སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་ཆོས་ཚུལ་ལ་བསྐྱར་ཞིབ།
ང་ཚོས་ལམ་རིམ་བརྒྱུད་ནས་བཟང་ཕྱོགས་ཀྱི་ལམ་ནས་བདག་ཡར་རྒྱས་ཇི་ལྟར་གཏོང་བའི་ཚུལ་ལ་གོ་བསྡུར་བྱས་དང་བྱེད་མུས་རེད། ང་ཚོས་ཀུན་རྫོབ་ཀྱི་བདག་ཅིག་ཡོད་པ་དང་དེ་ཡང་སྐད་ཅིག་རེ་རེའི་ནང་གང་ཞིག་ཉམས་སུ་མྱོང་བཞིན་པར་གཞི་ལ་བཞག་པའི་སྒོ་ནས་བཏགས་པའི་ཆོས་ལྟ་བུ་ཞིག་ཏུ་སྐད་ཅིག་ནས་སྐད་ཅིག་ཏུ་གྲུབ་ཡོད་པར་ཐག་བཅད་ཡོད། “བདག་” ཅེས་པའི་སྐོར་ལ་བསམ་བློ་གཏོང་བར། དེ་ནི་ཐ་ན་ “ང་” ཞེས་པའི་ཚིག་གི་སེམས་ཀྱི་སྐད་སྒྲ་ཙམ་ཡིན་ནའང་། སྐད་ཅིག་དེ་ལས་ “བདག་” དེ་མཚོན་པར་བྱེད་མཁན་ཞིག་ང་ཚོའི་བསམ་བློའི་ནང་ཤར་དགོས། དེའི་སྟེང་ལ་ང་ཚོས་ཚུལ་བཅས་དང་ཚུལ་མིན་ཡིད་བྱེད་ཀྱི་སྒོ་ནས་ང་ཚོ་ཇི་ལྟར་གྲུབ་ཡོད་པ་དེ་ཤེས་ཐུབ། ཀུན་རྫོབ་ཀྱི་བདག་དེ་ཚུལ་བཞིན་མ་ཡིན་པ་དང་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པར་བསམ་པའི་སྐབས། ང་ཚོས་ “བདག་” རྫུས་མའི་སྐོར་བསམ་བཞིན་ཡོད། འདི་ནི་དགག་བྱར་གྱུར་བའི་ “བདག་” དེ་རེད། ང་ཚོའི་མི་ཚེའི་ནང་གི་གནས་སྟངས་ལ་གདོང་ལེན་དང་། མི་ཚེའི་སྤུས་ཚད་གོང་མཐོར་གཏོང་ཐབས། སྡུག་བསྔལ་དང་དཀའ་ངལ་རྣམས་ལས་ཐར་ཐབས་སོགས་གང་ཞིག་བྱེད་ནའང་། ང་ཚོར་ཀུན་རྫོབ་ཀྱི་ “བདག་” བཟང་པོའི་འདུ་ཤེས་ཅན་ཞིག་དགོས། “བདག་” བཟང་པོའི་འདུ་ཤེས་ཅན་འདི་མེད་པར། ང་ཚོས་གང་ཉམས་སུ་མྱོང་བ་ལ་གཟབ་ནན་བྱེད་ངེས་མིན་པའམ། ཡང་ན་སོ་སོའི་མི་ཚེར་གཅེས་སྐྱོང་དང་གཟབ་ནན་གྱིས་འབད་བརྩོན་གང་ཡང་བྱེད་ངེས་མིན།
ལམ་རིམ་པས་འགྲིམས་ནས་ཡར་རྒྱས་ཕྱིན་ཏེ་གོ་རྟོགས་དང་ནང་གི་རྟོགས་པ་གོང་འཕེལ་དུ་འགྲོ་བ་དེ་ནི་ང་ཚོར་ཡོད་པའི་མི་ལུས་རིན་ཆེན་ལ་ཡི་རང་བྱེད་པ་ནས་འགོ་བཙུག་གི་ཡོད། ང་ཚོས་སོ་སོའི་རང་དབང་ངམ་མ་མཐར་ཡང་གནས་སྐབས་རིང་སོ་སོའི་མི་ཚེའི་ནང་དགེ་བའི་ལས་གང་ཡང་བྱེད་པར་འགོག་རྐྱེན་བྱེད་ངེས་པའི་ངན་སོང་གི་གནས་ལས་ཐར་པའམ་དལ་བ་ལ་ཡི་རང་བྱེད་འགོ་བཙུག་གི་ཡོད། དེ་ནས་ང་ཚོས་མི་ཚེ་འདིའི་ནང་དགེ་བའི་ལས་བྱེད་པའི་གོ་སྐབས་དང་འབྱོར་བས་ཇི་ལྟར་ཕྱུག་པ་དེ་རྟོགས་ཀྱི་ཡོད། ང་ཚོས་སོ་སོར་ཡོད་པའི་གནས་སྟངས་ལ་ཡི་རང་བྱེད་པའི་སྐབས། དེས་རང་གིས་རང་ལ་བཟང་ཕྱོགས་དགེ་བའི་བསམ་བློ་ཤུགས་ཆེ་བ་གཏོང་ཐུབ་པ་དང་གོ་སྐབས་བཟང་པོ་འདི་ལས་ཁེ་བཟང་ལེན་འདོད་སྐྱེ་བར་བྱེད་ཀྱི་ཡོད། “ང་རང་ཐབས་སྐྱོ་བ་ལ་” ཞེས་བསམས་ནས་རང་གིས་རང་ལ་སོ་སོའི་མི་ཚེའི་ནང་གི་གནས་སྟངས་ལ་སྡུག་སྐད་རྒྱག་རྒྱུའི་ཚབ་ལ་སོ་སོར་གང་ཡོད་པ་དང་གང་ཐོབ་པར་བཀའ་དྲིན་དྲན་ཤེས་ཅན་བྱ་དགོས། ཕྱོགས་གཞན་ཞིག་ནས་ང་ཚོས་བཟང་ཕྱོགས་དང་ལེགས་པའི་ཆ་ལ་དམིགས་པ་གཏད་དགོས་པ་ལས་ངན་པ་དང་མི་དགེ་བའི་རྣམ་པར་དམིགས་རྒྱུ་མེད། འོན་ཀྱང་། ང་ཚོས་མི་ཚེའི་ནང་སྐྱོན་དང་མི་འདང་བའི་ཆ་ཡོད་པར་ཁས་ལེན་མི་བྱེད་པ་དེ་འདྲ་མིན། ང་ཚོ་ཚང་མར་སྐྱོན་གྱི་ཆ་རྣམས་ཡོད། ཡིན་ནའང་། སྐྱོན་ཆ་དེ་དག་ལ་སྡུག་སྐད་རྒྱག་པའམ་རྙོག་ཁྲ་བཤད་ནས་དེ་རང་གི་སྒང་ལ་སེམས་གཏད་པས་ཕན་ཐོགས་མེད།
འདིའི་རྩ་བའི་ལམ་སྟོན་ནི་དགེ་བའི་བཤེས་གཉེན་ཞིག་ལ་བཟང་ཕྱོགས་ཀྱི་འབྲེལ་བ་ཇི་ལྟར་བྱེད་པ་ལས་འབྱུང་གི་ཡོད། ང་ཚོའི་མི་ཚེའི་ནང་གི་གནས་སྟངས་ཚང་མ་གྲ་འགྲིག་པ་དང་ཡང་དག་པ་མིན་པ་ནང་བཞིན་བླ་མའམ་དགེ་བའི་བཤེས་གཉེན་སུ་གཅིག་ཀྱང་ཡང་དག་པ་དང་སྐྱོན་བྲལ་མིན། དེ་རྟོགས་པའི་སྒོ་ནས་ང་ཚོས་དགེ་བའི་བཤེས་གཉེན་གྱི་སྐྱོན་ལ་ངོས་ལེན་མི་བྱེད་པ་བྱེད་ཀྱི་མེད་ནའང་། དེ་དག་ལ་དམིགས་པ་གཏད་པས་ཕན་ཐོགས་གང་ཡང་མེད། དེའི་ཚབ་ལ་ང་ཚོས་ཁྱད་ཆོས་བཟང་པོའམ་ཡོན་ཏན་ལ་བལྟ་དགོས། གང་ཡིན་ཞེ་ན། ཁྱད་ཆོས་བཟང་པོ་དག་ལ་བརྟེན་ནས་ང་ཚོ་སེམས་འགུལ་ཐེབ་ཀྱི་ཡོད། དེ་དང་མཚུངས་པར་ང་ཚོས་མི་ལུས་རིན་ཆེན་འདི་ལ་བརྟེན་ནས་སོ་སོའི་མི་ཚེའི་ནང་གི་གནས་སྟངས་ཀྱི་ཁྱད་ཆོས་བཟང་པོ་རྣམས་ལ་ལྟ་བའི་སྐབས། སོ་སོ་རང་ཉིད་ཀྱི་ཐད་ལ་བཟང་ཕྱོགས་ཀྱི་བསམ་བློ་མང་བ་གཏོང་བར་སེམས་སྐུལ་བྱེད་པ་དང་ང་ཚོས་གང་དགའ་བདེ་མྱོང་བའི་ཁེ་ཕན་ཡག་ཤོས་དེ་བླང་གི་ཡོད།
ད་ལྟ་ང་ཚོར་མི་ལུས་རིན་ཆེན་འདི་ཐོབ་པའི་གནས་སྟངས་ཤིག་གི་ནང་ཡོད་ནའང་། འདི་ནི་ཡུན་དུ་མི་གནས་པ་དེའང་རྟོགས་དགོས། འཆི་བ་ནི་ཡོང་ངེས་པས། དེ་མ་ཡོང་སྔོན་ལ་གལ་ཏེ་ང་ཚོར་ཡུན་རིང་གནས་པ་དང་། རྒས་འཁོགས་ཆགས་པ། ན་བ་སོགས་བྱུང་ན། དེ་རྟོགས་པ་དང་སོ་སོ་རང་ཉིད་ལ་ཚོར་བ་འདྲེན་ནུས་ཀྱི་བརྩེ་བ་ཞིག་ཡོད་པ་སོང་ཙང་། རང་ཉིད་དངོས་གནས་བདེ་སྐྱིད་འདོད་ཀྱི་ཡོད། དེ་ལྟར་ང་ཚོ་འཆི་བའི་སྐབས། བདེ་སྐྱིད་དེ་ཟད་པར་མི་འདོད་པར། དེ་མུ་མཐུད་ནས་གནས་ན་བསམ་པའི་འདོད་པ་དེ་ཡོད། གང་ཡིན་ཞེ་ན། ང་ཚོས་དྲན་ཤེས་ལྡན་པའི་སྒོ་ནས་སྐྱེ་བ་ཕྱི་མར་ཡིད་ཆེས་པའམ། ཡང་ན་ང་ཚོར་དད་པའི་ལམ་ལུགས་གང་འདྲ་ཞིག་ཡོད་སྲིད་མིན་ལ་མི་ལྟོས་པར། ཐ་ན་དེ་ནི་ “ད་ང་ཤི་བ་རེད་” ཅེས་པ་ལ་གཞིགས་ནས་ཡིན་ནའང་། ང་ཚོས་ད་དུང་མུ་མཐུད་དེ་ཡུན་དུ་འགྲོ་རྒྱུ་ཡིན་པར་བསམ་གྱི་ཡོད། འདིའི་དོན་ནི་ང་ཚོ་ནི་གཏན་དུ་ཤི་བ་དང་གཏན་དུ་ཤི་བའམ་ཡང་ན་གང་ཡང་ “མིན་པ་ཆེན་པོ་” ཞིག་ཉམས་སུ་མྱོང་མཁན་གྱི་ “བདག་” ཅིག་ཡོད་པ་རེད། ཡིན་ནའང་། ཐ་ན་གང་ཡང་མིན་པ་ཆེན་པོ་དེའི་ནང་དུ་ང་ཚོར་ད་དུང་ཡང་བདེ་སྐྱིད་འདོད་ངེས་ཡིན་པ་གསལ་པོ་རེད།
ང་ཚོར་སྡུག་བསྔལ་མི་འདོད་པ་ཡིན། དེའི་དོན་ནི་ང་ཚོར་སྐྱེ་བ་ཕྱི་མར་ངན་སོང་གི་གནས་སུ་སྐྱེ་འདོད་མེད་པ་རེད། ང་ཚོའི་མི་ལུས་རིན་ཆེན་འདི་གནས་པའི་རིང་ལ་ཁེ་ཕན་ལེན་ཐབས་ཡག་ཤོས་ནི་ང་ཚོར་མ་འོངས་པར་མུ་མཐུད་ནས་བདེ་སྐྱིད་ལྡན་པ་ཞིག་ཡོང་མིན་ལ་ངེས་བརྟན་བཟོ་རྒྱུ་དེ་རེད། ང་ཚོས་རང་གིས་རང་ལ་གཅེས་སྐྱོང་བྱེད་འགོ་ཚུགས་པ་དང་དེ་ཡང་ད་ལྟ་ད་ལྟ་ཙམ་མིན་པར། མ་འོངས་པའི་མི་ཚེའི་ནང་དུའང་བསམ་བློ་གཏོང་གི་ཡོད། སྐྱེ་བ་ཕྱི་མར་བསམ་ཞིབ་བྱེད་པའི་སྒོ་ནས་ང་ཚོས་རང་གིས་རང་ལའང་གཟབ་ནན་བྱེད་པའི་ཐད་ལ་ཧ་ཅང་དགེ་བ་དང་ལྡན་ཞིང་བཟང་ཕྱོགས་ཀྱི་བློའི་ཁྱེར་སོ་ཞིག་མོས་འདེམས་བྱེད་ཀྱི་ཡོད། དོན་ངོ་མར་ང་ཚོས་གོང་འཕེལ་གཏོང་ཐུབ་པའི་བསམ་ཕྱོགས་ཕན་ཐོགས་ཆེ་ཤོས་དེ་ནི་དཀའ་ངལ་དང་། སྡུག་བསྔལ། མི་སྐྱིད་པ་རྣམས་སྤོང་བའི་ཐབས་ལམ་འཚོལ་རྒྱུ་དེ་རེད།
དེ་དག་ཐམས་ཅད་སེམས་ནང་བཅང་པའི་སྒོ་ནས་ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་འཚོལ་གྱི་ཡོད། དེ་ནི་མ་འོངས་པའི་སྡུག་བསྔལ་རྣམས་སྤོང་བའི་ཐབས་ཤིག་རེད། གང་ཡིན་ཞེ་ན། “ང་རང་སྡུག་བསྔལ་ལ་ཞེད་སྣང་འདུག །སྡུག་བསྔལ་འདི་ངའི་མ་འོངས་པའི་ཆ་ཤས་སུ་དངོས་གནས་འདོད་ཀྱི་མི་འདུག་” ཅེས་ང་ཚོས་བསམ་གྱི་ཡོད། དེ་ལྟར་ཐག་བཅད་པའི་རྗེས་སུ་ང་ཚོས་དངོས་སུ་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་དེ་རང་གི་མི་ཚེའི་ནང་ལག་བསྟར་བྱེད་དགོས། ཁ་ཕྱོགས་དེ་ནི་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ཀྱིས་བསྟན་ཡོད་པ་དང་དོན་དམ་པའི་དབང་དུ་བྱས་ན། ཁ་ཕྱོགས་དེ་ནི་དཀའ་ངལ་རྣམས་ཀྱི་རྒྱུ་དངོས་སུ་འགོག་པ་དང་སྡུག་བསྔལ་དངོས་སུ་འགོག་པའི་འགོག་བདེན་ཐོབ་པར་བྱེད་པ་དང་། དེ་ལ་རྟོགས་པ་ཐོབ་པར་བྱེད་པར་ལམ་གྱི་བདེན་པས་དེར་འཁྲིད་པར་བྱེད་ཅིང་། དེ་ཡང་སངས་རྒྱས་རྣམས་ཀྱིས་ཆ་ཚང་བ་རྟོགས་པ་དང་འཕགས་པའི་དགེ་འདུན་རྣམས་ཀྱིས་ཕྱོགས་ཙམ་རྟོགས་ཡོད།
བསྐྱར་ཞིབ་མདོར་བསྡུས་འདིའི་སྐོར་མུ་མཐུད་ནས་འཆད་པར། ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་དེ་བསྟེན་པའི་སྐབས། ཐོག་མར་ང་ཚོས་གང་བྱ་དགོས་པ་ནི་མི་སྐྱིད་པའམ་སྡུག་བསྔལ་གྱི་རྒྱུ་རྣམས་སྤོང་དགོས་ཤིང་། དེ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་ཟེར། དེའི་དོན་ནི་སྡུག་བསྔལ་དང་ཟུག་རྔུ་རགས་པ་ཡིན་པ་ང་ཚོས་མཐོང་ཡོད། ང་ཚོས་མྱོང་སྲིད་པའི་ངན་སོང་གི་སྐྱེ་བ་དང་དེ་དག་གང་ཡང་མྱོང་འདོད་ཇི་ལྟར་མེད་པའི་ཚུལ་ལ་བསམ་པའི་སྐབས། དེ་ནི་ང་ཚོས་གང་ལ་དམིགས་པ་དེ་རེད། ཐོག་མར་ང་ཚོས་ངན་སོང་དུ་སྐྱེ་བའི་རྒྱུ་རྣམས་སྤོང་ཐབས་བྱེད་དགོས། གང་ཡིན་ཞེ་ན། ང་ཚོས་དངོས་གནས་རང་གིས་རང་ལ་བཟབ་ནན་དང་གཅེས་སྐྱོང་བྱེད་པའི་སྐབས། མ་འོངས་པའི་སྐྱེ་བ་ཕྱི་མ་དང་ང་ཚོས་གང་མྱོང་སྲིད་པ་ལ་དོ་གལ་ཆེན་པོ་བྱེད་ཀྱི་རེད།
དེར་མ་ཟད། གལ་ཏེ་ང་ཚོས་སྡུག་བསྔལ་མྱོང་བཞིན་ཡོད་ན། དེ་ནི་མི་དགེ་བའི་སྤྱོད་ལམ་གྱི་འབྲས་བུ་ཡིན་པར་རྟོགས་དགོས། ཕྱོགས་གཞན་ཞིག་ནས་གལ་ཏེ་ང་ཚོས་བདེ་བ་མྱོང་བཞིན་ཡོད་ན། དེ་ནི་དགེ་བའི་སྤྱོད་ལམ་ལ་འཇུག་པ་དང་མི་དགེ་བའི་ལས་བྱེད་སྙིང་འདོད་པ་དག་སྤོང་བའི་འབྲས་བུ་ཡིན་པ་རེད། སྡིག་པ་མི་དགེ་བའི་སྤྱོད་ལམ་རྣམས་ཀྱི་དཔེ་མཚོན་ནི། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། རྫུན་སྨྲ་བ། རང་གིས་རང་ལ་བཙན་ཤེད་ཀྱིས་གཞན་ལ་ལོག་གཡེམ་བྱེད་པ་སོགས་རེད། སྤྱོད་ཚུལ་འདི་དག་ནི་ནམ་རྒྱུན་ང་ཚོ་ཆགས་ཞེན་དང་། འདོད་རྔམ། ཁོང་ཁྲོ། གཏི་མུག་སོགས་ཉོན་མོངས་པའི་དབང་དུ་ཡོད་པའི་སྐབས་འབྱུང་གི་ཡོད། ང་ཚོས་ངང་ངམ་ཤུགས་ཀྱིས་མི་དགེ་བའི་ལས་ལ་འཇུག་པའི་རྒྱུ་བྱེད་མཁན་གྱི་ཉོན་མོངས་དེའི་རིགས་མྱོང་བའི་སྐབས། ཉོན་མོངས་ཀྱི་མཚན་ཉིད་ལ་བརྟེན་ནས་ང་ཚོས་ཉོན་མོངས་དེ་དག་ནི་ང་ཚོའི་སེམས་ཀྱི་ཞི་བདེ་མེད་པ་བཟོ་བ་དང་རང་ཚུགས་ཤོར་བར་བྱེད་པའི་སེམས་ཀྱི་གནས་བབས་ཤིག་ཡིན་པར་རྟོགས་ཐུབ། ང་ཚོ་ནི་མི་བདེ་བ་དང་གཞི་རྐང་ནས་སྐྱིད་པོ་མེད་པ་རེད། དེ་གང་ཡིན་ཞེ་ན། ང་ཚོ་རང་ཚུགས་ཤོར་བ་དང་སྟངས་འཛིན་བྱེད་མི་ཐུབ་པར་ངང་ངམ་ཤུགས་ཀྱིས་ལས་ལ་འཇུག་གི་ཡོད།
གལ་ཏེ་སེམས་དཀྲོག་རྐྱེན་ཐེབས་པ་དང་། སྐྱིད་པོ་མེད་པ། ཞི་བདེ་མེད་པའི་སེམས་ཀྱི་གནས་བབས་ཤིག་ལ་བརྟེན་ནས་མི་དགེ་བའི་ལས་བརྩམས་ན། དེ་ལ་ངའི་སྐད་སྒྱུར་བས་འདིར་ཡོང་བའི་སྐབས་ཀྱི་ལམ་བར་དུ་ང་ལ་གསུངས་པའི་དཔེ་མཚོན་དེ་བེད་སྤྱོད་བྱ་རྒྱུ་ཡིན། ང་ཚོའི་ལས་སམ་བྱ་བ་ནི་རྡོ་ཆེན་པོ་ཞིག་ཡར་བཀྱགས་ནས་ཀ་བ་ཞིག་གི་སྟེང་བ་འཇོག་པ་ལྟ་བུ་རེད། ང་ཚོས་བྱ་བ་ཞིག་བྱེད་པ་དང་དེའི་འགུལ་སྐྱོད་ཀྱི་ཤུགས་ལས་རྡོ་ཆེན་པོ་དེ་ཀ་བའི་ཏོག་ལ་འཇོག་པའི་རྡོའི་ནུས་པ་ཅན་གྱི་ཤུགས་སྐྲུན་གྱི་ཡོད། ནུས་པ་ཅན་གྱི་ཤུགས་དེར་ཡོད་པ་རེད། དེ་ཡང་ཇི་ལྟར་དངོས་ཁམས་རིག་པའི་ནང་དངོས་པོ་དང་ནུས་པའི་གཉེར་སྲུང་གི་ཁྲིམས་ལ་བརྟེན་ནས་འགུལ་སྐྱོད་ཀྱི་ཤུགས་དེ་ད་ལྟ་ནུས་པ་ཅན་གྱི་ཤུགས་ཡིན་པ་རེད། རྡོ་ཆེན་པོ་དེ་སར་ལྷུང་བའི་སྐབས། རྐྱེན་དུ་མ་ལ་བརྟེན་ནས་ཀ་བ་དེ་མར་རིལ་ནས་ནུས་པ་ཅན་གྱི་ཤུགས་དེ་སླར་ཡང་འགུལ་སྐྱོད་ཀྱི་ཤུགས་ལ་འགྱུར་བ་འགྲོ་སྲིད་པ་རེད། དེ་ས་ལ་བརྡབ་ཐུག་སྐབས་སུ་དྲོད་དམ་ཡང་ན་གཞན་གང་ཅི་ཡང་རུང་བ་སྐྲུན་གྱི་ཡོད།
དེར་བརྟེན་འགུལ་སྐྱོད་ཀྱི་ཤུགས་དེ་ལས་ཀྱི་ནུས་པ་སྨིན་ཚུལ་དང་མཐུན་པར་ད་དུང་ཡང་མི་དགེ་བའི་སྤྱོད་ལམ་གྱི་ནང་ཡོང་གི་རེད། གལ་ཏེ་ང་ཚོས་ནུས་པ་ཅན་གྱི་ཤུགས་ཀྱི་ནང་འགྲོ་བའི་འགུལ་སྐྱོད་ཀྱི་ཤུགས་ཀྱི་རྒྱུད་རིམ་འདིའི་ཁྱད་ཆོས་ཡོངས་སུ་རྫོགས་པ་ལ་བསམ་བློ་གཏོང་བ་དང་། དེ་ནས་འགུལ་སྐྱོད་ཀྱི་ཤུགས་ལ་རང་འཇགས་ཕྱིན་ན། གནས་སྟངས་འདིའི་ནང་རྒྱུད་རིམ་ཡོངས་སུ་རྫོགས་པ་མི་དགེ་བ་དང་ཉོན་མོངས་པས་ཀུན་ནས་བསླངས་པ་དང་སྡུག་བསྔལ་གྱིས་ཁེངས་ཡོད། ང་ཚོས་མི་དགེ་བའི་སྤྱོད་ལམ་གྱི་འབྲས་བུ་ཞིག་ལས་སྡུག་བསྔལ་མྱོང་གི་ཡོད་པ་དེ་ལ་གོ་བ་ཞིག་ཡོད་པ་ཤེས་འགོ་བཙུག་གི་ཡོད། གང་ཡིན་ཞེ་ན། མི་དགེ་བའི་སྤྱོད་ལམ་དེ་སེམས་སྐྱིད་པོ་མེད་པའི་གནས་བབས་ཤིག་གི་ནང་བྱས་ཡོད་པ་རེད།
གཞི་རྐང་ནས་སྐྱེས་བུ་ཆུང་ངུ་འདིའི་སྐབས་སུ་ང་ཚོས་རང་ཚུགས་ཟིན་པའམ་རང་གིས་རང་ལ་སྟངས་འཛིན་བྱ་རྒྱུར་ལག་བསྟར་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་རྫུན་བཤད་འདོད་དང་། གཞན་ལ་གནོད་སྐྱེལ་འདོད། གཞན་ལ་ཚིག་རྩུབ་རིགས་བརྗོད་འདོད་ཀྱི་དངངས་འཚབ་སོགས་མི་དགེ་བའི་སྒོ་ནས་བྱ་སྤྱོད་སྤེལ་བའི་ཚོར་བ་སྐྱེས་ན། དེ་དག་སྤོང་དགོས། གང་ཡིན་ཞེ་ན། ང་ཚོས་དེ་ལ་བརྟེན་ནས་སྡུག་བསྔལ་དང་མི་སྐྱིད་མང་བ་སྐྲུན་རྒྱུ་ཡིན་པ་རྟོགས་ཀྱི་ཡོད།
གནས་སྐབས་རིང་འཛེམ་ཟོན་འདི་ལ་བརྟེན་ནས་ང་ཚོས་མ་མཐར་ཡང་དེ་མ་ཐག་པའི་སྐྱེ་བ་ཕྱི་མའི་ངན་སོང་གི་གནས་དང་སྡུག་བསྔལ་རགས་པ་རྣམས་སྤོང་ཐུབ། ཡིན་ནའང་། ང་ཚོས་སྡུག་བསྔལ་གྱི་རྒྱུ་རྩད་ནས་སྤངས་མེད། གཙོ་བོ་རིམ་པ་འདིའི་སྐབས་ང་ཚོས་གང་སྤོང་བཞིན་ཡོད་པ་ནི་སྐྱེ་བ་ཕྱི་མའི་ནང་ངན་སོང་དུ་སྐྱེ་བའི་རྒྱུ་དེ་སྤོང་གི་ཡོད། ཐ་ན་ང་ཚོར་མི་ལུས་རིན་ཆེན་འདི་ཐོབ་ཡོད་ནའང་། ད་དུང་ཡང་སྐྱིད་པོ་མེད་པའི་དུས་ཚོད་འབྱུང་གི་རེད། ང་ཚོས་སྡུག་བསྔལ་གྱི་སྡུག་བསྔལ་ཡོངས་སུ་རྫོགས་པ་སྤངས་ཟིན་པ་མིན་ནའང་། མ་མཐར་ཡང་ང་ཚོས་སླར་ཡང་མི་ལུས་རིན་ཆེན་ཞིག་འཐོབ་པའི་ཆེད་འབད་བརྩོན་བྱ་ཆོག །སྤྱི་ཡོངས་ནས་བཤད་ན། ཆོས་ཀྱི་ལམ་འདི་ལ་མུ་མཐུད་ནས་འཇུག་ཐུབ་པར། འདི་ནི་དངོས་གནས་ང་ཚོར་གང་དགོས་པ་དེ་རེད།
ཡིད་མི་ཚིམས་པའི་བདེ་བ་ཉི་ཚེ་བ།
སྐྱེས་སུ་འབྲིང་གི་ལམ་གྱི་རིམ་པའི་ནང་ང་ཚོར་བདེ་འགྲོའི་སྐྱེ་བ་ཞིག་ཐོབ་པའི་སྐབས། མུ་མཐུད་ནས་ང་ཚོས་གནས་སྟངས་ལ་བརྟག་དཔྱད་བྱེད་དགོས། སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་ནང་དགེ་བའི་ལས་བྱེད་པའི་དོན་ནི་མི་དགེ་བའི་སྒོ་ནས་ངང་ངམ་ཤུགས་ཀྱིས་ལས་བྱེད་པ་དེ་སྤོང་རྒྱུ་དེ་ཡིན་པ་དྲན་དགོས། དེ་ཡང་རང་ཉིད་བཟང་ཕྱོགས་ཀྱི་ཡར་རྒྱས་འགྲོ་བར། དེ་ལ་བློ་སྟོབས་དང་རང་གིས་རང་ལ་སྟངས་འཛིན་དགོས་པ་གསལ་པོ་རེད། ཞོགས་པ་ཡར་ལངས་ནས་ལས་ཀར་འགྲོ་བ་དང་རང་གི་ཕྲུ་གུ་ཚོར་གཅེས་སྐྱོང་བྱེད་པའི་དཔེ་མཚོན་སྟབས་བདེ་དེ་དང་མཚུངས་པར་ཉལ་ཁྲིའི་སྒང་ལ་ཉལ་ནས་སྡོད་པ་དང་དེ་ལས་ལངས་པའི་བློ་སྟོབས་ཙམ་མིན་པར། དེ་ལ་རང་གིས་རང་ལ་སྟངས་འཛིན་དགོས་ཀྱི་ཡོད། ང་ཚོས་སོ་སོའི་མི་ཚེའི་ཆེད་དུ་འགན་འཁུར་བའི་སྐབས། དེ་ནི་བདག་བཟང་པོའི་འདུ་ཤེས་ཅན་གྱི་དཔེ་མཚོན་ཞིག་རེད།
འོན་ཀྱང་། རང་གིས་རང་ལ་སྟངས་འཛིན་དང་བློ་སྟོབས་འདིའི་འོག་ཏུ་གང་འབྱུང་བཞིན་ཡོད་པ་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” གི་ཚོར་བ་ཧ་ཅང་ཤུགས་ཆེན་ཞིག་ཡོད་པ་དེ་རེད། ང་ཚོས་ནག་ཉེས་ཅན་ཚོར་སྐབས་སུ་བདག་གི་འདུ་ཤེས་ཤུགས་ཆེན་ཞིག་ཡོད་པ་དང་། ང་ཚོས་ “ངས་རང་གིས་རང་ལ་སྟངས་འཛིན་བྱེད་ཐུབ་ཡོད་དགོས་ངེས་རེད། ཡིན་ནའང་། ངས་བྱས་མེད་” ཅེས་བསམ་གྱི་ཡོད། འདི་ལྟ་བུའི་བློའི་ཁྱེར་སོ་ནི་ “བདག་” རྫུས་མ་ངོས་འཛིན་བྱེད་པའི་ཁ་ཕྱོགས་ཀྱི་ནང་དུ་འགྲོ་གི་ཡོད།
བསམ་བློ་འདིའི་ནང་ “བདག་”རྫུས་མ་ཞིག་ལ་ཡིད་ཆེས་པ་དེ་ཚུད་ཡོད་པ་དང་དེ་ནི་རྒྱུ་དང་རྐྱེན་ལ་མ་ལྟོས་པར་སྟངས་འཛིན་བྱེད་དགོས་པ་དང་བྱེད་ཐུབ་ཞིག་ཡིན། དེར་བརྟེན་རྒྱུ་དང་རྐྱེན་ལ་བརྟེན་མི་དགོས་པ་རང་དབང་གིས་བྱ་བ་བྱེད་ཐུབ་ཀྱི་ཡོད། ཡིན་ནའང་། དེ་ནི་མི་སྲིད་པ་ཞིག་རེད། དེ་ནི་སོ་སོ་རང་ཉིད་ལ་ཡོད་པའི་ཉོན་མོངས་ཅན་གྱི་བསམ་ཕྱོགས་ཞེས་ང་ཚོས་བརྗོད་ངེས་པའི་སེམས་ཀྱི་གནས་བབས་ཀྱི་སྟངས་འཛིན་འོག་ཏུ་ཡོད་པར་ཡིད་ཆེས་པ་ལྟ་བུ་རེད། ང་ཚོས་གང་ལྟར་ཡང་སྟངས་འཛིན་ནང་གནས་ཐུབ་པའི་བསམ་ཕྱོགས་དང་ང་ཚོ་རྟག་ཏུ་སྟངས་འཛིན་གྱི་ནང་གནས་དགོས་ཀྱི་ཡོད། གཞི་རྐང་ནས་སེམས་ཀྱི་གནས་བབས་དེའི་སྐབས་སུ་ང་ཚོ་ཞི་བདེ་ཆེ་བའི་གནས་སྐབས་ཤིག་གི་ནང་ཡོད་པ་དང་། ཁོང་ཁྲོ་དང་། སྲེད་པ་སོགས་ཉོན་མོངས་པའི་དབང་འོག་ཏུ་མེད་པ་ལྟ་བུ་ང་ཚོས་ “ང་རང་སྟངས་འཛིན་གྱི་ནང་ཡོད་” ཅེས་བསམ་བཞིན་ཡོད་ནའང་། ང་ཚོའི་སྤྱོད་ལམ་ནི་ངང་ངམ་ཤུགས་ཀྱི་རང་བཞིན་ཆགས་ཀྱི་ཡོད། ང་ཚོ་རང་གཞན་གཉིས་ཀར་སེམས་ཡོངས་སུ་ནོན་པའི་སྟངས་འཛིན་ཤུགས་དྲག་ཅིག་དགོས་པར་ཚོར་མཁན་ཞིག་སྟེ། དེ་ལ་ཨིན་སྐད་ནང་ (control freak) ཞེས་ཟེར་བ་དེ་ཆགས་ཀྱི་ཡོད། དེ་ལྟ་བུའི་ཉོན་མོངས་ཅན་གྱི་བསམ་ཕྱོགས་ལ་གཞི་བྱས་པའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་དང་མཉམ་དུ་ད་དུང་ལས་ཀྱང་ཡོད། མངོན་རྟགས་ཀྱི་འགྲོས་འདི་ནི་དེ་སྔོན་ང་ཚོས་ངང་ངམ་ཤུགས་ཀྱིས་ཁྱིམ་གཙང་མ་བཟོ་བ་དང་བཟང་སྤྱོད་ཀྱི་ཐད་ལ་ངང་ངམ་ཤུགས་ཀྱི་རང་བཞིན་ཅན་ཆགས་པ་དང་དེ་ལ་བརྟེན་ནས་ཧ་ཅང་མཁྲེགས་པོ་ཆགས་པ་ལྟ་བུའི་ངང་ངམ་ཤུགས་ཀྱི་སྐྱོན་བྲལ་ཡང་དག་ཅིག་ཡིན་པའི་སྐོར་ལ་བེད་སྤྱོད་བཏང་བའི་དཔེ་མཚོན་དང་འདྲ་བ་ཡིན།
དགེ་བ་ཤུགས་ཆེ་བའི་སྤྱོད་ལམ་དེ་དག་གི་རིགས་ལ་ངང་ངམ་ཤུགས་ཀྱི་རང་བཞིན་ཅན་ཡིན་པའི་འབྲས་བུར་ང་ཚོས་བདེ་སྐྱིད་གང་འདྲ་ཞིག་ཉམས་སུ་མྱོང་གི་ཡོད་དམ། དེ་ནི་ཡུན་དུ་མི་གནས་པའི་བདེ་སྐྱིད་དེ་ང་ཚོས་མྱོང་གི་ཡོད། དཔེར་ན། སྤྱོན་བྲལ་ཡང་དག་དེས་ཁྱིམ་གཙང་མ་བཟོ་བ་ལྟར་ང་ཚོས་གཙང་མ་བཟོ་གི་ཡོད་ནའང་། དེའི་འབྲས་བུར་ང་ཚོ་ནམ་ཡང་འདོད་བློ་ཁེངས་ཀྱི་མེད། གང་ཡིན་ཞེ་ན། དེ་ནི་ནམ་ཡང་འགྲིག་ངེས་ཀྱི་གཙང་མ་ཆགས་ཀྱི་མེད། ཐ་ན་ང་ཚོས་དེ་གཙང་མ་ཡིན་པར་བསམ་བློ་གཏོང་བ་ཡིན་ནའང་། དེ་ནི་ཡུན་དུ་མི་གནས་པ་རེད། དེར་བརྟེན་ང་ཚོས་ཡང་ནས་ཡང་དུ་གཙང་མ་བཟོ་དགོས་ཀྱི་ཡོད། ཡང་སྐྱོན་བྲལ་ཡང་དག་གི་དཔེ་མཚོན་གཞན་ཞིག་ནི་དཔེ་ཆ་ལྟ་བུ་ཞིག་ཞུ་སྒྲིག་བྱེད་པ་དང་དེ་ལ་འདོད་བློ་ནམ་ཡང་མི་ཁེངས་པའམ་ག་དུས་ཞུ་སྒྲིག་མཇུག་སྒྲིལ་དགོས་མིན་ནམ་ཡང་མི་ཤེས་པ་ལྟ་བུ་རེད། བྱས་ཙང་། འདི་ལྟ་བུའི་བདེ་སྐྱིད་ལ་འགྱུར་བའི་སྡུག་བསྔལ་ཟེར་གྱི་ཡོད། དེ་ནི་ང་ཚོའི་བདེ་བ་ཉི་ཚེ་བར་གོ་ཞིང་། ང་ཚོའི་ཉམས་མྱོང་གཞན་ཚང་མར་རྒྱ་སྐྱེད་འགྲོ་གི་ཡོད། གཞི་རྩའི་ཆ་ནས་ང་ཚོས་ཉམས་སུ་མྱོང་བའི་བདེ་སྐྱིད་གང་འདྲ་ཞིག་ཡིན་ནའང་ཡུན་དུ་གནས་ཀྱི་མེད། དེ་ནི་འགྱུར་བ་འགྲོ་གི་ཡོད། ང་ཚོས་ཟས་བཟའ་བ་དང་དེ་ལ་བདེ་བའི་ངང་རོལ་གྱི་ཡོད་ནའང་། གལ་ཏེ་མཚམས་མེད་པའི་བཟའ་མ་བཟས་ན། རང་གིས་རང་ལ་ནད་པ་བཟོ་ངེས་རེད།
བདག་ལ་ཡོད་པའི་གོ་བ་ལོག་སྒྲུབ་དེ་ཇེ་ཉུང་དུ་གཏོང་བ།
སྐབས་དོན་འདིར་ང་ཚོས་ཀུན་རྫོབ་ཀྱི་ “བདག་” ལ་གཞིགས་ནས་བདག་བཟང་པོའི་འདུ་ཤེས་ཅན་ཞིག་བསྐྲུན་ཡོད། སོ་སོའི་བྱ་སྤྱོད་དང་སོ་སོས་གང་མྱོང་བའི་འགན་དེ་སོ་སོ་རང་ཉིད་ལ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། སྡུག་བསྔལ་གྱི་རྒྱུ་རྣམས་མེད་པར་བཟོ་བར་ང་ཚོའི་ངོས་ནས་གཅིག་བྱེད་འདོད་དང་བྱེད་དགོས་པར་ཚོར་གྱི་ཡོད། ཐ་ན་ང་ཚོས་ད་དུང་ཡང་ཡིད་མི་ཚིམས་པའི་བདེ་བ་ཉི་ཚེ་བ་སྟེ། འགྱུར་བའི་སྡུག་བསྔལ་གྱི་རྒྱུ་རྣམས་ཀྱང་མེད་པར་བཟོ་འདོད་ཡོད། འདིར་དཀའ་ངལ་དེ་གང་རེད་དམ། དཀའ་ངལ་གྱི་རྒྱུ་གང་རེད་དམ། ང་ཚོས་གང་རྙེད་ཀྱི་ཡོད་ཅེ་ན། ང་ཚོས་ཐོག་མར་གོ་བ་ལོག་སྒྲུབ་ཇེ་ཉུང་དུ་གཏོང་བའི་སྒོ་ནས་འགོ་བཙུག་དགོས་པ་དང་། དེ་ལ་བརྟེན་ནས་ “བདག་” རྫུས་མ་ལ་གཞིགས་ནས་ང་ཚོས་སོ་སོ་རང་ཉིད་བསམ་བློ་འཁོར་གྱི་ཡོད།
བདག་རྫུས་མ་འདི་སྟབས་བདེ་པོའི་སྒོ་ནས་འགྲེལ་བརྗོད་བྱེད་པར། “ངས་འདི་བྱེད་ཀྱིན་ཡོད། ངས་དེ་བྱེད་ཀྱིན་ཡོད་” ཅེས་པའི་ནང་ཡོད་པ་ལྟར། ཀུན་རྫོབ་ཀྱི་ “བདག་” དེ་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” ཅིག་ང་ཚོའི་སེམས་ཀྱི་ནང་ཡོད་པ་ནང་བཞིན་བསམ་བློ་འཁོར་བ་དང་ཉམས་སུ་མྱོང་གི་ཡོད་པ་དང་། དེ་ནི་ང་ཚོའི་སེམས་ནང་འཁོར་བཞིན་པའི་སྐད་སྒྲ་དེའི་རྩོམ་པ་པོ་དེ་ཡིན་པ་རེད། དེ་ནི་ “ད་ངས་གང་བྱེད་དགོས་སམ། མི་རྣམས་ཀྱིས་ང་ལ་ག་རེ་བསམ་གྱི་ཡོད་དམ་” ཞེས་བསམ་བློ་གཏོང་བཞིན་པ་དེ་རེད། དེ་ནི་རང་གིས་རང་ལ་སེམས་འཁྲལ་བྱེད་བཞིན་པ་དེ་རེད། དེ་ནི་ཕལ་ཆེར་འཕྲུལ་ཆས་ཤིག་ལ་སྟངས་འཛིན་བྱེད་བཞིན་པ་དང་འདྲ་བར་དེར་སྡོད་པའི་ལུས་དང་འདྲ་བ་སྟེ། “ད་ངས་གང་བྱེད་དགོས་སམ། ངས་དེ་བྱེད་ཀྱི་ཡིན་” ཞེས་པ་ལྟར་རེད། དེ་ནི་སྟངས་འཛིན་གྱི་ཡོ་ཆས་སྟེང་གི་མཐེབ་ཅུར་གནོན་པར་བརྟེན་ལུས་ལ་འདི་བྱེད་དུ་འཇུག་པ་དང་ཤོད་དུ་འཇུག་པ་ལྟ་བུ་རེད། དེ་ནི་དབང་པོའི་བརྙན་པར་གྱི་ཡོལ་བ་དང་རྒྱང་གྲགས་ལས་བྱུང་བའི་གནས་ཚུལ་ཚང་མ་རག་པ་དེ་རེད། དེ་ནི་ཀླད་པའི་ནང་དུ་གནས་པའི་སྟངས་འཛིན་གཙོ་བོ་དེ་ཡིན་པ་དང་ང་ཚོའི་སེམས་ཀྱི་ནང་སྐད་སྦུག་ཅིག་བརྒྱུད་ནས་སྐད་ཆ་ཤོད་བཞིན་ཡོད། དེ་ལ་བརྟེན་ནས་ང་ཚོ་གཅིག་པུས་དེ་ཐོས་ཀྱི་ཡོད།
ད་འདི་དག་ཐམས་ཅད་ནི་མཐའ་གཅིག་ཏུ་རྟོག་འཆར་དང་བཅོས་སྒྲུང་རེད། དེ་འདྲ་འབྱུང་བ་ཞིག་ནི་མེད། ང་ཚོ་དེ་དང་འདྲ་བ་གྲུབ་མེད། ཡིན་ནའང་། དེ་ནི་ང་ཚོ་སུ་ཡིན་པར་ཡིད་ཆེས་པ་དེ་རེད། གང་ཡིན་ཞེ་ན། དེ་འདྲ་ཞིག་ཚོར་བའམ་དེ་འདྲ་ཞིག་སྣང་གི་ཡོད། ང་ཚོས་སེམས་ནང་ཡོད་པའི་ “ང་” འདི་དངོས་གནས་དྲང་གནས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ཇི་ལྟར་མྱོང་གི་ཡོད་དམ། ང་ཚོས་དེ་ཉེན་སྲུང་མེད་པའི་རང་བཞིན་ལྟ་བུར་མྱོང་གི་ཡོད། དེ་ནི་ཉེན་སྲུང་མེད་པ་གསལ་པོ་རེད། གང་ཡིན་ཞེ་ན། “བདག་” འདི་ནི་ནམ་ཡང་གྲུབ་མེད་པ་རེད། ང་ཚོས་དེ་ལ་ཉེན་སྲུང་ཡོད་པ་ཞིག་ཇི་ལྟར་ཚོར་ཐུབ་བམ། དེའི་རྗེས་སུ་ “བདག་”རྫུས་མ་ཆུང་ཆུང་དེ་ཉེན་སྲུང་ཡོད་པ་བཟོ་ཐབས་ཀྱི་ཐབས་ཚུལ་དེ་དག་ཐམས་ཅད་ང་ཚོར་ཡོད་པ་རེད།
ཐབས་ཚུལ་གང་འདྲ་ཡོད་དམ། དཔེ་ཆ་བཞག་ན། “བདག་” འདི་ཁོ་ནས་གནད་དོན་རྟོགས་ཐུབ་ན། དེས་ “བདག་” ཉེན་སྲུང་ཡོད་པ་བཟོ་ངེས་རེད་ཅེས་ཡིད་ཆེས་བྱེད་པ་དེ་རེད། འདི་ནི་འདོད་ཆགས་ཡོད་པའི་དོན་རེད། གལ་ཏེ་ང་ཚོར་གང་དགོས་པ་དེ་ཐོབ་ན། ང་ཚོས་དེ་གློད་འདོད་མེད། དེར་བརྟེན་ང་ཚོས་འདོད་ཆགས་སྐྱེད་ཀྱི་ཡོད། གཞན་ཡང་ཐ་ན་ང་ཚོར་གང་ཡོད་པ་ལས་མང་བ་ད་དུང་དགོས་འདོད་བྱེད་ཀྱི་ཡོད། དེས་འདོད་རྔམ་སྐྱེ་རུ་འཇུག་གི་ཡོད། “གལ་ཏེ་ང་རང་ལ་དངུལ་འདང་ངེས་རག་ཐུབ་པ་དང་། གལ་ཏེ་ང་ལ་ངོ་དེབ་སྟེང་དགའ་རྟགས་འདང་ངེས་རག་ཐུབ་ན་ཅི་མ་རུང་།” དེ་འདྲ་གང་རུང་ཞིག་བྱུང་ན། དེས་ང་རང་ཉེན་སྲུང་ཡོད་པ་བཟོ་གི་རེད་ཅེས་པ་ལྟ་བུ་རེད། འོན་ཀྱང་། དེ་འདྲ་ཡོང་གི་མེད། དེ་ནི་ནམ་ཡང་ཡོང་གི་མེད།
གཞི་རྐང་ནས་ཐབས་ཚུལ་དེ་དག་རེ་རེ་ལ་བརྟེན་ནས་ང་ཚོས་དེ་འདོད་པ་དང་། ཆགས་སེམས། འདོད་རྔམ་བཅས་ཉོན་མོངས་པའི་མངོན་རྟགས་ལ་གཞི་བྱེད་ཀྱིན་ཡོད། ཐབས་ཚུལ་གཞན་ཞིག་ནི་ “བདག་” ཅེས་པ་དེ་ལས་གནད་དོན་རྣམས་སྣང་མེད་དུ་གཏོང་བ་སྟེ། ང་ཚོའི་ཉེན་སྲུང་ཡོད་པའི་རང་བཞིན་ལ་སྡིགས་ར་སྐུལ་མཁན་གང་རུང་ལ་གོ་བ་ཡིན། དེར་བརྟེན་ང་ཚོས་ཁོང་ཁྲོ་དང་། ཞེ་སྡང་། སྡང་འཛིན་ལ་སོགས་པའི་ཉོན་མོངས་པའི་རིགས་ཚང་མ་ཉམས་སུ་མྱོང་གི་ཡོད། ང་ཚོར་ད་དུང་ཡང་གཏི་མུག་དང་ཁས་མི་ལེན་པ་ཡོད་པ་དང་དེ་ལ་བརྟེན་ནས་འཇིགས་སྣང་ཡོང་ངེས་གང་ལའང་བསམ་བློ་གཏོང་འདོད་མེད། དེའི་འབྲས་བུར་ང་ཚོས་འབྲེལ་མཚམས་ཤིག་སྐྲུན་གྱི་ཡོད། གང་ལྟར་ཡང་། གཏི་མུག་དང་ཁས་མི་ལེན་པའི་རྒྱབ་ཏུ་ང་ཚོ་ཉེན་སྲུང་ལྡན་ལ་བདེ་འཇགས་ངང་ཡོད་པ་ཆགས་ཀྱི་རེད་ཅེས་བསམ་བློ་གཏོང་གི་ཡོད། ང་ཚོ་རྟག་ཏུ་འབྲེལ་མཚམས་དེའི་རྒྱབ་ཏུ་ཉེན་སྲུང་མེད་པ་ཚོར་བ་དང་གནད་དོན་ཞིག་བསྒྲུབ་ཀྱི་རེད་བསམ་པའི་ཞེད་སྣང་སྐྱེ་གི་ཡོད།
གཞན་ཡང་ཉེན་སྲུང་མེད་པ་དེ་ལ་བརྟེན་ནས་ང་ཚོས་ཐབས་ཚུལ་དེ་དག་བཀོལ་སྤྱོད་བྱེད་པ་དང་། དེ་དག་གིས་ང་ཚོར་གང་འདོད་པ་རྣམས་རྐུ་བ་དང་། ང་ཚོ་མི་དགའ་བ་རྣམས་གསོད་པ། གཏི་མུག་དབང་གིས་གནས་སྟངས་ལ་གདོང་ལེན་བྱ་རྒྱུ་སྤོང་བ་དང་དེ་དག་རང་ངོས་ནས་མེད་པ་ཆགས་པའི་རེ་བ་དང་བཅས་ངང་ངམ་ཤུགས་ཀྱི་མི་དགེ་བའི་སྤྱོད་ལམ་བྱེད་དུ་འཇུག་གི་ཡོད། མི་དགེ་བའི་སྤྱོད་ལམ་དེ་དག་ཐམས་ཅད་ནི་བདག་ལ་ཡོད་པའི་གོ་བ་ལོག་སྒྲུབ་འདི་དང་ང་ཚོ་ “བདག་” རྫུས་མ་འདི་ནང་བཞིན་གྲུབ་ཡོད་བསམ་པ་ལ་གཞི་བྱས་ཡོད།
“བདག་” རྫུས་མར་ཡིད་ཆེས་པ་དེའང་ང་ཚོའི་ངང་ངམ་ཤུགས་ཀྱི་དགེ་བའི་སྤྱོད་ལམ་གྱི་རྒྱབ་ཏུ་ཡོད། ངང་ངམ་ཤུགས་མིན་པའི་དགེ་བའི་སྤྱོད་ལམ་ཡོད་ཆོག་ནའང་། དེ་ནི་ “བདག་” རྫུས་མར་ཡིད་ཆེས་པ་ལ་གཞི་བྱས་མེད། འདིར་ང་ཚོས་ལས་དང་འབྲེལ་བའི་སྐོར་ཤོད་ཀྱིན་ཡོད། དེ་ནི་ངང་ངམ་ཤུགས་ཀྱི་དགེ་བའི་སྤྱོད་ལམ་འདིའི་རྒྱབ་ཏུ་གང་ཡོད་པ་དེ་རེད། ང་ཚོས་དེ་སྔོན་གྱི་སྐྱོན་བྲལ་ཡང་དག་གི་དཔེ་མཚོན་བཀོལ་སྤྱོད་བྱེད་པའི་སྒོ་ནས་འདི་ལྟ་བུའི་སྤྱོད་ལམ་གྱིས་ “བདག་” རྫུས་མར་ཡིད་ཆེས་ཤུགས་ཆེན་ཡོད་པ་སྟོན་གྱི་ཡོད།
ཉོན་མོངས།
ང་ཚོར་ཡིན་གཅིག་མིན་གཅིག་མི་དགེ་བའི་སེམས་ཚོར་ཁོ་ན་ཡོད་དགོས་པའི་ངེས་པ་མེད། ང་ཚོར་ཉོན་མོངས་ཅན་གྱི་བསམ་ཕྱོགས་ཀྱང་ཡོད་པ་དང་དེ་དག་ནི་མི་དགེ་བའི་སེམས་ཚོར་གྱི་རྨང་གཞིར་གྱུར་བ་ཡིན་པའམ། ཡང་ན་དེ་དག་མེད་པའི་སྒོ་ནས་གྲུབ་པ་ཡིན་ཆོག །ཉོན་མོངས་དེ་དག་ལས་མངོན་གསལ་དོད་ཤོས་ལ་ཐུན་མིན་གྱི་མིང་དཀའ་ལས་ཁག་པོ་ཞིག་ཡོད། དེ་ལ་ “འཇིག་ཚོགས་ལ་ལྟ་བའི་ཉོན་མོངས་ཅན་” ཟེར་གྱི་ཡོད། དེའི་དོན་གཤམ་དུ་གསལ་བ་ནི།
- འདིར་ “ཚོགས་” ནི་སྟབས་བདེ་པོར་བརྗོད་ན་ང་ཚོའི་ཕུང་པོ་ཡིན་པ་དང་དེ་ནི་ང་ཚོའི་མྱོང་བའི་སྐད་ཅིག་རེ་རེ་སྐྲུན་པའི་ཆོས་རྣམས་རེད།
- འདིར་ “འཇིག་པ་” ནི་ཕུང་པོའི་ཆ་ལག་རེ་རེ་བཞིན་སྐད་ཅིག་གི་འགྱུར་བའི་ཆོས་ཅན་ཡིན་པའི་དོན་རེད།
- འདིར་ “ལྟ་བ་ཉོན་མོངས་” ནི་ཕུང་པོར་ཡོད་པའི་ལྟ་བ་ཉོན་མོངས་ཅན་ནམ་ང་ཚོས་གང་མྱོང་བ་ལ་ལོག་པར་ལྟ་བ་ཞིག་འཛིན་པ་དེ་རེད།
ཉོན་མོངས་པའི་བསམ་ཕྱོགས་འདི་དོན་ངོ་མ་གང་རེད་དམ། ཆོས་མངོན་པ་མཛོད་ཀྱི་ནང་གསུངས་པ་ལྟར་འདིའི་མཚན་ཉིད་དང་འགྲེལ་བརྗོད་འཆད་པ་ལ། ངོས་ནས་ཉ་འཛིན་བྱེད་ཀྱི་དྲ་བ་ཡོད་མཁན་གྱི་ཉ་པའི་དཔེ་མཚོན་ཞིག་ཞུ་འདོད་བྱུང་། ཉོན་མོངས་པ་འདི་ལ་བརྟེན་ནས་ང་ཚོ་ནི་ཉ་པ་དང་འདྲ་བར་སེམས་ནས་དྲ་བ་ཞིག་ང་ཚོའི་ཕུང་པོའི་ཆ་ཞིག་ལ་འཕེན་པ་དང་། དྲ་བ་དེ་ནི་ “བདག་” གམ་ “བདག་” རྫུས་མའི་གོ་དོན་ཙམ་ཡིན་པའམ། ཡང་ན་ “བདག་” དེ་ཕུང་པོའི་ཆ་ལག་དེའི་དབང་སྒྱུར་བྱེད་པོའམ། ཡང་ན་ཕུང་པོའི་ཆ་ལག་དེའི་གོ་དོན་ “བདག་གི་བ་” ཡིན་པ་ལྟ་བུ་རེད།
དཔེར་ན། གཞོན་ནུའི་ལུས་པོར་གཞིགས་ན་ང་ཚོས་ “ངའོ་” ཞེས་པའི་དྲ་བ་འདི་སོ་སོའི་ལུས་པོའི་སྟེང་ལ་འཕངས་ནས་ “དེ་ང་རེད་” ཅེས་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་མུ་མཐུད་ནས་ “འདི་ནི་རྟག་པ་རེད་” ཅེས་ཉོན་མོངས་པ་ལ་བརྟེན་ནས་ཡིད་ཆེས་དེ་ལ་འཛིན་པ་སྐྱེ་གི་ཡོད། ང་ཚོས་མེ་ལོང་དུ་ལྟ་བའི་སྐབས། རང་མགོར་སྐྲ་དཀར་མཐོང་བ་དང་སེམས་ནང་ “དེ་ནི་ང་མ་རེད་” བསམ་གྱི་ཡོད། ཉོན་མོངས་དེ་ལ་བརྟེན་ནས་ང་ཚོའི་སེམས་ནང་ “བདག་” ཅེས་པ་དེའི་སྣང་བརྙན་བརྟན་ཚུགས་པ་ཞིག་ཡོད། དཔེ་མཚོན་གཞན་ཞིག་ནི། ང་ཚོས་ཕུང་པོར་ཡོད་པའི་ཁྱད་ཆོས་སམ་ཡོན་ཏན་ཞིག་གི་སྟེང་དུ་ “ངའོ་” ཞེས་པའི་དྲ་བ་དེ་འཕེན་པའི་སྐབས། སླར་ཡང་ལུས་པོ་ལྟ་བུ་དེ་ལ་བརྟེན་ནས་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན། “ང་རྒྱགས་པ་ཡིན་” ཞེས་ངོས་འཛིན་བྱེད་པ་སྟེ། དེ་ནི་དངོས་ཡོད་དང་མཐུན་མིན་ལ་མ་ལྟོས་པར། ངང་ངམ་ཤུགས་ཀྱིས་ཟས་ཚོད་ངེས་ཅན་བསྟེན་པ་དང་ལུས་ཀྱི་ལྗིད་ཚད་གཅོག་ཐབས་བྱེད་པ་ལྟ་བུ་རེད། ང་ཚོ་ཀི་ལོ་གཅིག་གི་ལྗིད་ཚད་ཉུང་དུ་འགྲོ་བའི་སྐབས། ཏོག་ཙམ་སྐྱིད་པོ་ཡོང་གི་ཡོད། ཡིན་ནའང་། བདེ་སྐྱིད་དེ་ནི་ཡུན་དུ་གནས་ཀྱི་མེད། དེ་གང་ཡིན་ཞེ་ན། ང་ཚོ་འདོད་བློ་ཁེངས་མེད་པ་དང་ད་དུང་ཀི་ལོ་གཅིག་གཅོག་དགོས་པའི་ཚོར་བ་ཡོང་གི་ཡོད། ངང་ངམ་ཤུགས་ཀྱིས་འཕྲོད་བསྟེན་ལ་ཕན་པའི་ཟས་རིགས་ཞན་པོ་བཟའ་བའི་བསམ་ཕྱོགས་འདིའི་རིགས་ཡོང་ཆོག །ང་ཚོས་གཟབ་ནན་གྱི་སྒོ་ནས་ཟས་བཟའ་བར་སྐྱོན་གང་ཡང་མེད་ནའང་། “ང་རང་ངེས་པར་དུ་སྐམ་པོ་བཟོ་དགོས་ཀྱི་འདུག་” ཅེས་པའི་བསམ་ཚུལ་ལ་གཞི་བྱས་ནས་ངང་ངམ་ཤུགས་དང་ལྡན་པ་ཆགས་པའི་སྐབས། དེ་ནི་ནུབ་ཕྱོགས་སུ་ང་ཚོས་ཏོག་ཙམ་དབང་རྩ་འཁྲུགས་པ་ཞིག་འདུག་ཅེས་བརྗོད་ངེས་རེད།
ཉོན་མོངས་གཞན་ཞིག་ནི་ “བདག་གི་བའམ་ང་ཡི་བ་” ཞེས་པའི་བསམ་བློ་དེ་རེད། ང་ཚོས་ “ང་ནི་གནས་སྟངས་ཀྱི་དབང་སྒྱུར་བྱེད་པོ་དང་སྟངས་འཛིན་བྱེད་པོ་དེ་ཡིན་” ཞེས་བསམ་གྱི་ཡོད། འདི་ནི་ང་ཚོས་ཚང་མ་སྟངས་འཛིན་བྱེད་ཐུབ་དགོས་ངེས་རེད་ཅེས་པའི་ཚོར་བའི་དཔེ་མཚོན་དང་འབྲེལ་བ་ཡོད། ང་ཚོས་མྱོང་བའི་གནས་སྟངས་ཤིག་གི་སྟེང་ལ་ “བདག་གི་བའི་” དྲ་བ་དེ་འཕེན་པ་དང་ “གནས་སྟངས་དེ་ངས་སྟངས་འཛིན་བྱེད་དགོས་” ཅེས་ “ངས་དེ་སྟངས་འཛིན་བྱེད་ཐུབ་པ་ཞིག་དགོས་” ཞེས་བསམ་གྱི་ཡོད། ང་ཚོའི་སེམས་ནང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་འགོ་དཔོན་ “བདག་” འདིས་ “གལ་ཏེ་ངས་སྟངས་འཛིན་མ་བྱས་ན། ང་ནི་ཡག་པོ་མིན། ང་ནི་ནག་ཉེས་ཅན་ཞིག་ཡིན་” ཞེས་བརྗོད་ཀྱི་ཡོད། “ངའོ” ཞེས་པའམ་ “བདག་གི་བའི་” དྲ་བ་འཕེན་པ་འདི་ནི་ང་ཚོས་གང་ཞིག་ཉམས་སུ་མྱོང་བ་དེའི་རྒྱབ་ཏུ་ཡོད་པའི་ཉོན་མོངས་དེ་ཡིན་པ་རེད།
དེར་མ་ཟད། ང་ཚོས་ “གལ་ཏེ་ངས་ཚང་མ་སྟངས་འཛིན་འོག་ཏུ་གནས་པར་བྱེད་ཐུབ་ན། དེ་ནས་ང་རང་ཉེན་སྲུང་ཡོད་པ་ཚོར་གྱི་རེད་” ཅེས་བསམ་བློ་འཁོར་གྱི་ཡོད། ང་ཚོས་དུས་ཚོད་གང་ཙམ་ཞིག་གི་རིང་ལ་ཉེན་སྲུང་ལྡན་པ་དང་བདེ་སྐྱིད་ཅུང་ཟད་ཅིག་ཚོར་སྲིད་ནའང་། དེ་ནི་ཡུན་དུ་གནས་ཀྱི་མ་རེད། རེད་དམ། དེ་གང་ཡིན་ཞེ་ན། ཚང་མ་སྟངས་འཛིན་འོག་ཏུ་གནས་ཐུབ་པར་བྱ་རྒྱུ་དེ་མི་སྲིད་པ་རེད། ང་ཚོས་ “ངས་མི་ཚང་མའི་ནོར་འཁྲུལ་རྣམས་ནོར་བཅོས་བྱེད་ཀྱི་ཡིན་” ཞེས་བསམས་ནས་ “ངའོ་” ཞེས་པའི་དྲ་བ་འདི་འཕེན་གྱི་ཡོད། འགྲིག་གི་རེད། དེ་ནི་དགེ་བ་དང་བཟང་ཕྱོགས་ཀྱི་བྱ་བ་ཞིག་ཡིན་ཆོག །འོན་ཀྱང་། དེ་ནི་ཏོག་ཙམ་ཐལ་དྲག་པ་རེད། མ་རེད་དམ། མ་འོངས་པར་ནོར་འཁྲུལ་རྩ་ནས་མི་ཡོང་བ་ནི་མི་སྲིད་པ་ཞིག་རེད། གང་ཡིན་ཞེ་ན། ནོར་འཁྲུལ་འབྱུང་བ་དང་གནས་སྟངས་ཟ་ངེ་ཟིང་ངེའི་ནང་ཉམས་རྒུད་འགྲོ་བཞིན་པ་སོགས་ནི་རྒྱུ་དང་རྐྱེན་དུ་མས་ཤུགས་རྐྱེན་སྤྲད་ཡོད། ང་ཚོ་ནི་ནུས་མཐུ་ཀུན་ལྡན་གྱི་ལྷའམ་བྱེད་པོ་དཀོན་མཆོག་ལྟ་བུ་ཞིག་ཡིན་པར་ཡིད་ཆེས་བྱེད་པ་ནི་རྟོག་འཆར་ཙམ་དུ་ཟད་པ་རེད།
མི་དགེ་བའི་སེམས་ཚོར་དང་ཉོན་མོངས་པ་འདི་དག་ནི་ང་ཚོའི་ངང་ངམ་ཤུགས་ཀྱི་མི་དགེ་བའི་སྤྱོད་ལམ་གྱི་རྒྱབ་ཏུ་ཡོད་པ་ཙམ་དུ་མ་ཟད། དེ་དག་ནི་ང་ཚོའི་ངང་ངམ་ཤུགས་ཀྱི་དགེ་བའི་སྤྱོད་ལམ་གྱི་རྒྱབ་ཏུའང་ཡོད་པ་རེད། མི་དགེ་བའི་སེམས་ཚོར་དང་ཉོན་མོངས་པ་གཉིས་ཀ་ཡིད་ཆེས་འདི་དང་ང་ཚོ་ “བདག་” རྫུས་མ་འདི་ནང་བཞིན་གྲུབ་ཡོད་ཅེས་རང་གིས་རང་ལ་གོ་བ་ལོག་སྒྲུབ་འདི་ལ་གཞི་བྱས་ཡོད། དེ་ཡང་སྟབས་བདེ་བར་བརྗོད་ན། ང་ཚོས་སེམས་ནང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་སྟངས་འཛིན་བྱེད་མཁན་ཆུང་ཆུང་ཞིག་ཡོད་པ་དང་དེས་ང་ཚོ་ཉེན་སྲུང་མེད་པ་ཚོར་བའི་རྒྱུ་བྱེད་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་དེའི་ཆེད་དུ་འབད་པ་དང་། དེའི་མཐའ་སྐོར་དུ་འབྲེལ་མཚམས་ཤིག་བཙུག་པ། དེ་བཞིན་ཚང་མར་སྟངས་འཛིན་བྱེད་པར་དེའི་དྲ་བ་འཕེན་གྱི་ཡོད། ཐབས་ཚུལ་དེ་དག་གང་གིས་ཀྱང་ཕན་མི་ཐོགས་ལ་དེ་དག་གིས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་འདི་དང་ཕྱི་མའི་སྡུག་བསྔལ་དང་བདེ་བ། ཡང་སྡུག་བསྔལ་དང་བདེ་བའི་འཕེལ་འགྲིབ་ཀྱི་འཁོར་རྒྱུན་སྐྲུན་གྱི་ཡོད།
དུས་ཚོད་ཏོག་ཙམ་གྱི་རིང་ལ་ང་ཚོས་གང་བཤད་དང་ཤོད་མུས་ཀྱི་དགག་བྱའི་ “བདག་” རྫུས་མའི་སྐོར་ལ་བསམ་བློ་ཐོངས། བདག་དེ་དོན་ངོ་མར་ཇི་ལྟར་གྲུབ་པའི་ཚུལ་ལ་གཞིགས་ནས་ཀུན་རྫོབ་ཀྱི་བདག་གི་སྟེང་ལ་རྟོག་འཆར་ཆ་ཚང་བའི་གོ་བ་ལོག་སྒྲུབ་དང་འཆར་སྣང་ཞིག་ལ་གཞི་བྱས་ཡོད། བདག་ཅིག་ཡོད་པ་རེད། ཡིན་ནའང་། དེ་ནི་ང་ཚོའི་སེམས་ནང་གི་སྟངས་འཛིན་ཡོ་ཆས་ཀྱི་རྒྱབ་ཏུ་ཡོད་པའི་སྟངས་འཛིན་བྱེད་མཁན་ཆུང་ཆུང་འདི་མིན། ང་ཚོས་སྔོན་གྱི་རིམ་པ་ཁག་ལ་བརྟེན་ནས་བསྐྲུན་པའི་ཀུན་རྫོབ་ཀྱི་ “བདག་” ཅིག་ནི་ད་དུང་ཡང་ཡོད། གལ་ཏེ་ང་ཚོས་སྔོན་གྱི་རིམ་པ་དེ་དག་ལ་མ་བརྟེན་པར་དེའི་ཐད་ལ་ཡོད་པའི་ང་ཚོའི་རྟོག་འཆར་རྣམས་ཇེ་ཉུང་དུ་གཏོང་བའི་རིམ་པ་འདི་ལ་ཕྱིན་ན། ང་ཚོས་སེམས་ནང་གི་སྟངས་འཛིན་བྱེད་པོ་དེ་མེད་པ་བཟོ་སྲིད་ནའང་། དེ་ལ་གང་ཡང་མེད་པ་རེད། དེ་ལ་བརྟེན་ནས་གལ་ཏེ་ང་ཚོ་གྲུབ་མེད་ན། བྱ་བ་གང་ཞིག་བྱེད་དགོས་དོན་ཅི་ཡོད་ཅེས་པའི་བསམ་བློ་འཁོར་བར་བྱེད་ཀྱི་ཡོད། འདི་ནི་ནོར་བ་རེད། དེར་བརྟེན་ང་ཚོའི་མི་ཚེ་དང་ང་ཚོས་གང་མྱོང་བར་འགན་འཁྱེར་བའི་ “བདག་” བཟང་པོའི་འདུ་ཤེས་ཅན་ཞིག་བསྐྲུན་པ་ལ་སྔོན་ནས་རིམ་པ་དེ་དག་བརྒྱུད་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
ལས་དང་སྐྱེ་བ་ཕྱི་མའི་བྱ་བ་བྱེད་ཚུལ།
འདི་དག་ཐམས་ཅད་ལ་གཞི་བྱས་ཏེ། ང་ཚོས་ངེས་འབྱུང་ཟེར་བ་དེ་རང་རྒྱུད་ལ་སྐྱེད་རྒྱུ་འགོ་འཛུགས་བྱེད་ཆོག དེ་ནི་འཁོར་བའི་ནང་གི་བདེ་སྡུག་ལ་སོགས་པའི་འཕེལ་འགྲིབ་ལས་ཐར་བའི་ཆོད་སེམས་བརྟན་པོ་དེ་རེད། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་དང་དེ་ལ་རྒྱབ་སྐྱོར་བྱེད་པར་འགྱུར་བའི་ཡང་ནས་ཡང་དུ་སྐྱེ་བ་བླང་པའི་མངོན་རྟགས་ཀྱི་འགྲོས་འདི་གཅོད་པར། ང་ཚོས་དེའི་གཞི་རྩར་གྱུར་བའི་མཐའ་མེད་པར་མུ་མཐུད་བཞིན་ཡོད་པ་ལྟར་སྣང་བ་འདི་ལས་ཐར་དགོས། འདི་ཅིའི་ཕྱིར་མུ་མཐུད་ཀྱི་ཡོད་དམ། གལ་ཏེ་ང་ཚོས་ལམ་རིམ་ལ་གཞིགས་ནས་བསམས་ན། ང་ཚོར་སྡུག་བསྔལ་གྱི་འཕེལ་འགྲིབ་དང་ཡིད་མི་ཚིམས་པའི་བདེ་བ་ཉི་ཚེ་བ་མྱོང་བའི་གཞི་རྩར་གྱུར་བའི་སྐྱེ་བ་འདིའི་རིགས་ཅིའི་ཕྱིར་ཡོད་དམ། འདི་ལ་ལན་འདེབས་པར། ང་ཚོས་ཡང་ནས་ཡང་དུ་འབྱུང་བའི་མངོན་རྟགས་ཀྱི་སྐྱེ་བ་འདིས་ཇི་ལྟར་བྱ་བ་བྱེད་པའི་ཐབས་ཚུལ་ལ་བལྟ་དགོས་ཤིང་། དེ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་འགྲེལ་བརྗོད་བྱས་ཡོད།
སྐབས་འདིར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཆ་ཚང་གི་སྐོར་འགྲེལ་མི་དགོས་པར། དངོས་གནས་གལ་འགངས་ཆེ་བ་ནི་མུ་མཐུད་ནས་སྐྱེ་བ་ལེན་པའི་ཆེད་ལས་ཀྱི་ནུས་པ་མཐུ་ལྡན་དུ་བཟོ་བའི་ཡན་ལག་གཉིས་ཡོད། དེ་གཉིས་ནི་ “སྲེད་པ་” དང་ “ལེན་པ་” ཞེས་ནམ་རྒྱུན་ཨིན་སྐད་དུ་ (craving) དང་ (grasping) ཞེས་བསྒྱུར་ཡོད། འོན་ཀྱང་། གལ་ཏེ་ང་ཚོས་ལེགས་སྦྱར་གྱི་ཚིག་ཏྲིཥྞཱ་ཞེས་པ་ལ་བལྟས་ན། དེའི་དོན་ངོ་མ་ནི་སྐོམ་པའི་དོན་རེད། ང་ཚོའི་ཉིན་རེའི་མི་ཚེའི་ནང་གང་འབྱུང་བཞིན་པ་དང་སླར་ཡང་སྐྱེ་བ་འདིའི་ནང་གང་འབྱུང་བཞིན་པ་ནི་ང་ཚོས་ཡང་ནས་ཡང་དུ་འབྱུང་བའི་སྡུག་བསྔལ་དང་ཡིད་མི་ཚིམས་པའི་བདེ་བ་ཉི་ཚེ་བའི་འཁོར་ལོ་རྒྱུན་མི་ཆད་པ་འདི་ཉམས་སུ་མྱོང་བ་དེ་རེད། དེ་དང་ཆབས་ཅིག་ཏུ་རང་གིས་རང་ལ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” འདིས་རང་གི་སེམས་ནང་དེ་དག་མྱོང་བཞིན་ཡོད་པ་རྟོགས་ཀྱི་ཡོད། དེ་དག་ཉམས་སུ་མྱོང་བཞིན་པའི་སྐབས་སུ་ང་ཚོ་ཁ་སྐོམ་ནས་ཤི་གྲབས་བྱེད་ཀྱིན་ཡོད་པ་ལྟ་བུ། དེ་ཡང་ཨིན་སྐད་ནང་གི་བརྗོད་ཚུལ་ཞིག་སྟེ། ང་ཚོ་དངོས་གནས་ཁ་སྐོམ་པའི་དོན་རེད།
ང་ཚོས་སྡུག་བསྔལ་མྱོང་བཞིན་པའི་སྐབས་སུ་དེ་ནི་ཧ་ཅང་ཁ་སྐོམ་པ་ལྟ་བུ་ཡོད་པ་དང་སྐོམ་པ་དེ་མེད་པ་བཟོ་འདོད་ཧ་ཅང་ཤུགས་ཆེན་ཡོད། ང་ཚོ་ག་ཚོད་ཀྱིས་དྲག་པོའི་སྒོ་ནས་སྐོམ་པ་དང་། སྡུག་བསྔལ་སྤོང་འདོད་ག་ཚོད་ཡོད་པའམ། ཡང་ན་སྐོམ་པའི་རིམ་པ་འདྲ་མིན་ཡོད་ཆོག་པ་ནི་གསལ་པོ་རེད། གང་ལྟར་ཡང་། འདི་ནི་ང་ཚོ་སྐྱིད་པོ་མེད་པའི་སྐབས་ཀྱི་ང་ཚོའི་བློའི་ཁྱེར་སོ་དེ་རེད། དེ་ནི་ནང་ཆོས་ནས་གསུངས་པའི་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་རྩ་དོན་གྱི་རྗེས་སུ་འབྲང་གི་ཡོད།
ང་ཚོ་དངོས་གནས་དྲང་གནས་ཁ་སྐོམ་པའི་སྐབས། གལ་ཏེ་ང་ཚོར་ཆུ་ཧུབ་གང་འཐུང་རྒྱུ་རག་ན། དེ་ནི་འདང་ངེས་ཤིག་མིན། རེད་དམ། ང་ཚོ་ཆུ་ཧུབ་གང་དེ་དང་འབྲལ་འདོད་མེད་པ་དང་དེ་ལས་མང་བ་འདོད་ཀྱི་ཡོད། འདི་ནི་ང་ཚོར་ཡོད་པའི་བདེ་བའི་བྲོ་བ་ཅུང་ཟད་ཙམ་ཡོད་པ་ལ་གཞིགས་པའི་ང་ཚོའི་སེམས་ཀྱི་གནས་བབས་དེ་རེད། བྱས་ཙང་། ང་ཚོ་སྐྱིད་པོ་ཡོད་པའམ་སྐྱིད་པོ་མེད་པ་གང་ཡིན་རུང་རྒྱུན་ཆད་མེད་པར་སྐོམ་གྱི་ཡོད།
དེ་ནས་སྐྱེ་བ་ཕྱི་མར་མུ་མཐུད་ནས་སྐྱེ་བའི་ལས་ཀྱི་ནུས་པ་མཐུ་ལྡན་བཟོ་མཁན་གྱི་ཡན་ལག་གཉིས་པ་ནི་ལེན་པ་དེ་རེད། དེ་ནི་ནམ་རྒྱུན་ཨིན་སྐད་དུ་ (grasping) ཞེས་བསྒྱུར་ཡོད། ཚིག་དོན་ལྟར་བསྒྱུར་ན་ (obtainer) ཟེར་བ་དེ་རེད། དེ་ནི་མུ་མཐུད་དེ་སྐྱེ་བ་ཞིག་ལེན་པའི་ཉོན་མོངས་ཅན་གྱི་བསམ་ཕྱོགས་དེ་ཡིན། འདི་ལ་གྲངས་འདྲེན་ཆ་ཚང་བ་ཞིག་ཡོད་ནའང་། དེ་དག་ལས་གཙོ་བོ་ནི་ང་ཚོས་མྱོང་བཞིན་པའི་སྡུག་བསྔལ་དང་ཡིད་མི་ཚིམས་པའི་བདེ་བ་ཉི་ཚེ་བ་འདིའི་ནང་ “ངའོ་” ཞེས་པའི་དྲ་བ་འདི་འཕེན་གྱི་ཡོད་པ་དེ་རེད། གལ་ཏེ་ང་ཚོ་སྐྱིད་པོ་མེད་ན། ང་ཚོས་ “ངས་གང་ལྟར་ཡང་། གནས་སྟངས་འདི་ལ་སྟངས་འཛིན་དང་གདོང་ལེན་བྱེད་དགོས་ཀྱི་འདུག །ངས་སྡུག་བསྔལ་འདི་སྤོང་དགོས་ཀྱི་འདུག་” ཅེས་བསམ་གྱི་ཡོད། དེ་ལ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ “ང་རང་སྐྱིད་པོ་རྩ་ནས་མི་འདུག །སྡུག་གིས་མནར་ནས་ཡོད་” ཅེས་པའི་ནང་གི་ “བདག་” ་དེ་ཡིན་ཞིང་། དེས་ “ང་ནི་ཐབས་སྐྱོ་བ་ལ་” ཞེས་དང་སེམས་ཞུམ་པ། དེ་བཞིན་དེའི་རྗེས་སུ་འབྱུང་བའི་སྡུག་བསྔལ་ཡོད་དོ་ཅོག་གི་ཕྱོགས་སུ་འཁྲིད་ཀྱི་ཡོད། ང་ཚོས་བདེ་སྐྱིད་དང་རྦད་དེ་བྲལ་བར་ཚོར་ཐུབ། “དེ་ནི་རྟག་ཏུ་བདག་ལ་གཡོལ་ཐབས་བྱེད་ཀྱིན་ཡོད།” བདེ་བ་དང་སྡུག་བསྔལ་འདི་ལ་དབང་སྒྱུར་བྱེད་མཁན་གྱི་ “བདག་” དང་། མྱོང་མཁན་གྱི་ “བདག” །སྟངས་འཛིན་བྱེད་མཁན་གྱི་ “བདག་” བཅས་ “ངའོ་” ཞེས་པའི་དྲ་བ་འདི་འཕེན་སྟངས་ཀྱི་རིགས་ཚང་མ་ཡོད།
དེ་གཉིས་ཏེ། ཚང་མའི་སྟེང་ལ་འཕེན་པའི་ “བདག་” གི་དྲ་བ་འདིའི་སྐོམ་པའམ་སྲེད་པ་དང་ལེན་པའི་བསམ་ཕྱོགས་ནི་ལས་ཀྱི་ནུས་པ་མཐུ་ལྡན་དུ་བཟོ་མཁན་རེད། མཐུ་ལྡན་དུ་བཟོ་བའི་རྒྱུད་རིམ་གྱི་འབྲས་བུར། ཇི་ལྟར་འགྲེལ་བརྗོད་བྱས་པ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐབས་ཚུལ་བརྒྱུད་དེ་ང་ཚོས་ངང་ངམ་ཤུགས་ཀྱིས་སྐྱེ་བ་ལེན་གྱི་ཡོད། དེ་ལྟ་ནའང་། ང་ཚོས་ཚེ་འདི་ལ་གཞིགས་ནས་ཀྱང་བསམ་བློ་གཏོང་ཆོག །ང་ཚོས་ངང་ངམ་ཤུགས་ཀྱིས་སྐོམ་པའམ་སྲེད་པ་དེ་སྤོང་བའི་ལས་ལ་འཇུག་གི་ཡོད། ཐབས་ཚུལ་གང་རུང་ཞིག་གི་ཐོག་ནས་དེ་ལ་འདོད་བློ་ཁེངས་ཐབས་བྱེད་ཀྱིན་ཡོད། དེ་ནི་ང་ཚོས་ནམ་ཡང་བྱེད་མི་ཐུབ།
འདི་དག་ཐམས་ཅད་ཀྱི་རྩ་བ་ནི་རྟེན་འབྲེལ་ཡན་ལག་དང་པོ་སྟེ། མ་རིག་པ་ཡིན་པ་ཤོད་ག་ལ་དགོས། དེ་ནི་སོ་སོ་རང་ཉིད་དང་རང་ཉིད་ཇི་ལྟར་གྲུབ་པར་རྨོངས་པའི་མ་རིག་པ་དེ་ཡིན་ཞིང་། དེ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་སྡུག་བསྔལ་དང་ཡིད་མི་ཚིམས་པའི་བདེ་བ་ཉི་ཚེ་བ་སོགས་ཀྱི་རྒྱབ་ཏུ་ཡོད། དེར་བརྟེན་ང་ཚོ་ “བདག་” རྫུས་མ་འདི་དང་ང་ཚོའི་སེམས་ནང་ཡོད་པའི་ཧ་ཅང་སྐོམ་ཞིང་སྲེད་ལ་ཉེན་སྲུང་མེད་པའི་ “བདག་” ཆུང་ཆུང་འདི་ནང་བཞིན་གྲུབ་ཡོད་པའི་ཡིད་ཆེས་དེ་གང་ལྟར་མེད་པ་བཟོ་དགོས། འདིའི་སྐོར་ལ་བསམ་བློ་ཐོངས།
(སྒོམ་དུས།)
སྡུག་བསྔལ་དང་བདེ་བའི་ཕྱོགས་སུ་ང་ཚོར་བློའི་ཁྱེར་སོ་གང་འདྲ་ཞིག་ཡོད་པའི་ཐད་ལ་བརྟག་དཔྱད་བྱ་རྒྱུ་དེ་ཧ་ཅང་དོ་སྣང་བྱ་འོས་པ་ཞིག་ཡོད། དེ་དངོས་གནས་དོ་སྣང་བྱ་འོས་ཤིག་དང་ཡིད་ལ་འཐད་པོ་ཞིག་ཡོད། ང་ཚོས་ཚོར་བ་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་དམ། ངེད་ཅག་བྱེ་ཐང་དཀྱིལ་དུ་ཁ་སྐོམ་ནས་ཡོད་པའི་མི་ཞིག་དང་འདྲ་བ་རེད་དམ། ང་ཚོས་ཐོག་མར་གང་ཚོར་གྱིན་ཡོད་པ་དེ་ཤེས་དགོས་པ་དང་དམིགས་བསལ་ང་ཚོས་གང་ཡང་ཚོར་གྱི་མེད་པ་ལྟར་སྣང་བའི་སྐབས་སུ་ང་ཚོས་དེ་ཤེས་རྟོགས་དགོས། ཡིན་ནའང་། གལ་ཏེ་ང་ཚོས་གཏིང་ཇེ་ཟབ་ཏུ་བརྟག་ན། ང་ཚོས་ཚོར་བ་མེད་པའི་རང་བཞིན་འདི་སེམས་མི་སྐྱིད་པའི་གནས་བབས་ཤིག་ཡིན་པ་རྟོགས་ཀྱི་རེད། དེ་ལས་གལ་ཆེ་ཤོས་ནི་ང་ཚོས་གང་ཚོར་གྱིན་ཡོད་པའི་ཐད་ལ་གཟབ་ནན་བྱེད་དགོས། གལ་ཏེ་ང་ཚོས་གཟབ་ནན་མ་བྱས་པ་དང་ཁྱད་པར་མེད་ན། ང་ཚོས་གང་ཡང་བྱེད་ངེས་མ་རེད། འོན་ཀྱང་། ཐོག་མར་འགོ་འཛུགས་བྱེད་ས་ནི་ང་ཚོས་ “བདག་” བཟང་པོའི་འདུ་ཤེས་ཅན་ཞིག་བསྐྱེད་ཡོད་པ་དང་། དེ་ལ་བརྟེན་ནས་ང་ཚོས་གང་ཉམས་སུ་མྱོང་བ་ལ་གཟབ་ནན་བྱེད་ཀྱི་ཡོད།
འོན་ཀྱང་། ཧ་ཅང་ཁ་སྐོམ་མཁན་གྱི་བྱེ་ཐང་ནང་གི་མི་འདི་དང་འདྲ་བར་ང་ཚོས་གཟབ་ནན་བྱ་རྒྱུ་དེ་ཐལ་དྲག་གི་ཡོད་དམ། དེ་ནི་སྐབས་འདིའི་གནད་དོན་དེ་རེད། འ་ཆད་འུ་ཐུག་གི་མི་འདི་ཧ་ཅང་ཁ་སྐོམས་ནས་ལག་ཏུ་གང་རག་པ་དེ་བླངས་ནས་དེས་བདེ་སྐྱིད་ཅིག་སྟེར་གྱི་རེད་བསམ་པའི་རེ་བ་དང་བཅས་འཐུང་གི་ཡོད། ཁྱེད་ཀྱིས་སྣང་བརྙན་དེ་ཇི་ཙམ་གྱིས་མང་བ་འཚོལ་ཞིབ་བྱེད་པ་དེ་ནི་ཧ་ཅང་དོ་སྣང་བྱ་འོས་པ་རེད། ང་ཚོས་ “གློག་བརྙན་འདི་ལ་བརྟེན་ནས་ཕལ་ཆེར་ང་རང་སྐྱིད་པོ་ཡོང་སྲིད་ཀྱི་རེད། དྲྭ་ཚིགས་འདི་ལ་བརྟེན་ནས་ང་རང་སྐྱིད་པོ་ཆགས་སྲིད་པ་རེད། ཡང་ན་མི་འདི་དང་ཁ་ལག་འདིས་ང་ལ་བདེ་སྐྱིད་ཅིག་སྟེར་སྲིད་” ཅེས་སྐོམ་པ་ཆུ་འདོད་ཆེན་པོ་དང་བཅས་འཛིན་གྱི་ཡོད། ང་ཚོ་ནི་རྟག་ཏུ་སྲེད་ཅིང་སྐོམ་པ་དང་སྲེད་སྐོམ་དེ་གང་གིས་ཀྱང་གསོ་ཐུབ་ཀྱི་མེད།
ཕྱོགས་གཞན་ཞིག་ནས་ང་ཚོས་རྒྱུན་ཆད་མེད་པ་རོལ་དབྱངས་ཉན་པའི་འབྲེལ་མཚམས་བཟོས་ནས་གཞན་གང་ལའང་བསམ་བློ་གཏོང་མི་དགོས་པ་བྱེད་སྲིད། དེ་ནི་ཧ་ཅང་གཏི་མུག་པ་ལྟ་བུ་ང་ཚོས་སོ་སོ་རང་ཉིད་ཀྱི་ཉེ་འཁོར་དུ་འབྲེལ་མཚམས་ཆེན་པོ་བཟོས་ཏེ། སོ་སོའི་མི་ཚེའི་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་མི་དགོས་པ་རེད། དེ་ལྟར་བྱེད་པར་བརྟེན་ང་ཚོར་སྐྱིད་པོ་ཡོང་གི་ཡོད་སྲིད་པ་དང་ང་ཚོས་སོ་སོའི་གནས་སྟངས་ལ་ནམ་ཡང་བསམ་བློ་གཏོང་མི་དགོས་པ་དང་། ཡང་མིན་ན་ང་ཚོས་ཚང་མར་ངོས་ལེན་མི་བྱེད་པར་རྒྱུན་ཆད་མེད་པའི་རོལ་དབྱངས་ཀྱིས་བཀབ་ན། དེས་ཀྱང་ང་ཚོ་སྐྱིད་པོ་ཚོར་བར་བྱེད་ཀྱི་རེད་བསམས་ནའང་། དེས་ང་ཚོར་བདེ་སྐྱིད་སྦྱིན་གྱི་མེད་ཤག་རེད། ང་ཚོས་ག་དུས་ཡིན་ནའང་གཞས་དང་རོལ་དབྱངས་གཞན་ཞིག་ལ་ཉན་དགོས་ཀྱི་ཡོད། གཅིག་གིས་ནི་ནམ་ཡང་འགྲིག་གི་མེད།
དྲི་བ་ཁག
“བདག་” རྫུས་མ་དེ་ཁོ་ན་འགོག་པ།
གལ་ཏེ་ང་ཚོས་སྐོམ་པ་ཟེར་བའི་ཐ་སྙད་འདི་གང་འཚམས་ཀྱི་ཚིག་དོན་ལྟར་གོ་བ་བླངས་ན། ང་ཚོ་ཁ་སྐོམ་གྱི་ཡོད། ང་ཚོ་ནི་འགྲོ་བ་མི་ཡིན་པ་སོང་ཙང་། ཆུ་སོགས་འཐུང་དགོས་ངེས་རེད། བྱས་ཙང་། ང་ཚོས་གང་གི་སྐོར་ཤོད་ཀྱིན་ཡོད་དམ། དེའི་སྐོར་གྱི་སེམས་ཡོངས་སུ་ནོན་པའི་ཉོན་མོངས་ཅན་གྱི་བསམ་ཕྱོགས་འགའ་ཞིག་གི་སྐོར་ཤོད་ཀྱིན་ཡོད་དམ། ཡང་ན་གང་རེད་དམ།
རེད། ང་ཚོས་སྐོམ་པའི་ཐད་ལ་སེམས་ཡོངས་སུ་ནོན་པའི་སྨྱོ་འབོགས་ཅན་གྱི་བསམ་ཕྱོགས་སྐོར་ཤོད་ཀྱིན་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཀུན་རྫོབ་ཀྱི་ “བདག་” དེ་འགོག་རྒྱུ་མེད་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང་། “བདག་” རྫུས་མ་དེ་ཁོ་ན་འགོག་དགོས། བདེ་སྡུག་དང་སྲེད་སྐོམ་སོགས་དཀའ་ངལ་ཡོངས་སུ་རྫོགས་པ་འདི་ལ་གནས་སྐབས་ཀྱི་གདོང་ལེན་བྱེད་ཚུལ་ནི་ “དམིགས་བསལ་གང་ཡང་མིན་” ཞེས་པའི་བསམ་ཕྱོགས་ཕན་ཐོགས་ཅན་འདི་རེད། “ང་རང་སྐྱིད་པོ་འདུག” དེ་ནི་དམིགས་བསལ་གང་ཡང་མིན། ང་ཚོས་མི་ཚེ་ལས་གང་ཞིག་རེ་བ་བྱེད་ཀྱི་ཡོད་དམ། “ང་རང་ད་ལྟ་སྐྱིད་པོ་འདུག །ངའི་སྡུག་བསྔལ་མེད་པ་ཆགས་སོང་” ཞེས་སླར་ཡང་ང་ཚོས་དམིགས་བསལ་གང་ཡང་མིན་ཞེས་པའི་བསམ་ཕྱོགས་དེ་བཀོལ་སྤྱོད་བྱེད་ཀྱི་ཡོད། གནས་སྟངས་འགྱུར་བ་འགྲོ་བཞིན་ཡོད། ང་ཚོས་གང་ཞིག་རེ་བ་བྱེད་དམ།
ང་ཚོས་སྐྱིད་པོ་ཡོད་པའམ་ཡང་ན་སྐྱིད་པོ་མེད་པ་གང་རུང་ལ་བརྟེན་ནས་གནས་ཚུལ་ཆེན་པོ་བཟོ་རྒྱུ་མེད། དེ་བཞིན་སྐོམ་པ་ལ་བརྟེན་ནས་གནས་ཚུལ་ཆེན་པོ་བཟོ་རྒྱུ་མེད། གལ་ཏེ་ང་ཚོ་ཁ་སྐོམས་ནས་བཏུང་བྱ་ཞིག་ཡོད་ན། འགྲིག་པ་རེད། འཐུང་དགོས། ཡིན་ནའང་། ང་ཚོ་དེའི་རྗེས་ནས་ནམ་ཡང་ཁ་མི་སྐོམ་པའི་རེ་བ་བྱེད་མི་ཐུབ། ང་ཚོ་ཡང་བསྐྱར་ཁ་སྐོམ་ངེས་རེད། དེ་ལྟར་ཆུ་འཐུང་བ་དང་ཁ་སྐོམ་པ་བཅས་ལ་ཀུན་རྫུབ་ཀྱི་ “བདག་” ལ་གཞིགས་ན་དམིགས་བསལ་གང་ཡང་མེད། ང་ཚོས་དེ་ལ་གདོང་ལེན་བྱེད་པ་ཙམ་རེད། འོན་ཀྱང་། དེ་ནི་ “ཨོ། གལ་ཏེ་ང་ལ་བཏུང་བ་ཡག་པོ་འདི་ཡོད་ན། ཚང་མ་ཡག་པོ་ཡོང་གི་རེད། འདི་མ་འཕྲོགས་ཨང་” ཞེས་ “བདག་” རྫུས་མ་འདི་ལ་བརྟེན་ནས་མིན། འདི་ནི་ཟས་ཕོར་པ་གང་ཡོད་མཁན་གྱི་ཁྱི་ལྟ་བུ་རེད། ཁྱི་དེས་གཞན་ཞིག་གིས་ཟས་དེ་འཕྲོག་གི་ཡོད་པ་ལྟར་གཡས་གཡོན་གང་སར་ལྟ་བཞིན་དུ་བཟའ་བ་ལྟ་བུ་རེད། ང་ཚོས་བརྙན་འཕྲིན་ནང་ཚོང་འབྲེལ་ཁྱབ་བསྒྲགས་བྱེད་པ་མཐོང་བ་ལྟར། བཏུང་བ་གྲང་མོ་ཤེལ་དམ་མམ་འགྱིག་དམ་གང་བཟུང་བ་སོགས་ཀྱི་སྒོ་ནས་ “སྐོམ་པ་སེལ་བྱེད་ཀྱི་བཏུང་བ་གྲང་མོ་འདིས་སྐོམ་པ་ཡོངས་སུ་སེལ་གྱི་རེད་” ཅེས་དེ་ལྟར་ཡིན་ཚུལ་བརྗོད་ཀྱི་ཡོད། དེ་ནི་ཁུངས་ལུང་མེད་པ་རེད།
གཏིང་ཟབ་པའི་གོ་རྟོགས་རྙེད་པ།
ང་ཚོས་ཀུན་རྫོབ་ཀྱི་བདག་དེ་ཇི་ལྟར་གྲུབ་ཡོད་པ་ཤེས་དགོས་ཞེས་ཁྱེད་ཀྱིས་གསུངས་སོང་། འོན་ཀྱང་། ཤེས་ཡོན་དེ་འདང་ངེས་ཤིག་མ་རེད་བསམ་གྱི་འདུག །ང་ཚོར་གཏིང་ཟབ་པའི་གོ་རྟོགས་སམ་འགྱུར་ལྡོག་ཅན་གྱི་གོ་རྟོགས་ཤིག་ཇི་ལྟར་རྙེད་དམ། ང་ཚོས་དེ་དངོས་གནས་དོན་གོ་ཆོད་པ་ཞིག་ཇི་ལྟར་བྱེད་ཐུབ་བམ།
དཀའ་ངལ་ནི་དེའི་སྐོར་ལ་ང་ཚོའི་བསམ་བློའི་འཆར་ཚུལ་དེ་ཡིན་སྲིད། རྣམ་དཔྱོད་ཀྱི་གོ་རྟོགས་ཤིག་དང་དེ་ལས་གཏིང་ཟབ་པའི་སེམས་ཚོར་གྱི་གོ་རྟོགས་ཤིག་ཡོད། སྐབས་འདིར་ཡོད་པའི་ཚད་གཞིའི་ཐད་ལ་ང་ཚོས་དངོས་གནས་བསམ་ཞིབ་བྱེད་དགོས། ཚད་གཞིའི་ནང་གི་གཅིག་ནི་ “ངེས་པ་” དེ་རེད། ང་ཚོ་ཇི་ལྟར་ངེས་པ་རེད་དམ། འདི་ནི་ཀུན་རྫོབ་ཀྱི་ “བདག་” ཡིན་པ་དང་། ཇི་ལྟར་གྲུབ་པ། འདི་ནི་ཇི་ལྟར་མ་གྲུབ་པའི་ཐད་ལ་ང་ཚོས་ཇི་ལྟར་ཡིད་ཆེས་བྱས་སམ། ཐོག་མར་ང་ཚོའི་གོ་རྟོགས་དེ་ཡང་དག་པ་ཡིན་པར་དངོས་གནས་ཡིད་ཆེས་རྙེད་པ་ཞིག་དགོས།
འགྱུར་ལྡོག་ཅན་གྱི་གོ་རྟོགས་ཤིག་གོང་འཕེལ་གཏོང་བའི་རྒྱུད་རིམ་གྱི་ནང་སེམས་བྱུང་གི་འཕེལ་འགྱུར་ཆ་ཚང་བ་ཞིག་ཡོད། དཔེར་ན། ཀུན་རྫོབ་ཀྱི་ “བདག་” ལྟ་བུར་ཆ་བཞག་ན། དོན་ངོ་མར་དེ་ཇི་ལྟར་གྲུབ་པ་དང་མ་གྲུབ་པའི་དབར་ལ་ཁྱད་པར་འབྱེད་དགོས་ཤིང་། དེ་ནས་དེའི་ཐད་ལ་ཆོས་རྣམ་འབྱེད་ཀྱི་ཤེས་རབ་སྐྱེད་དགོས། དེས་ཁྱད་པར་འབྱེད་པ་ལ་ངེས་ཤེས་འདྲོང་གི་ཡོད། ང་ཚོས་དངོས་གནས་ངེས་པ་རྙེད་པའི་སྐབས། གཞི་ནས་ངེས་པ་དེ་ལ་གོམས་འདྲིས་བྱེད་པའི་སྒོ་ནས་ངེས་པའི་དོན་དེ་ཡིད་ཆེས་བརྟན་པོ་ཞིག་གི་ནང་འགྱུར་ལྡོག་གོང་འཕེལ་འགྲོ་བ་དང་གང་གིས་ཀྱང་ང་ཚོར་ཤུགས་རྐྱེན་བྱེད་ཀྱི་མ་རེད། དེར་བརྟེན་འཕེལ་འགྱུར་ཞིག་ཡོད་པ་རེད།
- ང་ཚོས་ཀུན་རྫོབ་ཀྱི་ “བདག་” གྲུབ་ཚུལ་དང་མ་གྲུབ་པའི་ཚུལ་གྱི་དབར་ལ་ཁྱད་པར་འབྱེད་ཀྱི་ཡོད།
- ཆོས་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་དེའི་ཐད་ངེས་པ་རྙེད་ཀྱི་ཡོད།
- ང་ཚོས་ཡིད་ཆེས་བརྟན་པོ་བསྐྱེད་པ་ལ་བརྟེན་ནས་གང་གིས་ཀྱང་ང་ཚོའི་སེམས་ལ་འགྱུར་བ་གཏོང་གི་མ་རེད། ང་ཚོར་དངོས་གནས་ཡིད་ཆེས་རྙེད་པ་བྱུང་ཡོད།
གལ་ཏེ་ང་ཚོས་འདི་ནི་ད་དུང་ཡང་རྣམ་དཔྱོད་རེད་ཅེས་བརྗོད་ན། མ་ཚང་བ་དེ་གང་ཡིན་ནམ། དེ་ལ་བརྟག་དཔྱད་བྱེད་དགོས། ང་ཚོས་དོན་ངོ་མར་གོ་རྟོགས་འདི་ལ་བརྟེན་ནས་བྱ་བ་བྱེད་དགོས་པ་དང་འདི་ནི་ “ངེས་པ་རྙེད་པའི་” གནད་དོན་ཡོངས་སུ་རྫོགས་པའི་ཆ་ཤས་ཧ་ཅང་གལ་འགངས་ཅན་ཞིག་རེད། གོ་བསྡུར་ཡོངས་སུ་རྫོགས་པ་འདིའི་ཆ་ཤས་ནི་ངེས་པ་རྙེད་པ་ཞིག་ཆགས་བཞིན་ཡོད་པ་སྟེ། གལ་ཏེ་ང་ཚོ་བདག་རྫུས་མ་འདི་ཡིན་པར་ཡིད་ཆེས་པའི་སྒོ་ནས་བྱ་བ་བརྩམས་ན། དེས་སྐྱིད་པོ་མེད་པ་དང་སྡུག་བསྔལ་སྐྲུན་གྱི་ཡོད། གལ་ཏེ་ཡིད་ཆེས་དེ་སྤངས་ནས་ཀུན་རྫོབ་ཀྱི་ “བདག་” ལ་གཞི་བྱས་ནས་བྱ་བ་བརྩམས་ན། ང་ཚོས་སྡུག་བསྔལ་གྱི་རིགས་འདི་ལྟ་བུ་སྐྲུན་གྱི་མ་རེད། དེ་ལ་ཡིད་ཆེས་རྙེད་པར། ང་ཚོས་དེ་དངོས་སུ་ལག་བསྟར་བྱེད་དགོས། ང་ཚོས་དེའི་འབྲས་བུ་ནི་ཆོས་དང་མཐུན་པར་འབྱུང་གི་ཡོད་པ་མཐོང་བའི་སྐབས། དངོས་གནས་ཡིད་ཆེས་རྙེད་པ་རེད།
གལ་ཏེ་ང་ཚོས་བདག་རྫུས་མ་ལ་བརྟེན་ནས་བྱ་བ་བྱེད་པ་དང་ཀུན་རྫོབ་ཀྱི་ “བདག་” ལ་བརྟེན་ནས་བྱ་བ་བྱེད་པ་གཉིས་དབར་གྱི་ཁྱད་པར་དེ་དངོས་གནས་ཡང་དག་པ་དང་མ་ནོར་བ་ཞིག་རྟོགས་ན། ང་ཚོས་ཀུན་རྫོབ་ཀྱི་ “བདག་” ལ་གཞི་བྱས་ནས་བྱ་བ་རྩོམ་རྒྱུར་འབད་བརྩོན་ཅིའི་ཕྱིར་མི་བྱེད་དམ། ང་ཚོས་དེ་ལག་བསྟར་ཅིའི་ཕྱིར་མི་བྱེད་དམ། དེ་ནས་ང་ཚོས་བརྟག་དཔྱད་བྱེད་དགོས། ང་ཚོར་ད་དུང་ཡང་ཐེ་ཚོམ་ཡོད་སྲིད། ང་ཚོར་ངེས་པ་དེ་ཙམ་མེད་པ་དང་དྭོགས་པ་ཡོད། དངོས་གནས་ཡིད་ཆེས་རྙེད་པ་བྱུང་མེད། ད་ང་ཚོས་ “ངས་དེ་བདེན་པ་ཡིན་ཤག་བྱེད་ཀྱི་ཡོད། བྱས་ཙང་། ངས་ཐབས་ཤེས་བྱས་ནས་བལྟ་རྒྱུ་ཡིན་” ཞེས་བསམ་པའི་ཚོད་དཔག་ལ་གཞི་བྱས་ནས་འབད་བརྩོན་བྱེད་ཆོག །ང་ཚོས་དེ་ཅིའི་ཕྱིར་མི་བྱེད་དམ། གཅིག་བྱས་ན་དེ་ནི་ལེ་ལོའི་དབང་གིས་ཡིན་སྲིད། དེ་ནས་ང་ཚོས་མུ་མཐུད་ནས་བརྟག་དཔྱད་དང་བཅས་ལེ་ལོའི་རྣམ་པ་ཚང་མ་དང་ལེ་ལོ་ཡོད་པའི་རྒྱུ་མཚན་ལ་ལྟ་དགོས། དེ་ནི་ཞེད་སྣང་ཡིན་སྲིད་པའམ། ཡང་ན་ང་ཚོའི་ཉེ་འཁོར་དུ་ཡོད་པ་རྣམས་ཀྱིས་ “འདི་ནི་གླེན་པ་རེད་” ཅེས་སོགས་བརྗོད་པའི་ཤུགས་རྐྱེན་ཡིན་སྲིད།
འདི་ལྟ་བུའི་འགྱུར་ལྡོག་ཆེ་བའི་གོ་རྟོགས་ནི་རྒྱུ་དང་རྐྱེན་དུ་མ་ལས་འབྱུང་གི་ཡོད། དེ་ཡང་ “ད་ང་ལ་གཏིང་ཟབ་པའི་སེམས་ཚོར་གྱི་འགྱུར་ལྡོག་ཅིག་ཡོད་” ཅེས་པ་ལྟ་བུ་སྦས་པའི་གནད་དོན་ཞིག་བཟོ་རྒྱུ་མེད། དེ་ནི་སྦས་དོན་གྱི་ཉམས་མྱོང་དེ་འདྲ་མ་རེད། གནད་དོན་དེ་རྟོགས་རྒྱུ་ནི་ཧ་ཅང་རྒྱུ་མཚན་དང་ལྡན་པའི་འཕེལ་འགྱུར་ཞིག་ཡིན་པ་དང་འདིར་ཚད་གཞི་གཙོ་བོ་ནི། ང་ཚོའི་གོ་རྟོགས་དེ་ཡང་དག་པ་ཞིག་ཡིན་པའི་ངེས་པ་དང་ཡིད་ཆེས་ཀྱི་རིམ་པ་དེ་རེད།
ངེས་འབྱུང་དང་། ཆོས་རྣམ་འབྱེད་ཀྱི་ཤེས་རབ། བཟང་སྤྱོད་ཀྱི་ཚུལ་ཁྲིམས།
འཕེལ་འགྱུར་ཅན་གྱི་གོ་རྟོགས་འདི་ཐོབ་པ་ལ་བརྟེན་ནས་ངེས་འབྱུང་སྐྱེད་པར་བྱེད་ཀྱི་ཡོད། ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བའི་ཆ་ལག་གྲུབ་ཚུལ་ཡོངས་སུ་རྫོགས་པ་རྟོགས་པ་དང་། ཐ་ན་བདེ་བ་དང་སྡུག་བསྔལ་མྱོང་བའི་སྐྱེ་བ་ཞིག་གི་ནང་དུ་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཕེལ་འགྲིབ་རྣམས་ཀྱང་རྟོགས་ཀྱི་ཡོད། ངེས་འབྱུང་ཟེར་བ་ནི་ “ང་རང་ནད་པ་ཡིན་པ་དང་འདི་ལ་ཡིད་ཐང་ཆད་སོང་” ཞེས་པའི་དོན་རེད། ང་ཚོ་གཞི་རྐང་ནས་དེ་ལ་ཉོབ་སྣང་སྐྱེས་ཡོད་པ་དང་དེ་མཚམས་འཇོག་བྱེད་འདོད་ཡོད། དེ་ལས་ཐར་འདོད་ཡོད། འདི་ལ་ཐར་པ་འཐོབ་པར་དངོས་གནས་དྲང་གནས་འབད་བརྩོན་ཞིག་བྱེད་པའི་བློ་སྟོབས་དང་ཆོད་སེམས་འདི་འདྲ་དང་ལྡན་པའི་ཀུན་རྫོབ་ཀྱི་ “བདག་” གི་འདུ་ཤེས་ཧ་ཅང་ཤུགས་ཆེན་ཞིག་ཡོད་དགོས། དེ་ལྟ་བུའི་ཀུན་རྫོབ་ཀྱི་ “བདག་” གི་འདུ་ཤེས་བཟང་པོ་ཤུགས་ཆེན་དེ་མེད་པར་ང་ཚོས་གང་ཡང་བྱེད་རྩིས་མེད། གནད་དོན་དེ་ལ་ཡི་རང་གནང་རོགས་ཞུ། ཐར་པར་འཐོབ་པའི་ཆེད་དུ་འབད་བརྩོན་བྱེད་པར་བློ་སྟོབས་ཧ་ཅང་ཤུགས་ཆེན་པོ་ཞིག་དགོས་ཀྱི་ཡོད། “ངས་དེ་བྱེད་རྩིས་ཡོད་” ཅེས་པའི་ངེས་ཤེས་འདི་འདྲ་ཞིག་དང་། དེའི་སྟེང་ལ་སྲིད་པ་ཞིག་དང་ “ངས་བྱེད་ཐུབ་ཀྱི་རེད་” ཅེས་པའི་གདེང་ཚོད་དེ་དགོས།
ཐར་པའི་གོ་འཕང་དེ་འཐོབ་པར། བདག་རྫུས་མ་འདི་དང་རྫུས་མའི་ཚུལ་དུ་གྲུབ་པའི་བདག་གམ་ང་འདི་ནི་དངོས་ཡོད་གནས་ཚུལ་གང་དང་ཡང་མཐུན་གྱི་མེད་པར་ཡིད་ཆེས་རྙེད་པའི་ཤེས་རབ་དེ་དགོས་ཀྱི་ཡོད་པ་ང་ཚོས་ཤེས། ཀུན་རྫོབ་ཀྱི་ “བདག་” ནི་ཡོད་པ་རེད། དེ་ནི་སྐད་ཅིག་རེ་རེ་བཞིན་དུ་འགྱུར་བའི་ཕུང་པོའི་གང་ཟག་སོ་སོའི་སེམས་རྒྱུད་ལ་གཞི་བྱས་པའི་བཏགས་ཆོས་སུ་གྲུབ་པ་ཞིག་ཡིན་པ་དང་ཕུང་པོ་དེ་དག་གི་ཆ་ཤས་འགའ་ཞིག་ལས་ལོགས་སུ་དུས་གཅིག་ལ་རྟོགས་མི་ཐུབ་པ་ཡིན། དེ་ནི་ཐོག་མཐའ་མེད་པར་མུ་མཐུད་ནས་འགྲོ་གི་ཡོད། དེ་ནི་དཀའ་ངལ་ཞིག་མིན། འོན་ཀྱང་། དེ་ནི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་མེད། ང་ཚོས་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་ཚུལ་དེ་དགོག་དགོས་པ་དང་དེ་ལྟར་གྲུབ་པའི་ཡིད་ཆེས་དེ་མེད་པ་བཟོ་དགོས།
ཆོས་རྣམ་འབྱེད་ཀྱི་ཤེས་རབ་དང་གོ་རྟོགས་དེ་ལ་དམིགས་པར། ང་ཚོར་ལྷག་པའི་ཏིང་ངེ་འཛིན་དགོས་ཀྱི་ཡོད། ཏིང་ངེ་འཛིན་དེ་འཐོབ་པར། ང་ཚོར་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དགོས་པ་དང་དེ་ལ་བརྟེན་ནས་ང་ཚོས་དྲན་པ་ཉེར་བཞག་སྐྱེད་ཀྱི་ཡོད། དྲན་པ་ཉེར་བཞག་ནི་ཤེས་རབ་དང་གོ་རྟོགས་ལ་འཛིན་པའི་སེམས་ཀྱི་སྦྱར་རྩིའམ་འཛིན་ཆ་དེ་ཡིན་པ་རེད། ང་ཚོས་གོལ་སར་ལྷུང་གི་ཡོད་དང་མེད་ལྟ་ཕྱིར། ཤེས་བཞིན་དེའང་དགོས་ཀྱི་ཡོད། ང་ཚོས་ལུས་དང་ངག་གི་སྤྱོད་ལམ་རགས་པར་ཁ་ཕྱོགས་པའི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ལ་བརྟེན་ནས་ཐབས་རྩལ་དེ་དག་གོང་འཕེལ་གཏོང་གི་ཡོད། དེ་ལས་ཐོབ་པའི་ནུས་ཤུགས་ལ་བརྟེན་ནས་ཏིང་ངེ་འཛིན་གོང་འཕེལ་གཏོང་བའི་ཕྱིར། ང་ཚོས་ཁྲིམས་རང་སྲུང་དེ་ཡིད་ཀྱི་ལས་སུ་ཁ་ཕྱོགས་པར་བཀོལ་སྤྱོད་བྱེད་ཐུབ། དེ་ནས་ང་ཚོ་དོན་ངོ་མར་ཇི་ལྟར་གྲུབ་ཡོད་པའམ། ཡང་དེ་ལས་གནད་དུ་འཁེལ་བར་བརྗོད་ན། ང་ཚོས་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པས་སྟོང་པ་སྟེ། སྟོང་པ་ཉིད་ལ་དམིགས་པའི་ཆེད་དུ་ཏིང་ངེ་འཛིན་འདི་ལག་བསྟར་བྱེད་ཀྱི་ཡོད། བྱས་ཙང་། ལྷག་པའི་བསླབ་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་ཀྱི་ཆེད་དུ་ང་ཚོར་ “བདག་” བཟང་པོའི་འདུ་ཤེས་ཤུགས་ཆེན་ཞིག་དགོས་ཀྱི་ཡོད།
ང་ཚོས་ “བདག་” ཅི་འདྲ་ཞིག་ཐར་པ་འཐོབ་ཐབས་བྱེད་ཀྱིན་ཡོད་དམ།
གནད་འགག་གཙོ་བོ་དེ་ནི་ང་ཚོས་ “བདག་” ཅི་འདྲ་ཞིག་ཐར་པ་འཐོབ་ཐབས་བྱེད་ཀྱིན་ཡོད་དམ། ང་ཚོས་ཐར་པ་འཐོབ་འདོད་ཡོད་པའི་ “བདག་” དེ་ཇི་ལྟར་གྲུབ་ཡོད་པ་ཤེས་དགོས། “བདག་” རྫུས་མ་དེ་ཐར་པར་འགོད་འདོད་ཡོད་པ་དང་ད་ “བདག་” རྫུས་མ་དེ་ཐར་པ་ཐོབ་པ་དེ་འདྲ་ཞིག་མིན། ང་ཚོས་ཀུན་རྫོབ་ཀྱི་ “བདག་” ཐར་པའི་གོ་འཕང་དུ་འགོད་འདོད་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོར་ངེས་པར་དུ་དགོས་པའི་གོ་རྟོགས་ཀྱི་རིམ་པ་དང་པོ་དང་ང་ཚོས་དགོག་དགོས་པའི་དགག་བྱའི་རིམ་པ་དང་པོ་ནི་ནང་པ་མིན་པའི་ཆོས་ལུགས་སམ་རྒྱ་གར་གྱི་ཕྱི་རོལ་པས་ཁས་ལེན་པའི་ “བདག་” དེ་རེད། ཁོང་ཚོས་ཀྱང་ཐར་པ་འཐོབ་པའི་ཐབས་ལམ་ཁག་ཤོད་ཀྱི་ཡོད། ཡིན་ནའང་། ཁོང་ཚོས་གང་ཞིག་ཐར་པ་འཐོབ་པར་དམིགས་ཀྱིན་ཡོད་ཅེ་ན། དེ་ནི་ “བདག་” རྫུས་མ་སྟེ། ཕུང་པོ་ལས་ལོགས་སུ་གནས་ཐུབ་པའི་བདག་གམ་ཐ་ན་སེམས་མེད་པའི་སྒོ་ནས་གནས་ཐུབ་པའི་བདག་ཅིག་དང་། དེ་རང་ངོས་ནས་ཐར་པ་འཐོབ་པར་སྟངས་འཛིན་གྱི་ནང་གནས་ཐུབ་ཅེས་པའི་འདོད་ཚུལ་དེ་རེད། གལ་ཏེ་ང་ཚོས་དེའི་སྐོར་ལ་བསམ་བློ་ཞིག་བཏང་ན། དེ་ནི་དོ་སྣང་བྱ་འོས་ཤིག་ཡོད། “བདག་གམ་ང་” ཞེས་བྱ་བ་ད་ལྟ་སྡུག་བསྔལ་དང་ཡིད་མི་ཚིམ་པའི་བདེ་བ་ཉི་ཚེ་བ་འདི་ལས་རང་ངོས་ནས་ཐར་ཏེ། ཚང་མར་སྟངས་འཛིན་བྱེད་མཁན་ཞིག་ཡོད་པར་འདོད། “བདག་གམ་ང་” འདི་ནི་མཐར་སེམས་ནང་གི་སྟངས་འཛིན་གཙོ་བོ་ཡོད་ས་དེར་སྡོད་པ་ལས་ཐར་རྒྱུ་ཡིན་པ་སྟེ། གང་ཡིན་ཞེ་ན། དེ་ནི་གླེན་རྟགས་ཅན་གྱི་སྟངས་འཛིན་གྱི་ཡོ་ཆས་ཤིག་གི་ནང་སྡོད་འདོད་ཡོད་པ་རེད། དེ་ལྟར་ “བདག་” དེ་ལ་ཐར་པའི་གོ་འཕང་ཐོབ་ཀྱི་ཡོད།
དེ་ནི་ཡ་མཚན་ཆེན་པོ་དེ་འདྲ་མིན། གང་ཡིན་ཞེ་ན། གལ་ཏེ་ང་ཚོས་རང་གིས་རང་ལ་བརྟག་དཔྱད་བྱས་ན། དེ་ནི་ནམ་རྒྱུན་ང་ཚོས་ཐར་པར་འགོད་ཐབས་བྱེད་བཞིན་པ་དེ་སུ་ཡིན་པའི་བསམ་བློ་དེ་རེད། ང་ཚོས་ “བདག་གམ་ང་” རྫུས་མ་དེ་ཐར་པར་འགོད་ཐབས་བྱེད་ཀྱིན་ཡོད།
ད་ང་ཚོས་ “བདག་” རྫུས་མ་དེའི་ཁྱད་ཆོས་རྣམས་ལ་བརྟག་དཔྱད་བྱ་རྒྱུ་ཡིན། ཉོན་མོངས་པ་དེ་དག་དང་ལས་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་གྱིས་ཤུགས་རྐྱེན་མ་སྤྲད་པའི་བདག་ཅིག་འདོད་ཀྱི་ཡོད། དེ་འགྲིག་གི་རེད། ཡིན་ནའང་། གལ་ཏེ་ང་ཚོས་ “བདག་” རྫུས་མ་ལ་གཞིགས་ནས་བསམ་བློ་བཏང་ན། གང་འཐོབ་འདོད་བྱེད་ཀྱི་ཡོད་པ་ནི་གང་གིས་ཀྱང་ཤུགས་རྐྱེན་མ་སྤྲད་པའི་ “བདག་” ཅིག་འཐོབ་འདོད་ཡོད།
འདིས་གང་ཟག་གི་ “བདག་” གི་སྐོར་ལ་ཀུན་བརྟགས་ཀྱི་ལོག་པའི་ལྟ་བའི་ཁྱད་ཆོས་གསུམ་ངོ་སྤྲོད་བྱེད་ཀྱི་ཡོད། དེ་ནི་ནང་པ་མིན་པའི་རྒྱ་གར་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་ཚོས་འདོད་པའི་ “བདག་” དེ་རེད། དང་པོ་ “བདག་” དེ་རྟག་པ་རེད། འགའ་ཞིག་གིས་རྟག་པ་ལ་ཨིན་སྐད་ནང་ (permanent) ཞེས་སྒྱུར་གྱི་ཡོད་ཀྱང་། ང་ཚོས་ཐ་ན་ནང་ཆོས་ཀྱི་ནང་དུའང་ཐོག་མཐའ་མེད་པའི་བདག་ལ་བསམ་བློ་གཏོང་གི་ཡོད། ཨིན་སྐད་ཀྱི་ཚིག་ (permanent) ཞེས་པ་སྐབས་འདིར་ཐོག་མཐའ་མེད་པའི་དོན་མིན། དེའི་དོན་ནི་ཨིན་སྐད་ནང་གི་ (static) ཞེས་པ་དེ་རེད། དེ་ནི་འདུས་མ་བྱས་པའམ་གང་གིས་ཀྱང་ཤུགས་རྐྱེན་མ་སྤྲད་པའི་དོན་རེད། དེ་ནི་གཞན་དབང་སྟབས་བསྟུན་མི་དགོས་པའི་ཆོས་ཞིག་ཡིན་པ་རེད།
གནད་དོན་འདིས་མགོ་རྨོངས་པའི་རྒྱུ་བྱེད་སྲིད། འདི་ནི་ང་ཚོས་བདག་ཅེས་པ་དེ་གང་གིས་ཀྱང་ཤུགས་རྐྱེན་བྱས་མེད་པ་རྟོགས་དགོས་པའི་དོན་མིན། ང་ཚོར་གང་དགོས་པ་ནི་ “བདག་” དེ་མི་དགེ་བའི་སེམས་ཚོར་དང་ཉོན་མོངས་པས་ཤུགས་རྐྱེན་མ་སྤྲད་པ་ཞིག་དགོས། ང་ཚོར་ད་དུང་ཡང་སྙིང་རྗེ་དང་གཞན་ལ་སེམས་འཁུར་གྱིས་ཤུགས་རྐྱེན་སྤྲོད་ངེས་པ་རེད་ལ། ང་ཚོར་ཤུགས་རྐྱེན་སྤྲོད་མཁན་མང་པོ་ཡོད། འདི་ནི་ཕྱི་རོལ་པ་ཚོས་ཐར་པ་འཐོབ་ཀྱིན་ཡོད་པར་ཡིད་ཆེས་བྱེད་པའི་བདག་གི་རིགས་ཤིག་ཡིན། དེར་མ་ཟད། དེ་ཐར་པ་ཐོབ་པ་དང་གཞན་གང་གིས་ཀྱང་ཤུགས་རྐྱེན་མ་བྱས་པའི་བདག་ལྟ་བུ་ཞིག་དང་དེ་ཡང་ལུས་སེམས་ལས་རྦད་དེ་ཐ་དད་པའམ་ལོགས་སུ་ཡོད་པ་ཞིག་མུ་མཐུད་ནས་འགྲོ་གི་ཡོད།
ད་ང་ཚོས་འདིའི་སྐོར་ལྷོད་ལྷོད་ངང་ནས་བལྟ་རྒྱུ་ཡིན། ཐོག་མའི་དགག་པ་འདིའི་ནང་། ང་ཚོས་གང་ཞིག་དཔྱད་ཞིབ་བྱེད་ཀྱིན་ཡོད་པ་ནི་གནད་དོན་གསུམ་སྟེ། བསམ་བློ་གཏོང་སྟངས་གསུམ་གྱི་ཐོག་ནས་བདག་ལ་ལྟ་བཞིན་ཡོད་པ་རེད། དེ་ཡང་། (༡) རྟག་པ་དང་། (༢) གཅིག་པུ། (༣) རང་དབང་བ་ཞེས་པ་དེ་རེད། ང་ཚོས་བདག་གི་ཁྱད་ཆོས་མི་འདྲ་བ་དེ་དག་ལ་ཞིབ་ཅིང་ཕྲ་བར་ལྟ་དགོས།
༡། རྟག་པ་ནི། དོན་ངོ་མར་བདག་དེ་གང་གིས་ཀྱང་ཤུགས་རྐྱེན་སྤྲད་མེད་པའི་དོན། ཡིན་ནའང་། ནང་ཆོས་ནང་ང་ཚོ་གཞི་རྐང་ནས་དེ་མ་རིག་པའམ་མི་ཤེས་པ་དེས་ཤུགས་རྐྱེན་མ་སྤྲད་པ་ཞིག་དགོས་ཀྱི་ཡོད་ལ། ཉོན་མོངས་པས་ཀྱང་ཤུགས་རྐྱེན་མ་སྤྲད་པ་ཞིག་དགོས་ཀྱི་ཡོད། འོན་ཀྱང་། ང་ཚོས་གྲོས་བསྡུར་བྱས་པ་ལྟར། གང་གིས་ཀྱང་ཤུགས་རྐྱེན་མི་སྤྲོད་པའི་ཆོས་ཤིག་ནི་མི་སྲིད་པ་རེད།
༢། གཅིག་པུ་ནི། དེའི་དོན་གང་རེད་དམ། གཅིག་པུ་ཞེས་པ་ནི་ཆ་མེད་རེད། དེ་ནི་ཆ་ཤས་སུ་དབྱེ་མི་ཐུབ་པའི་ཆ་མེད་ཕྲ་གཟུགས་ཀྱི་དོན་རེད། སྐབས་འདིར་དགག་བྱར་གྱུར་བའི་ཕྱི་རོལ་པའི་གྲུབ་མཐའ་གཙོ་བོ་ཁག་ནི་གྲངས་ཅན་པ་དང་། རིགས་པ་ཅན་པ། བྱེ་བྲག་པ་བཅས་རེད། གྲུབ་མཐའ་སྔ་མ་གཉིས་ཀྱིས་བདག་ནི་འཇིག་རྟེན་ན་ཀུན་ལ་ཁྱབ་པའི་ཆ་མེད་ཕྲ་གཟུགས་ཤིག་ཡིན་པར་འདོད། དེའི་དོན་ནི་བདག་ནི་འཇིག་རྟེན་ཁྱོན་ཡོངས་ཀྱི་ཆ་ཚད་དེ་ཡིན་པ་རེད། བྱེ་བྲག་པས་བདག་ནི་ཆ་མེད་ཕྲ་གཟུགས་ཡིན་པར་འདོད་ནའང་། དེ་ནི་ཤིན་ཏུ་ཕྲ་མོ་སྲོག་གི་མེ་སྟག་ལྟ་བུ་རྡུལ་ཕྲ་མོ་ཞིག་གི་ཆ་ཚད་དུ་འདོད། ང་ཚོས་ཆ་མེད་ཕྲ་གཟུགས་ཡིན་པའི་ཆ་མེད་ཀྱི་ཐུན་མིན་གྱི་གོ་དོན་གང་ཡིན་བརྟག་དཔྱད་བྱེད་དགོས། འདིར་འབྲེལ་བ་དེ་གང་རེད་དམ།
ལན་འདི་རྙེད་པར་ང་ཚོས་ནང་པའི་གྲུབ་མཐའི་ལུགས་ཀྱི་ནང་གི་འཚོལ་ཞིབ་འཕྲུལ་ཆས་ནང་ “ཆ་མེད་” ཅེས་པའི་ཚིག་འདི་བླུགས་ནས་འཚོལ་བ་དང་། ང་ཚོས་བྱེ་བྲག་སྨྲ་བའི་ལུགས་ཀྱི་བདེན་པ་གཉིས་འདོད་པ་དེ་རྙེད་ཀྱི་རེད། ནང་པའི་གྲུབ་མཐའ་འདིས་ “ཆ་མེད་” ཅེས་པའི་ཐ་སྙད་སྐོར་ཤོད་ཀྱི་ཡོད་པ་དང་འདིའི་བརྒྱུད་ནས་ང་ཚོས་ནང་ཆོས་ནང་དེའི་ཐུན་མིན་གྱི་གོ་དོན་ཐད་གོ་རྟོགས་འགའ་ཞིག་རྙེད་ཐུབ།
- བདེན་པའི་རིགས་གཅིག་ནི། ང་ཚོས་ལུས་ཀྱི་སྒོ་ནས་ཞིབ་དཔྱོད་བྱེད་པའམ་སེམས་ཀྱི་ཞིབ་བརྟག་གིས་དཔྱད་པའི་སྐབས། དེའི་ཀུན་རྫོབ་ཀྱི་ངོ་བོ་དེ་རང་རང་སོར་གནས་ཀྱི་མེད། དཔེར་ན། འདི་ནི་ལྕོག་ཙེ་ཡིན་པ་དང་འདི་ལ་ཆ་ཤས་ཡོད། ང་ཚོས་དེ་ཆ་ཤས་སུ་ཕྱེ་བའི་སྐབས། ལྕོག་ཙེ་མེད་པ་རེད།
- བདེན་པའི་རིགས་གཞན་ཞིག་ནི། ང་ཚོས་ཞིབ་དཔྱོད་དང་བརྟག་པའི་སྐབས། དེའི་ཀུན་རྫོབ་ཀྱི་ངོ་བོ་དེ་རང་སོར་གནས་ཀྱི་ཡོད། དཔེར་ན། ཐ་ན་བྱམས་བརྩེའི་སྐད་ཅིག་ཆེས་ཤིན་ཏུ་ཕྲ་མོ་དེ་ནི་ད་དུང་ཡང་བྱམས་བརྩེ་ཡིན་པ་ལྟ་བུ་རེད།
བྱེ་བྲག་སྨྲ་བའི་ལུགས་ལྟར་ན། བདེན་པའི་རིགས་གཉིས་པའི་ཁོངས་སུ་དབྱེ་མི་ཐུབ་པའི་མཐར་ཐུག་གི་རྡུལ་ཆུང་ཤོས་རྣམས་གཏོགས་ཡོད། ང་ཚོས་དེ་ལྟ་བུའི་རྡུལ་ཕྲན་ཞིག་བརྟག་པའམ་ཆ་གསེས་གཏོང་བའི་ཕྱིར་འབད་བརྩོན་ག་ཚོད་བྱས་ཀྱང་། དེ་ལ་ཆ་མེད་པ་ཙམ་རྒྱུ་མཚན་དུ་བྱས་ནས་རྡུལ་ཕྲན་དེ་གང་ཡིན་པའི་རང་གི་ངོ་བོ་རང་སོར་གནས་ཀྱི་ཡོད། དེ་ནི་ཆ་མེད་ཕྲ་གཟུགས་ཤིག་ཡིན་པ་རེད།
ད་གལ་ཏེ་ང་ཚོས་བདག་གམ་ཐར་པ་ཐོབ་པའི་བདག་ལ་ “ཆ་མེད་” ཅེས་པའི་ཐུན་མིན་གྱི་ཐ་སྙད་འདི་བཀོལ་སྤྱོད་བྱས་ན། དེ་ལ་སྐྱོན་གང་ཡོད་དམ། དེ་ལ་ནོར་འཁྲུལ་ཡོད་པ་ནི་དེས་བདག་ཅེས་པ་ནི་ཆ་བཅས་ལ་གཞི་རྩ་བྱེད་པའི་བཏགས་ཆོས་ཤིག་མིན། ནང་ཆོས་ལྟར་ན། བདག་གམ་ཀུན་རྫོབ་ཀྱི་བདག་ནི་ཕུང་པོ་ལྔ་དང་ལྡན་པའི་གང་ཟག་སྒེར་གྱི་སེམས་རྒྱུད་ལ་བཏགས་པའི་བཏགས་ཆོས་ཤིག་ཡིན། དེ་དག་ནི་ལུས་པོ་དང་། སེམས། སེམས་ཚོར་ལ་སོགས་པ་རེད། དེ་དག་ཐམས་ཅད་ནི་རྟག་ཏུ་འགྱུར་བ་འགྲོ་བཞིན་ཡོད། དེའི་རྗེས་སུ་ཆ་ལག་དེ་དག་ཐམས་ཅད་ལ་བཏགས་པའི་བཏགས་ཆོས་ཤིག་ཡིན་པའི་ཆ་ནས་ཇི་ལྟར་ལྕོག་ཙེ་ལ་ཆ་ཤས་ཡོད་པ་ནང་བཞིན་ང་ཚོ་གང་ཟག་ལའང་ཆ་ཤས་ཡོད་དེ། དེའི་ཆ་ཤས་ལ་བཏགས་པའི་ཆོས་ཤིག་ཡིན། ཇི་ལྟར་ལྷུ་བཤིག་པའི་ལྕོག་ཙེ་ཞིག་གི་དུམ་བུ་ཐམས་ཅད་ལ་ལྟ་བ་ནང་བཞིན་ང་ཚོས་རང་གིས་རང་ལ་ལུས་པོ་དང་། སེམས། རང་གཤིས། སེམས་ཚོར་སྣ་ཚོགས་པ། མྱོང་བ་མི་འདྲ་བ་སོགས་ཀྱི་ནང་བརྟག་དཔྱད་བྱས་ཏེ། དེ་དག་ལ་ལོགས་སུ་ཐ་དད་པར་ལྟ་བའི་སྐབས། ང་ཚོའི་ཀུན་རྫོབ་ཀྱི་ངོ་བོ་དེ་རང་སོར་གནས་ཀྱི་མེད། གལ་ཏེ་ང་ཚོས་སོ་སོའི་ལུས་པོ་ནས་སེམས་དེ་ལོགས་སུ་ཁ་བྲལ་བཏང་ན། དེ་ནི་ད་དུང་ཡང་ “བདག་གམ་ང་” རེད་དམ།
གལ་ཏེ་བདག་འདི་འདྲའི་ཆ་མེད་ཡིན་ན། དེ་ལ་ཆ་ཡོད་པའི་བཏགས་པའི་གཞི་ཞིག་ཡོད་མི་སྲིད་པ་རེད།
ལོ་དྲུག་བྱས་པ་དང་། ལོ་བཅུ་དྲུག་བྱས་པ། ལོ་ཉེར་ལྔ་བྱས་པའི་ “བདག་” ཡོང་མི་སྲིད་པ་རེད། ལུས་དང་། སེམས། སེམས་ཚོར། ཡང་ན་ང་ཚོས་གང་ཚོར་བཞིན་པ་སོགས་ལ་གཞིགས་ན་ “བདག་” ཡོང་མི་སྲིད་པ་རེད། དེ་ནི་ཆ་མེད་ཕྲ་གཟུགས་ཤིག་ཡིན་དགོས་ངེས་ཡིན་པས། དེ་ནི་མི་སྲིད་པ་ཞིག་རེད།
ནང་པས་དགག་པའི་རྒྱ་གར་གྱི་ཕྱི་རོལ་པའི་བདག་གི་འདོད་ཚུལ།
རྒྱ་གར་གྱི་ཕྱི་རོལ་པའི་གྲུབ་མཐའ་དེ་དག་གིས་གང་ཐབས་ཤེས་བྱེད་བཞིན་ཡོད་པ་ནི་ཆ་མེད་པ་ཞིག་ཐར་པར་འགོད་ཐབས་བྱེད་ཀྱིན་ཡོད། དཔེར་ན། གྲངས་ཅན་པའི་ལུགས་སུ་བདག་ནི་གཙོའམ་སྤྱི་གཙོ་བོ་དང་མི་འདྲ་ཞིང་། སྤྱི་གཙོ་བོ་ནི་རྡུལ་མུན་སྙིང་སྟོབས་བཅས་འདུས་རྫས་གསུམ་ལས་གྲུབ་པ་ཞིག་ཡིན་པས། འདུས་རྫས་དེ་གསུམ་མེད་པ་ནི་ཆ་མེད་ཡིན། ནང་པའི་ལུགས་སུ་ང་ཚོས་ “བདག་” ནི་ཡོན་ཏན་དེ་གསུམ་ལ་བཏགས་པའི་ཆོས་ཤིག་མིན་པར་བརྗོད་ངེས་རེད། ཡིན་ནའང་། དེ་ནི་ཆ་མེད་རེད་ཅེས་པའི་དོན་མིན། དེ་ནི་ཕུང་པོ་ལྔ་ལ་བཏགས་པའི་ཆོས་ཤིག་ཡིན་པ་སོང་ཙང་། དེ་ལ་ཆ་ཡོད་པའམ་ཆ་དང་བཅས་པ་རེད།
གལ་ཏེ་ང་ཚོས་དེ་ལས་སླ་པོའི་སྒོ་ནས་བཤད་ན། ལུགས་གཞན་དེ་དག་གིས་བདག་ནི་གང་གིས་ཀྱང་བཟོས་པ་ཞིག་མིན་པས། དེ་ནི་ཆ་མེད་རེད་ཅེས་བརྗོད་ཀྱི་ཡོད། ང་ཚོས་ཐར་པར་འགོད་ཐབས་བྱེད་བཞིན་པའི་བདག་འདི་ཆ་ཤས་ལས་གྲུབ་པ་ཞིག་མིན་ཞེས་བསམ་རྒྱུ་མེད། བདག་ནི་ལུས་དང་། སེམས། སེམས་ཚོར་ལ་སོགས་པ་ལས་གྲུབ་ཅིང་། དེ་དག་ཐམས་ཅད་ནི་ལོ་ཚད་དང་བསྟུན་ནས་འགྱུར་བ་འགྲོ་གི་ཡོད། བདག་ལ་ཆ་ཡོད་ངེས་པ་རེད།
དེ་ལ་མུ་མཐུད་ནས་དཔྱད་པ་བྱེད་པར། ང་ཚོས་དྲི་བ་འདྲི་དགོས། དྲི་བ་གང་འདྲི་དགོས་ཞེ་ན། ལུས་དེ་བདག་རེད་དམ། སེམས་དེ་བདག་རེད་དམ། མ་རེད། གལ་ཏེ་ང་ཚོས་ཆ་ཤས་ཙམ་ལ་བལྟས་ན། ང་ཚོས་བདག་ཟེར་བ་ཞིག་མེད་པ་ཤེས་ཀྱི་རེད། དེ་བདག་ཡིན་པའི་ངོ་བོ་དེ་བརླགས་ཡོད་པ་སོང་ཙང་། དེ་ནི་ཆ་ཤས་ཡོད་པའི་ཆོས་ཤིག་གི་མཚན་ཉིད་ལ་རན་འཚམས་ཆགས་པ་དང་དེ་ལོགས་སུ་ཁ་བྲལ་གཏོང་བའི་སྐབས། དེའི་ངོ་བོ་བརླག་གི་ཡོད།
༣། རང་དབང་ཅན་ནི། ང་ཚོས་དགོག་དགོས་པའི་ཁྱད་ཆོས་གསུམ་པ་ནི་ལུས་སེམས་གང་རུང་ལ་བརྟེན་མི་དགོས་པའི་རང་དབང་ཅན་གྱི་བདག་དེ་རེད། འདིའི་དོན་ནི་ལུས་སེམས་ཏེ་བཏགས་པའི་གཞི་ལས་ལོགས་སུ་བདག་ཅིག་གྲུབ་ཡོད་པ་དེ་རེད། དེ་ནི་གྲངས་ཅན་པ་དང་། རིགས་པ་ཅན་པ། བྱེ་བྲག་པ་བཅས་ཕྱི་རོལ་པའི་གྲུབ་མཐའ་རྣམས་ཀྱིས་གང་ཐར་པ་འགོད་འདོད་བྱེད་པ་དེ་རེད། དེ་ནས་ང་ཚོར་ལུས་སེམས་ལས་རྦད་དེ་ཐ་དད་པའམ་ལོགས་སུ་ཡོད་པ་དང་བཏགས་པའི་གཞི་གང་ཡང་མེད་པའི་བདག་ཅིག་ཡོད་ངེས་རེད། འདིར་གསལ་བཤད་བྱ་རྒྱུར། བདག་རྫུས་མ་འདིའི་མཚན་ཉིད་ཀྱི་ཆ་ཤས་གཉིས་པ་ནི་བདག་ལ་བཏགས་པའི་གཞི་གང་ཡང་མེད་པར་དགོག་པ་དེ་རེད། རྣམ་པ་གསུམ་པ་འདི་ལ་བརྟེན་ནས་བདག་ནི་བཏགས་པའི་གཞི་ཞིག་ལས་ལོགས་སུ་གྲུབ་ཐུབ་པར་འདོད་ཀྱི་ཡོད།
ཕྱི་རོལ་པའི་གྲུབ་མཐའི་ལུགས་དེ་དག་གིས་གང་བརྗོད་པ་ལ་གཏིང་ཟབ་པར་འཇུག་རྒྱུ་དེ་ཧ་ཅང་དོ་སྣང་བྱ་འོས་པ་ཞིག་ཆགས་ཀྱི་ཡོད། དཔེར་ན། གྲངས་ཅན་པས་བདག་གི་རྫས་ལས་མ་གྲུབ་པའི་ཡུལ་ཅན་མེད་པའི་ཤེས་པ་སྟེ། ཡུལ་ཅན་མེད་པའི་ཤེས་པ་ཞིག་ཡིན་པ་དང་དེ་ནི་ཁོང་ཚོས་བཤད་པའི་སྤྱི་གཙོ་བོ་དེ་ཡིན་པ་རེད། བདག་ནི་ཤེས་པའི་ལུས་ཀྱི་དབང་པོ་དང་གཅིག་མིན། དེ་ལ་ང་ཚོའི་ནུབ་ཕྱོགས་པའི་ཐ་སྙད་ལ་ཀླད་པ་ཞེས་པ་དེ་ཡིན་ངེས་རེད། ཡུལ་ཅན་མེད་པའི་ཤེས་པ་ནི་ཀླད་པ་དང་གཅིག་མིན། དེ་ནི་ཕྱི་དངོས་པོའི་ཀླད་པ་སྟེ། འཁོར་བའི་བདེ་བ་དང་སྡུག་བསྔལ་མྱོང་གི་ཡོད་པ་དང་། ལས་ཀྱི་འབྲས་བུ་ལ་བརྟེན་ནས་ཀླད་པ་བརྒྱུད་དེ་བདག་གིས་དེ་ལ་མྱོང་བ་ཙམ་ཞིག་རེད། འོན་ཀྱང་། བདག་དེས་གང་ཡང་ཡུལ་ཅན་མེད་པའི་སྒོ་ནས་རྟོགས་ཀྱི་མེད། དེ་ག་ནང་བཞིན་བདག་ནི་ལས་བྱེད་པ་པོ་དེ་མིན་པར་ལུས་ནི་ལས་བྱེད་པ་པོ་དེ་ཡིན། བདག་གིས་གང་ཡང་བྱེད་མི་ཐུབ་ལ་རྟོགས་མི་ཐུབ། གང་ཡིན་ཞེ་ན། གལ་ཏེ་བདག་གིས་བྱ་བ་བྱེད་པ་དང་གནད་དོན་རྟོགས་ཀྱི་ཡོད་ན། དེ་འགྱུར་བ་འགྲོ་གི་ཡོད་པའི་དོན་ཡིན་ངེས་རེད། བྱས་ཙང་། གལ་ཏེ་ང་ཚོས་བདག་ལུས་ཀྱི་གཞི་རྟེན་ཏེ་ཀླད་པ་འདི་ལས་ཐར་པ་བྱེད་ཐུབ་ན། དེ་ནི་གང་ཡང་མི་མྱོང་ཞིང་ཡུལ་ཅན་མེད་པའི་ཤེས་པར་གནས་ཀྱི་རེད།
དེ་ནི་གྲངས་ཅན་པའི་ལུགས་སུ་ང་ཚོ་སྡུག་བསྔལ་དང་ཡིད་མི་ཚིམས་པའི་བདེ་བ་ཉི་ཚེ་བ་ལས་ཇི་ལྟར་ཐར་བའི་འདོད་ཚུལ་དེ་རེད། ང་ཚོ་ནི་ཀླད་པ་དང་ལོགས་སུ་ཡོད་པ་དེ་རྟོགས་དགོས། ང་ཚོའི་འཁོར་བའི་མྱོང་བ་འདིའི་འགན་ནི་ཀླད་པ་དང་དེའི་མ་རིག་པ་ཡིན་པས། དེ་སུ་ལ་དགོས་སམ། གལ་ཏེ་ང་ཚོས་ལུས་ཀྱི་རྟེན་གང་རུང་ལས་ལོགས་སུ་ཡོད་པར་རྟོགས་ན། རྟོགས་པ་དེས་ང་ཚོ་ཐར་པའི་གོ་འཕང་དུ་འགོད་པར་བྱེད་ཀྱི་རེད། ཐར་པ་ཐོབ་པའི་བདག་ཅིག་ཡིན་པའི་ཆ་ནས་ང་ཚོས་གང་ཡང་ཚོར་གྱི་མ་རེད། ང་ཚོས་གང་ཡང་མྱོང་གི་མ་རེད། ཡུལ་ཅན་མེད་པའི་ཤེས་པ་ལ་མཚོན་ན། ང་ཚོ་ནི་གཏན་དུ་འཇིག་རྟེན་ཀུན་ལ་ཁྱབ་པར་གནས་ཀྱི་རེད།
དེའི་དོན་ནི་ལུས་སེམས་བདེ་ཚོར་གྱི་གནས་བབས་དེ་རེད་དམ།
བདེ་བ་དེ་ཚོར་བ་ཡིན་པ་ལྟ་བུའི་བདེ་ཚོར་གྱི་གནས་བབས་མ་རེད། ཚོར་བ་མེད། ཀླད་པ་ལ་ཚོར་བ་ཡོད་པ་ལས་ང་ཚོར་མེད། དེ་ནི་དོ་སྣང་བྱ་འོས་པ་ཞིག་རེད། དོན་ངོ་མར་ང་ཚོ་མང་པོ་ཞིག་ལ་ཚོར་བ་མེད་པར་འདོད་ཀྱི་ཡོད། གང་ཡིན་ཞེ་ན། དེ་ནི་དེ་དག་ནི་ཧ་ཅང་གནོད་འཚེ་ཅན་ཡིན་པ་རེད། གྲངས་ཅན་པའི་ལུགས་ལྟར་བྱས་ན། བདེ་བ་དང་སྡུག་བསྔལ་ཚོར་བ་ནི་དབང་རྩའི་འགྱུར་ལྡོག་ལ་སོགས་པ་ཙམ་རེད། དེ་ནི་ཀླད་པའི་ནང་འགྲོ་བཞིན་པའི་གློག་རྫས་ཀྱི་རྒྱུད་རིམ་འགའ་ཞིག་ཙམ་རེད། དེ་ནི་དངོས་གཟུགས་ཀྱི་ཆོས་གཙང་མ་ཞིག་ཡིན་པ་རེད། ཡིན་ནའང་། བདག་ནི་དངོས་གཟུགས་མིན་པ་སོང་ཙང་། དེ་ནི་དེ་ཐམས་ཅད་ལས་ཐ་དད་པ་རེད།
རིགས་པ་ཅན་པ་དང་བྱེ་བྲག་པ་གཉིས་ཀྱི་ལྟ་ཚུལ་ནི་བདག་ལ་རྣམ་པར་ཤེས་པ་མེད། གྲངས་ཅན་པ་རྣམས་ཀྱིས་དེ་ལ་ཡུལ་ཅན་མེད་པའི་ཤེས་པ་ཞིག་ཡོད་པར་འདོད་པ་དང་བྱེ་བྲག་པ་ཚོས་དེ་ལ་ཤེས་པ་རྩ་བ་ནས་མེད་པ་དང་། དེ་བཞིན་བདེ་བའི་ཚོར་བ་དང་སེམས་ཚོར་ལྟ་བུའི་ཡོན་ཏན་མེད་ལ། དངོས་གཟུགས་ཀྱི་ཡོན་ཏན་ཀྱང་མེད་ངེས་རེད་ཅེས་ཁུངས་སྐྱེལ་བྱེད་ཀྱི་ཡོད། རིགས་པ་ཅན་པས། དོན་ངོ་མར་ཤེས་པ་ལ་གང་ཡོད་པ་ནི་ “སེམས་ཀྱི་རྡུལ་ཕྲན་” ཟེར་བ་ཞིག་ཡོད་ཅེས་བརྗོད། བདག་ལ་ངེས་པ་མེད་པའམ་གནས་སྐབས་རིང་ཁོ་ནར་ཤེས་པ་ཡོད་པ་དང་། དེ་ཡང་ངེས་མེད་ཀྱི་འབྲེལ་བ་ཞིག་ལ་བརྟེན་ནས་སེམས་ཀྱི་རྡུལ་ཕྲན་ཞིག་དང་འབྲེལ་ནས་ཡོད།
ངས་རིགས་པ་ཅན་པའི་ལུགས་དེ་ང་རང་ཆུང་བྱིས་པའི་སྐབས་སུ་ང་ཚོ་ཨ་རིའི་ནང་ཡོད་པའི་ཕྲུ་གུའི་རྩེད་ཆས་ཤིག་དང་འདྲ་བར་བསམ་གྱི་ཡོད། དེ་ལ་ཨིན་སྐད་ནང་ (tinkertoy) ཟེར་བ་ཕྲུ་གུའི་རྩེད་ཆས་ཞིག་ཡོད་པ་སྟེ། དེ་ལ་ཤིང་གི་དབྱུག་པ་དང་རྡེལ་རིལ་ཡོད་པའི་རྩེད་ཆས་ཀྱི་རིགས་ཤིག་རེད། རྡེལ་རིལ་དེ་དག་ལ་ཨི་ཁུང་ཆུང་ཆུང་དེ་འདྲ་ཡོད་པ་དང་དེ་དག་བརྒྱུད་ནས་དངོས་པོའི་དབྱིབས་མི་འདྲ་བ་སྣ་ཚོགས་པ་སྐྲུན་པར། དབྱུག་པ་མང་པོ་དང་རྡེལ་རིལ་མང་བ་འབྲེལ་མཐུད་བྱེད་ཆོག །འདི་ནི་དེ་དག་གི་དབར་ལ་མི་འདྲ་བའི་ཁྱད་པར་འགའ་ཙམ་ཞིག་ལ་བརྟེན་ནས་རིགས་པ་ཅན་པ་དང་བྱེ་བྲག་པའི་ལུགས་ཀྱི་གནད་དོན་རྣམས་འགྲེལ་བརྗོད་བྱེད་ཚུལ་དེ་རེད།
སེམས་ཀྱི་རྡུལ་ཕྲན་དང་ལུས་པོ་དང་ཚོར་བ་རྣམས་ཡིན་པའི་བདག་ཅིག་ནི་ཡོད། དེ་དག་ནི་ཤིང་གི་དབྱུག་པས་འབྲེལ་བ་མཐུད་པའི་རྡེལ་རིལ་ཆུང་ཆུང་དང་འདྲ་བ་ཡིན་པ་དང་། དབྱུག་པ་དེ་དག་ནི་འབྲེལ་བ་མི་འདྲ་བའི་རིགས་དང་ཐོབ་པའི་དངོས་པོ་རྣམས་ཡིན་པ་རེད།
འདི་ནི་ཧ་ཅང་དངོས་གཟུགས་ཀྱི་ལྟ་ཚུལ་ཐད་ནས་ཆོས་རྣམས་ཇི་ལྟར་ཕན་ཚུན་འབྲེལ་ནས་ཡོད་པ་དེ་རེད། འདིས་བདག་ནི་སེམས་ཀྱི་རྡུལ་ཕྲན་རང་བཞིན་གྱིས་འབྲེལ་བ་མེད་པ་ཞིག་ལྟར་གནས་སྐབས་རིང་གནད་དོན་སྣ་ཚོགས་པ་དང་འབྲེལ་ནས་ཡོད་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། ང་ཚོས་གང་བྱེད་དགོས་ཞེ་ན། བདག་དེ་སེམས་ཀྱི་རྡུལ་ཕྲན་དང་ལུས་པོ་སོགས་ལས་མཐུད་མཚམས་མེད་པ་བཟོ་དགོས། དེ་ནི་ང་ཚོས་ཤིང་དབྱུག་ཚང་མ་ཕྱིར་འཕེན་ནས་དེ་ལས་ཐར་བའི་བདག་ཅིག་ཡོད་པ་ལྟ་བུ་རེད། ང་ཚོས་དབྱུག་པ་ཚང་མའི་མཐུད་མཚམས་བཅད་ནས་རྣམ་ཤེས་མེད་པ་རེད། དེ་ནི་ང་ཚོས་སྡུག་བསྔལ་དང་ཡིད་མི་ཚིམས་པའི་བདེ་བ་ཉི་ཚེ་བ་འདི་ཚོར་རྒྱུ་མཚམས་འཇོག་ཇི་ལྟར་བྱེད་ཀྱི་ཡོད་པའི་ཚུལ་དེ་རེད། ཕན་ཚུན་མཐུད་མཁན་གྱི་ཤིང་དབྱུག་དེ་ཕྱིར་འཕེན་དགོས་པ་ཙམ་རེད།
དེ་ཧ་ཅང་གསལ་དུ་གཏོང་བར། འདི་ནི་ཐར་པར་འགོད་པར་འདོད་པའི་བདག་དེ་མིན། ཐར་པར་འགོད་པར་འདོད་པའི་བདག་ནི་ཀུན་རྫོབ་ཀྱི་བདག་དེ་ཡིན་པ་དང་དེ་ནི་གཞན་གྱིས་ཤུགས་རྐྱེན་བྱས་པ་དེ་རེད། དེ་ནི་ཉོན་མོངས་པས་ཤུགས་རྐྱེན་སྤྲོད་ཀྱི་མེད། འོན་ཀྱང་། ཐ་ན་ཐར་པ་ཐོབ་པའི་སྐབས་སུའང་དེ་ནི་དགེ་བས་ཤུགས་རྐྱེན་སྤྲད་པ་དང་གཞན་དང་མཉམ་དུ་ཕན་ཚུན་འབྲེལ་བ་བྱེད་ཐུབ། དེ་ནི་ཆ་མེད་མ་རེད། དེའི་དོན་ནི་ལུས་དང་སེམས་སོགས་དང་བྲལ་བ་ཞིག་མིན། དེ་ལ་ད་དུང་ཡང་ལུས་དང་སེམས་དེ་བཞིན་བཟང་ཕྱོགས་དགེ་བའི་སེམས་ཚོར་དང་ལྡན་པ་ཆགས་ཀྱི་རེད། དེས་སྡུག་བསྔལ་དང་ཡིད་མི་ཚིམས་པའི་བདེ་བ་ཉི་ཚེ་བ་ཚོར་གྱི་མ་རེད། ཡིན་ནའང་། སྒོམ་གྱི་ནང་གཏིང་ཟབ་པོའི་སྒོ་ནས་སེམས་རྩེ་གཅིག་ཏུ་གཏད་པའི་སྐབས། དེས་བཅོས་ལྷད་མེད་པའི་བདེ་བའི་རིགས་ཤིག་གམ་བཏང་སྙོམས་ཀྱི་ཚོར་བ་ཞིག་མྱོང་གི་རེད། བཅོས་ལྷད་མེད་པའི་ཚོར་བ་དེ་དག་ནི་ད་དུང་ཡོང་གི་རེད། དེར་བརྟེན་རྩ་ནས་མ་གྲུབ་པའི་ “བདག་” རྫུས་མ་དེ་མིན་པར། ཀུན་རྫོབ་ཀྱི་ “བདག་” དེ་ཐར་པར་འགོད་རྒྱུར་འབད་བརྩོན་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད།
རང་རྐྱ་ཐུབ་པའི་བདག་ཟེར་བ་ཞིག་ནི་མེད།
ང་ཚོས་དགོག་དགོས་པའི་གཏིང་ཟབ་པའི་རིམ་པ་དེ་ནི། བདག་དེ་དང་དུས་གཅིག་ཏུ་སྣང་བའི་གཞི་ལྟ་བུ་ཞིག་མེད་པར་རང་ངོས་ནས་ཤེས་ཐུབ་པའི་བདག་ཅིག་ཡོད་པ་དེ་དགོག་དགོས། འདི་ལ་ཐུན་མིན་གྱི་ཐ་སྙད་ནི་ “རང་རྐྱ་ཐུབ་པའི་བདག་” ཅེས་ཟེར་ཞིང་། དེ་འདྲ་བ་ཞིག་མེད།
ངས་རྟག་ཏུ་དཔེ་མཚོན་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་པ་ནི། “མི་རྣམས་ཀྱིས་ང་ལ་ངའི་ “བདག་” དང་རང་ཉིད་ཙམ་ལ་དགའ་པོ་བྱེད་དགོས་པ་འདོད་པ་ལས། ངའི་ལུས་པོ་དང་དངུལ་ལ་དགའ་པོ་བྱེད་དགོས་པ་འདོད་ཀྱི་མེད་” པ་དེ་རེད། “བདག་” ཙམ་གྱི་དོན་དུ་མི་གཞན་ཞིག་གིས་རང་ཉིད་ལ་དགའ་ན་བསམ་པའི་འདོད་པ་བྱེད་ཀྱི་ཡོད། དེ་ཡང་ “བདག་” དེ་ཕྱི་རོལ་གྱི་ཡུལ་ཞིག་ལྟར་དེ་རང་ངོས་ནས་རང་ཉིད་ཙམ་ལ་དགའ་ཐུབ་པ་ལྟ་བུ་རེད། “བདག་” དེ་ལ་རྟག་ཏུ་གཞི་ཞིག་ཡོད་པ་དང་དེ་རྟོགས་པ་དང་དེ་ལ་དགའ་བའི་སྐབས། གཞི་དེ་བདག་དང་མཉམ་དུ་དུས་གཅིག་ལ་སྣང་གི་ཡོད།
ང་ཚོས་ “ང་རང་སོ་སོ་རང་ཉིད་ཤེས་འདོད་འདུག་” ཅེས་པའི་ཐད་ལ་བསམ་བློ་གཏོང་བའི་སྐབས། དེ་རང་ལ་བརྟེན་ནས་ང་ཚོས་སོ་སོ་རང་ཉིད་ཇི་ལྟར་རྟོགས་ཐུབ་བམ། ང་ཚོས་སོ་སོ་རང་ཉིད་སེམས་དང་། ཤེས་བྱ། ཉམས་མྱོང་། ལུས་པོ་སོགས་ལ་གཞིགས་ནས་རྟོགས་ཀྱི་ཡོད། དེ་ནི་ང་ཚོས་རང་གིས་རང་ཇི་ལྟར་རྟོགས་པའི་ཚུལ་དེ་རེད། “བདག་” ནི་དེ་དག་ཐམས་ཀྱི་སྟེང་དུ་བཏགས་པའི་ཆོས་ཤིག་རེད། དེ་དང་མཚུངས་པར། ང་ཚོས་རང་གིས་རང་ཇི་ལྟར་ཐར་པར་འགོད་པར་བྱེད་དམ། ང་ཚོས་རང་གི་སེམས་དང་སེམས་ཚོར་ལྟ་བུར་གོང་འཕེལ་གཏོང་བ་དང་འབད་བརྩོན་མ་བྱས་པར་རང་གིས་རང་ལ་ཡར་རྒྱས་གཏོང་རྒྱུ་དེ་མི་སྲིད་པ་ཞིག་རེད། གཞན་གང་ལའང་ལྟོས་མི་དགོས་པར་རང་དབང་གིས་ཡར་རྒྱས་གཏོང་ཐུབ་པའི་བདག་དེ་རེད། ངས་གོང་དུ་ཞུས་པ་ལྟར། དེ་ལ་རྟག་ཏུ་གཞི་རྟེན་ཞིག་ཡོད་པ་རེད།
ང་ཚོས་གཏམ་བཤད་འདི་ཐོག་མར་འགོ་ཚུགས་པའི་སྐབས་སུ་ཚང་མས་ “བདག་གམ་ང་” ལ་བསམ་བློ་གཏོང་དགོས་ཞེས་བཤད་པ་དེ་དྲན་དགོས། ང་ཚོས་རང་གིས་རང་ལ་བསམ་བློ་གཏོང་ཐུབ་པའི་ཐབས་གཅིག་པུ་དེ་ནི་ “བདག་” ཅེས་པའི་ཚིག་གི་སེམས་ཀྱི་སྒྲ་སྐད་དམ་སེམས་ཀྱི་སྣང་བརྙན། ཡང་ན་ཚོར་བ་ལྟ་བུ་གང་རུང་ཞིག་རེད། ང་ཚོས་གཞི་རྟེན་ཞིག་ཀྱང་མི་སྣང་བར་ “བདག་” ཙམ་ལ་བསམ་བློ་གཏོང་མི་ཐུབ། དེ་ག་ནང་བཞིན་གཞི་རྟེན་ཞིག་ལ་བཏགས་པའི་ “བདག་” གོང་འཕེལ་མི་གཏོང་བ་དང་དེའི་གཞི་རྟེན་དུ་དུས་གཅིག་ལ་མ་རྟོགས་པར། ང་ཚོས་དེ་རང་ངོས་ནས་ “བདག་” ཐར་པར་འགོད་མི་ཐུབ། ཐ་ན་ཐར་པ་ཐོབ་ནའང་། བདག་དེ་ད་དུང་ཡང་གཞི་རྟེན་ཞིག་ལ་བཏགས་པའི་ཆོས་ཤིག་ཡིན་ཀྱང་། དེ་ནི་ད་ལྟ་ལྷད་མེད་ཡང་དག་པའི་གཞི་ཞིག་ལ་བཏགས་ཡོད།
འདིའི་ཕན་འབྲས་གང་རེད་དམ། ང་ཚོས་ཐར་པ་འཐོབ་ཐབས་སུ་འབད་བརྩོན་བྱེད་བཞིན་པའི་སྐབས། དངོས་སུ་མྱོང་བཞིན་པའི་དཀའ་ངལ་དང་ཉོན་མོངས་ཡོད་དོ་ཅོག་གི་ཉིན་རེའི་ཉམས་མྱོང་དང་། “བདག་” ནི་དེ་དག་ལ་བཏགས་པའི་ཆོས་ཤིག་ཡིན་པར་གཞིགས་ནས་བསམ་བློ་གཏོང་དགོས། དེ་ནི་ང་ཚོས་ “བདག་” གི་ཐར་པ་ཇི་ལྟར་འཐོབ་པར་འབད་པའི་ཚུལ་དེ་རེད། ང་ཚོས་གཞན་གང་ཡང་མི་སྣང་བའི་བདག་དངོས་མེད་ཙམ་ཞིག་ལ་བསམ་བློ་གཏོང་བ་དང་དེ་ཐར་པར་འགོད་ཀྱིན་ཡོད་བསམ་པ་དེ་འདྲ་མིན། འདི་ནི་མི་སྲིད་པ་རེད། གལ་ཏེ་དེ་འདྲ་ཡིན་ན། དེ་ནས་ང་ཚོས་སྒོམ་དེ་སོ་སོའི་ཉིན་རེའི་མི་ཚེ་ལ་སྦྱོར་ངེས་མ་རེད། བྱས་ཙང་། དེ་ལ་ཕན་འབྲས་ཆུང་ངུ་ལས་མེད།
ཕྱོགས་བསྡོམས།
དེར་བརྟེན་ང་ཚོར་བློ་སྟོབས་དང་ལྡན་ཞིང་ཐར་འདོད་ཀྱི་ཆོད་སེམས་ཡོད་པའི་ཀུན་རྫོབ་ཀྱི་ “བདག་” འདི་དགོས་ནའང་། ང་ཚོས་ཐར་པ་འཐོབ་ཕྱིར་ལྷག་པའི་བསླབ་པ་གསུམ་པོ་ཉམས་སུ་ལེན་པའི་སྐབས། ང་ཚོ་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” རང་ངོས་ནས་ཐར་པ་འཐོབ་ཀྱི་ཡོད་པ་འདི་ཡིན་ཞེས་བསམ་བློ་མི་གཏོང་བར་གཟབ་ནན་བྱེད་དགོས། ང་ཚོའི་སེམས་ནང་ “ངས་ངའི་སེམས་ལ་སྟངས་འཛིན་བྱེད་ཀྱི་ཡིན་” ཞེས་དང་། “ངས་ངའི་སྤྱོད་ལམ་ལ་སྟངས་འཛིན་བྱེད་ཀྱི་ཡིན་” ཞེས་པའམ་ཡང་ན་ “ངས་རང་གིས་རང་ཐར་པར་འགོད་ཀྱི་ཡིན་” ཞེས་རང་ཉིད་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” ཅིག་ཡིན་པ་ལྟར་གྱི་བསམ་ཕྱོགས་དེ་འདྲ་ལ་བརྟེན་ནས་ལྷག་པའི་བསླབ་པ་གསུམ་ལ་མི་འཇུག་རྒྱུར་དོགས་ཟོན་བྱེད་དགོས།
ང་ཚོས་དེ་དག་གི་སྐོར་ལ་ཏོག་ཙམ་རིང་བསམ་ཞིབ་བྱས་ནས་ངེས་པར་བྱ་རྒྱུ་ཡིན། དེ་དག་ལ་བསམ་ཞིབ་བྱ་རྒྱུ་ཧ་ཅང་མང་པོ་ཆགས་ངེས་རེད། ང་ཚོས་དེ་དག་ཐམས་ཅད་ཚིག་སྒྲུབ་ཐུང་ངུ་ཞིག་གི་ནང་ཕྱོགས་བསྡོམས་རྒྱག་ཆོག་པ་སྟེ། བདག་རྫུས་མ་ཞིག་ཐར་པར་འགོད་ཐབས་མ་བྱོས། གང་ཡིན་ཞེ་ན། དེ་ལྟ་བུའི་བདག་ཅིག་གར་ཡང་གྲུབ་མེད། དེའི་ཚབ་ལ་ང་ཚོས་ཀུན་རྫོབ་ཀྱི་ “བདག་” དེ་ཐར་པར་འགོད་ཐབས་བྱེད་དགོས། ང་ཚོས་མཇུག་མ་སྒྲིལ་གོང་ལ་དེའི་ཐད་བསམ་ཞིབ་གནང་རོགས་ཞུ་རྒྱུ་ཡིན།།
(སྒོམ་དུས།)