གཞན་དོན་དུ་བཟང་ཕྱོགས་ཀྱི་སེམས་འཁུར་གོང་འཕེལ་གཏོང་བ།

བསྐྱར་ཞིབ། མི་ལུས་རིན་ཆེན་དང་སྡུག་བསྔལ་སྤོང་བར་བརྩོན་པ། 

ལམ་རིམ་གྱི་འཕེལ་འགྱུར་ནང་ནས་ང་ཚོས་སྐྱེས་བུ་ཆུང་ངུ་དང་འབྲིང་གི་སྐོར་ལ་བཤད་ཟིན་པ་རེད། ད་བར་གྱི་ང་ཚོའི་གོ་བསྡུར་ལ་གཞི་བྱས་ཏེ། ང་ཚོས་བདག་རྫུས་མ་ལ་ཞིབ་དཔྱོད་མ་བྱས་གོང་ལ་ཀུན་རྫོབ་ཀྱི་བདག་གི་འདུ་ཤེས་ཤིག་སྐྲུན་དགོས་པ་དང་ཀུན་རྫོབ་ཀྱི་བདག་ཡོད་པ་ལ་ཡི་རང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་རྟོགས་ཡོད། གོ་རྟོགས་འདི་ལ་བརྟེན་ནས་ང་ཚོར་གནས་སྐབས་རིང་གནས་སྟངས་འཇིགས་སུ་རུང་བ་དང་བར་ཆད་ཆེ་ཁག་ལས་ཐར་བའི་དལ་བ་ཞིག་ཡོད་པའི་བདེན་དོན་ལ་རིན་ཐང་དུ་བརྩི་གི་ཡོད། དེ་ནས་མུ་མཐུད་ནས་ང་ཚོར་རང་དབང་འདི་ཡོད་པ་དང་ལྷན་དུ་སོ་སོའི་མི་ཚེའི་ནང་གལ་གནད་ཆེ་ཞིང་། དོན་དང་ལྡན་པའི་བྱ་བ་བྱ་རྒྱུའི་གོ་སྐབས་མང་པོ་ཡོད་པ་ཤེས་ཀྱི་ཡོད། 

ནང་ཆོས་ནང་གཞི་རྩའི་ཁས་ལེན་ནང་གི་གཅིག་ནི་ཚང་མར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་དེ་རེད། བདེ་སྐྱིད་འདོད་པའི་བག་ཆགས་ཀྱི་སྐུལ་རྐྱེན་ནི་སྐྱེ་ལྡན་གྱི་དངོས་པོ་རྣམས་འཕེལ་རྒྱས་དང་སྐྱེད་འཕེལ་གྱི་བག་ཆགས་སྐུལ་རྐྱེན་དང་འདྲ་མཚུངས་ཡིན་པ་དང་། དེ་ནི་འཚོ་བྱེད་ཀྱི་བག་ཆགས་ལྟ་བུ་རེད། ང་ཚོ་རྒ་བ་དང་ཤི་བ་འདོད་ཀྱི་མེད་པར། མུ་མཐུད་ནས་འཚོ་བ་དང་སྐྱེད་འཕེལ་བྱེད་འདོད་ཡོད་པ་རེད། 

མི་ལུས་རིན་ཆེན་ལ་ཡི་རང་བྱེད་པའི་སྒོ་ནས་བདེ་ཞིང་སྐྱིད་པ་ཞིག་ཡོང་བའི་ཆེད་དུ་གཅིག་བྱ་རྒྱུ་དེ་སྲིད་པ་ང་ཚོས་ཤེས་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་སོ་སོའི་མི་ཚེ་ལ་དེ་བས་ཡི་རང་ཆེ་བ་བྱེད་ཀྱི་ཡོད། ང་ཚོས་རང་གིས་རང་ལ་བདེ་སྐྱིད་ཆེ་བ་ཡོང་ཕྱིར་འབད་བརྩོན་བྱེད་པར། ཐོག་མར་རང་གིས་རང་དང་ང་ཚོས་གང་མྱོང་བ་ལ་གཅེས་སྐྱོང་བྱེད་དགོས་ཤིང་། རང་གིས་རང་ལ་དོ་གལ་ཆེན་པོ་བྱེད་དགོས། “དོ་གལ་ཆེན་པོའི་སྒོ་ནས་” ཞེས་པའི་དོན་ནི་གཞན་ཚང་མ་དང་གཅིག་མཚུངས་སུ་ང་ཚོའང་གྲུབ་ཡོད་པ་དང་། བདེ་བ་འདོད་པ། བདེ་བ་དང་ལྡན་པའི་ཐོབ་ཐང་ཡོད་པ་ངོས་འཛིན་པ་དེ་རེད། ང་ཚོས་གང་ཉམས་སུ་མྱོང་བ་ལ་སེམས་འཁུར་དང་གཟབབ་ནན་བྱེད་པར་ནོར་འཁྲུལ་གང་ཡང་མེད་པ་རྟོགས་དགོས། དོན་ངོ་མར་དེ་ནི་བཟང་ཕྱོགས་ཀྱི་འདུ་ཤེས་དང་ལྡན་པའི་བདག་གི་རྟགས་ཤིག་ཡིན་པ་རེད། 

ང་ཚོར་གནས་སྐབས་རིང་ཤིན་ཏུ་འཇིགས་སུ་རུང་བའི་སྡུག་བསྔལ་ལས་ཐར་བའི་དལ་འབྱོར་དང་ལྡན་པ་རེད། གལ་ཏེ་ང་ཚོས་རང་དབང་འདི་མུ་མཐུད་གནས་པར་ངེས་བརྟན་བཟོ་བའི་ཕྱིར་ཐབས་ཤིག་མ་བྱས་ན། ཕལ་ཆེར་འཇིགས་སུ་རུང་བའི་སྡུག་བསྔལ་ཡང་བསྐྱར་མྱོང་རྒྱུ་ཡིན་པའི་བཟོ་འདྲ་ཞིག་ཡོད། ང་ཚོས་དེ་སྤོང་འདོད་ཡོད་པ་གསལ་པོ་རེད། འདིའང་ཧ་ཅང་བཟང་པོ་ཞིག་རེད། 

ང་ཚོ་འཁྱོར་འགྲོས་བྱིས་པ་ཡིན་དུས་ནས་སྡུག་བསྔལ་སྤོང་རྒྱུ་འགོ་འཛུགས་བྱས་ཟིན་པ་རེད། བྱིས་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་གལ་ཏེ་རང་གི་ལག་པ་མེའི་ནང་དུ་བཅུག་པའམ་མོ་ཊ་འཚང་འགག་གི་ནང་དུ་རྒྱུགས་ན། དེ་ལ་བརྟེན་ནས་ང་ཚོར་ན་ཟུག་དང་སྡུག་བསྔལ་འབྱུང་གི་རེད། དངོས་གནས་བྱས་ན་ཉེན་ཚབས་ཅན་གྱི་རིགས་སྣ་ཚོགས་པ་ཡོད་པ་དང་ང་ཚོ་བྱིས་པ་ཞིག་ཡིན་པའི་ཆ་ནས་རང་གི་བདག་བཟང་པོའི་འདུ་ཤེས་ཅན་འདི་ཡར་རྒྱས་གཏོང་བའི་རྒྱུད་རིམ་གྱི་ནང་ང་ཚོས་སྡུག་བསྔལ་གྱི་རྒྱུ་མང་པོ་སྤོང་རྒྱུར་སྦྱངས་ཡོད། ལམ་རིམ་གོང་འཕེལ་འགྲོ་བའི་རྒྱུད་རིམ་གྱི་ནང་། ང་ཚོས་དེ་ནི་ན་ཚོད་ལོན་པའི་རིམ་པའི་ཐོག་ནས་གཅིག་པ་བྱེད་ཀྱིན་ཡོད། 

གཞན་ཡང་སྡུག་བསྔལ་སྤོང་བར་ང་ཚོས་དེའི་རྒྱུ་རྣམས་སྤོང་དགོས་པ་ཤེས་ཀྱི་ཡོད། ཐོག་མར་མི་དགེ་བའི་སྤྱོད་ལམ་སྤོང་ཕྱིར་ང་ཚོས་རང་གིས་རང་ལ་སྟངས་འཛིན་བྱ་རྒྱུར་འབད་དགོས་པ་དང་དམིགས་བསལ་རང་གིས་རང་ལ་གནོད་པའི་སྤྱོད་ལམ་གྱི་རིགས་སྤོང་དགོས། གང་ཡིན་ཞེ་ན། སྤྱོད་ལམ་དེ་དག་གིས་ང་ཚོ་སྡུག་བསྔལ་གྱི་ཕྱོགས་སུ་ཇི་ལྟར་འཁྲིད་ཀྱི་ཡོད་པ་མཐོང་གི་ཡོད། རིམ་པ་འདིའི་སྐབས་སུ་ང་ཚོས་མ་རིག་པའི་རིམ་པ་འགའ་ཞིག་སྤོང་བའི་སྒོ་ནས་སྡུག་བསྔལ་གྱི་རྒྱུ་རྣམས་སྤོང་ཐབས་བྱེད་ཀྱིན་ཡོད་པ་སྟེ། དེ་ནི་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུར་རྨོངས་པའམ་མ་རིག་པ་དེ་རེད། མི་དགེ་བའི་བྱ་སྤྱོད་སྤེལ་བ་སྤོང་བའི་ཆེད་དུ་རང་གིས་རང་ལ་སྟངས་འཛིན་དང་བློ་སྟོབས་ལག་བསྟར་བྱ་རྒྱུ་དེས་ང་ཚོར་བདེ་བ་ཉི་ཚེ་བ་འབྱུང་བར་བྱེད་ཀྱི་ཡོད། ཡིན་ནའང་། བདེ་བ་ཉི་ཚེ་བ་འདི་ནི་ཡུན་དུ་གནས་ཀྱི་མེད་པའམ་ཡུན་རིང་པོར་ང་ཚོར་འདོད་བློ་ཁེངས་པ་ཞིག་ཡོང་གི་མེད་པ་ནི་ང་ཚོས་གོང་དུ་གོ་བསྡུར་བྱས་ཟིན་པ་ལྟར་ལགས།

ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ། “བདག་” རྫུས་མ་དང་ཀུན་རྫོབ་ཀྱི་ “བདག”

ང་ཚོས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” ལ་གཞིགས་ནས་བསམ་བློ་བཏང་སྟེ། དེས་རང་གིས་རང་ལ་སྟངས་འཛིན་བྱེད་པ་དང་སྤྱོད་འཚུབ་ཅན་གྱི་བདག་ལ་སོགས་པ་སྟངས་འཛིན་བྱེད་ཀྱི་རེད་ཅེས་བསམ་པ་ནི་དཀའ་ངལ་དེ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། འདི་ནི་ཁྲིམས་རང་སྲུང་ལག་བསྟར་བྱེད་པའི་ང་ཚོའི་བདག་ཇི་ལྟར་རྟོགས་པ་ལ་གཞིགས་པའི་ནོར་འཁྲུལ་ཞིག་རེད། ཁྲིམས་རང་སྲུང་དང་བློ་སྟོབས་དེ་བཞིན་རང་གིས་རང་ལ་སྟངས་འཛིན་བྱེད་པའི་ཁྱད་ཆོས་དེ་དག་ནི་དགོས་ངེས་ཅན་རེད། དེ་དག་ནི་ཀུན་རྫོབ་ཀྱི་ “བདག་” ལ་གཞི་བྱས་ནས་ཡར་རྒྱས་ཕྱིན་ཡོད་པ་དང་ང་ཚོས་སྤོང་འདོད་ཡོད་པའི་ཁྱད་ཆོས་རྣམས་མིན། འོན་ཀྱང་། དེ་དག་ཡར་རྒྱས་གཏོང་བཞིན་པའི་ “བདག་”  གི་ཐད་ལ་ཡོད་པའི་གོ་བ་ལོག་སྒྲུབ་རྣམས་སྤོང་འདོད་ཡོད། དེ་སྤོང་བར་ང་ཚོས་ཡིན་པ་མི་སྲིད་པའི་ཚུལ་དུ་ཀུན་རྫོབ་ཀྱི་་ “བདག་” གྲུབ་པར་བསམ་བློ་གཏོང་བ་དེ་དགོག་དགོས་ཤིང་། དེའི་ཐད་ལ་ཡོད་པའི་རྨོངས་པ་དང་མ་རིག་པ་སྤོང་དགོས། དེ་འདྲའི་ལམ་ནས་ང་ཚོས་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པར་ཡིད་ཆེས་བྱ་རྒྱུ་མཚམས་འཇོག་བྱེད་ཀྱི་རེད། 

ཡིན་པ་མི་སྲིད་པའི་ཚུལ་དུ་ང་ཚོར་གྲུབ་ཡོད་ཅེས་བསམ་བློ་འཁོར་བ་དེ་དགོག་པར། ང་ཚོས་ཐོག་མར་དེ་དག་མྱོང་བ་དངོས་ཀྱི་ནང་དུ་ངོས་འཛིན་དང་ངོ་རྟགས་ཆོད་དགོས། དེ་ནས་ང་ཚོས་དེ་དག་རེ་རེ་བཞིན་དུ་དངོས་པོའི་གནས་ལུགས་དང་མི་མཐུན་པ་མཐོང་བའི་སྒོ་ནས་དགོག་དགོས། རིམ་པ་བཞིན་དུ་རྒྱུད་རིམ་འདི་གཏིང་ཇེ་ཟབ་དང་ཕྲ་རུ་འགྲོ་གི་ཡོད། དེ་ནི་ཀུན་རྫོབ་ཀྱི་ “བདག་” བཟང་པོའི་འདུ་ཤེས་ཅན་འདི་ལ་གཞི་བྱས་ཡོད་པ་དང་དེ་ནི་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་བདག་དེ་རེད། 

ང་ཚོས་མི་ཚེའི་ནང་གང་མྱོང་བ་དེ་སོ་སོ་རང་ཉིད་ཀྱི་ལས་འགན་ཡིན་པ་ཤེས་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་། ང་ཚོ་ནི་རྒྱུ་རྐྱེན་གཅིག་པུ་དེ་མིན་པར་ང་ཚོས་གང་མྱོང་བ་ལ་ཤུགས་རྐྱེན་སྤྲོད་མཁན་གྱི་རྒྱུ་རྐྱེན་གཞན་ཧ་ཅང་མང་པོ་ཡོད། གང་ལྟར་ཡང་། ང་ཚོས་གང་མྱོང་བ་དང་མི་ཚེའི་ནང་གང་བྱེད་ཀྱི་ཡོད་པའི་ཐད་ལ་ལས་འགན་གལ་ཆེན་བསྒྲུབ་ཀྱི་ཡོད། དེར་བརྟེན་ང་ཚོས་སྔོན་ཚུད་ནས་བསམ་ཞིབ་བྱེད་པའི་སྒོ་ནས་སྤྱོད་ཚུལ་སྟོན་སྟངས་དང་མི་ཚེ་སྐྱེལ་སྟངས་ཐོག་སྟངས་འཛིན་བྱེད་དགོས། དེ་ཡང་ང་ཚོའི་སེམས་ནང་སྟངས་འཛིན་བྱེད་པོ་ཆེན་པོ་ཞིག་བསྡད་ཡོད་པ་ལ་གཞིགས་ནས་བྱེད་ཀྱི་མེད། 

ཐར་འདོད་ཀྱི་ཆོད་སེམས། (ངེས་འབྱུང་།)

དཀའ་ངལ་རྣམས་རང་ངོས་ནས་རང་བཞིན་གྱིས་ཡལ་ནས་མི་འགྲོ། ང་ཚོས་དེ་ལ་ཐབས་བཙལ་ནས་འབད་བརྩོན་བྱེད་དགོས། འདིའི་དོན་ནི། 

  • ང་ཚོས་སྡུག་བསྔལ་གྱི་སྡུག་བསྔལ་སྤོང་འདོད་ཡོད།
  • ང་ཚོར་ཐོབ་ཅིང་ཉམས་སུ་མྱོང་བའི་བདེ་བ་ཉི་ཚེ་བ་ནི་ནམ་ཡང་ཚིམས་པ་ཞིག་མིན། ང་ཚོར་ནམ་ཡང་འདང་ངེས་ཤིག་མེད་པས། དཀའ་ངལ་ཅན་གྱི་གནས་སྟངས་དེའི་རིགས་ཀྱང་ང་ཚོས་དངོས་གནས་སྤོང་འདོད་ཡོད། 
  • དེའི་སྟེང་ལ་མི་ཚེའི་ནང་གི་བདེ་སྡུག་གི་འཕེལ་འགྲིབ་ངང་ངམ་ཤུགས་ཀྱི་རང་བཞིན་ཡང་ནས་ཡང་དུ་འབྱུང་བ་འདི་དང་དེ་དག་མྱོང་བའི་གཞི་དང་བཅས་པ་སྤོང་འདོད་ཡོད།

གནད་དོན་དེ་དག་ལ་བརྟེན་ནས་ང་ཚོར་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་ཞིག་ཡོད་པ་དེ་ལ་ནམ་རྒྱུན་འཁོར་བ་ལས་ངེས་པར་འབྱུང་བའི་ “ངེས་འབྱུང་” ཞེས་ཟེར་གྱི་ཡོད། ཐར་བར་འདོད་མཁན་དེ་ནི་ཀུན་རྫོབ་ཀྱི་ “བདག་” དེ་ཡིན་པ་རེད། ཕན་ཡོན་ཆེ་ཤོས་དེ་གང་ཡིན་པ་གསལ་པོའི་སྒོ་ནས་མཐོང་ཐུབ་པའི་ཐད་ལ་ང་ཚོ་བརྟན་པོ་དང་བཟང་པོ་ཆགས་འདོད་ཡོད་པ་དང་། དེ་ལྟར་བྱེད་པའི་བློ་སྟོབས་དེ་ང་ཚོར་ཡོད། ཡིན་ནའང་། གལ་ཏེ་ང་ཚོས་ནུབ་ཕྱོགས་སུ་དེ་ལ་རང་མཆོང་ཆེན་པོ་ཟེར་བ་ལྟ་བུ་བྱས་ན། འདི་ནི་ཡོང་སྲིད་ཀྱི་མ་རེད། འདི་ནི་ད་ལྟ་ང་ཚོས་ “ངས་སོ་སོ་རང་ཉིད་ཐར་པར་འགོད་ཀྱི་ཡིན་” ཞེས་བསམ་པའི་རང་རྐྱ་ཐུབ་པའི་བདག་ཆེན་པོ་དང་བརྟན་པོ་དེ་མིན། བསམ་ཕྱོགས་འདི་ལྟ་བུས་ཕན་ཐོགས་ཀྱི་མ་རེད། ང་ཚོས་དོན་ངོ་མར་གང་ཐར་པར་འགོད་ཐབས་བྱེད་ཀྱིན་ཡོད་དམ། གལ་ཏེ་ང་ཚོས་གོང་དུ་བཤད་པ་ལྟར། བདག་རྫུས་མ་ཞིག་ཐར་པར་འགོད་ཐབས་བྱེད་ཀྱིན་ཡོད་ན། བདག་རྫུས་མ་དེ་གྲུབ་མེད། དེ་ནི་སྙིང་པོ་མེད་པ་རེད། དེའི་ཚབ་ལ་ང་ཚོས་ཀུན་རྫོབ་ཀྱི་བདག་དེ་ཐར་པར་འགོད་དགོས་ཀྱི་ཡོད། 

ཀུན་རྫོབ་ཀྱི་བདག་གི་བློ་སྟོབས་དང་ཆོད་སེམས་ལ་བརྟེན་ནས་ང་ཚོས་ལྷག་པའི་བསླབ་པ་ཚུལ་ཁྲིམས་ལ་སྦྱོང་བརྡར་བྱེད་པ་དང་སྡོམ་པ་བླང་བ་དང་སྲུང་བ་སོགས་བྱེད་ཀྱི་ཡོད། ནང་པའི་སྡོམ་པའི་སྡེ་ཚན་སྣ་ཚོགས་པས་ང་ཚོའི་སྤྱོད་ལམ་བཟོ་བཀོད་བྱེད་པར་ཕན་གྱི་ཡོད། དེ་ལྟར་སྡོམ་པ་སྲུང་བའི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ལ་བརྟེན་ནས་དྲན་པ་དང་ཤེས་བཞིན་སྔར་ལས་ཤུགས་ཆེ་བ་དང་བརྟན་པ་བསྐྱེད་པའི་སྒོ་ནས་ཏིང་ངེ་འཛིན་གྱི་བསླབ་པ་ཡང་དག་པར་འཐོབ་པའི་ཐབས་ཤེས་དེ་ང་ཚོར་ཡོད་པ་རེད། གཞན་ཡང་ཏིང་ངེ་འཛིན་འདི་ལ་བརྟེན་ནས་ང་ཚོས་ཤེས་རབ་ཀྱི་བསླབ་པར་དམིགས་པ་རྩེ་གཅིག་ཏུ་གཏད་ཐུབ་པ་དང་། ཤེས་རབ་ཀྱི་བསླབ་པ་ལ་བརྟེན་ནས་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པའི་ “བདག་” ལ་ཡིད་ཆེས་གང་ཡོད་ནའང་དགོག་ཐུབ། ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་རྣམས་དངོས་པོའི་གནས་ལུགས་གང་དང་ཡང་མཐུན་གྱི་མེད་པ་ང་ཚོས་གསལ་པོར་ཤེས་ཀྱི་ཡོད། དེ་ནི་སྟོང་པ་ཉིད་ཅེས་པའི་དོན་ཏེ། གང་ཡིན་པ་མི་སྲིད་པའི་ང་ཚོའི་རྟོག་པའི་འཆར་སྣང་ལ་དོན་ངོ་མས་མཐའ་གཅིག་ཏུ་སྟོང་པ་དེ་རེད། 

བདག་རྟག་པ་དང་། ཆ་མེད་གཅིག་པུ། ཕུང་པོ་ལས་ལོགས་སུ་རང་དབང་དུ་ཡོད་པ། རང་རྐྱ་ཐུབ་པ་ཡིན་པ་མ་ཟད། དེའི་སྐོར་ལ་གཞན་གང་དག་མི་སྲིད་པ་ཡིན་ནམ། ང་ཚོ་གྲུབ་ཡོད་པ་དང་གཞན་སུ་ལའང་མཐའ་གཅིག་ཏུ་བརྟེན་མི་དགོས་པར་རང་དབང་དུ་གནས་ཐུབ་པ་ནི་མི་སྲིད་པ་དེ་རེད། ལུས་དང་། སེམས། སེམས་ཚོར། ཚོར་བ་སོགས་ཀྱི་གཞི་རྟེན་ལས་ལོགས་སུ་ “བདག་” མེད་པ་མ་ཟད། གཞན་སུ་ལས་ལོགས་སུ “བདག་” ཟེར་བ་འབྲེལ་བ་མེད་པ་ཞིག་ཀྱང་མེད། ང་ཚོ་མི་སྒེར་སོ་སོ་ཡིན་པ་སོང་ཙང་། ཀུན་རྫོབ་ཀྱི་དབང་དུ་ང་ཚོ་གཞན་ལས་ཐ་དད་པའམ་ལོགས་སུ་ཡོད་པ་གསལ་པོ་རེད། ང་ནི་ཁྱེད་མ་རེད། ཁྱེད་ཀྱི་ཟས་བཟའ་བའི་སྐབས། དེས་ངའི་གྲོད་ཁོག་རྒྱགས་ཀྱི་མ་རེད། བྱས་ཙང་། ང་ཚོ་ནི་སྒེར་སོ་སོ་དང་གང་ཟག་བྱེ་བྲག་པ་རེད། ཡིན་ནའང་། དེ་ནི་ང་ཚོ་མཐའ་གཅིག་ཏུ་གཞན་སུ་ལའང་བརྟེན་མི་དགོས་པ་དང་འབྲེལ་བ་མེད་པར་རང་དབང་བར་གྲུབ་ཡོད་བསམ་པའི་བསམ་བློ་ནོར་བའི་སྒོ་ནས་གྲུབ་མེད། 

སེམས་ཚོར་དང་རྒྱུ་མཚན་གཉིས་ཀའི་སྒོ་ནས་རང་གཞན་ཀུན་ལ་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་བ།

དེར་བརྟེན་གལ་ཏེ་ང་ཚོས་དངོས་གནས་ལམ་རིམ་བརྒྱུད་ནས་བདག་བཟང་པོའི་འདུ་ཤེས་ཤིག་གོང་འཕེལ་གཏོང་འདོད་ཡོད་ན། གཞན་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་བདག་ལ་སེམས་འཁུར་བྱེད་དགོས། ང་ཚོ་གནས་པའམ་ཡོད་པའི་ཚུལ་ཡོངས་སུ་རྫོགས་པ་ནི་གཞན་གྱི་རྩོལ་བ་དང་གཞན་གྱིས་ང་ཚོར་གསོ་སྐྱོང་བྱས་པ་སོགས་ལ་བརྟེན་ནས་ཡོད་པ་རྟོགས་པའི་སྐབས། ང་ཚོས་གཞན་དོན་དུ་བདག་བཟང་པོའི་འདུ་ཤེས་ཤིག་གོང་འཕེལ་གཏོང་འགོ་ཚུགས་ཀྱི་ཡོད། འདི་ལྟར་བྱེད་པར་ང་ཚོའི་བསམ་བློ་གཏོང་ཕྱོགས་ཀྱི་བཟང་པོ་དགེ་བའི་ཁྱབ་ཚད་དེ་ཁ་ཕྱེ་བ་དང་རྒྱ་སྐྱེད་དགོས། དེར་མ་ཟད། གཞན་ཐམས་ཅད་ཅེས་པའི་ཁྱབ་ཚད་ཀྱི་ཁོངས་སུ་གཏོགས་པར་བྱེད་པར། ཚད་བཀག་ཅན་གྱི་ “བདག་” འདིའི་ཆེད་དུ་ང་ཚོར་ཡོད་པའི་བཟང་ཕྱོགས་ཀྱི་སེམས་འཁུར་དེ་རྒྱ་སྐྱེད་གཏོང་དགོས། 

ང་ཚོས་རང་རྒྱུད་ལ་གང་སྐྱེད་དགོས་ཞེ་ན། “ང་རང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནང་བཞིན་གཞན་ཚང་མའང་དེ་ལྟར་མི་འདོད་པ་ཡིན་” ཞེས་པའི་དྲན་ཤེས་སྐྱེད་དགོས། དྲན་ཤེས་དེ་ལ་བརྟེན་ནས་ང་ཚོས་སོ་སོ་རང་ཉིད་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཡིད་སྨོན་ཏེ། དེ་ནི་གཞི་རྐང་རང་གིས་རང་ལ་བྱམས་པ་དང་སྙིང་རྗེ་བྱེད་པ་ཙམ་དུ་མ་ཟད། གཞན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་མི་འབྱུང་བའི་ཡིད་སྨོན་བྱེད་འདོད་ཡོད། དེ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱམས་པ་དང་སྙིང་རྗེ་སྐྱེད་པ་དེ་རེད། 

སོ་སོ་རང་ཉིད་ཀྱི་དོན་དུ་བྱམས་པ་དང་སྙིང་རྗེ་ཡོད་པའི་སྐབས་ཁོ་ནར་སེམས་ཚོར་དེ་དག་གཞན་གྱི་དོན་དུ་བཅོས་མིན་ཡོད་ཆོག །དེར་བརྟེན་ང་ཚོས་འདོད་འདུན་དང་ཡིད་སྨོན་དེ་དག་རྒྱ་སྐྱེད་གཏོང་དགོས། སོ་སོ་རང་ཉིད་ནས་འགོ་བཙུགས་ཏེ་བྱམས་པ་དང་སྙིང་རྗེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱ་སྐྱེད་གཏོང་དགོས། དེ་མིན་ང་ཚོས་རང་ཉིད་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བའི་འོས་བབ་མེད་པར་བསམས་ན། དེ་ནས་ང་ཚོས་གཞན་རྣམས་བདེ་བ་དང་ལྡན་པའི་འོས་བབ་ཅིའི་ཕྱིར་ཡོད་དམ་ཞེས་བསམ་ངེས་རེད། འདི་ནི་ཧ་ཅང་ཆ་སྙོམ་མེད་པ་དང་བཟང་པོ་མིན་པའི་བསམ་ཕྱོགས་ཤིག་ཆགས་ངེས་རེད། 

བྱམས་པ་དང་སྙིང་རྗེ་རང་རྒྱུད་ལ་སྐྱེད་པ་དང་གོང་འཕེལ་གཏོང་བའི་ཐབས་ལམ་གཉིས་ཡོད་དེ། གཅིག་ནི་སེམས་ཚོར་གྱི་ཐབས་དང་གཞན་དེ་ནི་རྒྱུ་མཚན་དང་ལྡན་པའི་ཐབས་དེ་རེད། དེ་གཉིས་ཀ་དགོས་པ་ནི་ཧ་ཅང་གལ་ཆེ་སྟེ། དེ་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་དཔུང་སྣོན་བྱེད་ཀྱི་ཡོད། དེ་གཉིས་ལས་གཅིག་ཙམ་ཡོད་པ་ནི་འདང་ངེས་མིན། 

ང་ཚོས་ཉོན་མོངས་སྤོང་བའི་ཆེད་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པར་བློ་སྦྱོང་བའི་སྐབས། ཕལ་ཆེར་ཉོན་མོངས་ཐམས་ཅད་དང་བྲལ་བའི་དགྲ་བཅོམ་པའི་གོ་འཕང་ཐོབ་མེད། གནས་སྟངས་དེ་འདྲ་མང་ཆེ་བའི་ནང་ང་ཚོས་ཡར་རྒྱས་ཅུང་ཟད་གཏོང་བ་དང་ཐར་པ་ཆ་ཚང་བ་མ་ཐོབ་གོང་ནས་ཐེག་པ་ཆེན་པོའི་ཉམས་ལེན་ཞིག་གོང་འཕེལ་གཏོང་ཐབས་བྱེད་ཀྱི་ཡོད། འདི་ནི་གང་ལྟར་ཡང་། སྐྱེས་བུ་ཆུང་ངུ་དང་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པར་བློ་མ་སྦྱངས་བར་ཐེག་པ་ཆེན་པོའི་ལམ་དུ་མཆོང་རྒྱག་རྒྱག་པའི་དོན་མིན། འདིའི་དོན་ནི་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པའི་མཐའ་མཇུག་བར་དུ་མི་འགྲོ་བ་དེ་རེད། འདི་ནི་ལམ་གྱི་རིམ་པ་གོ་རིམ་ངེས་ཅན་དུ་སྒྲིག་བཀོད་བྱེད་སྟངས་དེ་རེད། 

བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་བའི་སེམས་ཚོར་གྱི་རིམ་པ། 

ད་ང་ཚོའི་འགན་འཁྲི་ནི་གུ་ཡངས་ཀྱི་བློ་སྒོ་ཕྱེ་བ་དང་གཞན་ཐམས་ཅད་ལ་མཐའ་གཅིག་ཏུ་སེམས་འཁུར་བྱ་རྒྱུ་དེ་ཡིན་པ་ལས། སོ་སོ་རང་ཉིད་ཁོ་ནའི་དོན་དུ་མིན། འདི་ནི་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་རེད། དེ་ནི་རྒྱ་ཆེན་པོ་རེད། གང་ཡིན་ཞེ་ན། དེའི་ནང་སེམས་ཅན་ཐམས་ཅད་ཚུད་ཡོད། གུ་ཡངས་ཀྱི་བློ་སྒོ་འབྱེད་པའི་རང་བཞིན་དེ་ལ་གང་གིས་འགོག་རྐྱེན་བྱེད་དམ་ཞེ་ན། ང་ཚོ་ནི་གཞན་དག་ལ་ཡིད་དབང་འཕྲོག་པ་ (འདོད་ཆགས་) དང་། ཞེ་ལོག་པ་ (ཞེ་སྡང་།) སྣང་མེད་རྒྱ་ཡན་ (གཏི་མུག་) བཅས་དེ་དག་ལ་ཉོན་མོངས་དུག་གསུམ་ཟེར་གྱི་ཡོད་པ་སྟེ།

  • འདོད་ཆགས།
  • ཞེ་སྡང་།
  • གཏི་མུག་སྟེ། སྣང་མེད་རྒྱ་ཡན་གྱི་བྱིས་བློའི་རང་བཞིན་གྱི་སྒོ་ནས་གཞན་རྣམས་གྲུབ་པར་འཛིན་པ། ང་ཚོས་དེ་དག་ལ་སྣང་མེད་གཏོང་གི་ཡོད།

གལ་ཏེ་ང་ཚོས་བདག་ལ་ཐོག་མ་མེད་པ་དང་མཐའ་མེད་པའི་སྒོ་ནས་བསམ་བློ་བཏང་ན། ང་ཚོ་དང་འབྲེལ་བ་ཡོད་མཁན་གྱི་གཞན་ཐམས་ཅད་ལ་ཉོན་མོངས་པ་དེ་དག་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་དུས་སྐབས་འགའ་ཞིག་ལ་སེམས་ཅན་ཐམས་ཅད་ང་ཚོའི་གྲོགས་པོ་དང་། དགྲ་བོ། རྒྱུས་མེད་ཀྱི་མི་ཞིག་ཀྱང་ཡིན་པ་རེད། དེ་ག་དུས་ཡིན་པའམ་ང་ཚོའི་གྲོགས་པོ་དང་དགྲ་བོ་ག་དུས་བྱས་མྱོང་ཡོད་པའི་གནད་དོན་ཙམ་ཞིག་རེད། གནས་བབས་དེ་དག་ནི་མུ་མཐུད་དེ་འགྱུར་བ་འགྲོ་བཞིན་ཡོད། བདེན་དོན་དེ་ལ་གཞི་བྱས་ཏེ། སེམས་ཅན་ཐམས་ཅད་ལ་བཏང་སྙོམས་སྐྱེད་པའི་ཐབས་ལམ་ཞིག་ཡོད་པ་དང་། དེ་ནི་སྐྱེས་བུ་འབྲིང་དང་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པའི་ནང་ཐུན་མོང་དུ་མཉམ་སྤྱོད་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། དེ་ནི་གཞི་རྩའི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་ཀྱི་ཐད་ལ་འབད་བརྩོན་བྱེད་ཀྱིན་ཡོད། དེ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་བའི་སེམས་ཚོར་དང་རྒྱུ་མཚན་ལྡན་པ་གཉིས་ཀའི་གཞི་རྟེན་ཡིན་པ་རེད། 

གནད་དོན་འདི་ལ་ཁྱེད་རྣམས་ཀྱིས་ཡི་རང་བྱེད་རོགས། བཏང་སྙོམ་གོང་འཕེལ་གཏོང་བའི་ཐབས་ལམ་འདི་ནི་སྐྱེས་བུ་ཆེན་པོའི་སྐབས་ཀྱི་བློ་སྦྱོང་དང་པོ་དེ་ཡིན་ཞིང་། སྐྱེས་བུ་འབྲིང་དང་ཐུན་མོང་གི་ཆོས་ཤིག་ཡིན། དེའི་རྒྱུ་མཚན་ནི་འདི་ཉོན་མོངས་རགས་པ་རྣམས་ལ་གཞི་བྱས་ཡོད། ང་ཚོའི་སེམས་ནང་གནས་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” ཅིག་གི་གོ་བ་ལོག་སྒྲུབ་ལ་གཞི་བྱས་ཏེ། “བདག་” སྐྱིད་པོ་བཟོ་བའི་དོན་དུ་ང་ཚོས་གཞན་དག་ལ་ཡིད་དབང་འཕྲོག་པ་དང་འདོད་ཆགས་སྐྱེ་གི་ཡོད། ང་ཚོས་གཞན་དེ་དག་ལས་འགའ་ཞིག་ “བདག་” ལ་དགའ་རུ་འཇུག་ཐུབ་པ་བྱུང་ན། དེ་དག་ང་ཚོའི་གྲོགས་པོར་གྱུར་ནས་ང་ཚོ་ལ་དོ་སྣང་བྱེད་པ་དང་དེས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” དེ་སྐྱིད་པོ་བཟོ་གི་རེད་ཅེས་ཚོར་གྱི་ཡོད། དེར་མ་ཟད། སོ་སོའི་མི་དགའ་སའི་མི་འགའ་ཞིག་གམ་ཡང་ན་ང་ཚོར་སྤྱོད་ངན་སྟོན་མཁན་རྣམས་ “བདག་” ལས་རྒྱང་ཐག་རིང་དུ་ཡོད་ན། དེས་ “བདག་གམ་ང་” ལ་སྐྱིད་པོ་བཟོ་ངེས་རེད། མཐར་ང་ཚོས་གཞན་རྣམས་སྣང་མེད་གཏོང་བ་དང་དེ་དག་ལ་འབྲེལ་བ་མ་བྱས་ན། དེ་ལའང་ང་ཚོས་ “བདག་” དེ་སྐྱིད་པོ་དང་ཉེན་སྲུང་ཆེ་བ་ཡོད་པ་བཟོ་ངེས་རེད། དཔེ་མཚོན་དེ་དག་ཐམས་ཅད་ནི་སྟངས་འཛིན་གྱི་རྒྱབ་ཏུ་ཡོད་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་འདི་ཉོན་མོངས་རགས་པ་རྣམས་ལ་བརྟེན་ནས་ཉེན་སྲུང་ཡོད་པ་དང་བདེ་འཇགས་ཚོར་དུ་འཇུག་པའི་དོན་མེད་ཀྱི་འབད་པ་ལ་འབྲེལ་བ་བྱེད་ཀྱིན་ཡོད། 

འོན་ཀྱང་། གལ་ཏེ་ང་ཚོས་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་ཐོག་མ་མེད་པའི་སྐྱེ་བ་ལ་གཞིགས་ནས་བསམ་བློ་བཏང་ན། མི་ཚང་མས་དུས་སྐབས་ཤིག་གི་ནང་ང་ཚོར་ཡག་པོ་བྱས་པ་དང་ཕན་བཏགས་ཡོད། ད་དུང་ཚང་མས་ང་ཚོར་སྡུག་ཅག་བྱས་ཡོད་པ་དང་གནོད་འཚེ་བྱས་ཡོད་ལ། གཞན་གྱིས་ང་ཚོའི་ཆེད་དུ་གང་ཡང་བྱས་མེད་པའི་དུས་སྐབས་ཀྱང་བྱུང་ཡོད། གཞི་རྐང་ནས་གཞན་སུ་ལའང་དགའ་མོས་བྱེད་པ་དང་། མི་བྱེད་པ། བཏང་སྙོམས་སུ་སྣང་མེད་གཏོང་བའི་རྒྱུ་མཚན་མེད། གང་ཡིན་ཞེ་ན། གཞན་ཚང་མས་ང་ཚོར་དུས་སྐབས་གང་རུང་ཞིག་གི་ནང་དགའ་མི་དགའ་བཏང་སྙོམས་གསུམ་ཀའི་སྒོ་ནས་བྱ་བ་བརྩམས་ཡོད། ད་གནས་སྟངས་དེ་འདྲ་ཡིན་པ་དང་ང་ཚོས་གཞན་ཐམས་ཅད་ལ་བཏང་སྙོམས་ཀྱི་འདུ་ཤེས་འདི་བསྐྱེད་ན།  ང་ཚོས་ཚང་མ་དུས་སྐབས་ཤིག་གི་ནང་ང་ཚོའི་གྲོགས་པོ་དང་། དགྲ་བོ། རྒྱུས་མེད་ཀྱི་མི་ཡིན་པར་རྟོགས་པ་ཙམ་དུ་མ་ཟད། གཞན་ཐམས་ཅད་སོ་སོ་རང་ཉིད་ལ་ད་བར་བཀའ་དྲིན་ཆེ་ཤོས་ཡིན་པའི་རང་གི་མ་བྱས་མྱོང་ཡོད་པ་དེའང་རྟོགས་ཀྱི་རེད། འདི་ནི་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་བའི་ཆེད་སེམས་ཚོར་གྱི་རིམ་པའི་གོམ་པ་དང་པོ་དེ་རེད། 

འདི་ལྟར་ང་ཚོས་གཞན་ཐམས་ཅད་ཀྱི་ཕྱོགས་སུ་ཡོད་པའི་ཉོན་མོངས་རགས་པ་རྣམས་ཞི་འཇམ་བཟོས་ཏེ། དེ་དག་ཐམས་ཅད་ལ་བཟང་ཕྱོགས་དགེ་བའི་སེམས་ཚོར་སྐྱེད་འདོད་ཡོད་པ་རེད། ང་ཚོས་ཚེ་རབས་སྔོན་མ་གང་རུང་ཞིག་གི་ནང་ང་ཚོར་བཀའ་དྲིན་ཆེ་ཤོས་ཀྱི་ཨ་མ་ཡིན་པར་གཞི་ལ་བཞག་ནས་བློ་དེ་སྐྱེད་དགོས། སྔ་རབས་ཀྱི་འགྲེལ་བརྗོད་ནང་། བཀའ་དྲིན་ཆེ་ཤོས་སྐྱོང་མཁན་ནི་རང་གི་ཨ་མ་ཡིན་པ་རེད། གལ་ཏེ་ང་ཚོར་ཨ་མའི་བྱམས་སྐྱོང་ཐོབ་མེད་པ་དང་། དེ་ཡང་རང་གི་ཨ་མ་ནས་མིན་ནའང་གཞན་ཞིག་ནས་བྱམས་སྐྱོང་ཐོབ་མེད་ན། ང་ཚོ་བྱིས་པའི་གནས་སྐབས་སུ་འཚོ་གནས་ཐུབ་ཡོད་ཀྱི་མ་རེད། མཐར་ཐུག་གི་གནད་འགག་ནི་ཨ་མ་སྦྲུམ་པ་ཡིན་པའི་སྐབས། ཨ་མས་ང་ཚོ་མངལ་ཤོར་དུ་བཅུག་མེད་པ་སོང་ཙང་། ད་ལྟ་ང་ཚོར་མི་ལུས་རིན་ཆེན་འདི་ཡོད་པ་རེད། 

ང་ཚོས་རང་ལ་ཐོབ་པའི་བཀའ་དྲིན་ལ་དམིགས་དགོས། ང་ཚོའི་ཨ་མས་རང་ལ་བྱམས་སྙིང་རྗེ་དང་བྲལ་བ་བྱས་ཡོད་སྲིད་ནའང་། དེའི་ཐད་ལ་དམིགས་པ་ནི་ཕན་ཐོགས་གང་ཡང་མེད། ཨ་མའི་བཀའ་དྲིན་ལ་རྗེས་སུ་ཡི་རང་བྱེད་པ་དེས་བཀའ་དྲིན་དྲན་ཤེས་ཀྱི་སེམས་ཚོར་ཅན་ཆགས་ཀྱི་ཡོད། ང་ཚོར་ཐོབ་པའི་བཀའ་དྲིན་ཡོད་དོ་ཅོག་ལ་ཧ་ཅང་དྲིན་ཆེན་དུ་ཚོར་དགོས། གཞན་རྣམས་ཐ་ན་ང་ཚོའི་ཨ་མ་བྱས་མེད་པའི་སྐབས་སུའང་བཀའ་དྲིན་ཆེན་པོ་ག་ཚོད་ཡིན་པར་བསམས་ནས་ཚོར་བ་འདི་ཁ་སྣོན་བྱེད་ཆོག །དཔེ་ཆ་བཞག་ན། ང་ཚོས་བཟས་པའི་ཟས་རིགས་ཁོང་ཚོས་འདེབས་པ་དང་འོར་འདྲེན་བྱས་ཡོད། ཁོང་ཚོས་ལམ་དང་གློག་གི་ལྕགས་སྒྲོམ་བཟོ་སྐྲུན་བྱས་ཡོད། དོན་ངོ་མར་ང་ཚོས་གང་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་དག་ཐམས་ཅད་ནི་གཞན་གྱི་རྩོལ་བ་ལས་བྱུང་བ་ཞིག་ཡིན། ཁོང་ཚོས་དེ་དག་ང་ཚོར་ཕན་པའི་དོན་དུ་རྐང་བཙུགས་ནས་བྱས་ཡིན་གང་ཡིན་འབྲེལ་བ་མེད་པ་རེད། ཁོང་ཚོའི་འབད་རྩོལ་ལ་བརྟེན་ནས་ང་ཚོར་ཕན་ཡོད་པ་དང་བཀའ་དྲིན་ཆེན་པོ་ཡིན་ཞིང་། བཀའ་དྲིན་དེ་ལ་ཡི་རང་བྱ་འོས་པ་ཆགས་ཡོད་པ་དང་། ང་ཚོས་རང་བཞིན་གྱིས་དེ་དག་ལ་རོགས་བྱེད་འདོད་སྐྱེ་གི་ཡོད། དེའི་དྲིན་ལན་འཇལ་བའི་ཆེད་ང་ཚོའི་ངོས་ནས་འབད་བརྩོན་ཞིག་བྱེད་འདོད་ཡོད། འདི་ནི་ནག་ཉེས་ཡོད་པའི་དབང་གིས་མིན་པར་བཀའ་དྲིན་བསམ་ཤེས་ཀྱི་དབང་གིས་ཡིན།

གཞན་དག་ལ་བཀའ་དྲིན་བསམ་ཤེས་ཀྱིས་དྲིན་ལན་འཇལ་བའི་གོ་བསྡུར་ཡོངས་སུ་རྫོགས་པ་འདིའི་ནང་། ང་ཚོ་ལ་བུ་ལོན་ཞིག་ཡོད་པ་དང་། གལ་ཏེ་ང་ཚོས་བུ་ལོན་དེ་མ་འཇལ་བ་ཡིན་ན། ང་ཚོ་ནི་ནག་ཉེས་ཅན་ཡིན་པ་ལྟ་བུ་མིན་པ་ཤེས་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱེད་པ་ནི་ཁྲིམས་ཀྱིས་བཅས་པའི་འགན་འཁྲི་ཞིག་མིན། དེའི་ཚབ་ལ་ང་ཚོས་མི་གཞན་ལ་མི་འགྲིག་པའི་ནོངས་པ་གང་ཡོད་པ་འགྲིག་པ་བཟོ་བ་དང་དོགས་ཟོན་བྱེད་པ་ཙམ་དེ་རེད། འདི་ནི་བོད་སྐད་ཀྱི་ཐུན་མིན་ཐ་སྙད་དུ་དྲན་གསོ་ཞེས་པ་དེ་ཡིན། ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་དང་ང་ཚོས་གཞན་ལ་རོགས་བྱེད་འདོད་ཡོད་ངེས་རེད། གང་ཡིན་ཞེ་ན། ང་ཚོས་ཕ་རོལ་གྱི་མི་རྣམས་ལ་ཧ་ཅང་བཟང་ཕྱོགས་ཀྱི་འབྲེལ་བ་ཞིག་ཡོད་པ་ཚོར་གྱི་ཡོད། ཚོར་བ་འདིས་རང་བཞིན་གྱིས་ང་ཚོ་ཚོར་བ་འདྲེན་ནུས་ཀྱི་བྱམས་པའི་སེམས་ཀྱི་ཕྱོགས་སུ་འཁྲིད་པར་བྱེད་ཀྱི་ཡོད། འདི་ལྟ་བུའི་བྱམས་པ་ལ་བརྟེན་ནས་ང་ཚོ་སུ་དང་ཐུག་ནའང་དངོས་གནས་དགའ་པོ་ཡོང་གི་ཡོད་པ་དང་ཁོང་ཚོར་གནས་སྟངས་སྡུག་ཅག་རིགས་དང་གོད་ཆག་བྱུང་ཚེ་དེ་ལ་ང་ཚོས་སེམས་འཁྲལ་དང་འཇིགས་སྐྲག་སྐྱེ་ངེས་རེད། 

ཚད་དང་ལྡན་པའི་ལམ་རིམ་གྱི་གཞུང་ནང་ཡིད་དུ་འོང་བའི་བྱམས་པ་སྐྱེད་པ་དེ་གོ་རིམ་འདིའི་ནང་ཐབས་ལམ་ལོགས་སུ་འཁོད་མེད། ང་ཚོར་ཐོབ་པའི་བཀའ་དྲིན་ལ་དངོས་གནས་བཅོས་མིན་གྱི་དྲན་གསོ་བའི་སྐབས། ཡིད་དུ་འོང་བའི་བྱམས་པ་དེ་རང་ཤུགས་ཀྱི་འབྱུང་གི་རེད། འོན་ཀྱང་། གལ་ཏེ་ང་ཚོས་ “ང་ལ་བུ་ལོན་འདི་ཡོད་པས། ངས་འདི་འཇལ་དགོས་ཀྱི་འདུག་” ཅེས་བསམས་ན། ང་ཚོ་མི་སུ་འདྲ་ཞིག་མཐོང་བར་དགའ་མོས་བྱེད་ངེས་མ་རེད། “ཨོ། འགྲིག་མ་སོང་། ད་ངས་མི་འདི་ལ་སེམས་བཟང་པོ་བྱེད་དགོས་ཀྱི་འདུག །གང་ཡིན་ཞེ་ན། ཁོང་ཚོ་ནི་ཚེ་རབས་ས་ཡ་ལྔའི་གོང་དུ་ང་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་” ཞེས་བསམ་པ་ལྟ་བུ་མིན། ང་ཚོས་ཆོས་ཀྱི་གོ་དོན་སྟོན་ཐུབ་པར་བཟོ་ཐབས་བྱེད་དགོས། 

ཡིད་དུ་འོང་བའི་བྱམས་པ་དེས་སེམས་ཚོར་གྱི་བྱམས་སྙིང་རྗེ་གོང་འཕེལ་གཏོང་བར་བྱེད་པ་སྟེ། ང་ཚོས་དེ་དག་བདེ་སྐྱིད་དང་དེའི་རྒྱུ་དང་བཅས་པར་ལྡན་ཞིང་། སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་ལས་འབྲལ་བར་འདོད་ཀྱི་ཡོད། ང་ཚོས་དངོས་གནས་དེ་དག་བདེ་སྐྱིད་དང་ལྡན་པ་དང་མི་སྐྱིད་པ་དང་སྡུག་བསྔལ་ལས་བྲལ་བ་ཞིག་ཡོང་བར་ཕན་འདོགས་ཐབས་བྱེད་ཀྱི་རེད། 

དེ་ལྟར་གཞན་རྣམས་ཀྱི་རྒྱུད་ལ་ཚད་མེད་བཞི་སྐྱེད་པའི་ཕྱིར་ཕན་འདོགས་པར་འགན་འཁྱེར་བའི་འདུ་ཤེས་དེ་ང་ཚོས་ཤེས་ཀྱི་ཡོད། དེ་དག་ནི། བྱམས་པ་ཚད་མེད་པ། སྙིང་རྗེ་ཚད་མེད་པ། དགའ་བ་ཚད་མེད་པ། བཏང་སྙོམས་ཚད་མེད་པ་བཅས་སོ། །དཔེར་ན། ང་ཚོས།

  1. སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་ན་ཅི་མ་རུང་།
  2. དེ་དག་བདེ་བ་དང་ལྡན་པར་ཤོག
  3. ངས་དེ་དག་ལ་བདེ་བ་དང་ལྡན་པའི་ཐབས་ལ་འབད་བརྩོན་བྱེད་ཐུབ་པར་ཤོག
  4. “དེ་ལྟར་བྱེད་ཐུབ་པར། བླ་མ་དང་སངས་རྒྱས་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་” ཞེས་བསམ་གྱི་ཡོད། 

གཞན་དོན་དུ་འགན་ཁྱེར་ནས་རོགས་བྱེད་པ་ནི་བྱམས་པ་དང་སྙིང་རྗེའི་གཞི་རྩའི་ཆ་ཤས་ཤིག་ཡིན་པ་རེད།

འདི་ནི་སེམས་ཚོར་གྱི་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་བ་དེ་རེད། ཡིན་ནའང་། དེ་ལ་ཁ་སྣོན་བྱེད་དགོས་ཀྱི་ཡོད། ལྷད་མེད་པའི་སེམས་ཚོར་ཙམ་ལ་འབད་བརྩོན་བྱེད་པ་དེ་ནི་བརྟན་པོ་མེད། ང་ཚོས་བཟང་ཕྱོགས་དགེ་བའི་སེམས་ཚོར་དེ་དག་བརྟན་པོ་ཇི་ལྟར་བཟོ་བའི་སྐོར་མ་བཤད་གོང་ལ་སེམས་ཚོར་གྱི་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་བ་འདི་ལ་བསམ་ཞིབ་གཏོང་རྒྱུ་ཡིན། བསྐྱར་ཞིབ་མདོ་བསྡུས་ཞིག་བྱེད་པར། འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་ཉོན་མོངས་རགས་པ་དེ་དག་གི་རྗེས་ཤུལ་གང་འདྲ་ཞིག་ལྷག་ཡོད་སྲིད་པ་རྣམས་ལས་ཐར་བར་ང་ཚོས་འབད་བརྩོན་བྱེད་དགོས། ང་ཚོས་གང་ཐུབ་ཐུབ་དེ་དག་རང་གི་སེམས་ནས་མེད་པ་བཟོས་ཏེ། བཟང་ཕྱོགས་དགེ་བའི་བྱམས་པ་དང་སྙིང་རྗེའི་སེམས་ཚོར་རྣམས་གོང་འཕེལ་གཏོང་དགོས། 

བྱམས་པ་དང་སྙིང་རྗེ་ཚོར་མཁན་དེ་ནི་ཀུན་རྫོབ་ཀྱི་ “བདག་” ཡིན་པར་ངེས་པ་རེད། གཞན་རྣམས་ང་ལ་བཀའ་དྲིན་ཆེན་པོ་ཡིན། དེ་དག་སུ་ལ་བཀའ་དྲིན་ཆེན་པོ་རེད་དམ། དེ་དག་ནི་ཀུན་རྫོབ་ཀྱི་ “བདག་” ལ་བཀའ་དྲིན་ཆེན་པོ་རེད། གལ་ཏེ་ང་ཚོས་ཀུན་རྫོབ་ཀྱི་ “བདག་” ཅིག་ཡོད་པར་བསམ་བློ་མ་བཏང་ན། གཞན་གྱིས་ང་ཚོར་བསྐྱངས་པའི་བཀའ་དྲིན་གྱི་ཐད་ལ་ཐ་ན་ང་ཚོས་བསམ་བློ་བཏང་ཐུབ་མེད། ཁོང་ཚོས་བཀའ་དྲིན་དེ་སུ་ལ་བསྐྱངས་ཡོད་དམ། སུ་གཅིག་ལའང་བསྐྱངས་མེད། གཞི་རྐང་ནས་སྒོམ་ཚུལ་དེ་དག་གིས་ཀུན་རྫོབ་ཀྱི་ “བདག་” ལ་སླར་ཡང་ངེས་བརྟན་བཟོ་གི་ཡོད། 

(སྒོམ་དུས།)

བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་བར་རྒྱུ་མཚན་དང་ལྡན་པའི་རིམ་པ། 

ཉོན་མོངས་རགས་པ་རྣམས་ཀྱི་སྟེང་ལ་ཕྲ་བའི་ཉོན་མོངས་ཀྱི་འགྲེལ་བརྗོད་ཅིག་ཡོད། ཕྲ་བའི་ཉོན་མོངས་རྣམས་ནི་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་ནང་། ང་ཚོས་ཡིན་པ་མི་སྲིད་པའི་བདག་གང་ཡིན་པ་དེ་དགག་པའི་སྐབས་སུ་གང་ལྷག་ལུས་གྱུར་བ་རྣམས་རེད། གཞན་གང་གིས་ཀྱང་ཤུགས་རྐྱེན་མ་བྱས་ཤིང་ཆ་མེད་ཀྱི་བདག་གྲུབ་ཚུལ་ཞིག་མེད་པ་ང་ཚོས་རྟོགས་དགོས་ཀྱི་ཡོད། འདིར་ང་ཚོས་གཞི་གང་ལ་མ་བརྟེན་པའི་བདག་ཅིག་དང་དེ་ནི་རང་ངོས་ནས་གྲུབ་པ་དང་ཐར་པ་འཐོབ་ཐུབ་པ་དང་རང་ངོས་ནས་དེ་ཤེས་ཐུབ་པ་ཞིག་གི་སྐོར་ཤོད་ཀྱི་ཡོད། ཡིན་ནའང་། ང་ཚོས་འདི་དགག་པའི་རྗེས་སུ་ཉོན་མོངས་ཚང་མ་སྤོང་བ་ནི་འདང་ངེས་མིན། ནང་པའི་འགྲེལ་བརྗོད་འགའ་ཞིག་ལྟར་ན། ཆེས་ཐོག་མའམ་སྐྱེས་བུ་ཆུང་ངུའི་སྐབས་ཀྱི་ “བདག་” རྫུས་མ་དགག་པ་དེས་ཉོན་མོངས་རགས་པ་རྣམས་སྤོང་བར་ཕན་ནའང་། ཉོན་མོངས་ཕྲ་བ་རྣམས་སྤོང་རྒྱུ་ད་དུང་ལྷག་ཡོད། 

ད་དུང་ལྷག་ཡོད་པའི་ཕྲ་བའི་ཉོན་མོངས་དེ་དག་དོན་ངོ་མར་གང་ཡིན་པའི་ཐད་ལ་ང་ཚོས་དངོས་གནས་བསམ་བློ་ནན་པོ་གཏོང་དགོས་པ་དང་ཤེས་ཐབས་བྱེད་དགོས། དེ་དག་ནི་ངོས་འཛིན་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། ཉོན་མོངས་ཕྲ་བ་དེ་དག་ནི་ང་ཚོའི་སེམས་ནང་ཡོད་པའི་སྟངས་འཛིན་བྱེད་པོ་ཆུང་ཆུང་འདིས་ “བདག་” ལ་གཞན་གྱིས་དགའ་མོས་བྱས་ན་བསམས་པའི་འདོད་པ་དང་གཞན་དག་ “བདག་” ལས་ཐག་རིང་དུ་ཡོད་པར་འདོད་པའི་བསམ་བློ་ལ་གཞི་བྱས་མེད། ང་ཚོས་རང་གིས་རང་ལ་དེ་འདྲ་བསམ་བློ་གཏོང་གིན་མེད། དེ་ནི་རྟོག་འཆར་ཞིག་དང་མཐའ་གཅིག་ཏུ་རྟོག་བཟོ་ཞིག་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། 

གལ་ཏེ་ང་ཚོ་མི་སུ་འདྲ་ཞིག་ལའང་འདོད་ཆགས་དང་། ཞེ་སྡང་། གཏི་མུག་མེད་ན། “བདག་” རྫུས་མ་ལ་གཞིགས་ན་ང་ཚོ་གང་ལ་བརྟེན་ནས་ལྷག་ཡོད་དམ། ང་ཚོ་ད་དུང་ཡང་གཞན་གང་ལ་བརྟེན་མི་དགོས་པར་ལོགས་སུ་གྲུབ་པར་བསམ་པའི་ “བདག་” རྫུས་མ་ལ་བརྟེན་ནས་ལྷག་ཡོད། དེ་ནི་འགྱིག་ཚིའི་ནང་འཐུམ་རྒྱག་ནས་ཡོད་པ་ལྟ་བུ་རེད། དེ་ནི་ཕུང་པོ་རྣམས་ལ་བཏགས་པ་ཞིག་ཡིན་པ་དང་ཕུང་པོ་ལ་བརྟེན་པ་ཁོ་ནས་རྟོགས་ཐུབ་པ་སོགས་ང་ཚོས་ཤེས་ཀྱི་ཡོད། དེ་ལྟ་ནའང་། ང་ཚོ་མི་རེ་རེ་ནི་སྒེར་སོ་སོ་བ་ཡིན་པ་སོང་ཙང་། ང་ཚོ་དང་གཞན་ཚང་མ་འགྱིག་ཚིའི་ནང་འཐུམ་རྒྱག་པའི་ཅོག་ཁྲིའི་སྟེང་རྩེད་ཡག་གི་རྩེད་མོའི་སྤོ་ལོ་ལྟ་བུ་འགྱིག་ཚིའི་ཕྱི་སྐོགས་འདི་སྐྲུན་པ་དང་ང་ཚོའི་རྒྱུད་ལ་རྙེད་དུ་རུང་བའི་ཆོས་ཤིག་གི་སྒོ་ནས་ང་ཚོ་རེ་རེ་བཞིན་དུ་རང་སོ་སོ་གྲུབ་པ་གཏན་ལ་འབེབས་བཞིན་ཡོད་པ་སྣང་གི་ཡོད། འདིའང་རྦད་དེ་རྟོག་བཟོ་ཡིན་པ་དང་ང་ཚོ་དོན་ངོ་མར་ཇི་ལྟར་གནས་པའི་ཚུལ་དང་མཐུན་གྱི་མེད། 

ཅོག་ཁྲིའི་སྟེང་རྩེད་ཡག་གི་རྩེད་མོའི་སྤོ་ལོ་ཟེར་བ་དེ་དག་ལ་ཆགས་པའམ་ཡང་ན་དེ་དག་ལ་བརྟེན་ནས་ཞེ་སྡང་སྐྱེས་པ་དེ་འདྲ་མིན། ཡིན་ནའང་། ང་ཚོས་དེ་དག་རེ་རེ་རང་ངོས་ནས་ངོ་བོ་རང་བཞིན་གྱིས་གྲུབ་པ་ལྟ་བུ་དེ་དག་གི་དབར་ལ་ཁྱད་པར་དམ་པོ་ཞིག་བཟོ་གི་ཡོད་པ་སོང་ཙང་། ང་ཚོས་ཅོག་ཁྲིའི་སྟེང་རྩེད་ཡག་གི་རྩེད་མོའི་སྤོ་ལོ་འགའ་ཞིག་ནི་ཐག་ཉེ་པོ་ཡོད་པ་དང་གཞན་དག་ཐག་རིང་པོར་ཡོད་པ་ཚོར་གྱི་ཡོད། ང་རང་གི་ཚོད་དཔག་ལྟར་བྱས་ན། དེ་ལྟ་བུའི་ཚོར་བ་རྣམས་ནི་ཕྲ་བའི་ཉོན་མོངས་རྣམས་རེད། དེ་ནི་མི་འགའ་ཞིག་དང་སེམས་ཅན་རྣམས་རང་དང་ཐག་ཉེ་བ་ཡོད་པའི་ཚོར་བ་ཡིན་པས། ང་ཚོས་དེ་དག་ལ་དང་པོ་རོགས་བྱེད་ཀྱི་རེད། འགའ་ཞིག་ནི་ཐག་རིང་པོར་ཡོད་པས། དེ་དག་ལ་ང་ཚོས་རོགས་བྱེད་པའི་དབང་དུ་བཏང་ནའང་། དུས་ཕྱིས་སུ་མ་གཏོགས་རོགས་བྱེད་ཀྱི་མ་རེད། 

ང་ཚོས་གཞན་དག་ཇི་ལྟར་རྟོགས་པ་ལ་གཞི་བྱས་ནས་འདི་ལྟ་བུའི་ཁྱད་པར་གྱི་རིགས་ཡང་སེ་འབྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་རྒྱུ་མཚན་དང་ལྡན་ཞིང་། ཕྲ་བའི་ཉོན་མོངས་རྣམས་ལས་ཐར་བའི་ཐབས་ཚུལ་གྱི་སྒོ་ནས་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་བར་འབད་བརྩོན་བྱེད་དགོས། ཐ་ན་ངའི་ཚོད་དཔག་དེ་ནོར་བ་ཞིག་དང་ཐག་ཉེ་རིང་གི་ཚོར་བ་རྣམས་ནང་པའི་གཞུང་ནས་གསུངས་པའི་ཕྲ་བའི་ཉོན་མོངས་ལྟ་བུ་མིན་ནའང་། ཉོན་མོངས་རྣམས་ཕྲ་བའི་རིམ་པའི་ནང་ཁྱད་པར་འབྱེད་ཚུལ་འདི་ནི་ཕན་ཐོགས་ཅན་རེད་བསམ་གྱི་འདུག

སེམས་ཚོར་གྱི་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་ཚུལ་གྱིས་ཉོན་མོངས་རགས་པ་རྣམས་ལས་ཐར་བར་དམིགས་པ་དང་རྒྱུ་མཚན་ལྡན་པའི་སྒོ་ནས་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་ཚུལ་གྱིས་ཉོན་མོངས་ཕྲ་བ་རྣམས་ལས་ཐར་བར་དམིགས་ཀྱི་ཡོད། སེམས་ཚོར་གྱི་རིམ་པ་འདིའི་ནང་། གཞན་ཐམས་ཅད་དུས་སྐབས་གཅིག་གམ་གཞན་ཞིག་གི་ནང་ང་ཚོ་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་སོང་ཙང་། གཞན་ལ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་བྱེད་དགོས་པའི་རྒྱུ་མཚན་མེད། རིམ་པ་འདི་བརྒྱུད་ནས་ང་ཚོས་ཚོར་བ་འདྲེན་ནུས་ཀྱི་སེམས་ཚོར་ཞིག་སྐྱེད་ཀྱི་ཡོད། འོན་ཀྱང་། ང་ཚོས་ད་དུང་ཡང་གཞན་འགའ་ཞིག་ནི་རང་ལས་ཉེ་བ་དང་འགའ་ཞིག་ནི་རང་ལས་ཐག་རིང་བར་རྟོགས་ཀྱི་ཡོད་པས། ང་ཚོས་གཞན་ཐམས་ཅད་ལ་འདྲ་མཉམ་གྱི་བསམ་ཕྱོགས་ཤིག་སྐྱེད་པར་རྒྱུ་མཚན་དང་ལྡན་པའི་ཐབས་ཚུལ་ཞིག་དགོས། འདི་ནི་ང་ཚོ་ཚང་མ་འདྲ་མཉམ་ཡིན་པའི་རྒྱུ་མཚན་རིགས་པ་ལ་གཞི་བྱས་ཏེ། ཚང་མར་བདེ་བ་འདོད་པ་ལས་སྡུག་བསྔལ་འདོད་མཁན་སུ་གཅིག་མེད་ཅེས་པའི་བསམ་ཕྱོགས་དང་བཅས་ཉམས་ལེན་བྱེད་དགོས། དེར་བརྟེན་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་གྱི་བསམ་ཕྱོགས་ཤིག་ཡོད་པ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད། གང་ལྟར་ཡང་། རྟོགས་པ་འདི་ནི་སེམས་ཚོར་མིན། དེ་ནི་གཞན་ཚང་མ་རང་ཉིད་ལ་བཀའ་དྲིན་ཅན་ཡིན་པའི་རྒྱུ་མཚན་ལ་གཞི་བྱས་མེད། 

ང་ཚོ་ཚང་མ་འདྲ་མཉམ་ཡིན་པ་དེ་རྒྱུ་མཚན་དང་ལྡན་པའི་སྒོ་ནས་གསལ་སྟོན་བྱེད་པར། ང་ཚོས་བཀོལ་སྤྱོད་བྱེད་ཆོག་པའི་ལྟ་ཚུལ་དགུ་ཡོད་ནའང་། དེ་དག་ཚང་མའི་སྐོར་འདིར་ཤོད་རྒྱུའི་དུས་ཚོད་མེད། དཔེ་མཚོན་གཅིག་ཞུས་ན། གང་ཟག་ཅིག་ཚེ་འདིའི་ནང་རང་གི་ཨ་མ་ཡིན་པའམ་ཡང་ན་ཚེ་རབས་ཁྲི་ཕྲག་གི་གོང་དུ་ང་ཚོའི་ཨ་མ་ཡིན་མིན་ལ་མ་ལྟོས་པར། ཁོང་ནི་ད་དུང་ཡང་ང་ཚོའི་ཨ་མ་ཡིན་པ་རེད། དེ་ག་ནང་བཞིན་མི་ཞིག་ཚེ་འདིའི་ནང་ང་ཚོར་བཀའ་དྲིན་ཅན་ཡིན་པའམ་ཡང་ན་ཚེ་རབས་ཁྲི་ཕྲག་གི་གོང་དུ་ང་ཚོར་བཀའ་དྲིན་ཅན་ཡིན་མིན་ལ་མ་ལྟོས་པར། དེ་དག་ནི་ད་དུང་ཡང་བཀའ་དྲིན་མཉམ་པ་རེད། ལྟ་ཚུལ་དགུ་པོ་དེ་དག་བརྒྱུད་ནས་ང་ཚོས་བཏང་སྙོམས་ཀྱི་བློ་གོང་འཕེལ་གཏོང་བ་དང་དེས་ང་ཚོའི་ཉོན་མོངས་ཕྲ་མོ་རྣམས་ལས་ཐར་བར་རོགས་བྱེད་ཀྱི་ཡོད། འདི་ལ་བཏང་སྙོམས་ཞེས་སུ་གྲགས་པ་དང་འདི་ནི་ཐེག་པ་ཆེན་པོ་ལ་ཐུན་མོང་མ་ཡིན་པ་ཞིག་ཡིན། 

དེ་ནས་ཧ་ཅང་རྒྱུ་མཚན་ལྡན་པའི་སྒོ་ནས་ང་ཚོས་སྡུག་བསྔལ་ནི་རང་གཅེས་པར་འཛིན་པ་ལས་འབྱུང་གི་ཡོད་པ་དང་བདེ་སྐྱིད་ནི་གཞན་གཅེས་པར་འཛིན་པ་ལས་འབྱུང་གི་ཡོད་པ་རྟོགས་ཀྱི་ཡོད། ང་ཚོར་དངོས་གནས་བདག་བཟང་པོའི་འདུ་ཤེས་ཅན་ཞིག་ཡོད་པ་རེད། བྱས་ཙང་། སོ་སོ་རང་ཉིད་ཀྱི་ཆེད་དུ་བཟང་ཕྱོགས་དགེ་བའི་ཚོར་བ་མེད་པའི་དོན་མིན། དེ་བཞིན་ “ང་རང་རང་འདོད་དོན་གཉེར་དང་རང་གཅེས་འཛིན་ཡིན་པ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད་” ཅེས་པའི་མི་དགེ་བའི་ཚོར་བའང་ང་ཚོས་ཁ་སྣོན་བྱེད་ཀྱི་མ་རེད། སྐབས་འདིར་ང་ཚོས་བདག་གི་སྟེང་ལ་མི་དགེ་བའི་ལས་མང་བ་སྡེབས་སྤུངས་བྱེད་པ་ཙམ་རེད། ང་ཚོས་རང་གཅེས་འཛིན་དགག་པ་དང་སྤོང་བ་དེའི་ཚབ་ཏུ་གཞན་གཅེས་འཛིན་གྱི་བསམ་ཕྱོགས་བརྗེ་ལེན་བྱེད་པ་འདི་ནི་ཀུན་རྫོབ་ཀྱི་བདག་བཟང་པོའི་འདུ་ཤེས་ཅན་ཞིག་ལ་གཞི་བཅོལ་དགོས་ཀྱི་ཡོད། 

དེ་ལྟར་ཧ་ཅང་རྒྱུ་མཚན་དང་ལྡན་པའི་སྒོ་ནས་ང་ཚོའི་ལུས་པོ་འདི་ནི་མི་གཞན་གཉིས་ཀྱི་ལུས་པོ་དང་། ཕ་མ་གཉིས་ཀྱི་ཁུ་ཁྲག་ལས་འབྱུང་གི་ཡོད་པ་དང་གཞན་ཚང་མའི་ལུས་པོའང་དེ་ལས་འབྱུང་གི་ཡོད་པ་ང་ཚོས་མཐོང་གི་ཡོད། དེར་བརྟེན་ང་ཚོས་སོ་སོ་རང་ཉིད་ཀྱི་སྣ་ཕྱིས་ནས་གཙང་མ་བཟོ་བ་དང་མི་གཞན་ཞིག་གི་སྣ་ཕྱིས་ནས་གཙང་མ་བཟོ་བའི་དབར་ལ་ཁྱད་པར་གང་ཡོད་དམ། ཁྱད་པར་གང་ཡང་མེད། དེ་ནི་མི་གཞན་ནས་བྱུང་བའི་ལུས་པོ་ཞིག་གི་སྣ་ཡིན་པ་རེད། དེ་དག་ནི་གཅིག་པ་རེད། སྣ་ཙམ་རེད། “ངས་སོ་སོ་རང་ཉིད་ཀྱི་འཕོངས་སམ་རྐུབ་ཕྱིས་ནས་གཙང་མ་བཟོ་བ་དང་། ཁྱེད་ཀྱི་འཕོངས་ཕྱིས་ནས་གཙང་མ་བཟོ་བ། ངས་ཕྲུ་གུ་མ་འབྱར་གྱི་འཕོངས་ཕྱིས་ནས་གཙང་མ་བཟོ་བ། ཡང་ན་ངས་མི་གཞན་ཞིག་གི་ཕྲུ་གུའི་འཕོངས་ཕྱིས་ནས་གཙང་མ་བཟོ་བ་” བཅས་ཀྱི་དབར་ཁྱད་པར་གང་ཡོད་དམ། དེ་ནི་འཕོངས་ལ་ཕྱིས་ནས་གཙང་མ་བཟོ་བ་གཅིག་པ་རེད། བྱས་ཙང་། ང་ཚོས་ལུས་འདི་གཅེས་སྐྱོང་བྱེད་ཐུབ་པ་ནང་བཞིན་གཞན་སུ་འདྲ་ཞིག་གི་ལུས་པོའང་གཅེས་སྐྱོང་བྱེད་ཐུབ། དེ་ནི་ལུས་པོ་ཙམ་ཞིག་རེད། འདི་ནི་གཞན་དོན་དུ་སེམས་ཚོར་གྱི་སྒོ་ནས་སེམས་འཁུར་སྐྱེད་པ་ཞིག་མིན། རེད་དམ། དེ་ནི་ཧ་ཅང་རྒྱུ་མཚན་དང་ལྡན་པ་རེད། 

ང་ཚོར་བདག་གཞན་བརྗེ་བའི་ཉམས་ལེན་འདི་ཡོད་པ་དང་། དེ་ལ་བརྟེན་ནས་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་གཏོང་ལེན་ཉམས་སུ་བླང་དགོས་པ་སྟེ། སྙིང་རྗེ་ལ་བརྟེན་ནས་གཞན་གྱི་སྡུག་བསྔལ་རང་ཐོག་ཏུ་ལེན་པ་དང་བྱམས་པ་ལ་བརྟེན་ནས་རང་གི་བདེ་བ་གཞན་རྣམས་ལ་སྦྱིན་པའམ་གཏོང་བ་དེ་རེད། དེ་ནི་ “ཁྱེད་བདེ་ཞིང་སྐྱིད་པ་ཞིག་ཡོང་བར་ཤོག །སྡུག་བསྔལ་དང་འབྲལ་བར་ཤོག་” ཅེས་པ་དེ་རེད། 

སེམས་ཚོར་དང་རྒྱུ་མཚན་ལྡན་པ་གཉིས་ཀྱི་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་ཚུལ་འདི་ང་ཚོར་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་རྒྱུ་མཚན་དང་ལྡན་པ་ཡོད་པ་ཙམ་ནི་སེམས་ཚོར་གྱི་ཁྱད་ཆོས་དེ་བརླག་གིན་ཡོད་པ་དང་། ཡང་སེམས་ཚོར་གྱི་སྒོ་ནས་ཡོད་པ་ཙམ་དེ་བརྟན་པོ་ཞིག་ཡོང་ངེས་མ་རེད། དེ་གཉིས་པོ་ཕན་ཚུན་གཅིག་གིས་གཅིག་ལ་ཁ་སྐོང་རེས་བྱེད་དགོས་ཀྱི་ཡོད། 

ཆོད་སེམས་ཁྱད་པར་ཅན། ༼ལྷག་བསམ།༽

དེའི་རྗེས་སུ་ང་ཚོས་ཆོད་སེམས་ཁྱད་པར་ཅན་ནམ་ལྷག་པའི་བསམ་པ་ཞིག་གོང་འཕེལ་གཏོང་དགོས། བྱམས་པ་དང་སྙིང་རྗེ་ལ་བརྟེན་ནས་ང་ཚོར་ “སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་། སྡུག་བསྔལ་ནམ་ཡང་མི་འབྱུང་བར་ཤོག་” ཅེས་པའི་ཡིད་སྨོན་དེ་ཡོད་པ་ཙམ་དུ་མ་ཟད། “སེམས་ཅན་རྣམས་ལ་སྡུག་བསྔལ་མི་འབྱུང་བ་དེ་ངས་བྱེད་ཐུབ་པར་ཤོག་” ཅེས་པའི་འགན་འཁྲི་དེ་འཁྱེར་གྱི་ཡོད། ལྷག་པའི་བསམ་པ་ལ་བརྟེན་ནས་ང་ཚོས་ཐག་གཅོད་ངེས་ཅན་བྱེད་པ་དང་བཅས་གཞན་རྣམས་ཀྱི་ཐར་པ་ལ་གེགས་བྱེད་པ་ཙམ་དུ་མ་ཟད། ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་གེགས་བྱེད་པའི་བར་ཆད་དེ་དག་ལས་ཐར་བའི་ཆེད་ཚང་མར་ཕན་པའི་དམ་བཅའ་བརྟན་པོ་ཞིག་རང་གིས་རང་ལ་འཇོག་གི་ཡོད། དེ་ནི་ལྷག་པའི་བསམ་པ་དེ་རེད། ང་ཚོས་རོགས་ཕན་བསྒྲུབ་པའི་ཀུན་སློང་བཟང་པོ་ཞིག་ཡོད་པ་ཙམ་དུ་མ་ཟད། དངོས་སུ་ལག་བསྟར་བྱ་རྒྱུ་ཐག་གཅོད་བྱེད་ཀྱི་ཡོད། 

ལམ་རིམ་ལ་བརྟེན་ནས་ཡར་རྒྱས་གོང་འཕེལ་གཏོང་བ་ལས་ཤུགས་ཆེ་བ་དང་བཟང་བའི་འདུ་ཤེས་ཅན་གྱི་བདག་ཅིག་ང་ཚོར་ཇི་ལྟར་འཐོབ་ཀྱིན་ཡོད་པ་སྟེ། དེ་ལ་ “ངས་ཚང་མར་བདེ་སྐྱིད་དང་ལྡན་པ་དང་སྡུག་བསྔལ་མི་འབྱུང་བའི་ཆེད་དུ་རོགས་བྱེད་ངེས་ཡིན་” ཞེས་པའི་ཀུན་སློང་དེ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། དེ་ཙམ་དུ་མ་ཟད། ངས་ཚང་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་ཕྱིར་རོགས་བྱེད་ཀྱི་ཡིན་ཞེས་པ་དེ་རེད། ཆོད་སེམས་བརྟན་པོ་དང་ཤུགས་ཆེན་པོ་འདི་ནི་ཀུན་རྫོབ་ཀྱི་བདག་བཟང་པོ་འདི་ལ་གཞི་བྱས་ཡོད། ང་ཚོས་བློ་སྟོབས་དང་རང་ཚུགས་ལྡན་པ་ལ་བརྟེན་ནས་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་ནང་མི་དགེ་བའི་སྤྱོད་ལམ་སྤོང་བའི་སྐབས། ཀུན་རྫོབ་ཀྱི་བདག་བཟང་པོའི་འདུ་ཤེས་ཤིག་ཡར་རྒྱས་གཏོང་འགོ་ཚུགས་ཡོད། དེ་ནས་རང་ཉིད་ཐར་པ་འཐོབ་པའི་ཆེད་དུ་འབད་བརྩོན་དང་བཅས་ཡར་རྒྱས་བཏང་ཡོད། ད་ང་ཚོ་གཞན་ཐམས་ཅད་ཀྱིས་དེ་དང་གཅིག་མཚུངས་ཀྱི་ཐར་པ་འཐོབ་པར་ཕན་པའི་རིམ་པ་ཞིག་ལ་བསླེབས་ཡོད། ཐབས་ལམ་དེ་དག་བརྒྱུད་ནས་ང་ཚོས་ཧ་ཅང་ནུས་ཤུགས་ཆེ་ལ་བཟང་པོའི་འདུ་ཤེས་ཅན་གྱི་བདག་ཅིག་གོང་འཕེལ་གཏོང་བཞིན་ཡོད། 

བྱང་ཆུབ་ཀྱི་སེམས་དང་ཀུན་རྫོབ་ཀྱི་བདག་གི་ཁྱད་ཆོས།

གང་ལྟར་ཡང་། ང་ཚོས་ཆོད་སེམས་ཁྱད་པར་ཅན་འདི་རང་རྒྱུད་ལ་སྐྱེད་པའི་སྐབས། ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པའི་བདག་ཅིག་ང་ཚོས་བསམ་བློ་གཏོང་བ་དེ་དགོག་དགོས། དེ་ནི་ང་ཚོའི་སེམས་ནང་གནས་པའི་སྟངས་འཛིན་བྱེད་པོ་དེ་མིན་ལ། དེ་ནི་ཅོག་ཁྲིའི་སྟེང་རྩེད་ཡག་གི་རྩེད་མོའི་སྤོ་ལོ་དང་འདྲ་བའི་བདག་དེ་མིན། དེའི་སྟེང་ལ་ང་ཚོས་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་ཕན་འདོགས་ཐུབ་པ་ཞིག་ཡོང་བར། སོ་སོ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་པ་དེའི་ཕྱིར་ན། ང་ཚོས་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས། 

བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ང་ཚོས་སོ་སོ་ཐར་པའམ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དམིགས་ཀྱིན་ཡོད། དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་གོ་འཕང་དེ་མིན། སྤྱིར་བཏང་སངས་རྒྱས་ཀྱི་གོ་འཕང་མིན། འོན་ཀྱང་། ང་རང་ཚོ་སོ་སོ་སྒེར་གྱི་སངས་རྒྱས་ཀྱི་གོ་འཕང་དེ་ཡིན། དེ་ནི་ད་ལྟ་ཐོབ་མེད་ནའང་དེ་འཐོབ་བྱེད་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་འཐོབ་པར་འགྱུར་བ་ཡིན། རྒྱུ་རྐྱེན་གཉིས་ཡོད་དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཞེས་ཟེར་བ་དང་ནམ་རྒྱུན་དེ་གཉིས་ལ་ཚོགས་གཉིས་ཟེར་གྱི་ཡོད། དེ་གཉིས་ནི་ང་ཚོའི་སངས་རྒྱས་ཀྱི་རིགས་སམ་བདེ་བར་གཤེགས་པའི་སྙིང་པོ་གཉིས་ཡིན་པ་རེད། 

བསོད་ནམས་ཀྱི་ཚོགས་ནི་སངས་རྒྱས་ཀྱི་གཟུགས་སྐུ་འགྲུབ་པའི་རྒྱུ་དང་ཡེ་ཤེས་ཀྱི་ཚོགས་ནི་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པའི་ཐུགས་ཡེ་ཤེས་ཆོས་སྐུ་འགྲུབ་པའི་ཆེད་དུ་ཡིན། སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་གཤེགས་སྙིང་པོའི་སྐོར་རྒྱས་པར་ཤོད་རྒྱུའི་དུས་ཚོད་མེད་ནའང་། སྙིང་པོར་བརྗོད་ན་ཚོགས་གཉིས་པོ་དེའི་སྟེང་ལ་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དེའང་ཚུད་ཡོད་པ་དང་། དེ་ལ་བརྟེན་ནས་འགྱུར་ལྡོག་འགྲོ་བར་བྱེད་པ་དང་སེམས་ཀྱི་རྒྱུད་དེ་ཡར་རྒྱས་གཏོང་བ་དང་བློ་སྤོབས་སྤེལ་ཐུབ། དེ་དག་ནི་སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་གཤེགས་སྙིང་པོ་རེད། 

རྐྱེན་དེ་དག་ཐམས་ཅད་ནི་ང་ཚོའི་བདག་གམ་ང་ཟེར་བ་འདིའི་ཁྱད་ཆོས་རྣམས་ཡིན་པ་དང་། དེའི་དོན་ནི་དེ་དག་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདག་དང་འདྲ་བར་ང་ཚོའི་སེམས་ཀྱི་རྒྱུད་ལ་བཏགས་པའི་ཆོས་ཡིན། ང་ཚོ་ཚང་མར་དགེ་བའི་ནུས་པ་འགའ་ཞིག་ཡོད་པ་རེད། ང་ཚོར་དགེ་བའི་ནུས་པ་ཡོད་པ་ཇི་ལྟར་རྟོགས་སམ། དེ་ཡང་གལ་ཏེ་ང་ཚོས་དུས་ནམ་ཡང་རིམ་པ་གང་རུང་གི་བདེ་སྐྱིད་ཉམས་སུ་མྱངས་ཡོད་ན། དེ་ནི་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་བྱུང་ཡོད། དེར་བརྟེན་ང་ཚོ་ཚང་མར་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་ཡོད་པ་རེད། དེ་མིན་ང་ཚོས་བདེ་སྐྱིད་ནམ་ཡང་མྱངས་ཡོད་ངེས་མ་རེད། ང་ཚོར་གོ་རྟོགས་ཀྱི་རིམ་པ་ཞིག་ཡོད་པ་རེད། དེ་མིན་ང་ཚོས་ཟས་གང་ཡིན་པ་དང་དེ་ཇི་ལྟར་བཟའ་དགོས་པ་སོགས་ཤེས་ཡོད་ངེས་མ་རེད། དེ་འདྲ་ཡིན་དུས་ང་ཚོར་ཡེ་ཤེས་ཀྱི་ཚོགས་ཀྱང་ཡོད་པ་རེད། ང་ཚོ་ཚང་མར་ཚོགས་གཉིས་པོ་ཡོད། གང་ཡིན་ཞེ་ན། ང་ཚོ་དང་ཚོགས་གཉིས་ཀས་བཏགས་གཞི་གཅིག་པ་མཉམ་སྤྱོད་བྱེད་ཀྱི་ཡོད། དེ་ནི་རང་སོ་སོའི་སེམས་རྒྱུད་དེ་ཡིན་པ་རེད། 

“ང་སངས་རྒྱས་ཡིན། ངས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཟིན་པ་ཡིན་” བསམ་པ་དེ་འདྲ་མིན་པས། དེ་གོ་ཚོད་དགོས་རྒྱུ་གལ་ཆེན་པོ་རེད། སངས་རྒྱས་ཡིན་པའི་ཆ་ནས་ང་ཚོའི་སེམས་ནང་གནས་པ་ཙམ་དང་། ང་ཚོས་རྟོགས་དགོས་པ་དང་དེ་ནས་མངོན་དུ་འགྱུར་བ་དེ་འདྲ་མིན། དེ་ལྟ་བུའི་བདག་ལ་ལོག་པར་ལྟ་བ་དེ་མཐའ་གཅིག་རེད། མཐའ་གཞན་ཞིག་ཡོད་པ་ནི། “ང་ནི་ནམ་ཡང་སངས་རྒྱས་ཐུབ་ཀྱི་མ་རེད་” ཅེས་པ་དེ་རེད། འོན་ཀྱང་། གལ་ཏེ་ང་ཚོས་རྒྱུ་མཚན་རིགས་པ་དང་ལྡན་པའི་སྒོ་ནས་སེམས་རྒྱུད་ལ་བཏགས་ཆོས་ཀྱི་སྟེང་དུ་ང་ཚོ་སངས་རྒྱས་ཐུབ་པའི་རྒྱུ་རྣམས་ཡོད་པ་དེ་རྟོགས་ན། ང་ཚོས་སངས་རྒྱས་ཀྱི་གོ་འཕང་ནི་སྲིད་པ་ཞིག་ཡིན་པ་རྟོགས་ཀྱི་ཡོད། དེའི་རྒྱུ་མཚན་ནི་སེམས་རྒྱུད་གཅིག་པ་འདི་རང་ཀུན་རྫོབ་ཀྱི་བདག་གི་གཞི་དེའང་ཡིན་པ་རེད། 

ང་ཚོས་དམིགས་བཞིན་པའི་སྒེར་སོ་སོའི་སངས་རྒྱས་ཀྱི་གོ་འཕང་ནི་ད་ལྟ་ཐོབ་མེད། དེ་ད་ལྟ་འབྱུང་གི་མེད་ནའང་། དེ་ནི་མཐའ་གཅིག་ཏུ་མེད་པའི་དོན་མིན། ང་ཚོའི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ནི་ཀུན་རྫོབ་ཀྱི་དབང་དུ་གྲུབ་ཡོད་པ་སྟེ། དེ་ནི་ཚད་མའི་སྒོ་ནས་རྟོགས་ཐུབ་པ་དང་དམིགས་ཐུབ་པ་ཞིག་ཡིན། དཔེར་ན། སང་ཉིན་ནི་ད་ལྟ་མེད་པ་ལྟ་བུ་རེད། དེ་རིང་གི་ཉིན་མོར་སང་ཉིན་འབྱུང་གི་མ་རེད། ཡིན་ནའང་། སང་ཉིན་ཟེར་བ་ཞིག་ཡོད་དམ། ཡོད། གལ་ཏེ་སང་ཉིན་ནི་བདེན་པར་མ་གྲུབ་པའམ་མེད་པ་ཡིན་ན། དེ་ནི་རྟག་ཏུ་དེ་ལྟར་གནས་དགོས་ངེས་པ་དང་ནམ་ཡང་འབྱུང་མི་ཐུབ་པ་ཡིན། ཡང་སང་ཉིན་ནི་སྔོན་ནས་གྲུབ་ཡོད་ན། དེ་ནི་སྔོན་ཚུད་འབྱུང་བཞིན་ཡོད། ཡིན་ནའང་། སང་ཉིན་ནི་ཡིན་པ་མི་སྲིད་པའི་ཚུལ་གྱི་མཐའ་གཉིས་ཀྱི་ནང་གྲུབ་མེད་ནའང་། ཀུན་རྫོབ་ཏུ་གྲུབ་ཡོད། ང་ཚོས་རང་གི་ཨ་མར་རོགས་བྱེད་པ་ལྟ་བུ་སང་ཉིན་ལས་དོན་ཞིག་བྱ་རྒྱུར་དམིགས་པ་དང་འདུན་པ་བྱེད་ཆོག །དེ་དང་མཚུངས་པར་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ནི་ཀུན་རྫོབ་ཀྱི་དབང་དུ་གྲུབ་ཡོད་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་འབད་བརྩོན་བྱེད་འདོད་ཀྱི་ཀུན་སློང་དང་བཅས་ང་ཚོས་དེ་འཐོབ་པར་དམིགས་ཆོག

བྱང་ཆུབ་ཀྱི་སེམས་ལ་གཞི་བྱས་ནས་ཀུན་རྫོབ་ཀྱི་བདག་གི་ངེས་བརྟན་ཧ་ཅང་ཤུགས་ཆེན་པོ་ང་ཚོར་ཡོད་པ་གསལ་པོ་རེད། “ངས་དེ་བྱེད་རྩིས་ཡོད། དེ་བྱེད་ཐུབ་པ་ཞིག་རེད། ངས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དམིགས་ཀྱི་ཡིན་” ཞེས་པ་ནི་བྱང་ཆུབ་སྨོན་པའི་སེམས་བསྐྱེད་དེ་རེད། དེ་ལས་འདས་པ་ནི་འཇུག་པ་སེམས་བསྐྱེད་ནི་ “ངས་ནམ་ཡང་ཕྱིར་ལྡོག་པར་འབད་བརྩོན་བྱེད་ཀྱི་ཡིན་” ཞེས་འདི་རེད། 

  • ང་རང་དེའི་ཐད་ལ་ངེས་པ་ཡིན། “ངས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡིན།”
  • དེ་ལས་ཤུགས་ཆེ་བའི་ཡིད་ཆེས་བརྟན་པོ་ནི། “གང་གིས་ཀྱང་ང་རང་དེ་ལས་ཕྱིར་ལྡོག་པར་བྱེད་ཀྱི་མ་རེད།”
  • དེ་ནས། “ངས་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱེད་པའི་ཉམས་ལེན་ལ་འཇུག་གི་ཡིན་” ཞེས་ང་ཚོར་ངེས་པ་རྙེད་པའི་གནས་བབས་དེ་དག་ཡོད་པ་དྲན་དགོས། 

འཇུག་པ་ལ་ལེགས་སྦྱར་སྐད་དུ་ཨ་བ་ཏཱར་ཞེས་བརྗོད་པ་ནི་དོ་སྣང་བྱ་འོས་ཤིག་ཡོད། ང་ཚོ་བྱང་ཆུབ་སེམས་དཔའ་ཞིག་གི་འཇུག་པའམ་སྤྲུལ་པ་ཆགས་ཀྱི་རེད། ང་ཚོས་རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་ཏེ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྟེན་ནས་རང་ངོས་ནས་སོ་སོ་བྱང་ཆུབ་སེམས་དཔའ་ཞིག་གི་བདག་ཉིད་དུ་འགྱུར་བའི་ཐབས་ཤེས་བྱེད་ཀྱི་རེད། 

འཇུག་པའམ་སྤྲུལ་པ་ཞིག་ཡིན་པའི་ཆ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཕྱིར། ང་ཚོས་གང་བྱེད་རྩིས་ཡོད་དམ། ཐོག་མར་ང་ཚོས་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་དགོས་ཤིང་། དེས་ང་ཚོ་བྱང་ཆུབ་སེམས་དཔའི་འཇུག་པའམ་སྤྲུལ་པ་ཞིག་ཡིན་པའི་བཟོ་བཀོད་དང་གཟུགས་རྣམ་དེ་སྦྱིན་གྱི་ཡོད། སྡོམ་པ་དེ་དག་གིས་ང་ཚོ་ཚད་ལས་བརྒལ་ནས་མི་འགྲོ་བའི་སྤྱོད་ལམ་གྱི་རྣམ་པའི་ས་མཚམས་སྐྲུན་གྱི་ཡོད། སྡོམ་པ་དེ་དག་སྲུང་བར་ང་ཚོས་རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་ཉམས་སུ་ལེན་དགོས། དེ་དག་ལ་ཕ་རོལ་ཏུ་ཕྱིན་པ་ཟེར་གྱི་ཡོད། 

རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་ (ཕ་རོལ་ཏུ་ཕྱིན་པ་དྲུག)

རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་པོས་ཀྱང་ཀུན་རྫོབ་ཀྱི་བདག་བཟང་པོའི་འདུ་ཤེས་ཅན་དེ་ཁ་སྣོན་བྱེད་ཀྱི་ཡོད། དེ་དག་རེ་རེ་བཞིན་དུ་འཆད་པ་ལ།

སྦྱིན་པ།

སྦྱིན་པ་ནི་གཏོང་ཕོད་ཀྱི་སེམས་ཤིག་ཡིན། “ང་ལ་སྦྱིན་རྒྱུ་ཞིག་ཡོད་” ཅེས་པའི་སྐབས། ཀུན་རྫོབ་ཀྱི་བདག་གམ་ང་ལ་སྦྱིན་རྒྱུའི་དངོས་རྫས་ཤིག་ཡོད་པ་རེད། སྦྱིན་པ་གཏོང་ཐུབ་པའི་སྐབས། ང་ཚོར་དགེ་མཚན་དང་རིན་ཐང་ཡོད་པ་དེ་ལ་རྗེས་སུ་ཡི་རང་བྱེད་དགོས། ང་ཚོས་སྦྱིན་ཐུབ་པའི་བདོག་པའམ་དངོས་པོ་ཞིག་ཡོད་པ་རེད། 

བཟང་སྤྱོད་ཀྱི་ཚུལ་ཁྲིམས།

བཟང་སྤྱོད་ཀྱི་ཚུལ་ཁྲིམས་ཀྱིས་ཀུན་རྫོབ་ཀྱི་བདག་ལ་དཔུང་སྣོན་བྱེད་ཀྱི་ཡོད། “ངས་རང་གིས་རང་ལ་སྟངས་འཛིན་བྱས་ནས་མི་དགེ་བའི་བྱ་སྤྱོད་སྤེལ་རྒྱུ་སྤོང་གི་ཡིན། དེའི་ཚབ་ཏུ་ངས་དགེ་བའི་ལས་ལ་འཇུག་གི་ཡིན་” ཞེས་པ་དེ་རེད། 

བཟོད་པ།

བཟོད་པ་ལ་སྒུག་ཐུབ་པའི་ཀུན་རྫོབ་ཀྱི་ “བདག་” བཟང་པོའི་འདུ་ཤེས་ཅན་ཞིག་དགོས། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དུས་ཡུན་རིང་པོ་འགོར་རྒྱུ་ཡིན་པ་དང་གཞན་དོན་བསྒྲུབ་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་ཞིག་ཡིན། ང་ཚོས་དམིགས་ཡུལ་དེ་དག་ཀུན་རྫོབ་ཀྱི་ “བདག་གམ་ང་” ཁོ་ན་ལ་གཞི་བྱས་ནས་བསྒྲུབ་ཐུབ། ང་ཚོས་ཚང་མ་ལམ་སེང་གློ་བུར་དུ་འབྱུང་ཐུབ་པ་ཞིག་བསམ་གྱི་མེད། དེར་བརྟེན་ང་ཚོ་ཁོང་མི་ཁྲོ་བར་ང་ཚོར་ཕྲད་པའི་དཀའ་ངལ་རྣམས་ལ་བཟོད་ཐུབ་ཀྱི་ཡོད། 

བརྩོན་འགྲུས།

ལེགས་སྦྱར་སྐད་དུ་བརྩོན་འགྲུས་ལ་ཝཱིརྱ་ཟེར་ཞིང་། ཚིག་འདི་ནི་ཨིན་སྒྱུར་བྱེད་དཀའ་མོ་ཞིག་ཡོད། ཝཱི་རྱ་ཟེར་བ་འདི་ཝཱི་ར་ཟེར་བའི་ཚིག་དང་འབྲེལ་ནས་ཡོད་པ་དང་དེའི་དོན་དཔའ་བོ་ལ་གོ་བ་ཡིན། དེ་ཡང་ལེ་ཊིན་གྱི་ཚིག་ཝིར་ (vir) ཟེར་བ་ “སྐྱེས་པ་” ཞེས་པའི་དོན་དུ་འཇུག་པ་དང་འབྲེལ་བ་ཡོད་པ་སོང་ཙང་། སྐྱེས་པའི་དཔའ་ཉམས་ཀྱི་ཐུན་མིན་གོ་དོན་ཞིག་ཡོད། བུད་མེད་རྣམས་ལའང་འདི་ལྟ་བུའི་དཔའ་དང་བརྩོན་འགྲུས་ཀྱང་ཡོད་ལོས་ཆོག །ང་ཚོས་ཚིག་འདི་བུད་མེད་ལ་རྒྱབ་འགལ་གྱི་ཕོ་མོ་དབྱེ་འབྱེད་ཀྱི་བསམ་བློ་གཏོང་མི་ཉན། སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར་ལྷུར་ལེན་འགན་འཁུར་བ་ནི་དངོས་གནས་དྲང་གནས་དཔའ་བོའི་འགྲུལ་བཞུད་ཅིག་ཡིན་པ་དང་། དེ་ལ་བརྩོན་འགྲུས་ཁོ་ན་ཙམ་དུ་མ་ཟད། སྟོབས་དང་། ནུས་པ། བློ་ཁོག་ཧ་ཅང་ཆེན་པོ་དགོས་ཀྱི་ཡོད། “ངས་འདི་བྱེད་ཀྱི་ཡིན། དེ་ལ་སུ་གང་གིས་ཀྱང་བཀག་འགོག་བྱེད་ཀྱི་མ་རེད་” ཅེས་པའི་བསམ་ཕྱོགས་དེ་རེད། འདིས་ང་ཚོ་ལེ་ལོ་ལས་ཐར་བར་ཕན་གྱི་ཡོད། 

བརྩོན་འགྲུས་ལ་གྲོགས་དང་རྒྱབ་སྐྱོར་བྱེད་མཁན་གྱི་སེམས་ཀྱི་གནས་བབས་སྣ་ཚོགས་ཡོད་པས་ན། ང་ཚོས་གནས་སྟངས་གང་འདྲ་ཞིག་དང་ཕྲད་ནའང་། ནམ་ཡང་བློས་གཏོང་མི་བྱེད་པར་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་འགྲུལ་བཞུད་འདི་ལྷུར་ལེན་དགོས་པ་ཚོར་གྱི་ཡོད། སློབ་དཔོན་ཆེན་པོ་ཞི་བ་འཚོས་བརྩོན་འགྲུས་ལ་རྒྱབ་རྟེན་གྱི་དཔུང་བཞིའི་ནང་གི་གཅིག་ནི་བརྟན་པའམ་རང་གིས་རང་ལ་གདེང་སྤོབས་དེ་ཡིན་པ་གསུངས་ཡོད། དེ་ནི་བོད་སྐད་ནང་ང་རྒྱལ་ཟེར་བ་དེ་ཡིན་པ་དང་ “ང་རང་རྒྱལ་ཁ་འཐོབ་ཀྱི་རེད་” ཅེས་པའི་རང་གིས་རང་ལ་གདེང་སྤོབས་ཀྱི་འདུ་ཤེས་ཤིག་ཡོད། འདིར་ “ང་” ནི་ཀུན་རྫོབ་ཀྱི་བདག་དེ་ཡིན་པ་དང་ “རྒྱལ་” ཞེས་པ་ནི་རྒྱལ་ཁ་ཐོབ་པའི་དོན་རེད། དེ་ལྟར་ “ང་རྒྱལ་ཁ་འཐོབ་ཀྱི་རེད་” ཅེས་པའི་དོན་ནོ། །འདི་ལྟ་བུའི་བློ་ཁོག་དང་ནུས་སྟོབས་ཡོང་བར། ང་ཚོར་རང་གིས་རང་ལ་གདེང་སྤོབས་ཀྱི་ང་རྒྱལ་དེ་དགོས། འདི་ནི་ང་རྒྱལ་གྱི་སྐབས་དོན་ཡིན་པ་དང་ང་ཚོས་གསང་སྔགས་ཀྱི་ནང་ལྷའི་ང་རྒྱལ་ཞེས་པའི་སྐོར་བཤད་སྐབས། དེ་ནི་ཚིག་གཅིག་པ་གཅིག་རྐྱང་རེད། “སངས་རྒྱས་ཀྱི་གོ་འཕང་འཐོབ་པར། ངས་འདི་བྱེད་ཀྱི་ཡིན། ངས་དེ་བྱེད་ཐུབ་ཀྱི་འདུག་” ཅེས་པ་དེ་རེད། གཞི་རྩའི་ཆ་ནས་ང་ཚོས་རང་གིས་རང་ལ་སྐད་ཅིག་རེ་རེ་བཞིན་ཕུང་པོ་ལ་བཏགས་པའི་ཀུན་རྫོབ་ཀྱི་ “བདག་” ཏུ་ཆ་འཇོག་བྱེད་པ་དང་། དེའི་ཁོངས་སུ་བརྩོན་འགྲུས་ཀྱི་སེམས་བྱུང་འདི་དང་སྤྱོད་ལམ་ཚང་མ་གཏོགས་ཡོད། “དེ་ནི་བདག་གམ་ང་ཡིན་པ་རེད།”

བསམ་གཏན།

བསམ་གཏན་གྱི་ཏིང་ངེ་འཛིན་ཁོ་ན་ཡོད་པ་ཙམ་དུ་མ་ཟད། སེམས་ཚོར་གྱི་བརྟན་ཆའི་རང་བཞིན་ཞིག་ཀྱང་ཡོད། ང་ཚོའི་སེམས་ཚོར་དང་སེམས་ཀྱི་གནས་བབས་རྣམས་བརྟན་པོ་ཞིག་ཡོང་བའི་ཕྱིར་དུ་ཀུན་རྫོབ་ཀྱི་ “བདག་” བཟང་པོའི་འདུ་ཤེས་འདིའང་བརྟན་པོ་ཞིག་དགོས་ཀྱི་ཡོད། 

ཤེས་རབ།

ཕར་ཕྱིན་མཐའ་མ་ནི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་རེད། ང་ཚོས་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་རང་སོ་སོ་ཙམ་དུ་མ་ཟད་ཆོས་གཞན་ཐམས་ཅད་ཇི་ལྟར་གྲུབ་པའམ་ཇི་ལྟར་གྲུབ་མེད་པའི་ཚུལ་རྣམ་པར་འབྱེད་ནུས། ང་ཚོས་དེ་དག་ཇི་ལྟར་གྲུབ་མེད་པ་དང་གང་ཡིན་པ་མི་སྲིད་པ་རྣམས་དགག་པ་རྒྱག་ཆོག །ཐར་པ་དང་ཐམས་ཅད་མཁྱེན་པ་གང་རུང་གི་གོ་འཕང་འཐོབ་པར། ང་ཚོས་ཡིན་པ་མི་སྲིད་པ་དེ་གང་ཡིན་རྟོགས་པའི་ཕྱིར་དངོས་གནས་དེ་ལས་གཏིང་ཟབ་ཏུ་འབད་དགོས།  ཕྱོགས་གཞན་ཞིག་ནས་ང་ཚོས་བདག་དང་གཞན་ཐམས་ཅད་ལ་རྟོག་འཆར་སྐྲུན་བཞིན་པའི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་རྣམས་གང་ཡིན་པ་རྟོགས་དགོས། 

ང་ཚོ་ཡོད་པ་དེ་གང་གིས་གྲུབ་བམ།

གཞན་གང་གིས་ཤུགས་རྐྱེན་མ་བྱས་པའི་བདག་ཅིག་མེད་པའི་སྐོར་ང་ཚོས་ཕལ་ཆེར་རྟོགས་ཡོད་པའི་རེ་བ་དང་བཅས་དེ་ནི་བདག་རྟག་པ་གཞན་ལ་ལྟོས་མི་དགོས་པ་དེ་རེད། དེ་ནི་ད་དུང་ཆ་མེད་ཡིན་པ་དང་བཏགས་གཞི་ཞིག་གི་སྟེང་དུ་བཏགས་ཆོས་དབྱེར་མེད་པའམ་ལོགས་སུ་མེད་པ་མ་ཡིན་པ་ཞིག་རེད། ཡིན་ནའང་། ཐར་པ་ཐོབ་པའི་སྐབས། དེ་ནི་གཞི་རྟེན་ཞིག་ལས་ལོགས་སུ་རང་དབང་བ་དང་རང་ངོས་ནས་ཡོད་པ་རེད། བཏགས་གཞི་ཕུང་པོ་དེ་དུས་མཉམ་དུ་སྣང་བ་དང་རྟོགས་པ་མེད་པར་བདག་གིས་རང་ངོས་ནས་ཤེས་མི་ཐུབ་པ་དེའང་ང་ཚོས་རྟོགས་ཡོད། དོན་ངོ་མར་ཕུང་པོ་ལྔའི་སེམས་ཀྱི་རྒྱུད་ལ་བཏགས་པའི་ཆོས་ཤིག་སྟེ། ཀུན་རྫོབ་ཀྱི་བདག་འདི་ལ་མཚོན་ན། ང་ཚོས་བདག་གི་སྤྱིའམ་བསམ་བློ་ནི་ཕུང་པོ་ལ་བློས་བཏགས་པ་ཞིག་ཡིན་ཆོག་པ་དང་མིང་འདོགས་བྱེད་པ་འདི་ནི་ཀུན་རྫོབ་ཀྱི་བདག་ཡིན་པ་ལས། རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་རྫུས་མ་ཞིག་མིན། 

བདག་གི་དོན་སྤྱི་རྟག་ཏུ་འགྱུར་ལྡོག་འགྲོ་བའི་ཕུང་པོ་ལྔ་ལས་གྲུབ་པའི་སྐད་ཅིག་གི་མྱོང་བ་དེ་དག་ལ་ཡང་དག་པར་བློས་ཇི་ལྟར་བཏགས་ཐུབ་ཀྱི་ཡོད་དམ་ཞེས་ང་ཚོས་བསམ་སྲིད། བདག་འདི་ལ་བཏགས་གཞི་ཡོད་པ་དང་འདྲ་བར་འཛིན་བྱེད་ཕུང་པོའི་སྟེང་དུ་བདག་གི་ཁྱད་ཆོས་འགའ་ཞིག་ཡོད་དགོས་ཞེས་ང་ཚོས་བསམ་གྱི་ཡོད། བློའི་འདོགས་པའི་གཞི་ལྟ་བུར་ཕུང་པོའི་སྟེང་དུ་བདག་གི་བསམ་བློ་དང་དོན་སྤྱི་ཚད་ལྡན་དུ་བཏགས་པའི་མཚན་ཉིད་འདི་ཡིན་དགོས། འོན་ཀྱང་། “བདག་” གི་བཏགས་ཆོས་དང་བློའི་འདོགས་ཚུལ་གཉིས་ཀའི་གཞི་རྩར་གྱུར་བའི་ཕུང་པོའི་སྟེང་གི་མཚན་ཉིད་ཀྱི་རྟགས་འདི་ག་ནས་རྙེད་ཐུབ་བམ། ང་ཚོས་ནམ་རྒྱུན་རྟགས་དེ་ཡིད་ཀྱི་རྣམ་པར་ཤེས་པའམ་སེམས་ཀྱི་ནང་ནས་རྙེད་ཐུབ་ཅེས་བསམ་གྱི་ཡོད། སེམས་ཀྱི་ངོས་སུ་རྙེད་དུ་རུང་བ་ཞིག་ཡོད་པ་དང་དེས་ “བདག་གིའམ་ངའི་” སེམས་ཞེས་སྐྲུན་པར་བྱེད་པའི་མཚན་ཉིད་དེ་ཡིན་པ་དང་། དེས་གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས་དང་ “བདག་”ཡོད་པར་གྲུབ་ཀྱི་ཡོད་ཅེས་ང་ཚོས་བསམ་གྱི་ཡོད།

འདིའི་སྐོར་ལ་བསམ་བློ་ཐོངས། དེ་ནི་ཧ་ཅང་ཕྲ་བ་ཡིན། ང་ཚོས་ “བདག་” ལ་བསམ་བློ་གཏོང་སྐབས། ང་ཚོས་ “ངའི་སེམས་” ལ་བསམ་བློ་མི་བཏང་བར་ “བདག་” ལ་བསམ་བློ་གཏོང་མི་ཐུབ། དེ་ནི་ང་ཚོས་ནམ་རྒྱུན་ “བདག་” དང་གང་འབྲེལ་མཐུད་ཀྱི་ཡོད་པ་དེ་རེད། གང་ཡིན་ཞེ་ན། ང་ཚོས་བསམ་བློ་འཁོར་བཞིན་པ་ལྟར་སྣང་བའི་སྐད་ཆ་ཤོད་མཁན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་ “སེམས་” དང་ “ཡིད་ཀྱི་རྣམ་པར་ཤེས་པ་” འདི་ “བདག་” ཡིན་པ་དང་ “བདག་” གི་སྒེར་གྱི་མཚན་ཉིད་ནི་སེམས་ཀྱི་ནང་ངེས་པར་དུ་ཡོད་དགོས་པར་བསམ་གྱི་ཡོད། “བདག་” ནི་སེམས་ལ་བཏགས་པ་ཞིག་དང་ “བདག་” དོན་སྤྱི་དེ་ནི་སེམས་ཀྱི་སྟེང་དུ་བློས་བཏགས་པ་ཞིག་ཡིན་སྲིད་པ་ནི་བདེན་པ་རེད་ཅེས་ང་ཚོས་རྟོགས་པ་དང་ཡིད་ཆེས་བྱེད་སྲིད་ནའང་། ད་དུང་ཡང་ང་ཚོས་ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་ལ་རྙེད་དུ་རུང་བའི་མཚན་ཉིད་ཀྱི་རྟགས་ཤིག་ཡོད་དགོས་ངེས་ཡིན་པ་དང་། དེས་བཏགས་ཆོས་དང་བློའི་འདོགས་ཚུལ་ཚད་ལྡན་ཆགས་པར་བྱེད་ཀྱི་ཡོད་པར་བསམ་གྱི་ཡོད། རྙེད་དུ་རུང་བའི་རྟགས་ཀྱིས་ངའི་སེམས་ནང་ “བདག་” ཅེས་པའི་སྒྲ་སྐད་དེ་སྐྲུན་གྱི་ཡོད་པ་ལས། “ཁྱོད་” ཅེས་པའམ་ཡང་ན་ཆ་རྒྱུས་མེད་པའི་སེམས་ཅན་ཞིག་སྐྲུན་གྱི་མེད། འོན་ཀྱང་། ང་ཚོས་བརྟག་ཞིབ་བྱེད་པའི་སྐབས། ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་ལ་དེ་ལྟ་བུའི་མཚན་ཉིད་ཀྱི་རྟགས་ཤིག་རྙེད་མི་ཐུབ། རྙེད་དུ་རུང་བའི་མཚན་ཉིད་ཀྱི་རྟགས་ཤིག་ཡོད་པ་འདི་ནི་ང་ཚོས་ཕྲ་བའི་རིམ་པའི་སྐབས་སུ་གང་དགོག་དགོས་པ་དེ་ཡིན། བཏགས་གཞི་དང་བློའི་འདོགས་ཚུལ་གྱི་ངོས་སུ་རྙེད་དུ་རུང་བའི་མཚན་ཉིད་ཀྱི་རྟགས་ཤིག་ཡོད་པའི་ “བདག་” ནི་གྲུབ་མེད། དེ་ལྟ་བུའི་ “བདག་” ནི་ཡིན་པ་མི་སྲིད་པ་དང་ “བདག་” རྫུས་མ་དེ་རེད། 

དེ་ལས་ཅུང་གཏིང་ཟབ་ཏུ་འགྲོ་བར། གལ་ཏེ་ང་ཚོས་ལེགས་སྦྱར་དང་བོད་སྐད་ཀྱི་ཐ་སྙད་ “བདེན་གྲུབ་” ཅེས་པ་དེ་ནམ་རྒྱུན་ཨིད་སྐད་ནང་ (true existence) ཞེས་བསྒྱུར་ཡོད་པ་དེ་ལ་བལྟས་ན། དེ་ནི་དོན་ངོར་མར་ “བདེན་པར་ཡོད་པར་སྒྲུབ་པ་” (truly established existence) ཞེས་པའི་དོན་ཡིན་པ་དང་། འདིར་ “གྲུབ་པ་” (established) ནི་ཚིག་གཙོ་བོ་དེ་རེད། བོད་སྐད་ནང་འདི་ལ་སྒྲུབ་པ་ཞེས་ལེགས་སྦྱར་གྱི་སྐད་དུ་སིདྡྷ་ཟེར་བ་དེ་རེད། ཆོས་ཤིག་ཡོད་པ་དེ་གང་གིས་སྒྲུབ་ཀྱི་ཡོད་དམ། ང་ཚོ་ཡོད་པ་དེ་གང་གིས་སྒྲུབ་ཀྱི་ཡོད་དམ། “བདག་” གང་གིས་སྒྲུབ་པའམ་ང་ཚོ་ཡོད་པ་ཇི་ལྟར་ཤེས་པ་ཙམ་དེ་མིན་པར། དེ་གང་གིས་སྒྲུབ་ཀྱི་ཡོད་པ་དེ་རེད། ནུས་སྟོབས་དེ་ག་ནས་ཡོང་གི་ཡོད་དམ། ཨིན་སྐད་ནང་གི་སྒྲུབ་པའི་ཚིག་ (established) ཞེས་པ་དེ་ཁུངས་སྐྱེལ་བྱེད་པ་ (prove) ལའང་བེད་སྤྱོད་བྱེད་ཀྱི་ཡོད། ནོར་བ་དེ་གང་རེད་ཅེ་ན། “བདག་” གི་ཕྱོགས་ལ་རྙེད་དུ་རུང་བ་ཞིག་ཡོད་པ་དང་དེ་ནི་མཚན་ཉིད་ཀྱི་རྟགས་ཤིག་གམ་ཡང་ན་ “རང་ངོས་ནས་གྲུབ་པའི་རང་བཞིན་” ཞིག་རང་དབང་གིས་ “བདག་” ཡོད་པར་སྒྲུབ་པར་བྱེད་པ་དེ་རེད། “བདག་” གི་མཚན་ཉིད་ཀྱི་རྟགས་དེ་བཏགས་གཞི་དང་བློའི་འདོགས་པའི་ “བདག་” གམ་སེམས། ཡང་ན་ “བདག་” ཡོད་པར་སྒྲུབ་པའི་ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་དུ་རྙེད་དུ་རུང་བ་ཞིག་ཡིན་པ་དེའང་ནོར་བ་ཞིག་རེད། ང་ཚོ་ཡོད་པ་དེ་རང་དབང་གིས་སྒྲུབ་པ་ཞིག་གང་དུའང་རྙེད་དུ་མེད་པ་རེད། རང་ངོས་ནས་ཡོད་པར་སྒྲུབ་པའམ་རང་བཞིན་གྱིས་གྲུབ་པའི་ཆོས་ཤིག་ནི་མེད། 

རང་ངོས་ནས་སྒྲུབ་པ་དང་རང་དབང་གིས་སྒྲུབ་པའམ། ཡང་ན་དེའི་ནང་དུའམ་དེའི་བཏགས་གཞི་ནང་རྙེད་དུ་ཡོད་པའི་བདག་དེ་ནི་དངོས་པའི་གནས་ལུགས་གང་དང་ཡང་མཐུན་གྱི་མེད། ང་ཚོས་སྟོང་པ་ཉིད་ཀྱི་སྐོར་ལ་གཏིང་ཟབ་ཤོས་དང་དོན་དམ་གྱི་རིམ་པའི་ཐོག་ནས་བཤད་སྐབས། འདི་ནི་གང་མེད་པའམ་སྟོང་པ་དེ་རེད། དེ་ནི་ང་ཚོས་གང་བསམ་བློ་གཏོང་བཞིན་པ་དེ་ལ་ཡུལ་དངོས་ཀྱིས་མཐའ་གཅིག་ཏུ་སྟོང་པ་ཡིན། རང་ངོས་ནས་གྲུབ་པ་ཞེས་པའི་ “བདག་” ཅིག་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ནང་རང་དབང་གིས་ “བདག་” སྐྲུན་མཁན་རྙེད་དུ་རུང་བ་ཞིག་མེད། དེ་དག་ནི་རྟོག་པའི་འཆར་སྒོ་རྣམས་རེད། 

བློའི་འདོགས་ཚུལ།

ང་ཚོ་ཡོད་པ་དེ་དོན་ངོ་མར་གང་གིས་སྒྲུབ་ཀྱི་ཡོད་དམ། དེ་ནི་བློའི་འདོགས་ཚུ་ཁོ་ན་རེད། འདིའི་དོན་གང་རེད་དམ། དེ་ནི་ངས་ “ཨེ་ལེགས། ཨེ་ལེགས། ཨེ་ལེགས་” “བདག བདག བདག་” ཅེས་ང་ཡོད་པ་བློས་བཏགས་པའི་སྐབས་ཁོ་ནའི་དོན་མིན། གལ་ཏེ་ངས་བློས་འདོགས་པ་དེ་མཚམས་འཇོག་བྱས་ན། ང་ནི་ཡོད་པ་མིན། དོན་དག་དེ་ཡིན་ངེས་མ་རེད། བློའི་འདོགས་ཚུལ་གྱིས་གང་ཡང་སྐྲུན་གྱི་མེད། འོ་ན་ “བདག་” ཡོད་པ་དེ་བློའི་འདོགས་ཚུལ་ཁོ་ན་དང་བསྟུན་ནས་སྒྲུབ་ཡོད་ཅེས་པའི་དོན་གང་རེད་དམ། དེའི་དོན་ནི་ཀུན་རྫོབ་ཀྱི་ “བདག་” ཡོད་པ་ནི་བློའི་འདོགས་ཚུལ་གྱི་ “བདག་” སྟེ། “བདག་” གི་བསམ་བློ་དང་དོན་སྤྱི་ནི་སྒེར་སོ་སོའི་ཕུང་པོའི་སེམས་རྒྱུད་ཀྱི་གཞི་ལ་བློས་བཏགས་པ་ནི་ཀུན་རྫོབ་ཀྱི་ “བདག་” ལ་གོ་བ་ཡིན། དེ་ལྟ་བུའི་བློའི་འདོགས་ཚུལ་དེ་ཚད་མ་ཡིན་ཏེ། “བདག་” ནི་ཀུན་རྫོབ་ཏུ་ཁས་བླངས་པ་ཞིག་ཡིན་པ་ལས། ཀུན་རྫོབ་དང་དོན་དམ་བདེན་པའི་བློ་ཚད་མ་དང་འགལ་གྱི་མེད་པའི་ཕྱིར། “བདག་” དོན་སྤྱིའི་སྟེང་གི་ “བདག་” ཅེས་པའི་ཚིག་འདི་བཏགས་པ་ཞིག་དང་དོན་སྤྱི་དེ་བརྒྱུད་ནས་ “བདག་” ཅེས་པའི་ཚིག་དེ་ཕུང་པོའི་སྟེང་དུ་བཏགས་པར་གཞིགས་ན་གནས་སྟངས་གཅིག་མཚུངས་རེད། ཀུན་རྫོབ་ཀྱི་ “བདག་” ཡོད་པ་ནི་ཚིག་དེ་གང་ལ་གོ་བ་ཁོ་ནས་སྒྲུབ་ཡོད་པ་རེད། 

འདིར་ “ཁོ་ནའམ་ལོགས་སུ་” ཞེས་པ་ནི་བློའི་འདོགས་ཚུལ་དང་བློས་བཏགས་པ་གཉིས་ཀ་ཕུང་པོའི་སྟེང་དུ་རྙེད་དུ་ཡོད་པའི་མཚན་ཉིད་ཀྱི་རྟགས་ཤིག་ལ་གཞི་བྱས་མེད་པའི་དོན་ཡིན། དེར་མ་ཟད། བློའི་འདོགས་ཚུལ་དང་བཏགས་པའི་ཡུལ་གྱི་རྒྱབ་ཏུ་རང་དབང་ཚུགས་ཐུབ་ཏུ་ཡོད་པའི་རང་ངོས་ནས་གྲུབ་པའི་བཏགས་དོན་ཏེ། ཀུན་རྫོབ་ཀྱི་ “བདག་” གི་རྒྱབ་ཏུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ནི་མེད། དེ་ཡང་སྡིངས་ཆའི་ཟློས་གར་ཞིག་གི་ལྗོངས་བཀོད་དུམ་ཚན་ཞིག་གིས་གར་སྟེགས་ཀྱི་སྒྲིག་ཤོམ་ཡོ་ཆས་བཟུང་ནས་ཡོད་པ་ལྟ་བུ་ཞིག་ནི་མེད། དོན་སྤྱི་དང་། ཚིག །མིང་ལ་སོགས་པ་ནི་གནད་དོན་གང་རུང་ཞིག་ལ་གོ་བ་ཡིན། འོན་ཀྱང་། དེ་དག་གང་ལ་གོ་བ་དེ་དག་ནི་རང་ཚུགས་ཐུབ་ཐུབ་པ་དང་། རང་དབང་དུ་ཡོད་པ། རང་ངོས་ནས་གྲུབ་པ་ཞིག་མིན།

རྒྱུ་མཚན་དེ་བས་ན། ངས་ཁྱད་པར་འབྱེད་ཀྱི་ཡོད། བོད་སྐད་ནང་དུའང་བཏགས་ཆོས་དང་བཏགས་དོན་གྱི་ཚིག་གི་དབར་ལ་ཁྱད་པར་ཞིག་ཡོད། དོན་སྤྱི་དེ་དག་ནི་སྒམ་ཞིག་ལྟར་བདེན་པར་གྲུབ་པ་ལྟར་སྣང་གི་ཡོད། དེ་དག་གཅིག་པ་ཚིག་མཛོད་ནང་གི་ཚིག་རྣམས་ལའང་བརྗོད་ཆོག་སྟེ། དེ་དག་ཀྱང་སྒམ་ནང་ཡོད་པ་ལྟར་གྲུབ་པར་སྣང་གི་ཡོད། དེ་ལྟ་བུའི་སྤྱི་ལ་དག་པའི་དངོས་པོའམ་གང་ལ་གོ་བའི་ཚིག་རྣམས་ནི་སྒམ་དེ་དག་གི་ནང་དུ་རྙེད་དུ་རུང་བའི་ཚུལ་དུ་ཡོད་པར་སྣང་གི་ཡོད། དེ་དག་ནི་སྤྱི་དང་ཚིག་གིས་གང་སྟོན་པ་དང་མཐུན་གྱི་ཡོད་པའི་བཟོ་འདྲ་ཞིག་ཡོད། དེ་ནི་དངོས་པོ་རྣམས་སྒམ་དེ་དག་གི་ནང་དུ་བདེན་པར་གྲུབ་ཡོད་པ་དང་། དེ་དག་གི་ཆེད་དུ་སྤྱིའི་མཚན་ཉིད་དང་ཚིག་གི་མཚན་ཉིད་ལ་བརྟེན་ནས་དངོས་པོ་དེ་དག་གི་སྟེང་དུ་རྙེད་དུ་ཡོད་པ་དང་གྲུབ་ཡོད་པ་དེ་རེད། དེར་ཁོང་ཚོས་རང་དབང་གིས་དངོས་པོ་དེ་དག་སྤྱི་དང་དེ་དག་གི་ཚིག་རྣམས་སྒམ་གྱི་ནང་དུ་ཡོད་པར་སྒྲུབ་ཀྱི་ཡོད། 

འདི་ནི་འཁྲུལ་སྣང་ཞིག་ཡིན་པ་དང་ནོར་བ་ཡིན། དེ་ནི་དངོས་ཡོད་དང་མཐུན་པ་ཞིག་མིན། ཀུན་རྫོབ་ཀྱི་ “བདག་” དང་། བྱམས་པ། དམར་པོ་ལ་སོགས་པ་ཚད་མས་རྟོགས་པའི་དངོས་པོ་རྣམས་ནི་སྒམ་དེ་དག་གི་ནང་དུ་མེད། དེར་བརྟེན་བློས་གང་བཏགས་པ་དང་བློས་བཏགས་པའི་དངོས་པོས་གང་སྟོན་པ་དང་མཐུན་པའི་རང་ངོས་ནས་གྲུབ་པའི་ཆོས་ཤིག་མེད། འོན་ཀྱང་། ཀུན་རྫོབ་ཀྱི་བློའི་འདོགས་ཚུལ་དང་ཀུན་རྫོབ་ཀྱི་ཚིག་རྣམས་ནི་གཅིག་ལ་གོ་བ་ཡིན། གང་ཡིན་ཞེ་ན། ཆོས་ཐམས་ཅད་བྱ་བ་བྱེད་པ་དང་། རྒྱུ་དང་འབྲས་བུས་བྱ་བ་བྱེད་པ། ང་ཚོས་བྱ་བ་སོགས་བྱེད་ཀྱི་ཡོད་པའི་ཕྱིར། འདིར་ཀུན་རྫོབ་ཀྱི་ཡུལ་དཔེར་ན། ཁྱེད་དང་ང་ལྟ་བུའི་ཚིག་རྣམས་གང་ལ་གོ་བ་དང་ཚིག་རྣམས་དང་གང་གིས་མཐུན་གྱི་ཡོད་པ་དཔེར་ན། “བདག་” རྫུས་མ་ལྟ་བུའི་དབར་ལ་ཧ་ཅང་ཕྲ་བའི་ཁྱད་པར་ཞིག་ཡོད། 

ཚིག་རྣམས་གང་ལ་གོ་བ་དང་ཚིག་དེ་དག་ལ་གང་གིས་མཐུན་པའི་དབར་གྱི་ཁྱད་པར་འདི་རྟོགས་པའི་ཆེད་དུ་ང་ཚོས་དངོས་གནས་འབད་བརྩོན་བྱེད་དགོས་པའི་གནས་ཤིག་རེད། དེ་ནི་གང་འཚམས་ཀྱི་ཕྲ་ཞིང་མགོ་རྙོག་ཅན་ཞིག་ཡོད། ཡིན་ནའང་། འདི་དག་ཐམས་ཅད་ཉམས་མྱོང་དཀྱུས་མའི་ནང་ཇི་ལྟར་སྒྱུར་གྱི་ཡོད་དམ། དེ་ཡང་ང་ཚོའི་གྲོགས་པོ་རྙིང་པ་ “དམིགས་བསལ་གང་ཡང་མིན་” ཞེས་པའི་ནང་ཇི་ལྟར་སྒྱུར་རམ། སོ་སོ་རང་ཉིད་ཀྱི་ཕྱོགས་སུ་རང་ཉིད་ཧ་ཅང་དམིགས་བསལ་ཅན་ཞིག་སྐྲུན་མཁན་གྱི་ཆོས་ཤིག་མེད་པ་དང་། སོ་སོ་རང་ཉིད་ཀྱི་ཐད་ལ་དམིགས་བསལ་གང་ཡང་མེད། “བདག་” དེ་ང་བཟོ་མཁན་ཞིག་གང་དུའང་མེད། 

“དམིགས་བསལ་གང་ཡང་མེད་” ཅེས་པ་འདི་གཏིང་ཟབ་ལོད་ཀྱི་རིམ་པ་དུ་མའི་སྒོ་ནས་རྟོགས་ཐུབ། དོན་ངོ་མར་ “བདག་” ཡོད་པ་གང་གིས་སྒྲུབ་པའི་གོ་བསྡུར་འདི་ཡོངས་སུ་རྫོགས་པ་ནི་ “བདག་” ཅེས་པ་འདི་ལ་དམིགས་བསལ་གང་ཡང་མེད་ཅེས་པ་དེ་རྟོགས་པ་དེའི་ཁོངས་སུ་བསྡུ་ཐུབ། ང་ནི་འགྲོ་བ་མི་ཐེར་འབུམ་བདུན་གྱི་ནང་ནས་གཅིག་ཡིན་པ་དང་གྲངས་མེད་པའི་སེམས་ཅན་གྱི་ནང་ནས་གཅིག་ཡིན་པས། དམིགས་བསལ་གང་ཡང་མེད། “བདག་” གི་སྟེང་དུ་དམིགས་བསལ་གྱི་མཚན་ཉིད་གང་ཡང་མེད་ལ། ངའི་སེམས་ཞེས་པ་དེས་རང་དབང་དུ་རང་ཉིད་དམིགས་བསལ་བཟོ་བ་ཞིག་ཀྱང་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ཉེན་སྲུང་མེད་པ་ཚོར་དགོས་པའི་རང་ངོས་གྲུབ་པའི་ “བདག་” མེད། ང་ཚོས་ཉེན་སྲུང་ཡོད་པ་བཟོ་དགོས་པའི་ཆོས་གང་ཡང་མེད། འཇིགས་སྐུལ་བྱས་པའི་ཆོས་གང་ཡང་མེད། ང་ཚོས་རང་སོ་སོའི་མི་ཚེའི་ནང་མུ་མཐུད་ཡར་རྒྱས་བཏང་ནས་སྐྱོད་དགོས་པ་དང་དམིགས་བསལ་རང་གི་གནས་སྟངས་དང་གཞན་ཐམས་ཅད་ཀྱི་གནས་སྟངས་གོང་འཕེལ་གཏོང་ཐབས་བྱེད་དགོས། དེ་ལྟར་བྱོས་ཤིག །དེ་ལྟར་བྱེད་པར་དམིགས་བསལ་གང་ཡང་མེད། གང་ཡིན་ཞེ་ན། སོ་སོ་རང་ཉིད་ལ་དམིགས་བསལ་གང་ཡང་མེད་པའི་ཕྱིར་ཞེས་པའི་བློའི་ཁྱེར་སོ་དེ་འདྲ་ཞིག་དགོས་ཀྱི་ཡོད། 

མཐའ་སྡོམ།

དེ་ལྟར་ལམ་རིམ་ལ་བརྟེན་ནས་བདག་བཟང་པོ་ཡར་རྒྱས་གཏོང་ཕྱོགས་ཀྱི་བརྗོད་གཞི་མཇུག་སྒྲིལ་རྒྱུ་ཡིན། དེ་ནི་ “བདག་” བཟང་པོའི་འདུ་ཤེས་ཅན་དེ་སླར་ཡང་ངེས་བརྟན་དང་ནུས་ཤུགས་ཆེ་རུ་གཏོང་བའི་རྒྱུད་རིམ་ཞིག་ཡིན་པ་དང་དེ་གང་འཚམས་ཤིག་གོང་འཕེལ་བཏང་བའི་རྗེས་སུ་ཀུན་རྫོབ་ཀྱི་ “བདག་” ཡོད་ཚུལ་ལ་གོ་བ་ལོག་སྒྲུབ་ཡོད་པ་རྣམས་མེད་པ་བཟོ་དགོས་ཤིང་། དེ་ནི་ “བདག་” རྫུས་མ་དེ་མེད་པ་བཟོ་དགོས། བདག་བཟང་པོའི་འདུ་ཤེས་ཅན་ཞིག་སྐྲུན་པ་དང་བདག་རྫུས་མའི་འདུ་ཤེས་ཅན་དེ་ཉུང་དུ་གཏོང་བའི་རྒྱུད་རིམ་ཇི་ཙམ་གྱིས་གཏིང་ཇེ་ཟབ་ཏུ་འགྲོ་བ་དེའི་ཚོད་ཀྱིས་ང་ཚོས་གང་དགག་པའི་རིམ་པ་རྣམས་ཕྲ་རུ་ཕྲ་རུ་འགྲོ་གི་ཡོད། 

དྲི་བ་ཁག

“དམིགས་བསལ་གང་ཡང་མེད་པ” དང་སྣང་མེད་རྒྱ་ཡན་གྱི་གཏི་མུག

ངའི་དྲི་བ་འདི་དམིགས་བསལ་གང་ཡང་མེད་ཅེས་པ་དང་འབྲེལ་བ་ཆགས་ཀྱི་འདུག །དམིགས་བསལ་གང་ཡང་མེད་པ་སོང་ཙང་། རང་གཅེས་འཛིན་ནམ་ཡང་ན་དོན་ངོ་མའི་ཁྲིམས་རང་སྲུང་གི་བཟང་པོའི་རིགས་ཤིག་དང་གཏི་མུག་གམ་དལ་ལྷོད། སྣང་མེད་བཅས་ཀྱི་དབར་ལ་ས་མཚམས་ཀྱི་ཁྱད་པར་ཇི་ལྟར་འབྱེད་དམ། 

“དམིགས་བསལ་གང་ཡང་མེད་” ཅེས་པ་འདི་ནི་ “ག་རེ་ཡིན་ནའང་ཡིན། ཁྱད་པར་མེད་” ཅེས་པའི་བསམ་བློ་དང་རྦད་དེ་མི་འདྲ་བ་རེད། “དམིགས་བསལ་གང་ཡང་མེད་” ཅེས་པའི་བསམ་ཕྱོགས་ལ་བརྟེན་ནས་ང་ཚོས་གང་བྱེད་བཞིན་པ་ལ་གནས་ཚུལ་ཆེན་པོ་ཞིག་བཟོ་གི་མེད། ང་ཚོས་དེ་ཁྱབ་བསྒྲགས་གཏོང་མི་དགོས་ལ་དེ་ལ་ཐུགས་རྗེ་ཆེའང་ཞུ་མི་དགོས་པ་རེད། དེ་འདྲ་གང་ཡང་མ་རེད། དཔེ་མཚོན་ཞིག་བཞག་ན། ང་ཚོ་གཡར་ཁང་ཞིག་གི་ནང་སྡོད་ཀྱི་ཡོད་པའི་དབང་དུ་བཏང་ནས་གཡར་ཁང་དེའི་འཛུལ་སྒོའི་བར་ཁྱམས་ཀྱི་ཞ་ལའི་སྟེང་དུ་ཤོག་བུ་དང་གད་སྙིགས་མང་པོ་གཡུགས་ནས་ཡོད་པ་དང་དེའི་ཟུར་དུ་གད་སྙིགས་བླུག་སྣོད་ཅིག་ཀྱང་ཡོད་པ་རེད། དེའི་སྐབས་སུ་དམིགས་བསལ་གང་ཡང་མེད། ང་ཚོས་ཤོག་བུ་དང་གད་སྙིགས་རྣམས་ཡར་བསྒྲུགས་ནས་བླུག་སྣོད་ནང་བླུགས་པ་ལྟ་བུ་རེད། དེ་ཡང་སློབ་དཔོན་ཆེན་པོ་ཞི་བ་ལྷས། སྡུག་བསྔལ་བདག་པོ་མེད་པར་ནི། །ཐམས་ཅད་བྱེ་བྲག་མེད་པ་ཉིད། །སྡུག་བསྔལ་ཡིན་ཕྱིར་དེ་བསལ་བྱ། །ངེས་པས་དེར་ནི་ཅི་ཞིག་བྱ། །ཞེས་དཀའ་ངལ་རྣམས་ལ་བདག་པོ་མེད། དཀའ་ངལ་དེ་ངའི་མ་རེད་ལ་ཁྱོད་ཀྱི་མ་རེད། དེ་ནི་དཀའ་ངལ་ཙམ་ཞིག་རེད། དེ་དཀའ་ངལ་ཞིག་ཡིན་པ་སོང་ཙང་། དེ་སེལ་དགོས་ཀྱི་ཡོད་ཅེས་གསུངས་ཡོད། དེ་ག་ནང་བཞིན་ཞ་ལའི་སྟེང་དུ་ཤོག་བུ་དང་གད་སྙིགས་ཡོད་པ་དང་དེ་དག་ཡར་བསྒྲུག་དགོས་ཀྱི་ཡོད། དེ་ལ་དམིགས་བསལ་གང་ཡང་མེད། ངས་དེ་དག་ཡར་བསྒྲུག་པ་ལ་དམིགས་བསལ་གང་ཡང་མེད་ཅེས་པ་དེའོ།། 

ང་ཚོས་ “ཤོག་བུ་རྣམས་ཞ་ལའི་སྟེང་ནས་མི་ག་གེ་མོ་ཞིག་གིས་ཡར་བསྒྲུགས་སོང་” ཞེས་བྲིས་ནས་དེ་ལ་སོ་སོའི་མིང་རྟགས་རྒྱག་ནས་རྩིག་པའི་ངོས་སུ་སྦྱར་མི་དགོས་པའི་ཐོག་ནས་ཡར་བསྒྲུག་དགོས། དེ་དག་ཡར་བསྒྲུག་པ་དེ་ནི་ “ང་ནི་གནོད་བྱའི་ཡུལ་དེ་ཡིན་པ་དང་ཁང་པའི་ནང་ཡོད་པའི་མི་གཞན་ཚང་མ་ནི་ཧ་ཅང་འཇིགས་སུ་རུང་བ་རེད། ཁོང་ཚོ་ཧ་ཅང་ལེ་ལོ་ཅན་ཡིན་པ་དང་ངས་རྟག་ཏུ་གཞན་གྱིས་བཙོག་པ་བཟོས་པ་དེ་ཅིའི་ཕྱིར་ཡར་བསྒྲུག་དགོས་སམ་” ཞེས་པའི་ཚོར་བ་འདི་ལའང་བརྟེན་ནས་མིན། ང་ཚོས་དངོས་གནས་གཞན་རྣམས་ལ་ཕྲག་དོག་བྱེད་པའམ། ཡང་ན་ “ང་རང་ཧ་ཅང་དམིགས་བསལ་ཅན་ཡིན། ང་ནི་གཙང་མ་བཟོ་མཁན་གྱི་གང་ཟག་དེ་ཡིན་” ཞེས་བསམ་གྱི་ཡོད། ང་ཚོས་ལས་ཀ་དེ་བསྒྲུབ་དགོས་ཀྱི་ཡོད་པ་སོང་ཙང་། བྱེད་ཀྱི་ཡོད། དེ་ལ་གནས་ཚུལ་ཆེན་པོ་གང་ཡང་མེད། ང་ཚོས་ཤོག་བུ་རྣམས་ཡར་བསྒྲུགས་པ་རེད། དེ་ལ་ག་རེ་ཡོད་རེད། དེ་ནི་ “དམིགས་བསལ་གང་ཡང་མེད་” ཅེས་པའི་བསམ་ཕྱོགས་དེ་རེད། དེ་ནི་ང་ཚོས་གང་ཡང་མི་བྱེད་པའི་གཏི་མུག་པའི་བསམ་ཕྱོགས་ཤིག་མིན་ལ། “ངས་ཤོག་བུ་དང་གད་སྙིགས་གཡུགས་མེད་པས། ངས་ཅིའི་ཕྱིར་ཡར་བསྒྲུག་དགོས་སམ་” ཞེས་བསམ་པའི་རང་གཅེས་འཛིན་གྱི་བསམ་ཕྱོགས་དེའང་མིན། ང་ཚོས་ག་རེ་བྱེད་དགོས་པ་དེ་བྱེད་ཀྱི་ཡོད། 

དེ་ལྟ་བུའི་བྱ་སྤྱོད་སྤེལ་སྟངས་དེ་ཀུན་རྫོབ་ཀྱི་ “བདག་” བཟང་པོའི་འདུ་ཤེས་ཅན་ཞིག་ལ་གཞི་བྱས་པའི་སྐབས། བྱ་བ་ཏག་ཏག་མ་ནོར་བ་བྱེད་ཀྱི་ཡོད་པ་ལས། “ང་རང་ཧ་ཅང་ཡག་པོ་ཡིན། ང་ནི་ཧ་ཅང་ཡང་དག་པ་དང་གཞན་ཐམས་ཅད་ནི་འཇིགས་སུ་རུང་བ་རེད་” ཅེས་བསམས་ནས་གཞན་གྱིས་བཟོས་པའི་བཙོག་པ་དེ་གཙང་མ་མི་བཟོ་ཀ་མེད་དུ་ཚོར་མཁན་གྱི་ “བདག་” རྫུས་མ་ལ་བརྟེན་ནས་མིན། ང་ཚོ་ནི་བྱང་ཆུབ་དཔའ་བོ་བྱང་ཆུབ་སེམས་དཔའ་ཞིག་ཡིན་པ་དང་ང་ཚོས་གཞན་ཚང་མས་བཟོས་པའི་བཙོག་པ་གཙང་མ་བཟོ་དགོས་པ་དེ་འདྲ་མིན། དེ་འདྲ་ཞིག་མིན། 

གལ་ཏེ་ང་ཚོས་བཙོག་པ་བཟོ་མཁན་ནམ་ཤོག་བུ་གཡུག་མཁན་ཞིག་མཐོང་ན། གང་བྱེད་དམ། 

གལ་ཏེ་ང་ཚོས་ཤོག་བུ་གཡུག་བཞིན་པའི་གང་ཟག་དེ་མཐོང་ན། དེ་དག་ཚང་མ་མི་དེ་ང་ཚོའི་བསླབ་བྱ་ལ་གོ་ཤེས་ཅན་ཡིན་དང་མིན་ལ་རག་ལུས་ཡོད། ང་ཚོས་སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱེད་དགོས། 

མི་དེ་ང་ཚོ་ལས་སྟོབས་ཤུགས་ཆེ་བ་ཡིན་མིན་བརྟག་དགོས་སམ།

དེ་དག་ནི་ཧ་ཅང་དཀའ་ངལ་ཅན་གྱི་གནས་སྟངས་རེད། དཔེར་ན། ང་རང་སྡོད་སའི་བྷར་ལིན་དུ་ཡོད་པའི་ཨུ་བྷན་ (U-Bahn) ས་འོག་མེ་འཁོར་འབབ་ཚུགས་ལྟ་བུ་ཆ་བཞག་ན། དེར་ “ཐ་མག་འཐེན་མི་ཆོག་” པའི་སྒྲིག་ཁྲིམས་ཤིག་ཡོད། ཡིན་ནའང་། སྐབས་འགར་དམིགས་བསལ་སྟོབས་ཆེ་ལ་དྲག་ཤུལ་ཅན་གྱི་གཞོན་སྐྱེས་ཚོས་དེར་ཐ་མག་འཐེན་གྱི་རེད། ང་ནི་མི་རྒས་པོ་སྐྲ་དཀར་ཅན་ཞིག་ཡིན་པས། ངས་ཁོང་ཚོ་ཡོད་ས་དེར་ཕྱིན་ནས་ “དེར་ཐ་མག་མ་འཐེན་” ཞེས་བརྗོད་ན། ངའི་གདོང་ལ་མུར་རྫོག་ཅིག་རག་རྒྱུ་ཡིན་པའི་བཟོ་འདྲ་ཞིག་ཆགས་ཀྱི་ཡོད། དེའི་སྐབས་སུ་བཟོད་པ་སྒོམ་དགོས། ཁོང་ཚོས་ཐ་མག་འཐེན་གྱི་ཡོད་པ་དེ་ཙམ་སྡུག་ཅག་མིན། དེས་ཚང་མ་གསོད་ཀྱི་མ་རེད། ང་ཚོས་ “ཨོ། གཞོན་སྐྱེས་དེ་ཚོས་བྱེད་ཀྱི་འདུག་” ཅེས་སོགས་བསམས་ནས་སྐྱོན་བརྗོད་ཀྱི་སེམས་ཀྱི་འགྲུལ་སྐོར་འདིའི་ནང་མི་འགྲོ་བ་དང་གནོད་བྱེད་མི་དགེ་བའི་བློའི་ཁྱེར་སོ་དེ་དག་གི་དབང་དུ་མི་འགྲོ་རྒྱུའི་ཐབས་ཤེས་བྱེད་དགོས། གཞི་རྐང་ནས་དེས་ང་ཚོར་སྡུག་བསྔལ་སྐྲུན་གྱི་ཡོད། 

དེ་ནི་དངོས་གནས་ཉེན་ཁ་ཅན་གྱི་གནས་སྟངས་རེད། མི་ཞིག་གིས་མི་གཞན་ཞིག་ལ་རྡུང་རྡེག་སོགས་ཀྱིས་གནོད་འཚེ་བྱེད་པའི་སྐབས། ང་ཚོས་དེ་ལ་བར་འདུམ་བྱེད་དམ། ང་ཚོས་དེ་ལ་བཀག་འགོག་བྱེད་ཐུབ་ཀྱི་འདུག་དང་མི་འདུག་ཡང་ན་ང་ཚོས་གང་ལྟར་མི་གཞན་ཞིག་སྐད་བཏང་ནས་བཀག་འགོག་བྱེད་དགོས་མིན་ཐད་དཔྱད་པ་བྱེད་དགོས། གལ་ཏེ་ང་ཚོར་བཀག་འགོག་དང་བར་འདུམ་བྱེད་ཐུབ་པའི་ནུས་པ་དེ་ཡོད་ན། བྱེད་དགོས། གལ་ཏེ་ནུས་པ་དེ་མེད་ན། ང་ཚོས་བཀག་འགོག་བྱེད་པར་ཐབས་ལམ་གཞན་དག་འཚོལ་དགོས། 

སྐབས་འགར་འདི་ནི་ཧ་ཅང་གལ་འགངས་ཆེན་པོ་དང་དཀའ་ཚེགས་ཆེན་པོ་ཆགས་སྲིད་པ་རེད། ངས་དགའ་རོགས་གཉིས་ལ་མེ་འཁོར་འབབ་ཚུགས་སུ་ཕན་ཚུན་སྐད་ངན་སྐད་ལོག་རྒྱག་བཞིན་པའི་བྱུང་རྐྱེན་ཞིག་དྲན་གྱི་འདུག །དེ་ནི་གང་འཚམས་ཀྱི་ཞེད་སྣང་ཚ་པོ་དང་དྲག་ཤུལ་ཅན་ཞིག་རེད་འདུག །མི་ཞིག་གིས་ཐེ་བྱུས་བྱས་ཏེ། མི་དེ་ལ་ “གྲོགས་པོ། བུད་མེད་འདི་ལ་རྙོག་དྲ་མ་ཤོད་” ཅེས་བརྗོད་པ་དང་ཁོ་གཉིས་མི་དེའི་ཕྱོགས་སུ་བལྟས་ནས། བྱུས་གཏོགས་མི་དགོས་ཞེས་སྐད་ལོག་རྒྱག་སོང་། དེ་ནི་ཁོང་གཉིས་དགའ་རོགས་སམ་ཁྱོ་ཤུག་ཡིན་པས། ནམ་རྒྱུན་ཡང་སེ་རྩོད་པ་དེ་འདྲ་ཤོར་བ་དང་ཕར་ཚུར་སྐད་ལོག་རྒྱག་རེས་བྱེད་ཀྱི་ཡོད། དེ་ནི་ཁོང་ཚོས་ཕན་ཚུན་ལྟོས་རེས་བྱེད་སྟངས་དེ་ཡིན་པས། དེ་ནི་གཞན་སུ་གང་གི་ལས་དོན་ཞིག་མིན་པར་ཚོར་བ་རེད། གནས་སྟངས་ཀྱི་ནང་དུ་དོན་ངོ་མར་གང་འབྱུང་བཞིན་ཡོད་པ་རྟོགས་པར། ང་ཚོ་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་ཀྱི་ཡོད། 

ང་ལ་དེ་འདྲ་བའི་ཁྱིམ་མཚེས་ཡིན་པ་ཏུར་ཀིའི་ཁྱོ་ཤུག་རྒས་འཁོགས་གཉིས་ཡོད། ངས་རྩིག་པ་བརྒྱུད་ནས་ཁོང་གཉིས་ཕན་ཚུན་སྐད་ལོག་རྒྱག་རེས་བྱེད་ཀྱིན་ཡོད་པ་ཐོས་ཀྱི་འདུག །ཡིན་ནའང་། ཁོང་གཉིས་ཀྱིས་ང་སྐད་བཏང་དུས་ནང་ལ་འགྲོ་བའི་སྐབས། ཕན་ཚུན་བརྩེ་སེམས་ལྡན་པའི་ཁྱོ་ཤུག་སྐྱིད་ཤོས་གཉིས་རེད། དེ་ནི་ཁོང་གཉིས་ཕན་ཚུན་སྐད་ཆ་ཇི་ལྟར་བཤད་པའི་ལུགས་སྲོལ་ཙམ་ཞིག་ཡིན་པ་དང་ཁོང་གཉིས་བློ་མི་མཐུན་པའི་སྐབས། གནད་དོན་འགྲེལ་བརྗོད་བྱེད་སྟངས་ཤིག་ཡིན་པ་རེད། གནས་སྟངས་དེ་འདྲའི་ནང་ཐམས་ཅད་མཁྱེན་པ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་ངེས་རེད། 

དོ་སྣང་བྱ་འོས་པའི་ཐབས་ཚུལ་གཞན་ཞིག་ནི། གལ་ཏེ་ང་ཚོས་མི་ཞིག་གིས་ཤོག་བུ་དེ་དག་གཡུག་བཞིན་པ་མཐོང་ན། དེར་ཕྱིན་ཏེ་ཤོག་བུ་དེ་དག་ཡར་བསྒྲུགས་ནས་མི་དེས་ང་ཚོར་བལྟ་བཞིན་པའི་སྐབས་དེར་གད་སྙིགས་བླུག་སྣོད་ནང་བླུགས་དགོས་པ་དེ་རེད། 

ང་ཚོས “ལྟོས་དང་། ང་ནི་ཅི་འདྲའི་བཟང་བ་ལ་” ཞེས་བསམ་པའི་སྒོ་ནས་མི་གཞན་དེས་ནག་ཉེས་ཅན་དུ་ཚོར་བར་བྱེད་པའི་ཀུན་སློང་དང་མི་ལྡན་ཞིང་། ལས་ཀ་དེ་འདྲ་མི་བྱ་རྒྱུར་གཟབ་ནན་ཆེན་པོ་བྱེད་དགོས། དེ་ནི་དངོས་གནས་དཀའ་ངལ་ཆེ་བའི་གནས་སྟངས་ཤིག་རེད། ངས་དཔེ་མཚོན་ཞིག་བསམ་བློར་འཁོར་གྱིན་འདུག །དེ་ནི་ཕྲུ་གུ་ལོ་གཅིག་བྱས་པ་ཞིག་མཐོ་སྟེགས་ཞིག་གི་སྟེང་དུ་སྡོད་བཞིན་དུ་བཙོག་པའི་རིགས་གང་ཡོད་པ་ཚང་མ་ཞ་ལའི་སྟེང་དུ་གཡུག་གི་ཡོད་ན། ང་ཚོས་ཕྲུ་གུ་ལོ་གཅིག་བྱས་པ་དེ་ལ་བཙོག་པ་ཞ་ལའི་སྟེང་ལ་གཡུག་རྒྱུ་མེད་ཅེས་ཇི་ལྟར་བསླབ་བམ། དེ་ནི་ཧ་ཅང་ལས་སླ་པོ་ཞིག་མིན། དེ་ལ་བཟོད་སྒོམ་ཆེན་པོ་དགོས། ཕྲུ་གུས་དེ་ལྟར་བྱེད་སྐབས་རྡུང་རྡེག་གཏོང་བ་དང་སྐད་ལོག་རྒྱག་པ་ནི་ནོར་བ་རེད། ཕྲུ་གུས་ག་རེ་ཤོད་ཀྱིན་ཡོད་ཤེས་ཀྱི་མེད། མི་རྒན་པ་ནར་སོན་པ་རྣམས་ཀྱང་ཧ་ཅང་ཕྲུ་གུའི་ངང་ཚུལ་ཅན་དེ་འདྲའང་ཡོད། སློབ་དཔོན་ཆེན་པོ་ཞི་བ་ལྷས་རྟག་ཏུ་གསུང་གནང་བའི་ཐ་སྙད་ཅིག་ཡོད་པ་ནི། མི་རྣམས་ནི་ཕྲུ་གུའི་སྣང་བ་ཅན་ནམ་བྱིས་པའི་ངང་ཚུལ་ཅན་རེད་ཅེས་པ་དེ་རེད། ངའི་རེ་བ་ལ། ཇི་ལྟར་ང་ཚོས་ཕྲུ་གུར་བཟོད་སྒོམ་བྱེད་ངེས་པ་ནང་བཞིན་དེས་བཟོད་སྒོམ་གོང་འཕེལ་གཏོང་བར་ང་ཚོར་ཕན་གྱི་ཡོད། 

ཀུན་རྫོབ་ཀྱི་ “བདག་” བཟང་པོ་དེའི་ཁྱད་ཆོས་རྣམས་ལ་བསྐྱར་ཞིབ། 

ཁྱེད་ཀྱིས་ཀུན་རྫོབ་ཀྱི་ “བདག་” བཟང་པའི་ཁྱད་ཆོས་རྣམས་ལ་བསྐྱར་ཞིབ་གནང་རོགས། 

ཀུན་རྫོབ་ཀྱི་ “བདག་” བཟང་པོ་ལ་བརྟེན་ནས་ང་ཚོས།

  • སོ་སོ་རང་ཉིད་ཀྱི་བྱ་སྤྱོད་ལ་འགན་འཁྱེར་གྱི་ཡོད།
  • རང་གཞན་གཉིས་ཀར་སོ་སོའི་བྱ་སྤྱོད་ཀྱི་རྗེས་འབྲས་ལ་གཟབ་ནན་བྱེད་ཀྱི་ཡོད། 
  • ང་ཚོས་འཇོན་ཐང་དང་ནུས་པ་གང་ཡོད་ཀྱིས་རང་གཞན་གཉིས་ཀའི་མི་ཚེའི་སྤུས་ཚད་གོང་མཐོར་གཏོང་ཐབས་སུ་དངོས་ཡོད་དང་མཐུན་པའི་བྱ་བ་བྱེད་ཀྱི་ཡོད།
  • གང་ཞིག་གནོད་གཞི་ཅན་ཡིན་པ་དག་སྤོང་བར་རང་གིས་རང་ལ་སྟངས་འཛིན་ལག་བསྟར་བྱེད་ཐུབ་པའི་ནུས་པ་འདང་ངེས་ཡོད།
  • ཕན་པ་དང་དགེ་བ་གང་ཞིག་ཡིན་པ་ལ་འཇུག་པའི་བློ་སྟོབས་དང་ལྡན་པ་ཡིན།

དཔེ་མཚོན་དེ་དག་ཐམས་ཅད་ནི་མཐའ་གཅིག་ཏུ་ཡིན་པ་མི་སྲིད་པའི་ཆོས་ཤིག་གི་ནང་དུ་སྒྲོ་འདོགས་མི་བྱེད་པའི་ “བདག་” བཟང་པོའི་འདུ་ཤེས་ཅན་ཞིག་ཡིན་ངེས་རེད། དེ་ནི་རྟག་ཏུ་ཚོད་འཛིན་ནང་ཡོད་པ་དང་། ཡང་དག་པ་ཡིན་པ། ཚང་མས་དོ་སྣང་བྱེད་པ། ཡང་ན་ཚང་མས་རྟག་ཏུ་དགའ་མོས་བྱེད་པ་ཞིག་མིན། 

ངས་བཤད་སྒྲོས་འདི་ནི་རྟག་ཏུ་ཧ་ཅང་ཕན་ཐོགས་ཅན་ཞིག་ཏུ་མཐོང་གི་འདུག །དེ་གང་རེད་ཅེ་ན། “མི་ཚང་མས་སངས་རྒྱས་བཅོམ་ལྡན་འདས་ལའང་དགའ་མོས་བྱས་མེད་ན། ང་ཚོས་གཞན་ཚང་མས་དགའ་མོས་བྱེད་ཀྱི་རེད་ཅེས་རེ་བ་ཅི་ཞིག་བྱ་” ཞེས་པ་དེ་རེད། ང་ཚོས་ནོར་འཁྲུལ་བྱེད་པའི་སྐབས་སུ་བཤད་སྒྲོས་གཞན་ཞིག་ནི། “ང་ཚོས་འཁོར་བ་ལས་རེ་བ་ཅི་ཞིག་བྱ་” ཞེས་པ་འདི་རེད། ང་ཚོ་ནི་ཐར་པ་ཐོབ་ཟིན་པའི་གང་ཟག་ཅིག་མིན་པས། རེ་བ་ཅི་ཞིག་བྱ། ང་ཚོས་ནོར་འཁྲུལ་བྱེད་ངེས་རེད། ང་ཚོ་ཐར་པ་མ་ཐོབ་བར་དུ་སྐབས་རེར་ཁོང་ཁྲོ་ཟ་གི་རེད། དེ་ལ་ང་ཚོས་ནག་ཉེས་ཅན་ཚོར་དགོས་དོན་གང་ཡང་མེད།

ང་ཚོས་སོ་སོ་རང་ཉིད་ཡར་རྒྱས་གཏོང་དགོས་ངེས་ཡིན་ནའང་། ང་ཚོས་ནོར་འཁྲུལ་བྱེད་པའི་སྐབས། ནག་ཉེས་ཅན་དུ་ཚོར་རྒྱུ་མེད། ནག་ཉེས་ནི་ང་ཚོས་གང་བྱས་པ་དེ་ཧ་ཅང་སྡུག་ཅག་ཏུ་ངོས་འཛིན་བྱེད་པ་དང་དེ་ལྟར་བྱས་པས་ “བདག་” དེ་ཧ་ཅང་སྡུག་ཅག་ཏུ་འཛིན་པ་དང་། དེ་རང་ལ་འཛིན་པ་སྐྱེས་ནས་བློས་གཏོང་མི་བྱེད་པ་དེ་རེད། དེ་ནི་ནག་ཉེས་རེད། དེ་ནི་ “བདག་” རྫུས་མ་དང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “བདག་” འདི་ཧ་ཅང་སྡུག་ཅག་ཏུ་འཛིན་པ་ལ་གཞིགས་ནས་མཐའ་གཅིག་ཏུ་རང་སོ་སོའི་དོན་དུ་བསམ་གྱི་ཡོད། དེའི་ཚབ་ལ་ང་ཚོས་ “ངས་ནོར་འཁྲུལ་བྱས་སོང་། ངས་ཉོན་མོངས་པ་དང་རྨོངས་པའི་དབང་དུ་ཕྱིན་ནས་ནོར་འཁྲུལ་བྱས་ཡོད། ང་ནི་ད་དུང་ཐར་པ་ཐོབ་པའི་གང་ཟག་ཅིག་མིན་ནའང་། ངས་དེའི་ཐད་ལ་ཡར་རྒྱས་དང་འབད་བརྩོན་བྱེད་ཀྱིན་ཡོད་” ཅེས་བསམ་དགོས། ང་ཚོས་དེ་ལྟར་བྱེད་པའི་སྐབས་སུ་དེ་ནི་དམིགས་བསལ་གང་ཡང་མིན་ཞེས་དྲན་པའི་སྒོ་ནས་དེ་ལ་ཁ་གཏད་ཀྱི་གཉེན་པོ་སྣ་ཚོགས་བསྟེན་དགོས། 

བསྔོ་བ།

འདི་ལྟར་ང་ཚོས་བགྲོ་གླེང་ཚོགས་འདུ་མཇུག་སྒྲིལ་རྒྱུ་ཡིན། འདི་ལས་བྱུང་བའི་རྟོགས་པ་གང་དང་ཅི་མཆིས་པ་དང་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་གང་བསགས་པ་རྣམས་གཞན་དོན་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག །ཐུགས་རྗེ་ཆེ།།

Top