་ཀྱི་ཡོད།
དེའི་དོན་ནི་ང་ཚོས་ཁ་དོག་གི་འཇའ་མདངས་ནང་གི་དོན་དག་འགའ་ཞིག་ལ་མཚན་ཉིད་ཅིག་བཟོ་གི་ཡོད། ང་ཚོས་མར་བསྡད་ནས་འདི་ལྟར་འཆར་གཞི་འགོད་ཀྱི་མེད། ཡིན་ནའང་འདི་ནི་ང་ཚོའི་སེམས་ཀྱི་རྒྱུད་རིམ་ཀྱི་བྱ་བ་བྱེད་སྟངས་དེ་རེད། ང་ཚོས་སྒྲའི་དཔེ་རིས་དེ་དག་མཉམ་དུ་རན་འཚམ་བཟོ་བའི་སྐབས། ཚིག་དང་བརྗོད་པ་སྐྲུན་གྱི་ཡོད། འོན་ཀྱང་དེ་དག་ནི་སྒྲ་ཙམ་རེད། གལ་ཏེ་ཁྱེད་ཀྱི་དེ་སྔ་རྩ་ནས་གོ་མྱོང་མེད་པ་དང་རྒྱུས་མངའ་མེད་པའི་སྐད་ཡིག་ཅིག་ལ་ཉན་ན། དེ་ཚིག་གི་ནང་ལའང་དེ་ཁྱད་པར་འབྱེད་མི་ཐུབ་པ་ཆགས་སྲིད། དེ་ནི་སྒྲ་ཙམ་ཡིན་པ་དང་སྒྲ་ལ་རང་བཞིན་ལྷན་སྐྱེས་ཀྱི་གོ་དོན་དེ་འདྲ་གང་ཡང་མེད།
སྡེ་ཚན་ཁག་གི་ནང་སྤྱི་ཚོགས་ཀྱི་ཁྱད་པར།
དེ་འདྲ་སོང་ཙང་། ང་ཚོས་སྡེ་ཚན་དེ་དག་བསྐྲུན་པ་དང་སྤྱི་ཚོགས་རེ་རེས་དབྱེ་བ་བཟོ་གི་ཡོད། འགའ་ཤས་ཀྱིས་དབྱེ་བ་གཅིག་པ་བཟོ་གི་ཡོད་སྲིད་ནའང་། སྤྱི་ཚོགས་ཚང་མས་གནད་དོན་རྣམས་དབྱེ་བ་གཅིག་པ་གཅིག་རྐྱང་བཟོ་གི་མེད། རིག་གཞུང་གཅིག་གི་ནང་དམར་པོ་དང་། ལི་ཁྲི། སེར་པོ་ཞེས་པའི་སྡེ་ཚན་ཡོད་སྲིད་པ་དང་། ཡང་རིག་གཞུང་གཞན་ཞིག་གི་ནང་དམར་པོ་དང་སེར་པོ་གཅིག་པུ་ཡོད་སྲིད་པ་རེད། ལི་ཁྲིའི་ཁ་དོག་གི་ཕྱེད་ཀ་ཙམ་ནི་དམར་པོའི་ནང་ཡོད་པ་དང་ཕྱེད་ཀ་ནི་སེར་པོའི་ནང་ཡོད། དམར་པོ་དེ་ལས་ཏོག་ཙམ་ཞིག་རྒྱ་སྨུག་གི་ནང་ཡོད་སྲིད།
ང་རང་ཧ་ཝརྜ་གཙུག་ལག་སློབ་ཁང་ལ་ཡོད་སྐབས། དེར་བརྟག་དཔྱད་དོ་སྣང་བྱེད་འོས་པ་དེ་འདྲ་འགྲོ་བཞིན་ཡོད། རིག་གཞུང་མི་འདྲ་བའི་མི་རྣམས་ཀྱིས་ཁ་དོག་མི་འདྲ་བ་བསྟན་ནས་དེ་དག་ངོས་འཛིན་བྱེད་དགོས་ཞེས་འདྲི་གི་རེད། དཔེ་རིས་གཅིག་པ་གཅིག་རྐྱང་ཞིག་ལ་འགའ་ཞིག་གིས་སྔོན་པོ་ཟེར་བ་དང་འགའ་ཞིག་གིས་ལྗང་ཁུ་ཟེར་གྱི་རེད། ཁ་དོག་ཁོ་རང་ངོས་ནས་རང་བཞིན་ལྷན་སྐྱེས་སུ་གང་ཡང་མེད། རིག་གཞུང་མི་འདྲ་བས་ཁ་དོག་དང་སྡེ་ཚན་གྱི་བསམ་བློ་དང་ས་མཚམས་མི་འདྲ་བ་སྐྲུན་གྱི་ཡོད། ཐ་ན་རིག་གཞུང་གཅིག་པའི་མི་རྣམས་ཀྱི་ནང་དུའང་མི་འདྲ་བ་ཡོད་ཆོག
རྣམ་རྟོག
འདིར་ངས་ནང་ཆོས་ནང་རྟོག་པ་ཞེས་པའི་ཐ་སྙད་ཀྱི་དོན་གང་ཡིན་ངོ་སྤྲོད་བྱེད་ཀྱིན་ཡོད། རྣམ་རྟོག་ལ་བརྟེན་ནས་ང་ཚོས་སྡེ་ཚན་ལ་གཞིགས་ནས་བསམ་བློ་གཏོང་གི་ཡོད། དེ་དག་ཀྱང་སྐད་ཡིག་དང་གཏིང་ཟབ་པོའི་སྒོ་ནས་འབྲེལ་བ་ཆགས་ཡོད་ནའང་། དེ་ནི་རྟག་ཏུ་ཡིན་དགོས་པའི་ངེས་པ་མེད། དུད་འགྲོ་སེམས་ཅན་རྣམས་ལ་ཐ་སྙད་དམ་ཚིག་དེ་འདྲ་མེད་ནའང་། ཁོང་ཚོས་སྡེ་ཚན་ལ་གཞིགས་ནས་བསམ་བློ་གཏོང་གི་ཡོད་ཤག་རེད། ཁྱི་ལྟ་བུས་ངའི་དགེ་རྒན་ཞེས་སྡེ་ཚན་སྐྲུན་པ་དང་། དེ་ཁེར་རྐྱང་ཡིན་པ་དང་། ཁང་པའི་ནང་བཅུག་པ། ཡང་ན་རང་གི་དགེ་རྒན་དྲན་པའི་སྐབས། སྡེ་ཚན་འདི་ལ་གཞིགས་ནས་བསམ་བློ་གཏོང་གི་ཡོད། ཁྱི་རྣམས་ལ་རང་གི་མངའ་ཁོངས་དང་། དགྲ་བོ། བཙན་འཛུལ་བྱེད་མཁན་སོགས་ལ་རྟོག་པ་ཡོད་པ་དང་། དེ་དག་གཅིག་ཀྱང་ངག་གི་སྡེ་ཚན་མིན་ནའང་། དེ་དག་སྡེ་ཚན་ཡིན་པ་རེད། ང་ཚོས་ཁྱི་རྣམས་ཀྱིས་སྡེ་ཚན་འདི་དག་ལ་གཞིགས་ནས་རྣམ་རྟོག་གི་སྒོ་ནས་བསམ་བློ་གཏོང་གི་ཡོད་ཅེས་བརྗོད་དགོས་ངེས་རེད།
གལ་ཏེ་ང་ཚོས་དེ་ཁ་དོག་དང་བསྟུན་ནས་རྟོགས་ན། ང་ཚོས་དེ་སེམས་ཚོར་ལྟ་བུ་དེ་ལས་ཕྲ་བའི་གནད་དོན་ཁག་ལ་བཀོལ་སྤྱོད་བྱེད་ཆོག །བྱས་ཙང་། རིག་གཞུང་གཅིག་གིས་ཕྲག་དོག་ཅེས་བརྗོད་པ་དང་རིག་གཞུང་གཞན་ཞིག་གིས་དེ་ལ་ཅུང་ཟད་མི་འདྲ་བའི་སྒོ་ནས་འགྲེལ་བརྗོད་བྱེད་སྲིད། ང་ཚོས་གོང་དུ་མཐོང་བ་ལྟར། ཚིག་མི་འདྲ་བ་ཞིག་གིས་གང་བསྟན་པ་དེ་བོད་པའི་འཛིན་སྟངས་དང་རན་འཚམས་མེད་སྲིད། དེ་དག་ནི་སེམས་ཀྱི་བཀོད་སྒྲིག་ཡིན་པས་ཁེབས་དགོས་ངེས་མ་རེད། དེ་ནི་ཉོན་མོངས་གཅིག་པུ་མིན་པར། སེམས་ཚོར་ཚང་མ་ལ་བརྟེན་ནས་ཡིན། ས་མཚམས་དེ་རྟག་ཏུ་ཏག་ཏག་ཁེབས་ཀྱི་མེད། ཐ་ན་ཕྲག་དོག་དང་མིག་སེར་དབར་གྱི་ཁྱད་པར་ནི་འཇར་མིན་གྱི་ཚིག་ (Eifersucht) དང་ (Neid) གཉིས་དང་གཅིག་པ་གཅིག་རྐྱང་མིན། འཇར་མིན་གྱི་སྐད་ནང་། ཚིག་གཅིག་ནི་གང་ཟག་དང་འབྲེལ་ལམ་ལ་དམིགས་ཀྱི་ཡོད་པ་དང་། གཞན་དེ་ནི་ཕྱི་དངོས་པོ་ལ་ཤུགས་ཆེ་བ་དམིགས་ཀྱི་ཡོད། བྱས་ཙང་། ང་ཚོས་ཡུ་རོབ་དང་ཨེ་ཤི་ཡའི་ལྟ་ཚུལ་དབར་གྱི་ཁྱད་པར་ཙམ་གྱི་སྐོར་ལ་སྐད་ཆ་ཤོད་ཀྱིན་མེད། གང་ཡིན་ཞེ་ན། ཡུ་རོབ་ཀྱི་རིག་གཞུང་ནང་དུའང་སེམས་ཚོར་དང་འབྲེལ་བའི་སྡེ་ཚན་རྣམས་གང་ལ་གང་འཚམ་གྱི་མི་འདྲ་བའི་སྒོ་ནས་འགྲེལ་བརྗོད་བྱེད་ཆོག །གནས་སྟངས་མང་པོའི་ནང་ཚིག་གིས་ཁེབས་ཀྱི་ཡོད་ནའང་། དེ་དག་ནི་ཏག་ཏག་ཕན་ཚུན་འདྲ་མཚུངས་མ་རེད། ཐ་ན་སྐད་ཡིག་གཅིག་གི་ནང་དུའང་མཚན་ཉིད་མི་འདྲ་བ་དང་། གོ་རྟོགས་མི་འདྲ་བ། སྤྱོད་སྟངས་མི་འདྲ་བ་ཡོད་ཆོག་པ་ནི་ཤོད་མི་དགོས་པ་རེད།
ཀུན་རྫོབ།
འདིའི་དོན་ནི་སེམས་ཚོར་ལ་མཚོན་ན། སེམས་ཚོར་གྱི་རྒྱ་ཁྱོན་སྟེང་ལ་སྡེ་ཚན་བཟོ་བའི་ཐིག་མཚམས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་དེ་འདྲ་མེད། ནང་པའི་བརྟག་དཔྱད་ནས་བརྗོད་པའི་ཀུན་རྫོབ་ལ་བརྟེན་ནས་ཐག་གཅོད་བྱས་ཡོད། ང་ཚོས་གཅིག་བརྗོད་པ་དེའི་ཆེད་དུ་ང་ཚོས་སོ་སོ་རང་གིས་ཀུན་རྫོབ་དེ་སྐྲུན་གྱི་ཡོད། དེས་ཚང་མ་སྟབས་བདེ་བཟོ་གི་ཡོད། དོན་ངོ་མར་སྟབས་བདེ་ཟེར་བའི་ཚིག་དེ་ཀུན་རྫོབ་དང་འབྲེལ་ནས་ཡོད། དེ་ནི་འབྲེལ་ལམ་དང་གང་འབྱུང་བཞིན་པ་དེ་རྟོགས་པར་སྟབས་བདེ་པོ་ཡོད།
དེའི་སྐོར་ལ་བསམ་བློ་གཏོང་དགོས། སྐད་ཡིག་གཅིག་པའི་ནང་སྐད་ཆ་ཤོད་ཀྱིན་ཡོད་ནའང་། འབྲེལ་ལམ་ཞིག་གི་ནང་མི་གཉིས་ཀྱིས་ཡིད་ཆེས་ཅན་ཞེས་པའི་དོན་གང་ཡིན་པའམ། ཐ་ན་འབྲེལ་ལམ་ཞེས་པ་དེ་གང་ལ་གོ་དགོས་པའི་ཐད་འགྲེལ་བརྗོད་རྦད་དེ་མི་འདྲ་བྱེད་སྲིད། ང་ཚོའི་ཀུན་རྫོབ་ཀྱི་གནད་དོན་དེ་མི་གཞན་ལས་ཚད་ལྡན་ཆེ་བ་གང་གིས་བཟོ་གི་ཡོད་དམ། སེམས་བཟང་པོ་ལྟ་བུ་དཔེ་ལས་སླ་པོ་ཞིག་བཞག་ན། སེམས་བཟང་དང་སེམས་ངན་གང་རེད་དམ། དེ་ནི་རིག་གཞུང་མི་འདྲ་བའི་ནང་ཁྱད་པར་ཆེན་པོ་ཡོད། ང་ཚོའི་གོམས་སྲོལ་དང་མཚན་ཉིད་རྣམས་ཡང་དག་པ་དང་། གཞན་དག་ཚང་མ་ནོར་བ་གང་འདྲ་ཡིན་ནམ། ནོར་འཁྲུལ་དེ་གང་རེད་ཅེ་ན། སྡེ་ཚན་དེ་དག་གྲུབ་ཡོད་པ་དང་འཛམ་གླིང་ནི་དོན་ངོ་མར་རང་བཞིན་ལྷན་སྐྱེས་ཀྱིས་རང་ངོས་ནས་སྡེ་ཚན་གྱི་ནང་ཡོད་ཅེས་བསམ་པ་དེ་རེད། རང་བཞིན་ལྷན་སྐྱེས་ཟེར་བའི་དོན་ནི། ཆོས་གང་ཞིག་མཐའ་གཅིག་ཏུ་རང་ངོས་ནས་གྲུབ་པ་དེ་རེད།
མཚན་ཉིད། དཔེ་དེབ་ཅིག་ཚོན་གཏོང་བའི་ཕན་ཐོགས་ཅན་གྱི་སྣང་བརྙན།
ངས་ཕྲུ་གུ་ཚོས་དཔེ་དེབ་ལ་ཚོན་གཏོང་བའི་སྣང་བརྙན་དེ་བེད་སྤྱོད་བཏང་ན་ཕན་ཐོགས་ཅན་ཞིག་ཡིན་པ་ཤེས་ཀྱི་ཡོད། གང་ཡིན་ཞེ་ན། དེ་དྲན་ཤེས་ལྡན་པ་མེད་སྲིད་པའི་སྐབས། ང་ཚོས་འཛམ་གླིང་འདི་ཚང་མ་ “འདི་” དང་ “དེ་” ལྟ་བུར་གཏན་ལ་ཕབ་པའི་རྡོག་རྡོག་ཚུགས་ཐུབ་ཀྱིས་ཐིག་དང་ལྡན་པའི་པར་རིས་ཤིག་ཏུ་གྲུབ་པར་བསམ་བློ་འཁོར་གྱི་ཡོད། ཁྱེད་ལ་ཚོན་ཁྲ་དང་གོ་རིམ་སྒྲིག་པའི་པར་རིས་ཏེ། དེའི་ནང་སྡེ་ཚན་ཕྱེས་པའི་ཆ་ཤས་ཀྱི་ནང་ཨང་གྲངས་ཆུང་ངུ་ཡོད་པ་དང་། དེས་ཚོན་ཁྲ་གང་གཏོང་དགོས་པ་སྟོན་གྱི་ཡོད། དེ་ནི་སྡེ་ཚན་དེའི་མཐའ་སྐོར་དུ་ཐིག་ཆེན་པོ་ཞིག་ཡོད་པ་ལྟར་དེར་ཡོད་པ་དང་དེ་ལ་ཨང་ཀི་སྤྲད་ཡོད། འོན་ཀྱང་དེ་ནི་ཆོ་མེད་ཡིན་པ་གསལ་པོ་རེད། ཨང་ཀི་དེ་དག་ནི་བསམ་བློ་གཏོང་སྟངས་ནོར་བ་དེའི་དཔེ་མཚོན་ཡིན་པ་དང་། དེའི་མཚན་ཉིད་རྣམས་ནི་རང་བཞིན་ལྷན་སྐྱེས་ཀྱིས་ཡུལ་རང་ངོས་ནས་ཡོད་པ་རེད། ཨང་ཀི་འདི་དང་མཚན་ཉིད་འདི་ཡོད་པས། ང་ཚོས་དེའི་ངོས་སུ་ཁ་དོག་ངེས་ཅན་ཞིག་གཏོང་དགོས་ཀྱི་ཡོད། གང་ཡིན་ཞེ་ན། དེ་ནི་ངོས་ཕྱོགས་དེ་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་པ་རེད། ནང་ཆོས་ནང་དེའི་ཐུན་མོང་མིན་པའི་ཐ་སྙད་ནི་ “མཚན་ཉིད་” རེད།
(སྒོམ་གྱི་བར་མཚམས།)
ཚང་མ་མཉམ་བསྲེས་ཀྱི་ཐུག་པ་གཅིག་མིན།
ང་ཚོས་རང་བཞིན་ལྷན་སྐྱེས་ཀྱི་ཐིག་གམ་སྡེ་ཚན་ཞིག་ཡུལ་དེར་མེད་ཅེས་བརྗོད་པ་རྒྱུ་མཚན་དུ་བྱས་ནས་འཇིག་རྟེན་ཁྱོན་ཡོངས་དབྱེ་འབྱེད་མེད་པའི་གནས་སྟངས་ཤིག་ཡིན་པའི་དོན་མིན། ང་ཚོ་ཚང་མ་གཅིག་ཡིན་པ་དང་། ང་དང་ཁྱོད་ཀྱི་དབར་ལ་དོན་ངོ་མར་ཁྱད་པར་མེད་ཅེས་བསམ་པ་ནི། ཡོངས་ཁྱབ་ཀྱི་ཐག་གཅོད་ནོར་བ་ཞིག་རེད། གལ་ཏེ་ས་མཚམས་མེད་ན། དེ་ནས་ངས་ཁྱེད་ལ་སྐད་ཆ་མ་དྲིས་ནས་ཁྱེད་ཀྱི་ཅ་དངོས་ཡོད་དོ་ཅོག་བེད་སྤྱོད་བྱེད་ཆོག །འདི་ལས་འབྱུང་དགོས་ངེས་ཀྱི་མཇུག་སྡོམ་དེ་འདི་མིན།
ང་ཚོས་ཁྱད་པར་འབྱེད་དགོས། སྡེ་ཚན་དང་ཚིག་རྣམས་དངོས་ཡོད་གནས་ཚུལ་དང་འབྲེལ་བ་ཆགས་ཀྱི་ཡོད། དེ་དག་གཅིག་ལ་གོ་གི་ཡོད་ནའང་། འཇིག་རྟེན་ནི་ཚིག་དང་སྡེ་ཚན་དེ་དག་དང་མཐུན་གྱི་མེད། དེ་དག་གང་ལ་གོ་བ་དེ་དོན་དངོས་ཀྱི་ཁུངས་གཏུགས་ས་དང་མཐུན་གྱི་མེད། སྡེ་ཚན་དང་ཚིག་རྣམས་ནི་ཀུན་རྫོབ་ཡིན་པས། ཀུན་རྫོབ་ཀྱི་དབང་དུ་དེ་བདེན་པ་རེད། དེ་ཡང་། “འདི་ནི་ངའི་ཁང་པ་རེད། ཁྱེད་ཀྱི་མ་རེད། འདི་ནི་ངའི་ཟླ་རོགས་རེད། ཁྱེད་ཀྱི་མ་རེད་” ཅེས་ཟེར་བ་ལྟ་བུ་རེད། ང་ཚོས་ཚིག་དང་སྡེ་ཚན་དེ་དག་བེད་སྤྱོད་བྱེད་དུས་དེ་གཅིག་ལ་གོ་གི་ཡོད། འོན་ཀྱང་དེ་ནི་ཀུན་རྫོབ་ཙམ་ཞིག་རེད། ཀུན་རྫོབ་ཀྱི་བདེན་པ་འདི་ནི་བདེན་པ་རེད།
འདི་ནི་སྒོ་ཟོག་སེམས་ཅན་ལྟ་བུ་ང་ཚོ་ཨ་མའི་སྦྲུམ་ལས་ཐོན་པའི་སྐབས། རྡོག་རྡོག་ཚུགས་ཐུབ་དང་རྟག་པའི་སྡེ་ཚན་གྱི་ནང་ཡོད་པ་ལྟར། དེ་ལ་ “ང་ཡི་” ཞེས་བྱ་བའི་མི་ཞིག་ལ་ཡོད་པ་ཚང་མའི་སྟེང་ལ་ཚོང་རྟགས་ལྟ་བུ་ཞིག་ཡོད་པའི་དོན་མིན། སྡེ་ཚན་རྣམས་ནི་ང་ཚོས་ཚིག་མཛོད་ནང་འཚོལ་ཆོག་པའི་བརྟན་ཚུགས་པ་ཞིག་ཡིན་པ་ལྟར་སྣང་གི་ཡོད་པས། ཡུལ་རྣམས་ཚིག་དང་དོན་གྱི་རྗེས་སུ་འགྲོ་དགོས་ངེས་ཡིན། གང་ལྟར་ཡང་། འཇིག་རྟེན་ནི་འདི་དང་མཐུན་གྱི་མེད།
སྐད་ཡིག་གི་སྟབས་བདེ།
ང་ཚོས་སྐད་ཡིག་བཀོལ་སྤྱོད་བྱེད་སྐབས། དེ་ནི་གནད་དོན་ཞིག་ལ་གོ་གི་ཡོད། ང་ཚོར་སྐད་ཡིག་དགོས་ངེས་རེད། དེ་མིན་ང་ཚོས་གཞན་དང་འབྲེལ་འདྲིས་བྱེད་མི་ཐུབ་པ་ཡིན། གལ་ཏེ་ང་ཚོར་སྡེ་ཚན་མེད་ན། ང་ཚོས་ཉམས་སུ་མྱོང་བ་གང་ཞིག་ཡིན་རུང་དེས་གོ་དོན་གང་ཡང་སྟོན་ཐུབ་ངེས་མ་རེད། འདི་ནི་སྒོ་རེད། ཕ་གི་དེ་ཡང་སྒོ་རེད་ཅེས་ཐ་ན་དེ་གཉིས་གང་ལ་གང་འཚམ་གྱི་མི་འདྲ་བ་མཐོང་ནའང་། ང་ཚོས་ངོས་འཛིན་བྱེད་ཐུབ་ཀྱི་མེད། སྡེ་ཚན་དེ་དག་མེད་པར་ཐ་ན་ང་ཚོས་བྱ་བ་ཇི་ལྟར་བྱེད་ཐུབ་བམ། འདི་ནི་ཚིག་ཙམ་མིན་པར་དོན་གྱི་སྐོར་ལའང་ཡིན། ནང་ཆོས་ནས་སྒྲའི་སྡེ་ཚན་དང་དོན་གྱི་སྡེ་ཚན་གཉིས་ཁྱད་པར་འབྱེད་ཀྱི་ཡོད། དེ་ཡང་སྒོ་ཞེས་བྱ་བ་ཞིག་ཡོད་པ་དང་འགྲེལ་བརྗོད་བྱེད་ཚུལ་དེ་ནི་ཀུན་རྫོབ་རེད། འཇིག་རྟེན་ནི་སྒོ་ལ་བརྟེན་ནས་འགོ་བཙུགས་མེད། ད་དུང་སྒོ་ཟེར་བ་དེ་ལ་ཚིག་གང་བེད་སྤྱོད་བྱེད་མིན་ལ་མ་ལྟོས་པར། ང་ཚོ་ཚང་མས་སྒོ་ཟེར་བ་དེ་གང་ཡིན་ཤེས་ཀྱི་ཡོད། ཐ་ན་བ་ཕྱུགས་ཀྱིས་ཀྱང་སྒོ་ཟེར་བ་དེ་གང་ཡིན་ཤེས་ཀྱི་ཡོད། གང་ཡིན་ཞེ་ན། དེ་དག་ལྷས་རའི་ནང་འཛུལ་འདོད་ཡོད་སྐབས། རྩིག་པའི་སྟེང་གོམ་པ་སྤོ་གི་མེད། བ་ཕྱུགས་ཀྱིས་ཁང་པ་མང་པོའི་ནང་གི་སྒོ་ངོས་འཛིན་བྱེད་ཐུབ།
ང་ཚོར་དེ་དག་དགོས་པ་དང་དེ་དག་གཡུག་འདོད་མེད་པ་གསལ་པོ་རེད། དེ་དག་ཐམས་ཅད་ཀུན་རྫོབ་ཙམ་ཡིན་པ་དང་ང་ཚོས་དེའི་སྐོར་ལ་དྲན་པ་བརྗེད་ཆོག་ཅེས་བསམ་བློ་གཏོང་མི་ཉན། ཀུན་རྫོབ་དེ་དག་སྟབས་བདེ་པོ་ཡོད་པ་དང་ང་ཚོས་དེ་དག་བྱ་བ་བྱེད་དུ་འཇུག་དགོས་ཀྱི་ཡོད། འོན་ཀྱང་ང་ཚོས་འཛམ་གླིང་དེ་དག་དང་མཐུན་གྱི་མེད་པ་དེ་ཤེས་དགོས།
དེའི་དཔེ་མཚོན་ཡག་པོ་ཞིག་ནི་ས་ཁྲ་རེད། ས་ཁྲ་དེ་ནི་ས་ཁུལ་མ་རེད། སྲང་ལམ་གྱི་ས་ཁྲ་དེ་སྲང་ལམ་མ་རེད། རིག་གཞུང་མང་པོའི་ནང་། ཁོང་ཚོར་ས་ཁྲ་མེད་པ་སོང་ཙང་། ཐ་ན་ང་ཚོས་དེ་ལ་མཐའ་གཅིག་ཏུ་ཡིན་ཤག་བྱས་ནའང་། ལོགས་སུ་ཡོད་པའི་གདོད་མའི་རུས་སྡེ་འགའ་ཞིག་ནས་མི་ཞིག་ལ་ས་ཁྲའི་གོ་དོན་དེ་འགྲེལ་བརྗོད་བྱ་རྒྱུ་དཀའ་ལས་ཁག་པོ་ཡོད་སྲིད། སྲང་ལམ་གྱི་ས་ཁྲ་དེ་ཕན་ཐོགས་ཆེན་པོ་ཡོད། གང་ཡིན་ཞེ་ན། དེ་ནི་གྲོང་ཁྱེར་ཞིག་གི་སྲང་ལམ་གྱི་བཀོད་པ་ལ་གོ་གི་ཡོད། ཡིན་ནའང་ས་ཁྲ་དེ་སྲང་ལམ་མ་རེད། དེ་ནི་ཁ་དོག་དང་བོངས་ཚད་སོགས་གཅིག་པ་མ་རེད། དེ་ནི་ང་ཚོས་བེད་སྤྱོད་བྱེད་པའི་དགོ་དོན་དང་སྐད་ཡིག་དེ་བཞིན་སྡེ་ཚན་དག་དང་གཅིག་པ་རེད། དེ་དག་ནི་ཤིན་ཏུ་ཕྲ་བའི་གནད་དོན་ཁག་རེད།
འབྲེལ་བ་དམ་པོ། ང་ཟེར་བ་དེ་སྡེ་ཚན་གྱི་ནང་འཇོག་པ།
འདི་དག་ཐམས་ཅད་ཀྱི་འབྲེལ་བ་མ་ཤོར་བ་བྱ་རྒྱུ་གལ་ཆེན་པོ་རེད། དེ་ནི་གཙོ་བོ་ང་ཚོས་ང་ཟེར་བ་འདི་རྒྱལ་ཁ་ཐོབ་མཁན་དང་ཕམ་མཁན། ལམ་ལྷོང་ལྡན་པ་དང་ལམ་ལྷོང་མི་ལྡན་པ་སོགས་ཀྱི་སྡེ་ཚན་བྱེ་བྲག་ཅིག་གི་ནང་བླུགས་པ་དེ་རེད། དེ་དག་ནི་སྡེ་ཚན་ཙམ་རེད། ཀུན་རྫོབ་ལྟར་བྱས་ན། མི་གཅིག་གིས་རྒྱུག་རྩལ་འགྲན་སྡུར་དེ་ཐོབ་ཀྱི་ཡོད་པ་དང་གཞན་དེ་ཤོར་གྱི་ཡོད། “ཁྱེད་ལ་ལས་ཀའི་གོ་གནས་སྤར་སོང་། ང་ལ་སྤར་མ་སོང་། ངའི་ཟླ་རོགས་ད་ལྟ་ཁྱེད་དང་མཉམ་དུ་ཡོད། ང་དང་མཉམ་དུ་མེད་” ཟེར་བ་ལྟ་བུ་ནི་བདེན་པ་རེད། ཀུན་རྫོབ་ཀྱི་དབང་དུ་འདི་ནི་བདེན་པ་ཡིན་པ་དང་གནས་སྟངས་དངོས་དེ་འགྲེལ་བརྗོད་བྱེད་ཀྱི་ཡོད་སྲིད། འོན་ཀྱང་དེས་གནས་སྟངས་འགྲེལ་བརྗོད་བྱེད་པ་ཁོ་ན་རེད། དེས་ང་ཚོ་སུ་འདྲ་ཞིག་ཀྱང་ཐོབ་མཁན་དང་ཕམ་མཁན་ཟེར་བའི་རྡོག་རྡོག་ཚུགས་ཐུབ་ཀྱི་སྡེ་ཚན་ནང་ཡོད་ཅེས་བརྗོད་ཀྱི་མེད། དེ་དག་གི་སྒང་ལ་ “ཁྱེད་ལ་འདི་འོས་འབབ་མེད་” ཅེས་པའི་དོན་ཡང་མ་རེད།
དེ་དག་ཐམས་ཅད་སེམས་ནང་ངེས་ནས་ང་ཚོས་དེ་བདེན་པ་ཡིན་པ་དངོས་གནས་ཤེས་རྟོགས་བྱུང་ན། ང་ཚོའི་གནས་སྟངས་ལ་ཡོད་པའི་སེམས་ཚོར་གྱི་ཡ་ལན་དེ་རྦད་དེ་མི་འདྲ་བ་ཆགས་ཀྱི་ཡོད། ང་ཚོར་རྣམ་དཔྱོད་རིག་པ་དང་སེམས་ཚོར་གྱི་གོ་རྟོགས་དབར་ལ་ཐིག་མཚམས་ཆེན་པོ་ཞིག་མེད། དེ་ཡང་སྡེ་ཚན་ཞིག་རེད། ང་ཚོས་དངོས་གནས་གནད་དོན་ཞིག་རྟོགས་པའི་སྐབས། དེ་ཚོར་གྱི་རེད། ང་ཚོས་གནད་དོན་ལ་ལྟ་སྟངས་གཅིག་ནས་གཞན་དུ་ཁ་སྒྱུར་གྱི་མ་རེད། གོ་རྟོགས་ཀྱིས་དངོས་གནས་དྲང་གནས་ང་ཚོའི་སེམས་ཚོར་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད།
(སྒོམ་གྱི་བར་མཚམས།)
དྲི་བ་གཞན་ཁག
རྟོག་པའི་འཆར་སྒོ་ལས་འདས་ནས་འགྲོ་ཚུལ།
དངོས་པོ་དེ་ག་རང་དང་རྟོག་པ་གཉིས་ཀྱི་དབར་ལ་ཁྱད་པར་གང་ཡོད་དམ། སྣང་བ་དེ་ངས་སྐྲུན་བཞིན་པའི་རྟོག་པའི་འཆར་སྒོ་དང་འབྲེལ་བ་ཡོད་པ་དང་། ངས་དུས་ནས་དུས་སུ་རྟོག་འཆར་ཡག་ག་སྐྲུན་སྲིད་པའི་སྐབས། རྟོག་འཆར་ལས་འདས་པའི་ཡུལ་དེ་ག་རང་གི་ཐོག་ལ་སླེབ་པའི་ཐབས་ཤིག་ཡོད་དམ།
འདི་དྲི་བ་ཡག་པོ་ཞིག་རེད་ལ། ང་ཚོ་ནུབ་ཕྱོགས་པའི་ལྟ་གྲུབ་ཀྱི་ནང་དུའང་ “དེ་ག་རང་གི་ནང་ཡོད་པའི་གནད་དོན་” ཞེས་པའི་དཀའ་ངལ་ཞིག་རེད། རྟོག་པ་དང་སྡེ་ཚན་ལ་གཞིགས་ན། འགའ་ཞིག་ནི་གཞན་དག་ལས་འཕྱུགས་མེད་ཏག་ཏག་ཡོད་པ་དང་འགའ་ཞིག་ནི་མཐའ་གཅིག་ཏུ་འཕྱུགས་པ་དེ་འདྲ་ཡོད་ངེས་རེད། འཕྱུགས་མེད་འཁྲུལ་བྲལ་དུ་ཐག་གཅོད་པར་ཚད་འཛིན་ཆ་རྐྱེན་མི་འདྲ་བ་ཡོད། འོན་ཀྱང་ཚད་མའི་སྐོར་གྱི་གྲོས་བསྡུར་རྒྱ་ཆེན་པོ་ཞིག་རེད།
གལ་ཏེ་ངས་ནང་པའི་འགྲོ་ལུགས་ལྟར་དྲི་བ་བཟོས་ན། དེ་ནི་ང་ཚོས་ཡུལ་དེ་གའི་ནང་གནད་དོན་དེ་རྙེད་ཐུབ་ངེས་དང་རྟོག་པ་དེ་ལས་འདས་ནས་འགྲོ་གི་ཡོད་མེད་དེ་རེད། དྲི་བ་འདི་ནི་ནང་པའི་ལྟ་གྲུབ་ཀྱི་ནང་ཧ་ཅང་དོ་གལ་ཆེན་པོའི་སྒོ་ནས་བལྟས་ཡོད་པ་དང་། དེའི་ཐད་ང་ཚོས་འགྲེལ་བརྗོད་ཀྱི་རིམ་པ་མི་འདྲ་བ་མང་པོ་མཇལ་རྒྱུ་ཡོད། འགྲེལ་བརྗོད་གཏིང་ཟབ་ཤོས་དང་རྒྱས་སྤྲོས་ཆེ་ཤོས། དེ་བཞིན་ཕྲ་ཤོས་ཀྱི་སྐོར་ལ་ཐད་ཀར་མཆོང་རྒྱུ་དེ་དཀའ་ལས་ཁག་པོ་ཡོད། བྱས་ཙང་། ང་ཚོས་དེའི་སྐོར་ལ་རིམ་པ་བཞིན་དུ་འཇུག་ཆོག །འདི་ལ་ལོ་ངོ་ཧ་ཅང་མང་པོ་འགོར་གྱི་ཡོད། སྟོང་པ་ཉིད་ཀྱི་གནད་དོན་ཡོངས་སུ་རྫོགས་པ་ནི། དོན་དམ་གྱི་དབང་དུ་བྱས་ན། ཆོས་གང་ཞིག་མཐར་ཐུག་རྙེད་དུ་ཡོད་དང་མེད་ཀྱི་གནད་དོན་དང་འབྲེལ་བ་བྱེད་སྟངས་ཤིག་རེད།
དེ་དང་བསྟུན་ཏེ་དྲི་བ་དེར་ལན་ལས་སླ་པོ་ཞིག་མེད། ཆོས་གང་ཞིག་ཡོད་པ་དེ་གང་གིས་སྒྲུབ་བམ། ནང་ཆོས་ཀྱི་ནང་། “ཡོད་པའམ་གྲུབ་པ་” ཞེས་པའི་ཚིག་འདི་ “ཚད་མའི་སྒོ་ནས་ཤེས་རུང་ཡིན་པའམ་ཚད་མས་དམིགས་པ་” ཞིག་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད། ངའི་ཉལ་ཁྲིའི་འོག་ཏུ་ཆ་ཚད་ལྔ་པའི་ཁམས་ནས་འོང་བའི་བཙན་འཛུལ་བྱེད་པོ་ཞིག་ཡོད་པ་ངས་བསམ་སྲིད་ནའང་། དེ་ནི་མི་སྲིད་པ་རེད་ལ་ཚད་ལྡན་གྱི་བསམ་བློ་ཞིག་མ་རེད། དེ་ཡོད་ཅེས་ང་ཚོས་ག་ཚོད་བསམ་བློ་གཏོང་བ་ཡིན་ནའང་དེར་མེད། ཚད་མས་དམིགས་པའམ་ཚད་མའི་སྒོ་ནས་ཤེས་རུང་ཡིན་པ་ཞེས་པ་དེའི་གོ་དོན་གང་ཡིན་པའི་ཐད་ལ་གོ་བསྡུར་རིང་པོ་ཞིག་ཀྱང་ཡོད། གང་ལྟར་ཡང་། ངས་གཅིག་བསམ་པའི་རྒྱུ་མཚན་གྱིས་དེ་ཡོད་པ་སྒྲུབ་ཀྱི་མེད།
དེ་ལས་རྒྱས་སྤྲོས་ཉུང་བའི་འགྲེལ་བརྗོད་ཀྱིས་སྡེ་ཚན་དེ་དག་དང་ཀུན་རྫོབ་ཀྱི་སྐོར་ཆ་ཚང་ངོས་ལེན་བྱེད་ཀྱི་ཡོད། དེ་ལྟ་ནའང་། ཚིག་དང་དོན་གྱིས་གོ་བར་བྱེད་པའི་རྙེད་དུ་ཡོད་པའི་ཡུལ་ཞིག་ཡོད་ཅེས་བརྗོད་ཀྱི་ཡོད། གལ་ཏེ་རྙེད་དུ་ཡོད་ན། དེ་ཡོད་པ་སྒྲུབ་ཀྱི་ཡོད། ང་ཚོས་མེ་ཏོག་ཅེས་བརྗོད་པའི་སྐབས། རེད། དེ་ནི་སྡེ་ཚན་དང་ཀུན་རྫོབ་ཅིག་རེད། ཡིན་ནའང་ས་ནས་སྐྱེས་པའི་མེ་ཏོག་ནི་རང་ངོས་ནས་སྐྱེས་ཡོད་པ་རེད། དེ་ནི་ཁོང་ཚོས་དེ་ཡོད་པར་སྒྲུབ་ཀྱི་ཡོད་ཅེས་བརྗོད་ཀྱི་ཡོད། འོ་ན་གང་རྙེད་ཐུབ་ཅེ་ན། དེའི་ཆེད་དུ་ཚིག་གི་འབྲེལ་བ་དེ་རེད།
ང་ཚོས་སོ་སོའི་ཉལ་ཁྲིའི་འོག་ཏུ་བཙན་འཛུལ་བྱེད་པོ་ཞིག་རྙེད་མི་ཐུབ་པར། ཞི་མི་ཞིག་རྙེད་ཐུབ་པའི་སྟབས་བདེ་བའི་རིམ་པའི་ཐོག་ནས་སྐད་ཆ་ཤོད་ཀྱིན་མེད། ང་ཚོས་དངོས་དོན་གྱི་ཐོག་ནས་གཅིག་འཚོལ་བའི་རིམ་པ་འདིའི་སྐོར་ཇི་མ་ཇི་བཞིན་དུ་ཤོད་ཀྱིན་མེད། དེ་མིན་ང་ཚོས་ནམ་ཡང་ལྡེ་མིག་གམ་ཡང་ན་ནང་དུ་འགྲོ་སའི་ལམ་དེ་རྙེད་ངེས་མ་རེད།
ང་ཚོས་ཉལ་ཁྲིའི་འོག་ཏུ་ཡོད་པའི་ཞི་མི་དེ་དངོས་གནས་དེར་ཡོད་པར་སྒྲུབ་པའི་ཡུལ་དེ་ག་རང་གི་སྟེང་ལ་མཚན་ཉིད་དེ་རྙེད་དུ་ཡོད་དམ་མེད་བརྟག་དཔྱད་བྱེད་དགོས། རྔ་མ་རིང་པོ་ཡོད་པ་དང་དེ་ལ་བརྩེ་བའི་སྒོ་ནས་བྱིལ་བྱིལ་བྱེད་པའི་སྐབས་སྒྲ་དམིགས་བསལ་ཅན་ཞིག་སྦྱིན་པ་སོགས་ཡོད། མཚན་ཉིད་དེ་གང་དུ་ཡོད་དམ། ངས་དེ་རྙེད་ཐུབ་བམ། དེ་ཁང་ཆུང་འདིའི་ནང་དུ་ཡོད་དམ་ཡང་ན་དེའི་ནང་དུ་ཡོད། དེ་རྔ་མའི་ནང་ཡོད་དམ། ཡང་ན་སྦར་མོའི་ནང་ཡོད་དམ། དེ་གང་དུ་ཡོད་དམ། ཁྱེད་ཀྱིས་དེ་ལྟར་གཏིང་ཇེ་ཟབ་དང་ཐག་ཇེ་ཉེ་བལྟ་བའི་སྐབས། ཐ་ན་ཕྲ་མཐོང་ཆེ་ཤེལ་བརྒྱུད་ནས་བལྟས་ནའང་། ཁྱེད་ཀྱིས་ཞི་མི་རྙེད་མི་ཐུབ་པ་དེ་ཤེས་ཀྱི་རེད།
ཞི་མི་དེ་རང་གི་ཕྱོགས་ལ་དེ་ཤེས་བྱའི་ཡུལ་ཡིན་པ་བཟོ་མཁན་ཞིག་ཡོད་དམ། དེའི་མཐའ་རུ་རྡུལ་ཕྲན་གཅིག་གི་རྒྱང་ཐག་གང་ཡིན་པ་ལས་ལོགས་སུ་ཕྱེ་བའི་ཐིག་མཚམས་ཤིག་ཡོད་དམ། ཞི་མི་མིན་པའི་སྤུ་ཡི་དབར་གྱི་སྟོང་ཆ་དེ་གང་འདྲ་རེད་དམ། དེ་ཡུལ་རྡོག་རྡོག་བཟོ་བའི་ཐིག་མཚམས་ཤིག་མཐའ་རུ་ཡོད་དམ། ཁྱེད་ཀྱིས་ཐིག་མཚམས་རྙེད་མི་ཐུབ། ཞི་མིའི་རྡུལ་ཕྲན་རྣམས་གང་དུ་མཇུག་རྫོགས་ཀྱི་ཡོད་པ་དང་། དེའི་རྗེས་ཀྱི་རླུང་གི་རྡུལ་ཕྲན་དེ་གང་ནས་འགོ་བཙུག་གི་ཡོད་དམ། ཐིག་མཚམས་མེད། རྡུལ་ཕྲན་གཉིས་ཀྱི་ནུས་པའི་གཞི་ཁ་བྲལ་གཏོང་མཁན་གྱི་ཐིག་མཚམས་དེ་གང་དུ་ཡོད་དམ། དེ་རྙེད་རུང་ཡིན་ནམ།
འདི་ནི་སྡེ་ཚན་གྱི་སྐོར་བསམ་བློ་གཏོང་བ་ལས་གཏིང་ཟབ་ཏུ་འགྲོ་གི་ཡོད། ང་ཚོས་མཚན་ཉིད་དེ་ཡུལ་གྱི་ཕྱོགས་སུ་ཡོད་པ་དང་། དེས་ཡུལ་གྱི་མཐའ་རུ་ཐིག་མཚམས་ཤིག་སྐྱེད་པར་བྱས་ཏེ། དེ་མཐའ་གཅིག་ཏུ་ཤེས་བྱའི་ཆོས་ཤིག་བཟོ་གི་ཡོད་པའི་རྟོག་འཆར་སྐྲུན་གྱི་ཡོད། ང་ཚོས་ཡུལ་གྱི་ངོས་ནས་དེ་སྡེ་ཚན་གང་གི་ནང་དུ་བླུགས་ནའང་། དེ་ནི་སོ་སོ་བ་དང་ཤེས་བྱའི་ཆོས་ཤིག་བཟོ་གི་ཡོད་པའི་རྟོག་འཆར་སྐྲུན་གྱི་ཡོད། དེ་དག་ཐམས་ཅད་ནི་སེམས་ཀྱིས་བཀོད་སྒྲིག་བྱས་པ་ཞིག་རེད། ང་ཚོས་ཞི་མི་དང་བཙན་འཛུལ་བྱེད་པོ་ལྟ་བུའི་རྟོག་པ་དེ་ཤེས་པའི་སྐབས། དེ་ཡོངས་སུ་རྫོགས་པ་རྟོགས་ཡོད་ཅེས་བསམ་མི་ཉན། དེ་ནི་འདི་ལས་གཏིང་ཟབ་ཏུ་འགྲོ་གི་ཡོད། ཤེས་བྱའི་ཆོས་ལ་གཏིང་ཟབ་པའི་སྡེ་ཚན་ཞིག་ཡོད། ང་ཚོས་ཆོས་ཤིག་རྙེད་མི་ཐུབ། ཆོས་གང་ཡིན་རུང་མཐའ་སྐོར་དུ་ཐིག་མཚམས་ཤིག་ཡོད་པའི་ཤེས་བྱའི་ཆོས་སུ་སྐྲུན་མཁན་ཞིག་ནི་དེར་གང་ཡང་མེད།
ཀུན་རྫོབ་ཀྱིས་ཡུལ་དེ་རྙེད་དུ་ཡོད་པ་སྒྲུབ་ཀྱི་མེད།
ང་ཚོས་ཞི་མིའི་སྤུ་ཡི་ཚད་འཇལ་མི་ཐུབ་པ་ཡིན་ནམ།
དེ་ཡང་ཀུན་རྫོབ་ཅིག་ཡིན་པ་དང་། དེ་ལ་ང་ཚོས་ “ཨང་ཀི་འདི་སྒང་ལ་འདི་ཡོད་པ་དང་ཨང་ཀིའི་འོག་ཏུ་དེ་ཡོད་” བརྗོད་ཀྱིན་ཡོད། དེ་དག་ཐམས་ཅད་ནི་ཀུན་རྫོབ་རེད། ང་ཚོས་ཚང་མ་མཉམ་བསྲེས་ཀྱི་ཐུག་པ་ཞིག་རེད་ཅེས་ཀྱང་བརྗོད་ཀྱིན་མེད། དེ་ནི་མཐའ་གཞན་དེ་རེད། ང་ཚོས་ནམ་རྒྱུན་བསམ་པའི་མཐའ་དེ་ནི། དེ་ནི་ཀུན་རྫོབ་མིན་པའི་ཡུལ་གྱི་ངོས་ལ་རང་བཞིན་ལྷན་སྐྱེས་སུ་རྙེད་དུ་ཡོད་པ་དེ་རེད། ཞི་མིའི་སྤུའི་མཐུག་ལོད་ལ་གཞི་བྱས་ཏེ། ཞི་མི་དེ་གང་དུ་མཇུག་རྫོགས་ཀྱི་ཡོད་པའི་སྡེ་ཚན་སྐྲུན་པ་དེ་ནི་སླར་ཡང་ཨང་གྲངས་ཀྱི་སྐོར་ཤོད་ཀྱིན་ཡོད། འོན་ཀྱང་ཐིག་མཚམས་དེ་གང་ན་ཡོད་དམ། དེ་ནི་ད་དུང་ཡང་ཀུན་རྫོབ་ཅིག་རེད། ཡིན་ནའང་ང་ཚོས་ཀུན་རྫོབ་ཀྱིས་བྱ་བ་བྱེད་ཀྱི་ཡོད་པར་ཁས་ལེན་མི་བྱེད་པ་མིན།
ཆོས་གང་ཞིག་རྙེད་དུ་ཡོད་པ་ཡིན་ན། དེ་ཡོད་པ་སྒྲུབ་ཀྱི་མེད། དེ་ནི་ང་ཡོད་པ་དེ་གང་གིས་སྒྲུབ་ཅེ་ན། དེ་ནི་ང་ཆ་ཚད་ལྔ་པའི་ཁམས་སུ་འགྲོ་ཐུབ་ཅེས་ཟེར་བ་ནི་ཆོ་མེད་པའི་རྒྱུ་མཚན་ཞིག་རེད། ཐོག་མར་ཆ་ཚད་ལྔ་པ་ནི་རྙེད་དུ་ཡོད་པའི་ས་ཆ་ལྟར་མེད་པས། ཁྱེད་རང་དེར་ཇི་ལྟར་འགྲོ་ཐུབ་བམ། ང་ཚོས་དེ་འདྲ་ཞིག་རྙེད་མི་ཐུབ། མཐར་ང་ཚོས་ཡུལ་གྱི་ངོས་ལ་ཡོད་པའི་རྙེད་དུ་རུང་བ་གང་ཡིན་རུང་དེ་ཡོད་པ་སྒྲུབ་ཅེས་བརྗོད་མི་ཐུབ། ང་ཚོས་ག་རེ་བརྗོད་ཐུབ་ཅེ་ན། ང་ཚོར་ཀུན་རྫོབ་ཙམ་ཡོད་པ་རེད། དེ་ཡང་ང་ཚོར་ཞི་མི་ཞིག་ཡོད་པ་དང་ཞི་མི་དེ་དང་ཁྱི་ཞིག་གི་དབར་གྱི་ཀུན་རྫོབ་ཀྱི་ཐིག་མཚམས་དེ་ནི་འདི་འདྲ་དང་དེ་འདྲ་རེད་ཟེར་བ་ལྟ་བུ་རེད། དེ་ལ་བརྟེན་ནས་འདོད་བློ་ཚིམས་དགོས། གང་ཡིན་ཞེ་ན། འདི་ལ་གཞི་རྩ་བྱས་ནས་ཚང་མས་བྱ་བ་བྱེད་ཀྱི་ཡོད། འདི་ནི་སྟོང་པ་ཉིད་ཟེར་བ་དེ་གང་ཡིན་པའི་སྐོར་དེ་རེད། རྙེད་དུ་ཡོད་པ་ནི་མི་སྲིད་པ་རེད། མཐར་གཏུགས་ན་ཡུལ་རང་ངོས་ནས་གཅིག་ཡོད་པར་སྒྲུབ་པ་དང་སྒོ་བསྟུན་ཏེ་ང་ཚོས་གཏམ་བཤད་བྱེད་མི་ཐུབ། འདི་ནི་སྟོང་པ་ཉིད་རེད།
ཞི་མི་ནི་ཀུན་རྫོབ་ཡིན་པ་དང་དེ་ནི་ཉལ་ཁྲིའི་འོག་ཏུ་ཡོད་པ་དེ་ལ་གོ་བ་ཡིན། འོན་ཀྱང་ང་ཚོས་དེ་གང་དུ་རྙེད་ཐུབ་བམ། ང་ཚོས་རྙེད་མི་ཐུབ། དེ་ནི་རྡུལ་ཕྲན་འདི་དང་སྐྱེ་ལྡན་ཕྲ་ཕུང་ཕ་གིའི་ནང་ཡོད་དམ། གང་ལྟར་ང་ཚོས་དེ་རྙེད་མི་ཐུབ།
“ང་” ཟེར་བ་དེ་ལའང་གཅིག་པ་རེད། ང་ཚོས་ “ངའི་ལས་ཀ་ཤོར་སོང་” ཞེས་ཤོད་ཀྱི་ཡོད། དེ་ནི་དོན་དག་ཅིག་ལ་གོ་གི་ཡོད་པ་གསལ་པོ་རེད། ཡིན་ནའང་ “ང་” ཟེར་བའི་ཕྱོགས་སུ་རྙེད་དུ་རུང་བའི་རང་དབང་གིས་རང་ཉིད་ཕམ་མཁན་དེ་འདྲ་གང་ཡང་མེད། ང་ཚོ་ལ་ཕམ་ཁ་ཤོར་མཁན་ཟེར་བའི་རང་བཞིན་ལྷན་སྐྱེས་སུ་ཡོད་པ་དེ་འདྲ་གང་ཡང་མེད། བྱས་ཙང་། ང་ཟེར་བ་འདི་རྟོག་པ་ཙམ་ཞིག་རེད་དམ། ང་ཚོས་འདིའི་སྐོར་ལ་ལེ་ཚན་རྗེས་མའི་ནང་རྒྱས་པ་ཞུ་རྒྱུ་ཡིན། ཞི་མི་ནི་རྟོག་པ་ཙམ་ཞིག་མིན། གང་ཡིན་ཞེ་ན། ང་ཚོའི་སེམས་ནང་གང་ཡོད་པ་ཐམས་ཅད་འཁྲུལ་སྣང་ཙམ་ཞིག་མིན། སྐད་ཡིག་ནི་མགོ་རྙོག་པོ་ཞིག་ཡིན་སྲིད་པས། ང་ཚོས་གཟབ་ནན་བྱེད་དགོས། མཐར་ང་ཚོ་སྐད་ཡིག་ལས་འདས་ཏེ་འགྲོ་དགོས་ཀྱི་ཡོད། གང་ཡིན་ཞེ་ན། དེས་ང་ཚོར་བསམ་བློ་ནོར་བ་སྦྱིན་གྱི་ཡོད། ཡིན་ནའང་ད་ལྟ་ང་ཚོས་འདི་ལ་འབད་བརྩོན་བྱེད་དགོས་ཤིང་། ཡར་རྒྱས་གཏོང་དགོས། དེ་མིན་ང་ཚོས་ཕན་ཚུན་འབྲེལ་བ་བྱེད་མི་ཐུབ།།