འཚེ་མེད་ཞི་བ་དང་གྲོས་མོལ།
ད་ཆ་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཡོད་ཅིང་། ཕྱི་དངོས་པོའི་གནས་སྟངས་ལ་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད། ད་དུང་མི་རྣམས་ཀྱི་ཁྲོད་ཆོས་ལ་ཁ་ཞེ་གཉིས་མེད་ཀྱི་དད་སེམས་ཡོད་མཁན་ཧ་ཅང་མང་པོ་ཡོད། འཇིགས་སྐུལ་རིང་ལུགས་པ་ཟེར་བ་སོགས་ཀྱི་སྟབས་མི་ལེགས་པའི་རྐྱེན་ངན་འགའ་བྱུང་བཞིན་ཡོད། དེ་དག་ནི་ཕུགས་རྒྱང་རིང་པོའི་བསམ་བློ་མེད་པའི་རྐྱེན་གྱིས་ཡིན་པ་གསལ་པོ་རེད།
དེར་བརྟེན་དགེ་མཚན་ཅི་ཡང་མེད་པའི་ཆོས་དེ་དག་ལ་གདོང་ལེན་བྱེད་དགོས་ན། ང་ཚོས་རིམ་པ་གཉིས་ནས་ལྟ་དགོས། དང་པོ་ནི་སྲིད་གཞུང་མང་པོས་ལག་བསྟར་བྱེད་བཞིན་པའི་གནས་སྐབས་ཀྱི་རིམ་པ་དེ་རེད། རིམ་པ་གཉིས་པ་ནི་བདེ་ཐང་དང་སྙིང་རྗེ་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་རྒྱུའི་ཕུགས་ཀྱི་དམིགས་ཡུལ་དེ་ཡིན། ད་ཆ་ཤེས་ཡོན་གྱི་བསྟི་གནས་སྣ་ཚོགས་ཀྱིས་འཚེ་མེད་ཞི་བདེ་དང་གྲོས་མོལ་ཐད་དོ་སྣང་མང་ཙམ་བྱེད་བཞིན་ཡོད། དེ་ནི་ང་ཚོས་ཁྱབ་སྤེལ་གཏོང་དགོས་པའི་ལྟ་ཚུལ་གལ་ཆེན་ཞིག་རེད། དེར་བརྟེན་མི་རབས་གཞོན་པ་ཚོས་སློབ་སྦྱོང་བྱ་དགོས་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱུང་ན་གྲོས་མོལ་དང་འཚེ་བ་མེད་པའི་ལྟ་ཚུལ་དེ་རང་གི་མི་ཚེའི་ཆ་ཤས་སུ་འགྱུར་ཐུབ་པ་ཡོང་གི་རེད་བེའི་ཆ་ཤས་སུ་འགྱུར་ཐུབ་།
སངས་རྒྱས་ཀྱི་བསྟན་པ་མི་ཉམས་རྒྱུད་འཛིན་བྱེད་པ།
བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུད་འཛིན་བྱ་རྒྱུ་དང་བོད་ཀྱི་རང་དབང་གི་གནད་དོན་གཉིས་འབྲེལ་བ་ཤིན་ཏུ་ཆེ། བོད་ཀྱི་ས་ཁྱོན་ནི་རྒྱ་ཆེ་ཞིང་ཕན་ཚན་འབྲེལ་བ་བྱ་རྒྱུ་ཧ་ཅང་ཁག་པོ་ཡོད། བླ་མའམ་དགོན་སྡེ་རྣམས་རང་རང་གི་ས་གནས་སུ་གནས་ཏེ་སྤྱི་ཚོགས་ཀྱི་ཚོར་བའི་ལྟ་ཚུལ་ལ་དེ་ཙམ་དོ་སྣང་མེད། མཉམ་ལས་དང་འབྲེལ་ལམ་མེད་པའི་རྐྱེན་དང་སྤྱི་པའི་ལས་འགན་གྱི་ཚོར་བ་མེད་པའི་རྐྱེན་གྱིས་ངའི་བསམ་པར། ད་ལྟའི་བྱུས་ཉེས་འདི་བྱུང་བ་རེད། དེར་བརྟེན་འདས་པའི་ང་ཚོའི་ཉམས་མྱོང་ལ་བརྟེན་ནས་ང་ཚོས་སྤྱི་ཚོགས་ཀྱི་ཚོར་བ་དང་ཧ་ཅང་ཉེ་བའི་འབྲེལ་བ་དེ་ནི་ཧ་ཅང་དགོས་གལ་ཆེན་པོ་ཡིན་པ་མཐོང་ཐུབ། དབུས་ཀྱི་དབང་འཛིན་པའི་སྟངས་འཛིན་མེད་པར་རང་དབང་དུ་རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཉམས་ལེན་པ་ཉུང་ཤས་ཡོད་པ་ཚོ་འདུ་འཛོམས་གནང་སྟེ་མཉམ་རུབ་བྱེད་ཕྱོགས་ཐད་ཚོགས་འདུ་འཚོགས་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ།
ང་ཚོ་ནི་སངས་རྒྱས་བཅོམ་ལྡན་འདས་དང་དཔལ་ནཱ་ལནྜའི་སློབ་དཔོན་རྣམས་ཀྱི་རྗེས་འཇུག་ཡིན། སངས་རྒྱས་ཀྱི་ཆོས་ནི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་གསུངས་པ་དང་། ནཱ་ལནྜའི་སློབ་དཔོན་དེ་དག་གི་བསྟན་བཅོས་རྣམས་ང་ཚོར་དངོས་ཡོད་གནས་ཚུལ་དེ་ཤེས་རྟོགས་ཆེད་རོགས་རམ་གནང་གི་ཡོད། གང་ཡིན་ཟེར་ན།་རྐྱེན་ངན་དང་མི་དགོས་པའི་དངོས་པོ་མང་པོ་ཞིག་འབྱུང་བའི་རྒྱུ་མཚན་ནི་དོན་དངོས་དང་མི་མཐུན་པའི་ཐབས་ལམ་བེད་སྤྱོད་བྱས་པའི་དབང་གིས་ཡིན། བྱ་བ་ལོག་པ་དང་ནོར་འཁྲུལ་རྣམས་དངོས་པོའི་གནས་ཚུལ་མི་ཤེས་པའི་དབང་གིས་ཡོང་གི་ཡོད། དེར་བརྟེན་ཐབས་ལམ་ནོར་བ་ལ་བརྟེན་ནས་གནས་སྟངས་མི་ལེགས་པ་ཚང་མ་ཡོང་གི་ཡོད། དེ་དག་རྩ་མེད་བཟོ་བ་ལ། ང་ཚོས་ཁ་གསང་པོ་བྱས་ཏེ་གོ་སྡུར་བྱེད་དགོས། དེ་ནི་གྲོས་མོལ་གྱི་ལམ་ཁོ་ན་ལ་བརྟེན་ནས་ཡོང་ཐུབ། དེ་ཡང་འབྲེལ་བ་ཉེ་པོ་དང་མཉམ་རུབ་མང་ཙམ་བྱེད་དགོས།
དགེ་སློང་མའི་སྡོམ་པ་བསྐྱར་གསོ།
ཐེ་ལན་ཌི་དང་། འབར་མ། ཤྲཱི་ལངྐ་བཅས་འདུལ་བའི་སྲོལ་རྒྱུན་གནས་པའི་ནང་པའི་རྒྱལ་ཁབ་ཁག་གི་ནང་དགེ་སློང་མ་མེད། རྒྱ་རིགས་ལ་མཚོན་ན། ཐེ་ཝན་གྱི་དགོན་པ་ཁ་ཤས་ནང་དགེ་སློང་མའི་སྡོམ་རྒྱུན་གནས་ཡོད་པ་དང་། ངོས་ཐེ་ཝན་དུ་འགྲུལ་བཞུད་ཐེངས་གཉིས་པའི་སྐབས་ཀྱི་ཚོགས་འདུ་ཞིག་གི་ནང་། སྲོལ་རྒྱུན་གཞན་གྱི་ནང་དགེ་སློང་མའི་སྡོམ་རྒྱུན་བསྐྱར་གསོ་བྱ་རྒྱུའི་གལ་གནད་ཐད་རྒྱའི་དགེ་འདུན་པ་ཞིག་གིས་ནན་བརྗོད་གནང་སོང་།
ད་ལྟ་ནི་དུས་རབས་ཉི་ཤུ་རྩ་གཅིག་རེད། མི་ཚང་མས་འདྲ་མཉམ་སྐོར་སྐད་ཆ་ཤོད་ཀྱིན་ཡོད། ཉེ་དུས་ངས་ཀྱང་བོད་རིགས་དང་། རྒྱ་རིགས། ཡུ་རོབ་ཀྱི་མི་བཅས་ལའང་སངས་རྒྱས་ཀྱི་ཆོས་ལ་ཁ་ཞེ་གཉིས་མེད་ཀྱིས་དོ་དབྱིངས་བྱེད་མཁན་གྱི་གྲངས་ལ་མཚོན་ན། བུད་མེད་མང་བ་ཡོད་ཚོད་འདུག་ཅེས་བརྗོད་པ་ཡིན། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ལུང་པ་ཁག་གི་ནང་ངས་ག་དུས་ཆོས་བཤད་ཀྱང་། ཉན་མཁན་ཁྲོད་བུད་མེད་མང་བ་འདུག
དེར་བརྟེན་ང་ཚོས་བསླབ་པ་རྒན་པའི་དགེ་སློང་རྣམས་དང་གྲོས་མོལ་དང་ཤེས་ཡོན་སྦྱོང་དགོས་པ་ཡིན། ངའི་བསམ་པར། བོད་པའི་བཙུན་མ་ཚོས་འཁུར་དེ་ལེན་མི་དགོས་པར། ནུབ་ཕྱོགས་ཀྱི་བཙུན་མ་རྣམས་ཀྱིས་བླངས་ན་ནུས་པ་ཆེ་བ་ཡོང་གི་རེད་བསམ་གྱི་འདུག །རང་བཞིན་གྱིས་ང་ཚོའི་བཙུན་མ་རྣམས་ཕྱུག་པོ་མེད། ཁྱེད་རང་ཚོར་དངུལ་དགོས་མཁོ་ཡོད་སྟབས། ངས་རང་གི་དཔེ་དེབ་ཁག་ལས་བྱུང་བའི་དེབ་ཀྱི་རིན་འབབ་དེ་ཞལ་འདེབས་འབུལ་འདོད་ཡོད། མ་གཞི་ངས་དངུལ་གྱི་ཆེད་དུ་དེབ་རྩ་བ་ནས་བྲིས་མེད། འོན་ཀྱང་དངུལ་ནི་རང་འགུལ་གྱིས་ཐོབ་ཡོང་གི་འདུག །བྱས་ཙང་། ངས་དེའི་ཆེད་དུ་མ་དངུལ་གཏོགས་ཙམ་འཇོག་འདོད་ཡོད།།