མེ་རི་ལེནྜའི་གཙུག་ལག་སློབ་ཁང་ཆེན་མོའི་འགན་འཛིན། ཝ་ལེ་སི་ ལོའོ། (Wallace Loh) ཉིན་གུང་བདེ་ལེགས། ངའི་མིང་ལ་ཝ་ལེ་སི་ ལོའེ་ཟེར་གྱི་ཡོད། ང་རང་མེ་རི་ལེནྜའི་གཙུག་ལག་སློབ་ཁང་ཆེན་མོའི་འགན་འཛིན་ཡིན། དེ་རིང་འདི་གར་ཕེབས་པའི་བཀུར་འོས་སྐུ་མགྲོན་རྣམ་པ་དང་། སྐུ་སྐྱེ་མ་དང་སྐུ་ཞབས་རྣམས་ལ་སྐལ་བཟང་གི་ཉིན་མོ་འདིར་ངས་སྙིང་དབུས་ནས་འཚམས་འདྲི་ཞུ་གི་ཡིན། ཆོས་ལུགས་ནི་ས་གཞི་དང་འདྲ་བར། རྒྱ་མཚོ་ནི་རྣམ་ཤེས་ཀྱི་རྟེན་བྱེད་པ་ཚེ་སྲོག་གི་འབྱུང་ཁུངས་ཡིན། རླུང་དང་རྦ་རླབས་ཀྱིས་རྒྱ་མཚོ་གཡོ་བའི་ཚེ་ཆོས་ལུགས་ཀྱི་སེམས་ཚོར་དྲག་པོ་ཞིག་དང་མཚུངས། དེ་རིང་འདི་གར་རྒྱ་མཚོ་ལྟར་ཟབ་པའི་སྲོལ་རྒྱུན་གཉིས་ཏེ། སུ་ཧྥིའི་ཆོས་ལུགས་དང་ནང་ཆོས་དབར་གྱི་བགྲོ་གླེང་ཚོགས་འདུ་ཞིག་གཉེར་ཞིང་། ཕུགས་རེ་ཅན་གྱི་གོ་སྐབས་འདི་ལྟ་བུ་ནི་ཧ་ཅང་དཀོན་པས་ང་ཚོས་སྐུ་མགྲོན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དམིགས་བསལ་༸གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འདིར་ཕེབས་པས་མཐོ་སློབ་ཀྱི་ཁོར་ཡུག་ལ་སེམས་འགུལ་ཆེན་པོ་ཐེབས་པ་བྱུང་ཡོད། ༸གོང་ས་མཆོག་གི་སྤྲོས་མེད་ངང་ཚུལ་གྱི་གཟི་བརྗིད་དང་། སེམས་བཟང་། རྒོད་བྲོའི་ཉམས་འགྱུར་སོགས་ཀྱི་ཁྱད་ཆོས་ང་ཚོས་ལོངས་སྤྱོད་བྱེད་ཐུབ་པས། ང་ཚོར་ཁོང་དམིགས་བསལ་དཀའ་དྲིན་ཆེན་པོ་ཡིན།
དེ་རིང་ཉིན་གུང་ལ་སྲོལ་རྒྱུན་གཞན་ཞིག་གི་མཁས་དབང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཀའ་སློབ་དཀའ་དྲིན་སྩལ་རྒྱུ་ཡིན་པ་དང་། མེ་རི་ལེནྜའི་གཙུག་ལག་སློབ་ཁང་ཆེན་མོའི་རོ་ཤན་ (Roshan) པར་ཤི་ཡ་རིག་པའི་བསྟི་གནས་ཁང་དུ་ཕེབས་པའི་སྐུ་མགྲོན་ཡོངས་ལ་གུས་འདུད་ཞུ་རྒྱུ་ཡིན། ཁོང་རྣམས་ཀྱིས་དུས་རབས་ནས་དུས་རབས་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་དང་། སྦྱང་སྟོབས་ཀྱི་ཡོན་ཏན། དད་པ་བཅས་སྤེལ་གྱི་ཡོད། དམིགས་བསལ་གྱི་གོ་སྐབས་འདི་གནང་བར་སྒྱུ་རྩལ་དང་མི་རིགས་མཐོ་སློབ་ཀྱི་རིག་སྡེ་འགན་འཛིན་བྷོ་ནིའི་ ཐོ་རོན་ཊོན་ ཌིལ་ (Bonny Thornton Dill) ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁོ་མོ་ནི་འཛམ་གླིང་ནང་མི་རིགས་དང་། ཕོ་མོ། ལས་དོན། ཁྱིམ་ཚང་། དབུལ་ཕོངས་བཅས་ཀྱི་ཐོག་དམིགས་བསལ་མཁས་ཡོན་ལྡན་པ་རྒྱལ་སྤྱིའི་ནང་ངོས་ལེན་བྱེད་ཀྱི་ཡོད་ཅིང་། མི་རིགས་ཡོངས་ཀྱི་སློབ་གསོའི་ལས་འགན་ཐོག་ཤུགས་སྣོན་མཐའ་གཅིག་ཏུ་རྒྱག་མཁན་ཞིག་ཡིན། བྱས་ཙང་། མཐོ་སློབ་ཀྱི་རིག་སྡེ་འགན་འཛིན་བྷོ་ནིའི་ ཐོ་རོན་ཊོན་ ཌིལ་ལགས་ལ་ཕེབས་བསུ་ཞུ་རོགས་གནང་།
བྷོ་ནིའི་ ཐོ་རོན་ཊོན་ ཌིལ་ (སྒྱུ་རྩལ་དང་མི་རིགས་རིག་པའི་མཐོ་སློབ་ཀྱི་རིག་སྡེ་འགན་འཛིན།) ཉིན་གུང་བདེ་ལེགས། ངས་མཐོ་སློབ་འགན་འཛིན་ཝ་ལེ་སི་ ལོའེ་ལགས་སུ་འཚམས་འདྲི་དང་སྦྲགས་དམིགས་བསལ་ལྷན་ཚོགས་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་མཚོ་ལྟར་ཟབ་པའི་སྲོལ་རྒྱུན་གཉིས་འཕྲད་པ་ཞེས་སུ་ཧྥི་ཆོས་ལུགས་དང་ནང་ཆོས་དབར་གྱི་གྲོས་མོལ་ཐོག་དེ་རིང་ཉིན་གུང་གི་མཛད་རིམ་ནང་བོད་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་པའི་རྩ་ཆེའི་གོ་སྐབས་ཐོབ་པས་ང་ཚོས་གང་ཉིད་ལ་གུས་བཀུར་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
སྒྱུ་རྩལ་དང་མི་རིགས་རིག་པའི་མཐོ་སློབ་འདིའི་རྩ་འཛིན་གདམས་ངག་ནི། ང་ཚོས་གང་མྱོང་བར་འགྱུར་བའི་ཡུལ་ལ་མིང་འདོགས་རུང་བ་སྟེ། “འཛམ་གླིང་ལ་ཆ་རྒྱུས་ཡོད་པ་དགོས།” འཛམ་གླིང་ལ་ཆ་རྒྱུས་ཡོད་པ་དགོས་ཞེས་པའི་དོན་ནི། སོ་སོའི་རྒྱལ་ཁབ་གཅིག་པུར་ཆགས་ནས་སྡོད་པའི་མཚམས་ལས་འདས་པའི་འཛམ་གླིང་འདི་སྤྱི་པའི་གོ་ཡུལ་ཞིག་ཏུ་དང་ལེན་བྱེད་དགོས་པ་དང་། མི་དང་བསམ་བློའི་གཡོ་འགུལ་དང་འགྲོ་སྟངས་ཐད་རྒྱུས་མངའ་ལོན་ཐབས་བྱེད་པ། རྒྱལ་ཕྱི་རྒྱལ་ནང་གི་ཁྱད་པར་དང་སྣ་ཚོགས་རང་བཞིན་དང་ལེན་བྱེད་པ་བཅས་ལ་གོ་དགོས། བརྒྱུད་རིམ་དེའི་ཐད་རྣམ་དཔྱོད་ཀྱི་རྩལ་ཐོན་པ་བྱ་རྒྱུ་ནི་དཀའ་ངལ་ཆེ་ཤོས་ཤིག་ཡིན། གང་ཡིན་ཟེར་ན། རྣམ་དཔྱོད་ཆེད་ང་ཚོས་ཤེས་བྱ་བེད་སྤྱོད་དགོས་ཀྱི་ཡོད། དེའང་ཤེས་བྱ་ཙམ་མིན་པར་སེམས་ཚོར་དང་སེམས་དོན་གྱི་ཐོག་ནས་སྤྱོད་དགོས། དེ་རིང་༸གོང་ས་མཆོག་གི་བཀའ་སློབ་ཀྱི་འགོ་སྟོད་དུ་གསུངས་པ་བཞིན། དེ་ལྟའི་རྣམ་དཔྱོད་ལྡན་ཚེ། སྣ་ཚོགས་ཀྱི་རང་བཞིན་དེ་དག་གི་ཁྲོད་དུ་འགྲོ་བ་མིའི་རིགས་ལ་ཐུན་མོང་དུ་ཡོད་པ་གཅིག་ནི་ནུས་ཤུགས་དེ་འཛམ་གླིང་འདིའི་སླད་དམིགས་ཡུལ་བཟང་པོ་ཞིག་གི་ཐད་ལ་བེད་སྤྱོད་རྒྱུ་དེ་ཡིན།
ཞི་བདེ་དང་། གོ་རྟོགས། མཛའ་མཐུན་སོགས་གོང་མཐོར་མཛད་མཁན་མཁྱེན་རྒྱ་དང་ཉམས་མྱོང་གིས་འགྲན་ཟླ་བྲལ་བའི་༸གོང་ས་མཆོག །ཁྱེད་ནི་ང་ཚོའི་རྩ་འཛིན་གྱི་གདམས་ངག་སྟེ། འཛམ་གླིང་ལ་ཆ་རྒྱུས་ཡོད་པ་དགོས་ཞེས་པ་འདིའི་ཕུལ་བྱུང་དཔེ་མཚོན་ཡིན་པས། དེ་རིང་གི་གོ་སྐབས་ང་ཚོར་དམིགས་བསལ་ཞིག་ཡིན་ཞིང་བགྲོ་གླེང་འདི་བརྒྱུད་གནས་ཚུལ་མང་པོ་བློ་སྐྱེད་སྤེལ་བར་ཐེ་ཚོམ་མེད། ༸གོང་ས་མཆོག་གི་གཙོ་བོར་གྱུར་ཏེ། དེ་རིང་ཉིན་གུང་གི་ལྷན་ཚོགས་འདིའི་སྐུ་མགྲོན་ཁྲོད་རོ་ཤན་རིག་གཞུང་གཅེས་ནོར་བསྟི་གནས་ཁང་སྲོལ་གཏོད་མཁན་དང་འགན་འཛིན་སྐུ་ཞབས་ Elahé Omidyar Mir Djalali དང་། མེ་རི་ལེནྜའི་གཙུག་ལག་སློབ་ཁང་ཆེན་མོའི་རོ་ཤན་ (Roshan) པར་ཤི་ཡ་རིག་པའི་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ Fatemeh Kesharvarz རོལ་དབྱངས་པ་གླིང་བུ་ལ་མཁས་པ་ Hossein Omoumi ཁོང་གི་འཁྲིས་སུ་བཞུགས་པའི་གླུ་མ་གྲགས་ཅན་ Jessika Kenney མེ་རི་ལེནྜའི་གཙུག་ལག་སློབ་ཁང་ཆེན་མོའི་ལོ་རྒྱུས་སློབ་དཔོན་དང་རོ་ཤོན་བསྟི་གནས་ཁང་གི་པར་ཤི་ཡ་རིག་པའི་ཤེས་ཡོན་འགན་འཛིན་སྐུ་ཞབས་ Ahmet T Karamastaffa ཆེ་པལ་ཧིལ་ (Chapel Hill) བྱང་ཁེ་རོ་ལི་ནའི་ (Carolina) གཙུག་ལག་སློབ་ཁང་ཆེན་མོའི་གྲགས་ཅན་སློབ་དཔོན་དང་། དབུས་ཤར་ཡུལ་དང་ཁ་ཆེའི་མི་སེར་གྱི་རིག་གཞུང་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་ལས་རོགས་སྐུ་ཞབས་ Carl W Ernst སོགས་ཕེབས་ཡོད།
དེ་རིང་གི་བགྲོ་གླེང་དངོས་གཞི་དབུ་འཛུགས་མ་ཞུས་གོང་། དགའ་སྤྲོ་ཆེན་པོས་བཀུར་འོས་བླ་མ་བསྟན་འཛིན་དོན་ལྡན་གྱིས་གང་ཅིར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བླ་མ་བསྟན་འཛིན་ལགས་ནི་༸གོང་ས་མཆོག་སྐུ་སྒེར་གྱི་ཞི་བདེའི་ཕོ་ཉ་ཞིག་ཡིན་ཞིང་། ཁོང་གི་རྣམ་དཔྱོད་ཡངས་པའི་ལམ་སྟོན་དང་མཁས་ཡོན་གྱིས་ང་ཚོའི་ལས་བྱེད་རྣམས་ལ་ད་ཆ་འཆར་འགོད་བྱེད་ཕྱོགས་ཐོག་གང་ས་ཅི་ཐད་ནས་ལམ་སྟོན་གནང་གི་ཡོད། ཁོང་གི་ལམ་སྟོན་མེད་ན་ང་ཚོས་སྒྲུབ་མི་ཐུབ་ཅེས་མི་མང་པོས་བརྗོད་ཀྱིན་འདུག །སྐབས་འདིར་ངས་ཁ་ཙམ་དུ་མིན་པར་དོན་ངོ་མར་ཧ་ཅང་དྲིན་ཆེན་པོ་བརྩི་གི་ཡོད།
དེ་བཞིན་དེ་རིང་གི་སུ་ཧྥི་དང་ནང་ཆོས་དབར་གྱི་དམིགས་བསལ་བགྲོ་གླེང་འདི་གོ་སྒྲིག་ལེགས་གྲུབ་བྱུང་བའི་ཁྲོད་ཀྱི་གནད་འགག་ཅན་གྱི་མི་སྣ་འབུམ་རམས་པ་ Elahé Omidyar Mir Djalali ལགས་ངོ་སྤྲོད་ཞུ་འདོད་བྱུང་། རོ་ཤན་རིག་གཞུང་གཅེས་ནོར་བསྟི་གནས་ཁང་སྲོལ་གཏོད་མཁན་དང་འགན་འཛིན་འབུམ་རམས་པ་ Mir Djalali ནི་པར་ཤི་ཡའི་རིག་གཞུང་སྲུང་སྐྱོབ་དང་གོང་སྤེལ་སླད་འགྱུར་བ་མེད་པར་སྐུ་ཚེ་ཧྲིལ་པོ་བློས་གཏོང་གནང་མཁན་ཞིག་ཡིན། ཁོང་ཉིད་ཀྱི་དབུ་ཁྲིད་འོག་རོ་ཤན་རིག་གཞུང་གཅེས་ནོར་བསྟི་ཁང་འདི་བཞིན་པར་ཤི་ཡའི་རིག་གཞུང་དང་ཤེས་ཡོན་འཛམ་གླིང་རྒྱ་ཁྱབ་ཏུ་སྲུང་སྐྱོབ་དང། དར་སྤེལ། སློབ་ཁྲིད་བཅས་ཀྱི་བྱ་གཞག་ཐད་ཨ་རི་དང་། ཡོ་རོབ། ཨེ་ཤི་ཡ་བཅས་ནས་རྒྱབ་སྐྱོར་ཐོབ་སྟེ། གཟེངས་སུ་ཐོན་པའི་ཤེས་ཡོན་བསྟི་གནས་ཤིག་ཏུ་གྱུར་ཡོད། ཕྱི་ལོ་ ༢༠༠༧ ལོར་བསྟི་གནས་ཁང་གིས་གཙུག་ལག་སློབ་ཁང་ཆེན་མོའི་ནང་པར་ཤི་ཡའི་ཤེས་རིག་ལས་འཆར་ལ་རྒྱབ་སྐྱོར་དུ་འགོ་འདོན་གཙོ་སྐྱོང་གི་ལེགས་སྐྱེས་ཕུལ་ཏེ། རོ་ཤན་བསྟི་གནས་ཀྱི་ཚོགས་གཙོར་མ་དངུལ་རོགས་རམ་གནང་བ་བརྒྱུད་པར་ཤི་ཡའི་ཤེས་རིག་ཙམ་མ་ཟད་སློབ་ཐོན་དང་། གཙུག་ལག་སློབ་གཉེར་བའི་སློབ་ཡོན། མ་དངུལ་སོགས་ཀྱི་ཐད་ཤེས་ཡོན་ལས་འཆར་སྟོབས་ཤུགས་ཆེ་རུ་བཏང་། གཏོང་ཕོད་ཀྱི་བྱ་བ་དེར་ཆེ་མཐོང་གི་ཆེད་དུ་སྐད་ཡིག་དང་། རྩོམ་རིག རིག་གཞུང་སློབ་གྲྭའི་ནང་གི་པར་ཤི་ཡའི་ཤེས་རིག་བསྟི་གནས་ཁང་དེར་ད་ཆ་མེ་རི་ལེནྜའི་གཙུག་ལག་སློབ་ཁང་ཆེན་མོའི་རོ་ཤན་པར་ཤི་ཡ་རིག་པའི་བསྟི་གནས་ཁང་ཞེས་སུ་གྲགས་པ་ཡིན།
འདས་པའི་མི་ལོ་གཉིས་རིང་། ང་རང་འབུམ་རམས་པ་ Mir Djalali དང་ལྷན་དུ་ལས་ཀ་བྱེད་རྒྱུའི་གོ་སྐབས་བྱུང་སྟེ། ཁོང་ནི་ལྷག་བསམ་རྣམ་པར་དག་པ་དང་། རིག་རྩལ་བྱང་ཆུབ་པ། སེམས་བཟང་བ། དམའ་ས་འཛིན་མཁན། ཐག་ཆོད་པོ་ཡོད་པའི་རླབས་ཆེན་གྱི་གང་ཟག་ཞིག་ཡིན་པ་ངས་རྒྱུས་མངའ་བྱུང་། ནམ་རྒྱུན་ངས་ཆེ་བསྟོད་ཀྱི་ཚིག་དེ་དག་ལས་སླ་པོ་བེད་སྤྱོད་གཏོང་གི་མེད། བྱས་ཙང་། ངས་ཁོང་ལ་རང་ཉིད་ཀྱི་གྲོགས་པོ་ཞེས་བརྗོད་པར་དགའ་འོས་པ་ཞིག་ཡིན། ཁོང་གི་ལས་ཀའི་ཁྱབ་ཚད་དང་རིག་གཞུང་སྣ་ཚོགས་པའི་རྒྱབ་ལྗོངས་སུ་འབུམ་རམས་པ་ Mir Djalali ལགས་ཀྱིས་སྙིང་རུས་ཆེན་པོས་རིག་གཞུང་སྣ་ཚོགས་དབར་གྱི་འབྲེལ་ལམ་གོང་མཐོར་གཏོང་སླད་འབད་བརྩོན་གནང་ཡོད། ཁོང་ནི་ཨི་རཱན་དུ་འཁྲུངས་ཤིང་། ཧྥ་རན་སི་དང་ཨ་རིའི་ནང་སློབ་གཉེར་གནང་སྟེ། Sorbonne དང Georgetown གཙུག་ལག་སློབ་ཁང་ཆེན་མོ་ནས་གཙུག་ལག་རབ་འབྱམས་པའི་ཕྱག་ཁྱེར་བཞེས་པ་དང་། Sorbonne གཙུག་ལག་སློབ་ཁང་ཆེན་མོ་ནས་ཁྱད་འཕགས་སྐད་ཡིག་རིག་པའི་འབུམ་རམས་པའི་ཕྱག་ཁྱེར་ཐོབ། ཁོང་ནི་གྲུབ་འབྲས་གཟེངས་སུ་ཐོན་པའི་རྩོམ་པ་པོ་ཞིག་དང་དཔེ་དེབ་ཧ་ཅང་མང་པོ་དཔར་སྐྲུན་ཞུས་ཤིང་། ཧྥ་རན་སིའི་སྐད་དང་། དབྱིན་སྐད། པར་ཤི་ཡའི་སྐད་ལུགས་བྱང་ཆུབ་པ་མཁྱེན་གྱི་ཡོད། ཉིན་རེའི་རྩོམ་ཡིག་གི་ལས་ཞོར་དུ་ཁོང་གིས་སུ་ཧྥི་གཞུང་ཧྥ་རན་སི་དང་དབྱིན་སྐད་དུ་ཕབ་སྒྱུར་ཆེད་དུས་ཚོད་དང་ནུས་པ་ཚད་ལས་འདས་པ་དང་དུ་བླངས་ནས་བཏང་ཡོད། དེ་ལྟར་ཁོ་མོ་ནི་༸གོང་ས་མཆོག་དང་འགྲོ་བ་མིའི་རིན་ཐང་ཐད་མགོན་པོ་གང་གི་ཐུགས་དམ་ལ་ཡི་རངས་བྱེད་མཁན་རླབས་ཆེན་ཞིག་ཏུ་གྱུར། ཁྱེད་རྣམས་ཀྱི་མདུན་དུ་འབུམ་རམས་པ་ Elahé Omidyar Mir Djalali ལགས་ངོ་སྤྲོད་ཞུ་རྒྱུ་བྱུང་བར་ང་རང་དགའ་སྤོབས་ཆེ།
འབུམ་རམས་པ་ Elahé Omidyar Mir Djalali རིག་སྡེ་འགན་འཛིན་ཐོ་རོན་ཊོན Thornton Dill ལགས་ཐུགས་རྗེ་ཆེ། ཁྱེད་རང་གིས་གུས་ཞབས་ལྡན་པའི་འགྲེལ་བརྗོད་དེ་འདྲ་གནང་དུས་ང་རང་ངོ་གནོང་སྐྱེ་གི་འདུག །ངས་དེར་འགྲེལ་བརྗོད་བྱེད་སྟངས་མི་ཤེས། ཤེས་ཡོན་བརྒྱུད་བློ་མུན་སེལ་བའི་དམིགས་ཡུལ་ལྡན་པའི་རོ་ཤན་རིག་གཞུང་གཅེས་ནོར་ཁང་གི་ཚབ་ཞུས་ཏེ། ༸གོང་ས་མཆོག་དང་། འགན་འཛིན་སྐུ་ཞབས་ཝ་ལེ་སི་ ལོའོ་ (Wallace Loh) ཁྱད་དུ་འཕགས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་དང་། ད་ལན་རྒྱ་མཚོ་ལྟར་ཟབ་པའི་སྲོལ་རྒྱུན་གཉིས་འཕྲད་པ་ཞེས་སུ་ཧྥི་དང་ནང་ཆོས་དབར་གྱི་བགྲོ་གླེང་ཆེད་དམིགས་བསལ་འདུ་འཛོམས་འདིའི་ཐད་ང་ཚོས་ཞབས་འདེགས་ཕྲན་བུ་ཞུ་ཐུབ་པར་དགའ་སྤོབས་ཤིན་ཏུ་ཆེ།
ལྷག་པར་དུ་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་བགྲོ་གླེང་སྐབས་ལམ་སྟོན་དང་སེམས་ཤུགས་སྤེལ་གནང་མཛད་པས་གཟི་བྱིན་རབ་ཏུ་འབར། ༸གོང་ས་མཆོག་ནི་བླ་ན་མེད་པའི་ཞི་བདེའི་དཔེ་མཚོན་ཞིག་ཡིན་ཞིང་། མགོན་པོ་གང་གིས་མིའི་དཀའ་ངལ་སེལ་ཆེད་མིའི་ཀུན་སྤྱོད་དང་བློའི་ཁྱེར་སོ་ལེགས་བཅོས་བྱེད་དགོས་པ་དང་། སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་རྨང་གཞི་ཡིན་པ། ཆོས་ལུགས་ཆེ་ཁག་ཚང་མའི་དམིགས་ཡུལ་དང་བཟང་སྤྱོད་རྣམས་གཅིག་འགྱུར་ཡིན་ཚུལ་སོགས་ཀྱི་ཐད་འཛམ་གླིང་གི་ས་ཆ་གང་སར་མི་རྣམས་ལ་སློབ་སྟོན་གནང་གི་ཡོད། འཛམ་གླིང་འདི་ཆུང་དུ་ཆུང་དུ་སོང་བ་དང་མི་ཚང་མ་ཧ་ལམ་མི་སྡེ་གཅིག་ལྟ་བུར་གྱུར་བ་ངོས་བཟུང་བའི་ཐོག་ནས། ང་ཚོའི་དུས་སྐབས་ཀྱི་ཐུན་མོང་གི་དཀའ་ཉེན་ལ་གདོང་ལེན་ཆེད་ཀུན་ཁྱབ་སེམས་འཁུར་རླབས་ཆེ་བ་ཞིག་གམ་གོ་ལ་སྤྱིའི་འགན་འཁྲི་གོང་སྤེལ་གཏོང་བར་༸གོང་ས་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱིས་སྐུ་ལས་སྐྱོན་ཡོད། མགོན་པོ་གང་གི་སྐུ་ཚེའི་རིང་གཞན་ཕན་གྱི་རིན་ཐང་དང་། བྱམས་པ། སྙིང་རྗེ། ལྷག་པར་དུ་ཕ་ཡུལ་བོད་ཡུལ་རྒྱ་ནག་དམར་པོའི་གཙན་གནོན་ལས་ཐར་ཆེད་འཚེ་མེད་ཞི་བའི་ཐབས་ལམ་བཅས་གོང་མཐོར་གཏོང་བར་སྐུ་ལས་བསྐྱོན་དང་སྐྱོན་བཞིན་པར་ཆེ་མཐོང་གི་ཚུལ་དུ་ཕྱི་ལོ་ ༡༩༨༩ ལོར་ནོ་བེལ་ཞི་བདེའི་ལྷན་ཚོགས་ནས་མགོན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད།
ང་རང་སྒེར་གྱི་ངོས་ནས། རྒྱ་གར་དྷ་རམ་ས་ལར་༸གོང་ས་མཆོག་ཐོག་མར་མཇལ་སྐབས། ཞི་བདེ་དང་གོ་ལ་ཡོངས་ལ་མཐུན་སྒྲིལ་དགོས་པའི་མགོན་པོ་གང་གི་བསླབ་བྱ་ཙམ་མ་ཟད་སྐུའི་ཐུན་མིན་གྱི་ཞི་འཇམ་བག་ཕེབས་ཀྱི་ཞལ་རས་མཇལ་སྐབས་ང་རང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། དེ་རྗེས་ངས་ཊལ་ལོ་སེ་ (Toulouse) དང་། ཧྥ་རན་སི་དེ་མིན་སྐབས་མང་པོ་ཞིག་རིང་མགོན་པོ་གང་གི་རྩ་ཆེའི་གསུང་ཉན་པ་དང་། དཔེ་དེབ་བཀླགས། གསུང་བཤད་ཉན། གསུང་ཆོས་ལ་བཅར་རྒྱུའི་གོ་སྐབས་ཐོབ་བྱུང་། ༸གོང་ས་མཆོག་གི་གསུང་ནི་ང་རང་གཞོན་ནུའི་དུས་ནས་བཟུང་སུ་ཧྥི་ཆོས་ཀྱི་སྙིང་པོ་དང་། ཚུལ་ཁྲིམས། ཉམས་ལེན་བྱེད་ཕྱོགས་ཐད་རྒྱུན་ཤིན་ཏུ་བརྟན་པའི་དྲན་སྐུལ་བྱེད་པོ་ཞིག་ཏུ་གནས། ངས་རང་ཉིད་སུ་ཧྥི་ཆོས་ལུགས་ཀྱི་མཁས་པ་ཞིག་ཡིན་མདོག་མ་བྱས་པར། དེ་ལ་འབད་བརྩོན་བྱེད་མཁན་ཞིག་དང་ཆོས་རྒྱུད་དེའི་སློབ་ཕྲུག་ཅིག་ཏུ་བསམས་ནས་དོན་གཉེར་ཅན་ཚོའི་སླད་ལོ་ནས་ལོ་བསྟུད་སུ་ཧྥི་གཞུང་རྣམས་ཧྥ་རན་སི་དང་དབྱིན་སྐད་དུ་ཕབ་སྒྱུར་བྱ་རྒྱུར་བློ་སེམས་གཅིག་ཏུ་སྒྲིལ་གྱི་ཡོད།
སུ་ཧྥི་སློབ་དཔོན་གྱིས་རང་ལ་ལེགས་ཉེས་གང་འབྱུང་མིན་ནི་སེམས་ལ་རག་ལས་སོ་ (ale kebakal vika) ཞེས་གསུངས་ཡོད། སུ་ཧྥི་ཆོས་ལུགས་ནི་ཆོས་ལུགས་ཆེ་ཁག་ཚང་མའི་བཟང་སྤྱོད་ཀྱི་གནད་ཀུན་འདུས་པའི་ནང་སེམས་དོན་གྱི་ཤེས་བྱའི་རྨོངས་མུན་སེལ་བའི་ང་རོ་ཞིག་ཡིན། སུ་ཧྥིའི་ཆོས་ལུགས་ Sufism ཞེས་པའི་ཐ་སྙད་ནི་ནུབ་ཕྱོགས་ཀྱི་ཚིག་ཅིག་ཡིན་ཞིང་། པར་ཤི་ཡའི་ཐ་སྙད་ཨེར་ཧྥན་ (erfan) ཞེས་པའི་དོན་ཇི་མ་ཇི་བཞིན་སྟོན་ཐུབ་ཀྱི་མེད། ཨ་རཱ་ཧྥ་ (arafa) ཞེས་པའི་ཚིག་ལས་བྱུང་བའི་ཨེར་ཧྥན་ཞེས་པའི་ཚིག་གི་དོན་ནི། ཤེས་བྱ་དང་། རིག་པ། རྨོངས་མུན་སེལ་བ་བཅས་ལ་འཇུག །ང་རང་ཚོ་ཚང་མའི་རྒྱུད་ལ་ཡོད་པའི་ནང་སེམས་དོན་གྱི་ཤེས་བྱ་དང་གཞན་ཕན་གྱི་ནུས་སྟོབས་ཐད་ཀྱི་བསླབ་བྱ་འདི་༸གོང་ས་མཆོག་གི་གསུང་གི་ནང་འདུས་པའང་ངང་ཤུགས་ཀྱིས་ངའི་སེམས་ནང་འཆར་གྱི་འདུག །དེ་ལྟའི་ཐུན་མོང་གི་སྙིང་སྟོབས་ཡོད་པའི་ཐོག་ནས་ངས་དེ་རིང་༸གོང་ས་མཆོག་སུ་ཧྥི་ཆོས་ལུགས་དང་ནང་ཆོས་དབར་གྱི་བགྲོ་གླེང་ཐོག་ཕེབས་རྒྱུའི་ཞལ་བཞེས་ཐོབ་པར་བཀའ་དྲིན་སྙིང་བཅངས་ཀྱིས་མགོན་པོ་ཉིད་ལ་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། མེ་རི་ལེནྜ་གཙུག་ལག་སློབ་ཁང་ཆེན་མོ་དང་། འགན་འཛིན་སྐུ་ཞབས་ལོའོ་དང་ཁོང་གི་སྣེ་ཁྲིད། དེ་བཞིན་ད་ལན་གྱི་བྱུང་བ་འདི་མངོན་འགྱུར་ཐུབ་པར་ཕྱར་བ་གྲུ་འདེགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཞན་ཡང་འབུམ་རམས་པ་ Fatemeh Kesharvarz མཆོག་ངོ་སྤྲོད་གནང་རྒྱུར་དམིགས་བསལ་དགའ་བ་ཆེ། ཁོང་གིས་སྔ་ལོ་ནས་བཟུང་མེ་རི་ལེནྜ་གཙུག་ལག་སློབ་ཁང་ཆེན་མོའི་པར་ཤི་ཡ་རིག་པའི་རོ་ཤན་བསྟི་གནས་ཁང་གི་འགན་འཛིན་གནང་བ་དང་། རོ་ཤན་བསྟི་གནས་ཀྱི་པར་ཤི་ཡའི་སྐད་ཡིག་དང་རྩོམ་རིག་གི་ཚོགས་གཙོ་གནང་ཡོད། དེའི་སྔོན་དུ་ཁོང་གིས་ St Louis ནང་ཡོད་པའི་ཝ་ཤིང་ཊོན་གཙུག་ལག་སློབ་ཁང་ཆེན་མོར་མི་ལོ་ཉི་ཤུ་ལྷག་སློབ་ཁྲིད་གནང་བ་དང་། ཕྱི་ལོ་ ༢༠༠༤ ནས་ ༢༠༡༡ བར་ཁོང་གིས་ཨེ་ཤི་ཡ་དང་ཉེ་བའི་ཤར་ཕྱོགས་སྐད་ཡིག་སྡེ་ཚན་གྱི་ཚོགས་གཙོ་གནང་། ཁོང་ནི་ཨི་རཱན་གྱི་ཤི་རཱ་ཛེ་ (Shiraz) ཞེས་པའི་ཡུལ་དུ་སྐུ་འཁྲུངས་ནས་འཚར་ལོངས་བྱུང་བ་དང་། ཤི་རཱ་ཛེ་གཙུག་ལག་སློབ་ཁང་ཆེན་མོ་དང་ལནྜན་གཙུག་ལག་སློབ་ཁང་ཆེན་མོར་སློབ་སྦྱོང་གནང་སྟེ། དཔེ་དེབ་དང་། དུས་དེབ་རྩོམ་ཤོག་མང་པོ། དེ་བཞིན་སེམས་འགུལ་ཐེབ་ནུས་ཀྱི་སྙན་རྩོམ་བཅས་མང་པོ་སྤེལ་ཏེ་བྱ་དགའ་ཐོབ་མྱོང་བའི་རྩོམ་པ་པོ་ཞིག་ཡིན།
ཁོང་གིས་སུ་ཧྥི་ཆོས་ལུགས་ཀྱི་ཉམས་ལེན་གྱི་གནད་མཚོན་པའི་སྙན་རྩོམ་དང་རོལ་དབྱངས་ཀྱི་གལ་གནད་ཐོག་དགོངས་ཚུལ་ཕྲན་བུ་གསུང་གནང་གི་རེད། ཁོང་གིས་སུ་ཧྥི་བསླབ་བྱ་དང་མིའི་དབུགས་གཏོང་ལེན། སྙིང་གི་འཕར་ཤུགས་དང་པི་པི། འཛམ་གླིང་ནང་གི་སྟབས་བདེ་ཤོས་དང་རྙིང་ཤོས་ཀྱི་རོལ་ཆ་རྣམས་ཟུང་དུ་འབྲེལ་ཏེ་༸གོང་ས་མཆོག་ལ་ཕེབས་བསུ་ཞུ་རྒྱུའི་ཆོས་ཕྱོགས་ཀྱི་མཛད་རིམ་ནང་མཉམ་ཞུགས་གནང་རྒྱུ་རེད། ང་ཚོས་མཉམ་སྤྱོད་བྱེད་པའི་འགྲོ་བ་མིའི་རིན་ཐང་ཐུན་མོང་བ་འདིའི་ཐོག་གཞི་བཞག་སྟེ། མི་རིགས་དང་། ཕོ་མོ། སྤྱི་ཚོགས་ཀྱི་གནས་རིམ་ལ་མ་ལྟོས་པར། ད་ལན་གྱི་གལ་གནད་ཆེ་བའི་དུས་སྐབས་བཟང་པོ་འདི་ཆོས་ལུགས་ཚང་མར་མཐུན་སྒྲིལ་གྱི་སྒོ་མོ་འབྱེད་མཁན་ཞིག་ཏུ་འགྱུར་བའི་སྨོན་འདུན་ཞུ་རྒྱུ་ཡིན། འབུམ་རམས་པ་ Kesharvarz ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འབུམ་རམས་པ་ Fatemeh Kesharvar འབུམ་རམས་པ་ Mir Djalali ལགས་ཀྱིས་ངོ་སྤྲོད་གྲ་རྒྱས་པོ་གནང་བར་ཐུགས་རྗེ་ཆེ། ༸གོང་ས་མཆོག་ལ་ཞུ་རྒྱུར། ད་ལན་སུ་ཧྥི་ཆོས་ལུགས་དང་ནང་ཆོས་དབར་མགོན་པོ་མཆོག་དང་ལྷན་དུ་བགྲོ་གླེང་འདིའི་ཆ་ཤས་ལེན་རྒྱུའི་གོ་སྐབས་ཐོབ་པར་དམིགས་བསལ་དགའ་ཚོར་ཆེ། ང་ཚོས་བགྲོ་གླེང་འདི་ལ་རྒྱ་མཚོ་གཉིས་ཐུག་པ་ཞེས་བརྗོད་ཀྱི་ཡོད། གང་ཡིན་ཟེར་ན། ནང་ཆོས་དང་སུ་ཧྥི་ཆོས་ལུགས་ནི་རྒྱ་ཆེ་བའི་རྒྱ་མཚོ་གཉིས་ལྟར་དང་དེའི་ནང་གི་གཏེར་གྱི་རིག་གནས་རྣམས་ཐུན་མོང་གིས་མཉམ་སྤྱོད་བྱེད་ཀྱི་ཡོད། གལ་སྲིད་ང་ཚོས་གཏིང་རིང་པོར་ཕྱིན་ན། ང་ཚོར་རྒྱ་མཚོའི་གཏིང་ནས་མུ་ཏིག་སོགས་ནོར་བུ་རྙེད་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། ༸གོང་ས་མཆོག །དུས་ཡུན་རིང་མོ་ཞིག་གི་སྔོན་ནས་ངས་སུ་ཧྥིའི་སྙན་རྩོམ་མཁས་པ་ཞིག་ཏུ་ཤེས་ཡོན་ཙམ་གྱི་འདུ་ཤེས་ཡོད་པའི་ཐོག་ནས་སློབ་གཉེར་སྦྱོང་བརྡར་བྱས་པ་དང་། ང་རང་ཕྲུ་གུ་ཞིག་ཡིན་པའི་སྐབས་ངའི་ནང་མིས་ང་རང་སུ་ཧྥིའི་སྙན་རྩོམ་ཐད་ཤུགས་རྐྱེན་བྱིན་བྱུང་། དེ་ནི་ཁྲབ་སྟོན་དང་། ཤེས་ཡོན། སྒོམ། མཆོད་འབུལ་བཅས་གཅིག་ཅར་དུ་བྱེད་ཀྱི་ཡོད། ཤེས་ཡོན་གྱི་གལ་གནད་སྐོར་དེ་རིང་ཞོགས་པ་ཁྱེད་ཀྱིས་གསུངས་པ་བཞིན་སུ་ཧྥིའི་སྙན་རྩོམ་ཐད་ངའི་ཤེས་ཡོན་ནི་རང་གི་ནང་མི་དང་། གྲོགས་པོ། ལས་རོགས་ Ustad Hossein Omoumi བཅས་ལས་བྱུང་སྐོར་ང་ལ་བརྗོད་བྱུང་། Omoumi ལགས་ནི་ཉམས་ལེན་པ་དང་རོལ་དབྱངས་ལ་མཁས་པ་ཞིག་ཡིན་ཅིང་། སྦྱོང་བརྡར་དངོས་སུ་མ་བྱས་གོང་། ཁོང་ལ་སུ་ཧྥི་རོལ་དབྱངས་ཀྱི་རིག་རྩལ་དེ་ཐོག་མར་སོ་སོའི་ཁྱིམ་ཚང་ལས་བྱུང་། Omoumi ལགས་ཀྱིས་རང་གི་མི་ཚེ་ནེས་ (ney) སམ་པར་ཤི་ཡའི་གླིང་བུའི་ཡ་མཚན་གྱི་གནས་སུ་མྱུལ་ཞིབ་བྱ་རྒྱུར་བློས་གཏོང་གནང་། དེའི་སྐོར་ང་ཚོས་རྗེས་སུ་གཏམ་གླེང་བྱེད་ཀྱི་ཡིན། མ་ཟད་ཁོང་ལ་རང་གི་ལྟ་གྲུབ་ཡོད་དེ། རང་ལ་སོ་སོའི་སློབ་མ་དང་ལྷན་དུ་ཤེས་ཡོན་གྱི་ཐོག་ནས་འབྲེལ་ལམ་ཟབ་མོ་དགོས། དེ་ནི་ཐུན་མིན་གྱི་ཉམས་ལེན་ཙམ་མ་ཡིན་པར། རང་ངོས་ནས་འབྲེལ་བ་གོང་མཐོར་གཏོང་དགོས་ཞེས་གསུངས།
གཞན་ཡང་ང་ཚོའི་སྐུ་མགྲོན་ནི་ལྕམ་ཆུང་ཇེ་སི་ཀ་ ཀེན་ནེའེ་ (Jessika Kenney) ལགས་ཕེབས་ཡོད་ཅིང་། ཁོང་ནི་རོལ་དབྱངས་ལ་མཁས་པ་དང་གླུ་ཚིག་རྩོམ་པ་པོ་ཞིག་ཡིན། སྐུ་ཞབས་ Javanese Gamelan singing ལགས་ཐེ་བའི་སྲོལ་རྒྱུན་སེམས་དོན་རིག་པའི་བཤེས་གཉེན་དུ་མའི་སློབ་མ་ཡིན། འོན་ཀྱང་མི་ལོ་དགུའི་སྔོན་ཇེ་སི་ཀཱ་ལགས་ Omoumi ལགས་ཀྱི་རོལ་དབྱངས་འདུ་འཛོམས་ཤིག་ལ་བཅར་བའི་རྗེས་པར་ཤི་ཡའི་སུ་ཧྥི་རོལ་དབྱངས་ལ་དགའ་ཞེན་ཆེན་པོ་སླེབས་ཏེ་ཁོང་གི་དགེ་ཕྲུག་ཏུ་ཉར་རོགས་ཞེས་ཞུས། དེ་ནས་བཟུང་འདས་པའི་ལོ་དགུའི་རིང་ཁོ་མོས་དེའི་ཐོག་ལ་ཤུགས་གནོན་བརྒྱབ་སྟེ། མི་ལོ་དགུ་དེས་རང་ཉིད་ལ་སྒྲའི་གོ་དོན་ཐད་འགྱུར་བ་བཏང་སོང་། ད་ཆ་སྒྲ་ནི་སྒྲ་ཙམ་མ་ཡིན་པར་སྒྲ་བརྒྱུད་དེ་རང་གི་ཚོར་བའི་ཁྲོད་ནས་ཐོན་པའི་བསམ་བློ་རྣམས་ཕྱིར་མངོན་པར་བྱེད་པའི་བརྒྱུད་ལམ་ཞིག་ཡིན་པ་ཤེས་བྱུང་ཞེས་བརྗོད། དུས་རབས་མང་པོའི་རིང་སུ་ཧྥི་ཆོས་པ་རྣམས་ཀྱིས། ཚིག་དང་དབྱངས་མཉམ་སྡེབ་བྱས་པས་སྨོན་ལམ་གྱི་སྒོ་མོ་འབྱེད་ཅིང་སྒོ་དུ་མར་འགྱུར་ཐུབ་ཅེས་བརྗོད་ཀྱི་ཡོད། དཔེར་ན། སྨོན་ལམ་འདེབས་པའི་སྒོ་ཕྱེ་བ་དང་ནང་བསམ་བློའི་རྨོངས་མུན་སེལ་བའམ། ཡང་ན་འབུམ་རམས་པ་ Mir Djalali གསུངས་པ་བཞིན་གཉིད་ཁུག་ཀྱང་བསྐྱར་དུ་སད་དེ་ནང་གི་སྒྲའམ་ང་རོ་སྐྱེད་པར་བྱེད་པ་ལྟར་རོལ་དབྱངས་ཀྱང་དེ་ལྟར་བེད་སྤྱོད་བྱས་ཡོད། དེ་བཞིན་རང་ངོས་ནས་སེམས་ཀྱི་ཁྱད་ཆོས་ཞེས་བརྗོད་པ་དེ་གཅེས་སྐྱོང་དགོས་ཀྱི་ཡོད།
མིའི་དབུགས་གཏོང་ལེན་དང་སྙིང་གི་འཕར་ཤུགས་ཞེས་པ་ཀུན་ཁྱབ་བརྡ་ཆད་ཡིན་པ་ལྟར། དེ་ཕབ་སྒྱུར་བྱེད་མི་དགོས། དེར་བརྟེན་སུ་ཧྥི་ཆོས་པ་རྣམས་ཀྱིས་བརྡ་ཆད་དེ་བརྒྱུད་ཁོང་ཚོས་འཛམ་གླིང་ཡོངས་ལ་སྐད་ཆ་ཤོད་ཐུབ་པར་ཆ་འཇོག་བྱེད་ཀྱི་ཡོད། པར་ཤི་ཡའི་སྐད་བེད་སྤྱོད་བྱེད་མི་ཚོས་ཀྱང་དེ་ཁས་ལེན་བྱེད་ཅིང་། ཁོང་ཚོས་དེ་ཡི་གེའི་གཟུགས་སུ་འབྲི་ཚུགས་ཀྱི་ངོ་བོར་བེད་སྤྱོད་པ་ཁྱེད་རྣམས་ལ་འབུལ་རྒྱུའི་ཕྱག་རྟགས་འདིའི་ནང་ནས་གཟིགས་ཐུབ། ཁོང་ཚོས་དེ་ལུང་འདྲེན་བྱེད་པ་དང་། གླུ་རུ་ལེན་པ། སློབ་ཁྲིད་བྱེད་ཅིང་ཉིན་རེའི་མི་ཚེའི་ཆ་ཤས་གལ་ཆེ་བ་ཞིག་ཏུ་གནས་ཡོད། དེ་བཞིན་སྙན་རྩོམ་དེ་དག་ལས་བྱུང་བའི་འཆར་སྣང་གི་རི་མོ་རྣམས་ཀྱང་ཁོང་ཚོའི་མི་ཚེའི་ཆ་ཤས་སུ་གྱུར་བ་དང་། གལ་ཆེའི་འཆར་སྣང་གི་རི་མོ་ཞིག་ནི་ནེས་ (ney) སམ་གླིང་བུའི་འཆར་སྣང་དེ་ཡིན། [གླིང་བུའི་བར་གསེང་རོལ་དབྱངས།]
དུས་རབས་བཅུ་གསུམ་པའི་ནང་གི་སུ་ཧྥི་སྙན་ངག་པ་གྲགས་ཅན་སྐུ་ཞབས་ Jalal ad-Din Rumi ལགས་ཀྱིས། ཇི་ལྟར་པི་པི་གླིང་བུ་ཞིག་ཏུ་འགྱུར་ཆེད་འདམ་རྩྭའི་རིགས་དང་ཁ་བྲལ་དགོས་པ་བཞིན་གླིང་བུ་ནི་རང་གི་ཕ་ཡུལ་དང་ཁ་བྲལ་བའི་མི་ཞིག་དང་། མཛའ་བོ། དོན་གཉེར་ཅན་ཞིག་ལྟར་འགྲེལ་བརྗོད་མཛད། ནང་པའི་གཏམ་རྒྱུད་ནང་ཁྱེད་ཀྱིས་རང་ཉིད་འགྲེལ་བརྗོད་གནང་བ་བཞིན། ང་ཚོ་འདོད་ཁམས་སུ་ཁེར་རྐྱང་དུ་གནས་པའི་འོད་ཀྱི་རང་བཞིན་གྱི་སེམས་ཅན་གྱི་ངོ་བོར་སྐྱེ་ཐུབ། དེས་ན་ང་ཚོས་ལྷ་ཡུལ་ལམ་འོད་དེའི་འབྱུང་ཁུངས་དྲན་པ་བརྗེད་ཤས་ཆེ། ད་དུང་ཡང་རུ་མིས་ (Rumi) ང་ཚོས་སོ་སོ་གང་ནས་ཡིན་པ་བརྗེད་གྱི་ཡོད་ཅེས་དང་། ང་ཚོ་ཧ་ཅང་རྣམ་གཡེང་དབང་དུ་ཤོར་ནས་རང་གི་འབྱུང་ཁུངས་མཐོ་ས་ཞིག་ནས་ཡིན་པ་བརྗེད་ཀྱི་ཡོད་པས། ང་ཚོས་དེ་དྲན་པའི་ཐབས་ཤིག་ནི་ནང་གི་ང་རོའམ་སྒྲ་ལ་ཉན་དགོས། དེར་བརྟེན་ཁོང་གིས་ “ཉོན་” ཞེས་པའི་ཚིག་ལ་བརྟེན་ནས་སུ་ཧྥི་ཆོས་ལུགས་ཀྱི་ལས་དོན་གལ་ཆེ་ཤོས་དེ་འགོ་འཛུགས་གནང་ཡོད། (པར་ཤི་ཡའི་སུ་ཧྥི་སྙན་ཚིག་དང་མཉམ་སྡེབ་བྱས་པའི་གླིང་བུའི་བར་གསེང་རོལ་དབྱངས།)
དེར་བརྟེན་ཁོང་གིས། “པི་པིའི་སེམས་སྡུག་སྐོར་གཏམ་རྒྱུད་ཉོན། དེས་ཁ་བྲལ་སྐོར་གྱི་སྒྲུང་ཚང་མ་ཤོད་ཀྱི་ཡོད། གང་ཡིན་ཟེར་ན། དེས་རང་ཉིད་གང་དུ་གཏོགས་པའི་ཁུངས་འདམ་རྩྭ་དང་ཁ་བྲལ་གཏོང་གི་ཡོད་པ་དང་། མི་རྣམས་ཀྱིས་ངའི་གཞས་ལ་བརྟེན་ནས་སྡུལ་བསྔལ་ཕྱིར་འདོན་བྱེད་ཀྱི་ཡོད།” ཅེས་གསུངས།
(མུ་མཐུད་རོལ་དབྱངས་དང་སྙན་རྩོམ)
དེས་ན་ཁོང་གིས། “ཁ་བྲལ་འདིས་ངའི་སེམས་དུམ་བུར་གཏོང་འཇུག །དེ་ལ་བརྟེན་ནས་ངས་གདུང་སེམས་ཀྱི་ན་ཟུག་དེ་ཚིག་གི་ཐོག་ནས་གསལ་སྟོན་བྱེད་ཆོག །གང་ཡིན་ཞེ་ན། མི་སུ་འདྲ་ཞིག་རང་གི་ཁྱིམ་གཞིས་དང་འབྱུང་ཁུངས་ལས་རྒྱང་ཆད་དུ་ཡོད་ནའང་། ནམ་ཞིག་རང་གི་གཉེན་ཉེ་དང་སླར་འཛོམས་ཡོང་ཆེད་འབད་ངེས་ཡིན།” ཞེས་གསུངས།
སུ་ཧྥིའི་ཆོས་པ་རྣམས་ལ་འབྱུང་ཁུངས་དེ་འཚོལ་བའི་ཐབས་ལམ་ནི་ངའི་ངག་ལ་དྲོད་སྟེར་མཁན་གྱི་མེའམ་ནུས་ཤུགས་ཏེ་བརྩེ་བ་ཡིན། རུ་མིས་དེ་ནི་བརྩེ་བ་རེད་ཅེས་བཤད། སུ་ཧྥིའི་ཆོས་པ་ཚོར་བརྩེ་བ་ནི་རྣམ་གཞག་གི་འདོད་ཚུལ་ཙམ་མ་ཡིན་པར། ཁོང་ཚོས་དེའི་རྣམ་གཞག་སྐོར་གླེང་སློང་མང་པོ་བྱེད་ནའང་། གཙོ་བོ་ནི་མྱོང་བར་སྒྲིལ་དགོས་པ་དང་། ཁོང་ཚོས་ངེས་པར་དུ་བརྩེ་བའི་བྲོ་བ་མྱོང་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད། བྲོ་བ་མྱོང་རྒྱུའི་ལྟ་ཚུལ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། བརྩེ་བའི་ཁྱད་ཆོས་ལ་འགྱུར་བ་འགྲོ་བ་ངོས་འཛིན་དགོས་ཀྱི་ཡོད། དེར་བརྟེན་རུ་མིས། སེམས་ནང་སྐྱོ་གདུང་བྱུང་སྐབས་བརྩེ་བ་རང་ངོས་ནས་སྟོན་གྱི་ཡོད་ཅེས་བརྗོད། བྱས་ཙང་། བརྩེ་བ་དེ་རང་ངོས་ནས་འགྲེལ་བརྗོད་བྱེད་པའམ་ཡང་ན་ང་ཚོར་འགྲེལ་བརྗོད་བྱ་རྒྱུའི་ཚབ་ཏུ་མིག་སྔར་དངོས་སུ་སྟོན་གྱི་ཡོད། དེ་ལྟ་བུའི་འདོད་དོན་དེས་དོན་གཉེར་ཅན་གྱི་འཚོལ་མཁན་རྣམས་ལ་མདུན་སྐྱོད་ཀྱི་སྟོབས་ཤུགས་སྦྱིན་ནའང་། འདོད་དོན་ཁོ་རང་འགྲེལ་བཤད་བྱེད་མི་ཐུབ། གང་ཡིན་ཟེར་ན། དེ་ལ་གཟུགས་མེད།
དེ་བས་ན་རུ་མིས། ངས་བརྩེ་བ་འགྲེལ་བརྗོད་དང་མགོ་འཁྲུལ་མི་ཡོང་བའི་ཐབས་ཤེས་ག་ཚོད་བྱས་ཀྱང་། དེའི་ཐོག་ལ་སླེབས་སྐབས། ངས་ལས་ཀ་ཐབས་སྐྱོ་པོ་ཞིག་བྱས་པ་ཤེས་ཀྱི་འདུག །གང་ཡིན་ཟེར་ན། ངས་དེ་འགྲེལ་བཤད་རྒྱག་ཐུབ་ཀྱི་མི་འདུག །འོན་ཀྱང་དེ་མྱོང་བའི་སྐབས། ངའི་སེམས་རྒྱུད་ལ་བག་ཆགས་འཇོག་གི་འདུག །དེར་བརྟེན་དོན་གཉེར་ཅན་ཚོར་གཟུགས་མེད་པའི་བྲོ་བ་དེ་སྟེར་རྒྱུ་ནི་སུ་ཧྥིའི་སྙན་རྩོམ་དང་རོལ་དབྱངས་ཀྱི་ལས་འགན་རེད་ཅེས་གསུངས།
(གླིང་བུའི་དབྱངས་དང་སྙན་རྩོམ་གྱི་གཞས།)
༸གོང་ས་མཆོག ད་ལྟ་ངས་ཁྱེད་ལ་སུ་ཧྥིའི་མཁས་དབང་དང་མེ་རི་ལེནྜ་གཙུག་ལག་སློབ་ཁང་ཆེན་མོའི་ལོ་རྒྱུས་སློབ་དཔོན་ཆེན་མོ་ Ahmet Karamastaffa ལགས་ངོ་སྤྲོད་ཞུ་འདོད་བྱུང་། ཁོང་གིས་སུ་ཧྥི་ཆོས་ལུགས་ཀྱི་ལྟ་བའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་གི་རེད།
སློབ་དཔོན་ཆེན་མོ་ Ahmet Karamastaffa འབུམ་རམས་པ་ Kesharvarz ལགས། ཐུགས་རྗེ་ཆེ། ༸གོང་ས་མཆོག་དང་། ལས་རོགས་དང་སྐུ་མགྲོན་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར། སུ་ཧྥི་ཆོས་ལུགས་ཀྱི་གྲུབ་མཐའི་གཙོ་གནད་འགའ་༸གོང་ས་མཆོག་གི་སྙན་ལམ་དུ་ཞུ་རྒྱུའི་དེ་རིང་གི་གོ་སྐབས་འདི་འདྲ་ཧ་ཅང་དཀོན་པོ་ཡིན་ཅིང་། མགོན་པོ་མཆོག་གི་དགོངས་པའི་དཔྱད་གཞིར་འདི་ལྟར་ཞུ་རྒྱུའི་གོ་སྐབས་ཐོབ་པར་དམིགས་བསལ་དགའ་ཚོར་ཆེ། ནང་ཆོས་དང་སུ་ཧྥི་ཆོས་ལུགས་ནི་དངོས་གནས་རྒྱ་མཚོ་ལྟར་ཟབ་པའི་རིག་གཞུང་ཞིག་ཡིན་པ་དང་། དེ་རིང་དུས་ཚོད་ཀྱིས་རྐྱེན་པས་སུ་ཧྥི་ཆོས་ལུགས་ཀྱི་གནད་ཡོངས་རྫོགས་ཐོག་ཞུ་ཐབས་བྲལ་བར་བརྟེན། ངས་སུ་ཧྥི་ཆོས་ལུགས་ཀྱི་བསམ་པ་དང་ཉམས་ལེན་སྐོར་ཞུ་རྒྱུ་ཡིན། ཁྱད་ཆོས་དེ་དག་ནི་ནང་པའི་སེམས་ཁུར་བྱེད་ཡུལ་དང་གཉིས་སུ་མེད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཐོག་མར་ངས་སུ་ཧྥི་ཆོས་ལུགས་ནང་བདག་ཅེས་པར་ལྟ་ཚུལ་ཇི་ཡོད་ཀྱི་ཐོག་ནས་བཤད་རྒྱུ་ཡིན། སུ་ཧྥི་ཆོས་ལུགས་དོན་གཉེར་ཅན་ཚང་མའི་སེམས་ནང་རང་ཉིད་ལེགས་བཅོས་དང་ཚོད་འཛིན་བྱ་རྒྱུའི་ཆོད་སེམས་ཡོད་ཅེས་བརྗོད་ན་མི་འཚམ་པ་ཅི་ཡང་མེད། སུ་ཧྥི་ཆོས་ལ་གཞིགས་ན། འགྲོ་བ་མི་རེ་ངོ་རེར་སེམས་དོན་དང་འབྲེལ་བའི་སྙིང་པོ་རེ་ལྡན་ཡོད་ནའང་། སྙིང་པོ་དེ་སྤྱིར་བཏང་ནས་ཉིན་རེའི་མི་ཚེའི་ནང་འཕྲལ་སེལ་གྱི་སེམས་ཁུར་གྱིས་བསྒྲིབས་ཏེ། བག་ལ་ཉལ་ཞིང་གཉིད་ཁུག་པ་ལྟར་གནས་ཡོད། དེས་ན་ཉིན་རེའི་མི་ཚེའི་ནང་མི་རྣམས་ཀྱི་བློ་ཁ་རང་ཤེད་དང་རང་འདོད་ལ་ཕྱོགས་ཤིང་། ང་ཚོའི་རྒྱུད་དང་ཉེ་འཁོར་དུ་གནས་པའི་ལྷའི་བརྡ་ལ་བརྟེན་ནས་བློ་ཁ་འབྱེད་ཐུབ་ཀྱི་ཡོད། ང་ཚོས་མཐོང་བ་བཞིན། སྙན་ངག་དང་རོལ་དབྱངས་ལ་དེ་དང་འབྲེལ་བའི་དམིགས་བསལ་ནུས་པ་ཡོད་པར་སུ་ཧྥིའི་རྗེས་འཇུག་པ་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། བློ་ཁ་ཕྱེས་ཟིན་པ་དང་། བློའི་ནུས་པ་གོང་མཐོར་སོང་ནས་རིམ་པས་འཕྲལ་སེལ་གྱི་སེམས་ཁུར་མེད་པ་བཟོས་ནས་བདག་འཛིན་ཤུགས་ཆུང་དུ་གཏོང་གི་ཡོད། ཚོད་འཛིན་དང་མཐར་བདག་འཛིན་ཤུགས་ཆུང་དུ་གཏོང་བའི་བརྒྱུད་རིམ་འདི་ནི་རྒྱུན་དུ་འགྲུལ་བཞུད་རིང་པོ་ཞིག་དང་སྙིང་སྟོབས་དགོས་པ་ཞིག་ཏུ་མཐོང་གི་ཡོད། དེའི་སྐབས་གཟབ་ནན་དང་བཟོད་སྒོམ་ཡོད་པའི་ཐོག་ནས་སེམས་རྒྱུད་གཅེས་སྐྱོང་དང་གོང་མཐོར་གཏོང་དགོས།
འགྲུལ་བཞུད་འདིའི་སྐབས། སུ་ཧྥི་ཆོས་པ་ཚོས་སེམས་སྒྲིབ་པ་ལས་སེལ་ཆེད་ཉིན་རེའི་རྒྱུན་ལྡན་གྱི་བདག་དེ་རིམ་པ་བཞིན་པགས་པ་ལྟར་བཤུས་ཏེ་བདག་འཛིན་འཇོམས་ཐབས་བྱས་ཏེ། དེ་ནས་སེམས་དང་ཐ་དད་མེད་པར་འགྱུར་ཆེད་སེམས་དོན་གྱི་ཆ་ཤས་རྒྱུད་ལ་སྐྱེ་ཐབས་བྱེད་ཀྱི་ཡོད། རང་འདོད་དོན་གཉེར་ནས་རང་ཉིད་བློས་གཏོང་གི་བསམ་པར་སྒྱུར་བའི་འགྲུལ་བཞུད་དང་། བདག་ཉིད་དམའ་བར་འཛིན་པ་ནས་མཐོ་བར་འཛིན་པའི་འགྲུལ་བཞུད། བཅོས་སྒྱུར་ཆོས་ཕྱོགས་ཀྱི་གང་ཟག་ཅིག་ཏུ་བསྒྱུར་བའི་འགྲུལ་བཞུད་ཀྱི་བརྒྱུད་རིམ་འདི་སུ་ཧྥི་ཆོས་ལུགས་ཀྱི་བསམ་པ་དང་ཉམས་ལེན་ཀུན་གྱི་གཞི་རྩར་གྱུར་ཡོད། བློ་ལ་འཐད་པ་ཞིག་ལ་སུ་ཧྥི་རྗེས་འཇུག་པ་རྣམས་འགྲུལ་བཞུད་འདིའི་བརྒྱུད་དེ་རིམ་པ་གཅིག་ནས་གཞན་ལ་ཡར་རྒྱས་ཕྱིན་པ་དང་། ཕོ་མོ་སུ་ཡིན་རུང་སྙེམ་ཆུང་གི་རང་བཞིན་དང་འགྱུར་བ་མེད་པའི་གཞན་ཕན་གྱི་ཚོར་བ་ཟབ་མོ་ལྡན་པའི་ཐོག་ནས་གཞན་སེམས་ཅན་ཐམས་ཅད་ལ་འགྲོགས་འདྲིས་བྱེད། དེ་ལྟར་སྙིང་སྟོབས་བསྐྱེད་དེ་རང་རྒྱུད་ཀྱི་རང་གཅེས་འཛིན་གྱི་ཤུལ་ཙམ་ཡང་མེད་པ་བཟོས་ནས། སུ་ཧྥི་རྗེས་འཇུག་པ་ཚོས་བདག་དེ་སེམས་ཅན་ཐམས་ཅད་ཀྱི་གཟུགས་བརྙན་ཏེ། ཐམས་ཅད་གཅིག་པ་ཡིན་པ་དང་ཕན་ཚུན་བརྟེན་ནས་ཡོད་པའི་རྣམ་པ་འཆར་བའི་མེ་ལོང་ཞིག་ཏུ་སྒྱུར་གྱི་ཡོད། མི་ཚེའི་ནང་དེ་ལྟར་དོན་གཉེར་བྱེད་པ་ནི་ང་ཚོ་ཚང་མ་གཅིག་གྱུར་ཡིན་ཅིང་། ངེས་ཤེས་དེའི་ཐོག་ནས་སུ་ཧྥི་ཆོས་པ་རྣམས་ཀྱིས་རང་ཉིད་བློས་གཏོང་གི་བྲན་གཡོག་ལྟར་གྱུར་ནས་གཞན་དོན་དུ་རྒྱུན་ཆད་མེད་པར་ཕན་པ་སྒྲུབ་ཅིང་། མི་རྣམས་རང་འདོད་དོན་གཉེར་གྱི་གཏིང་ནས་བསྐྱབས་ཏེ་ཕན་ཚུན་གཅིག་ལ་གཅིག་ལྟོས་ཀྱི་རྩེ་མོར་མདུན་སྐྱོད་ཆེད་ལམ་སྟོན་བྱེད་ཀྱི་ཡོད། སུ་ཧྥི་ཆོས་ནི་ཕན་ཚུན་བརྟེན་ནས་ཡོད་པའི་འབྲེལ་བའི་མཐུད་མཚམས་ཤིག་ཏུ་གྱུར་ཞིང་། རང་ཉིད་ཆོས་ཐམས་ཅད་ཕན་ཚུན་བརྟེན་ནས་ཡོད་པའི་རང་བཞིན་གསལ་བའི་མེ་ལོང་ཞིག་ལྟར་ཆགས་ཀྱི་ཡོད། རང་གཅེས་འཛིན་མེད་པ་བཟོས་པས་ལྐོག་ཏུ་གྱུར་བའི་སེམས་ནང་གི་ནོར་བུ་དེ་ཕྱིར་འདོན་གྱི་ཡོད། ནོར་བུ་དེ་དག་ནི་བརྩེ་བ་དང་། སྙིང་རྗེ། གཞན་ཕན་གྱི་ལྟ་བ་སོགས་ཡིན་ཅིང་། སུ་ཧྥི་ཆོས་ཀྱིས་ནོར་བུ་དེ་དག་མི་ཚང་མར་ཐེ་ཚོམ་མེད་པར་གཅིག་མཚུངས་བགོ་འགྲེམས་བྱེད་ཀྱི་ཡོད།
གཞན་ཕན་གྱི་ལྟ་བས་སེམས་ཅན་ཐམས་ཅད་ཕན་ཚུན་འབྲེལ་བ་བཟོ་བ་ལྟར། སུ་ཧྥི་ཆོས་ཀྱང་མིའི་རྒྱུན་ལྡན་གྱི་ཚེའི་ནང་གནས་ཤིང་། སྤྱི་ཚོགས་ནས་ཁ་བྲལ་ཏེ་མི་མེད་ལུང་སྟོང་ནང་བྲོས་འགྲོ་གི་མེད་ལ་དབེན་གནས་མི་སྟེན་པའང་མིན། སུ་ཧྥི་ཆོས་ལུགས་ནང་སེམས་ཡང་དག་པར་སྦྱོང་བའི་སླད་དབེན་གནས་སྟེན་ནས་སྡོད་དགོས་པའང་གསུང་གི་ཡོད། འོན་ཀྱང་སྤྱིར་བཏང་ནས་ཕོ་མོ་སུ་ཡིན་རུང་རྒྱུན་ལྡན་གྱི་མི་སྡེའི་འཚོ་བའི་ཁྲོད་ནས་ཁ་བྲལ་གྱི་མེད། སྤྱི་ཚོགས་ནང་གནས་ཏེ་གཞན་ཕན་སྒྲུབ་པའི་ཆོད་སེམས་ནི་སུ་ཧྥི་ཆོས་ལུགས་ཀྱི་ལྷད་མེད་ཐམ་ཀའམ་ཁྱད་ཆོས་ཤིག་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་སུ་ཧྥི་ཆོས་པ་ཚོས་སྡེ་ཚན་བཟོས་ཏེ་སྙན་གྲགས་ཅན་གྱི་སུ་ཧྥི་སློབ་དཔོན་རྣམས་ཀྱི་དྲུང་དུ་འདུ་འཛོམས་གོ་སྒྲིག་བྱེད་ཀྱི་ཡོད། འོན་ཀྱང་རང་ཉིད་སྡེ་ཚན་ཐ་དད་ཅིག་ཡིན་ཞེས་སྤྱི་ཚོགས་ནས་ཁ་བྲལ་རྒྱུར་མོས་མཐུན་མ་བྱས་པར། མི་མང་དཀྱུས་མ་ལྟར་གྲོང་གསེབ་བམ་གྲོང་ཁྱེར་གང་དུ་ཡིན་རུང་སྤྱི་ཚོགས་ནང་འཚོ་སྡོད་བྱེད། དོན་དངོས་སུ་ཁོང་ཚོའི་སྒྲིག་འཛུགས་རྣམས་རྒྱུན་དུ་སྤྱི་ཚོགས་ནང་དཔེར་ན། ཟས་དང་། འདུག་གནས། ཆོས་དང་དཔལ་འབྱོར་གྱི་རོགས་སྐྱོར། ཆོས་ཀྱི་ལམ་སྟོན། གསོ་དཔྱད། སྤྱི་ཚོགས་ནང་འགྲོགས་འདྲིས། ཤེས་ཡོན་སོགས་ཀྱི་ཐད་གཞན་ལ་དགོས་ངེས་ཀྱི་ཞབས་ཞུ་སྣ་ཚོགས་སྒྲུབ་མཁན་གྱི་བསྟི་གནས་ཤིག་ཏུ་གྱུར་ཡོད།
སྤྱི་ཚོགས་ནང་འདི་ལྟ་བུའི་སུ་ཧྥི་ཆོས་ལུགས་གཏིང་ཚུགས་པའི་རང་བཞིན་དུ་ཡོད་པ་དང་། འདི་ལྟའི་སྤྱི་ཚོགས་ཀྱི་བག་ཆགས། སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་པའི་རང་བཞིན་གྱིས་སུ་ཧྥིའི་འགྲུལ་བཞུད་ལེགས་སྒྲུབ་ཡོང་བར་བྱེད། སུ་ཧྥིའི་ཆོས་པ་རྣམས་ཀྱིས་གལ་འགངས་ཆུང་བའི་རང་ཤེད་འདི་ཚོད་འཛིན་བྱས་པ་དང་བཏུལ་ནས་བྱམས་བརྩེ་དང་སྙིང་རྗེ་ལྡན་པའི་ལྟ་ཚུལ་ཞིག་གིས་བརྗེ་པོ་བརྒྱབས་ཏེ། གཞན་སེམས་ཅན་ཐམས་ཅད་ལ་རང་ཉིད་བློས་གཏོང་གི་ཕན་པའི་བྱ་བ་སྒྲུབ་རྒྱུར་གཙིགས་སུ་འཛིན་གྱི་ཡོད།
སུ་ཧྥིའི་འགྲུལ་བཞུད་འདིའི་ཁྱད་ཆོས་མང་པོ་ཞིག་ནང་པའི་སེམས་ཁུར་བྱེད་སྟངས་དང་ཧ་ཅང་མཐུན་པོར་སྣང་། དཔེར་ན། ༸གོང་ས་མཆོག་གི་སྐུ་ཚེའི་ནང་གི་མཛད་འཕྲིན་ཁག་གིས་གསལ་པོར་སྟོན་གྱི་འདུག །དེར་བརྟེན་ངས་རེ་བ་དང་དད་གུས་ཆེན་པོས་༸གོང་ས་མཆོག་གི་བཀའ་སློབ་ཉན་རྒྱུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ཐོག་མར་དེ་རིང་གི་ང་ཚོའི་སྐུ་མགྲོན་རྗེས་མ་དེ་ངོ་སྤྲོད་བྱེད་ཀྱི་ཡིན། ཁོང་ནི་ངའི་ལས་རོགས་དང་གྲོགས་པོ་སྐུ་ཞབས་ Carl Ernst ལགས་རེད། ང་ཚོའི་མཐོ་སློབ་ཀྱི་རིག་སྡེ་འགན་འཛིན་གྱིས་ཁྱེད་རང་ཚོར་ཞུས་ཟིན་པ་བཞིན་ཁོང་ནི་བྱང་ཁེ་རོ་ལི་ནའི་གཙུག་ལག་སློབ་ཁང་ཆེན་མོ་ནས་ཡིན་ཅིང་། ཁ་ཆེའི་ཆོས་ལུགས་ཐད་ཀྱི་མཁས་དབང་ཞིག་ཡིན་པ་དང་། ལྷོ་ནུབ་ཨེ་ཤི་ཡའི་ཐོག་ལ་ཐུགས་སྣང་གནང་གི་ཡོད། ཁོང་གིས་ཉམས་ཞིབ་གནང་བའི་གྲུབ་འབྲས་ཁག་གཙོ་བོ་གསུམ་སྟེ། སྤྱི་དང་གནད་འགག་ཆེ་བའི་ཁ་ཆེའི་རིག་པ་དང་། སུ་ཧྥི་ཆོས་ལུགས། རྒྱ་གར་དང་ཁ་ཆེའི་རིག་གཞུང་བཅས་ཀྱི་ཐོག་ལ་ཐུགས་སྣང་མཛད་དེ་དཔར་སྐྲུན་ཞུས་ཡོད། དེར་བརྟེན་སྐུ་ཞབས་ Carl Ernst ལགས་འདིར་ཕེབས་ཏེ་གསུང་བཤད་དབུ་འཛུགས་གནང་རོགས།
སྐུ་ཞབས་ Carl Ernst སློབ་དཔོན་ཆེན་མོ་ Ahmet ལགས། ཐུགས་རྗེ་ཆེ། འདས་པ་དང་མ་འོངས་པར་ཧིན་དུ་དང་། ནང་པ། སུ་ཧྥི་ཆོས་པ་རྣམས་ཀྱི་བར་ཐུག་འཕྲད་སྐོར་ཕྲན་བུ་དེ་རིང་༸གོང་ས་མཆོག་གི་སྙམ་ལམ་དུ་སྙན་སྒྲོན་ཞུ་རྒྱུའི་གོ་སྐབས་ཐོབ་པར་དམིགས་བསལ་དགའ་སྤྲོ་ཆེ་ལ། གོ་སྐབས་འདི་གནང་བར་ཐུགས་རྗེ་ཆེ། སྲོལ་རྒྱུན་གྱི་ཆོས་ལུགས་དེ་དག་དང་ལྷག་པར་དུ་ཁ་ཆེའི་ཆོས་ལུགས་ལ་དད་གུས་རྩེ་གཅིག་པ་ཡོད་པའི་ལྟ་བའི་ཐོག་ནས་དེ་དག་དབར་ཁ་ཞེ་གཉིས་མེད་ཀྱི་མཉམ་རུབ་སྲིད་མིན་སྐོར་དྲི་བ་སྐུལ་མཁན་ཡོད་པ་ནི་ཐེ་ཚོམ་མེད། ཧིན་དུ་དང་ཁ་ཆེའི་བར་གྱི་རྙོག་ཟིང་གིས་མི་རྣམས་ལ་བར་ཆད་བཟོས་ཤིང་དེང་རབས་རྒྱ་གར་དང་། པཱ་ཀིསྟཱན། བངྒལ་དེ་ཤ་བཅས་ཀྱི་ལོ་རྒྱུས་ཐད་གནོད་སྐྱོན་བཏང་ཡོད། ཐེའེ་ལེནྜ་དང་། ཤྲཱི་ལངྐ་། འབར་མ་བཅས་ཀྱི་ནང་ནང་པ་དང་ཁ་ཆེའི་དབར་གྱི་ནོར་འཁྲུལ་གྱིས་རྐྱེན་པས་དཀའ་ངལ་བསྐྲུན་ཞིང་། ཆོས་ལུགས་ཀྱི་ཁྱད་པར་ལས་བརྒལ་ནས་དམིགས་བསལ་གྱི་དོན་དངོས་བྱེ་བྲག་ཅིག་ཡོད། དེ་ནི་ཧིན་དུ་དང་། ནང་ཆོས། སུ་ཧྥིའི་ཆོས་ལུགས་བཅས་ཀྱི་ལོ་རྒྱུས་ཁྲོད་དུ་གནས་པ་དང་། བླ་མའམ་དགེ་བའི་བཤེས་གཉེན་གྱི་བརྒྱུད་པ་བྱེ་བྲག་པ་ཞིག་དང་ས་གནས་སུ་ཡོད་པའི་ཆོས་ཕྱོགས་ཀྱི་བསྟི་གནས་ཁང་རྣམས་ལ་དམིགས་བསལ་གུས་བརྩི་དང་ལར་ཞེན་ཟབ་པོ་ཡོད་ཅིང་། དེ་དག་དང་ལྷན་དུ་དོན་གཉེར་ཅན་ས་ཡ་མང་པོའི་ཆོས་ཕྱོགས་ཀྱི་ལྟ་ཚུལ་ཁག་འགྲེལ་བརྗོད་བྱེད་ཀྱི་ཡོད།
སྔ་མོའི་ཡུ་རོབ་ཀྱི་མཁས་པ་རྣམས་ཀྱིས་སུ་ཧྥིའི་ཆོས་ལུགས་ནི་ཧིན་དུའམ་ནང་ཆོས་ལས་བྱུང་བར་ཚོད་དཔག་བྱས་ཡོད་ནའང་། སུ་ཧྥི་ཆོས་ཉམས་ལེན་གྱི་ཆ་ཤས་མང་པོ་ཤིག་བླ་སློབ་ཀྱི་འབྲེལ་བའི་འབྱུང་ཁུངས་སུ་སྟོན་པ་མོ་ཧམྨད་ (Mohammad) དང་འབྲེལ་བ་གཏིང་ཟབ་ཡོད་པ་ཁས་ལེན་མི་བྱེད་ཀ་མེད་ཡིན་པ་དང་། སུ་ཧྥིའི་ཆོས་པ་རྣམས་ཀྱིས་ཀོ་རན་(ཁ་ཆེའི་གསུང་རབ་གཙོ་བོ་)གྱི་གདམས་ངག་གསུང་རབ་ཀྱི་གཙོ་བོར་བཟུང་སྟེ་ལྟ་ཀློག་བྱེད་ཀྱི་ཡོད། དེ་ལྟ་ནའང་ཁ་ཆེ་མ་ཡིན་པ་རྣམས་ཀྱང་མིའི་སྙིང་སྟོབས་ཀྱི་ཀུན་ཁྱབ་མངོན་འདོད་དང་འདུན་པ་སྟོན་མཁན་གྱི་སུ་ཧྥིའི་ཆོས་ལུགས་ལ་དགའ་མོས་ཆེན་པོ་བྱས་ཡོད། དེར་བརྟེན་དུས་རབས་བཅུ་གསུམ་པའི་ཡེ་ཤུའི་མཁས་པ་རེ་མོན་ལུལ་ (Ramon Llull) གྱིས་ཨ་རབ་ (Arabic) ཀྱི་སྐད་ཡིག་སྦྱངས་ཏེ་སུ་ཧྥིའི་སྲོལ་ཉམས་ཀྱི་རྣམ་པར་བརྩེ་གདུང་ཐོག་རྩོམ་བྲིས་ཡོད། དེ་ག་ནང་བཞིན་མཚན་སྙན་ཆེ་བའི་འཇེའུ་ལྟ་གྲུབ་སྨྲ་བ་ཞིག་གི་ཚ་བོ་ Abraham Maimonides ལགས་ཀྱིས་སུ་ཧྥིའི་ཆོས་ཀྱི་ནང་གི་ལམ་ tariqah ཞེས་པའི་ཐོག་རྩོམ་རྒྱས་པོ་ཞིག་བྲིས་ཏེ། ཁོ་རང་གིས་འཇིའུ་ཆོས་ལུགས་དང་མཛའ་མཐུན་ཆེན་པོ་ཡོད་པ་མཐོང་།
དེ་ལས་གཞི་རྒྱ་ཆེ་བ་ཞིག་ལ་དུས་རབས་ཁ་ཤས་རིང་པར་ཤི་ཡའི་སྐད་སྤྱོད་མཁན་ཧིན་དུའི་མཁས་པའི་མི་རབས་རྣམས་རྒྱ་གར་མུ་གྷལ་རྒྱལ་རྒྱུད་ནང་དྲུང་ཡིག་ཏུ་ལས་གནས་སྤྲད་པ་དང་པར་ཤི་ཡའི་སྲོལ་རྒྱུན་སྙན་ངག་སློབ་གཉེར་བྱེད་དུ་བཅུག་ནས་སྦྱོང་བརྡར་བཏང་། དེར་བརྟེན་པར་ཤི་ཡའི་རྩོམ་རིག་མང་པོ་ཞིག་ལ་སུ་ཧྥིའི་ཆོས་ལུགས་ཀྱིས་ཤན་ཞུགས་ཡོད། དེ་བཞིན་ཧིན་དུའི་མཁས་པ་དེ་དག་ལས་མང་པོ་ཞིག་རུ་མི་ (Rumi) དང་ཧ་ཧྥེ་ཛེའི་ (Hafez) ལ་སོགས་པའི་ཐུན་མིན་གྱི་རྣམ་དཔྱོད་ལ་དགའ་མགུ་ཡི་རང་ཆེན་པོ་བྱུང་ཡོད་པས། དེར་ཧང་སངས་རྒྱུ་གང་ཡང་མེད། ལེགས་སྦྱར་གྱི་སྐད་པར་ཤི་ཡའི་སྐད་དུ་བསྒྱུར་བ་ཐེ་བའི་ཧིན་དུ་དང་སུ་ཧྥི་དབར་གྱི་གཟི་བརྗིད་ལྡན་པའི་ཐུག་འཕྲད་ཀྱི་ལོ་རྒྱུས་ནི་ཆབ་སྲིད་ཀྱི་རྩོད་རྙོག་གིས་བསྒྲིབས་ཏེ་དེང་དུས་ཀྱི་ལོ་རྒྱུས་དབང་སྒྱུར་བྱས། འོན་ཏེ་མཁས་པ་རྣམས་ཀྱིས་ཡིད་དབང་འཕྲོག་པའི་བྱུང་རབས་དེ་དག་ལ་སློབ་གཉེར་བྱེད་འདོད་ཇེ་ཆེར་སོང་ཡོད་ཅེས་བརྗོད་རྒྱུར་ང་རང་དགའ་བ་ཆེ།
ནང་ཆོས་ལ་མཚོན་ན། སུ་ཧྥིའི་ཆོས་ལུགས་དང་ཐུག་འཕྲད་བྱ་རྒྱུ་ནི་རེ་སྒུག་བྱས་པའི་གོ་སྐབས་ཤིག་ཡིན་རྒྱུ་རེད། འདས་པའི་དུས་སུ་སུ་ཧྥི་དང་ནང་པའི་བར་སྐབས་འགར་བགྲོ་གླེང་བྱུང་བའི་ལོ་རྒྱུས་ཡོད། འོན་ཀྱང་དེ་དག་ངལ་བ་དོན་མེད་ཐོག་ཆ་ཚང་བ་བྱུང་མེད། དབུས་ཨེ་ཤི་ཡའི་སུ་ཧྥིའི་སློབ་དཔོན་ Ala ud-Daula Simnani ལགས་སོག་པོའི་རྒྱལ་པོ་ཨར་རྒུན་ (Arghun) གྱིས་བཙན་ཤེད་ངང་ནང་པའི་དགེ་འདུན་པ་ཚོ་དང་བགྲོ་གླེང་བྱེད་དུ་བཅུག །དེ་ལ་སེམས་གཏིང་ནས་མོས་མཐུན་གནང་འདོད་མེད་ཀྱང་ཁོང་གིས་གོང་སྤེལ་བཏང་བའི་སྒོམ་གྱི་རྣམ་གཞག་མཐོང་བ་དང་བློ་ལ་འཐད་པོ་བྱུང་། ཐེག་ཆེན་གྱི་ལུགས་སུ་ཉམས་ལེན་སྐབས་བྲག་ཆ་གལ་ཆེན་པོ་བརྩི་བ་ལྟར། སྒོམ་ཐབས་དེའི་ནང་འོད་ཀྱི་རང་བཞིན་གྱི་ལུས་སོ་སོའི་གཟུགས་པོའི་ནང་འཐིམ་འགྲོ་བའི་སྟོན་པའི་སྐུ་ཕྲེང་སྔོན་མའི་སྐུ་བརྙན་ཞིག་དམིགས་རྣམ་དུ་བྱེད་པ་གཏོགས་ཡོད།
ཁ་ཆེའི་ཆོས་ནང་གཞུང་འབྲེལ་ཐོག་སྐུ་འདྲ་གསོལ་མཆོད་བྱེད་རྒྱུ་ཁས་ལེན་བྱེད་ཀྱི་མེད། དེ་ནི་པར་ཤི་ཡའི་ནང་བྷུ་ཏ་ (bhut) ལ་གསོལ་མཆོད་པ་བྱེད་པ་དང་འདྲ་བར་བཤད། ཐ་སྙད་དེ་ནི་སངས་རྒྱས་སམ་བུདྡྷ་ལས་བྱུང་། འོན་ཀྱང་རྒྱུན་ལྡན་མིན་པའི་སུ་ཧྥིའི་གཞུང་ལུགས་ཀྱི་འགྲེལ་བའི་ནང་རང་གི་མོས་གུས་ཡོད་པའི་དཀོན་མཆོག་གམ་སུ་ཧྥིའི་སློབ་དཔོན་སུ་ཡིན་རུང་ཕྱག་མཆོད་བྱ་ཡུལ་གྱི་རྟེན་དུ་མཆོད་བསྟོད་བྱེད་ཀྱི་ཡོད། ཧིན་དུ་དང་། ནང་ཆོས། སུ་ཧྥིའི་ཆོས་ལུགས་བཅས་ཀྱི་སེམས་དོན་གྱི་འཆར་སྣང་དག་ཕན་ཚུན་འབྲེལ་བའི་མངོན་འདོད་ནི་དུས་ཚོད་ཐུང་ངུ་འདིའི་ནང་འགྲེལ་བརྗོད་བྱེད་ཁག་པོ་ཡིན། འོན་ཀྱང་གོང་དུ་འབུམ་རམས་པ་ Mir Djalali ལགས་ཀྱིས་གསུངས་པ་དང་། ༸གོང་ས་མཆོག་སྐུ་ཉིད་ནས་གསུངས་པའི་གཏིང་ཟབ་པའི་ནང་སེམས་ཀྱི་སྙིང་སྟོབས་དང་། སྐྱིད་སྡུག་མཉམ་མྱོང་། གཞན་འགྲོ་བ་མི་རྣམས་ངོས་འཛིན་བྱེད་པའི་ཁྲོད་ལས་འབྲེལ་བ་དེ་ཚོད་དཔག་བྱེད་ཐུབ། དེ་རིང་གི་ཐུག་འཕྲད་འདི་ནི་ང་ཚོས་བློ་ཡུལ་དུ་བྱ་རུང་བའི་ལོ་རྒྱུས་ཀྱི་བྱུང་བ་ཞིག་ཡིན། དེར་བརྟེན་གནད་འགག་ཆེ་བའི་བརྒྱུད་རིམ་འདིའི་ཐད་༸གོང་ས་མཆོག་གི་དགོངས་ཚུལ་ལ་ཉན་རྒྱུར་དགའ་མོས་ཤིན་ཏུ་ཆེ། ཐུགས་རྗེ་ཆེ།
༸གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག ངས་སུ་ཧྥིའི་སློབ་དཔོན་ཞིག་ངོ་ཤེས་ཀྱི་ཡོད། ཁོང་ག་ནས་ཕེབས་མིན་གསལ་པོ་ཤེས་ཀྱི་མེད་ཀྱང་པེ་རི་སིར་ (Paris) བཞུགས་ཀྱི་འདུག །ཐེངས་ཤིག་ཆོས་ལུགས་ནང་ཁུལ་གྱི་ཚོགས་འདུ་ཞིག་ཚོགས་པའི་སྐབས་ཁོང་མཇལ་བྱུང་། ཁོང་ནི་ཨོག་ཚོམ་རྙིང་པ་ཡོད་མཁན་གྱི་མི་བཟང་པོ་ཞིག་འདུག །ཡ་མཚན་པ་ཞིག་ལ་ཁོང་ལ་སློབ་སྦྱོང་བྱེད་འདོད་ཆེན་པོ་ཡོད་པའི་བུ་ཞིག་ཡོད་པ་དེ་ཟླ་ཤས་སྔོན་རྒྱ་གར་ནང་ནང་ཆོས་སྦྱོང་བར་བཏང་འདུག །དེ་ནི་རྒྱུན་ལྡན་མིན་པ་ཞིག་རེད། སློབ་དཔོན་དེས་ནང་ཆོས་ལ་སློབ་གཉེར་གནང་འདོད་ཆེན་པོ་འདུག །དེ་ནི་སུ་ཧྥིའི་ཆོས་པ་དང་ང་རང་སྒེར་བར་འབྲེལ་བ་བྱུང་བ་ཞིག་རེད།
ཚོགས་འདུ་གྲུབ་པའི་རྗེས་མི་མང་པོས་སུ་ཧྥི་ཆོས་ལུགས་དང་ནང་ཆོས་བར་འདྲ་ཆོས་མང་པོ་འདུག་ཅེས་གསུང་གི་འདུག །འོན་ཏེ་ང་རང་ལ་མཚོན་ན། སུ་ཧྥི་ཆོས་ལ་ཤེས་བྱ་དང་མྱོང་བ་དེ་ཙམ་མེད། དེར་བརྟེན་པར་ཤི་ཡའི་སྐད་དུ་ཤེས་བྱའམ་རིག་པའི་དོན་ལྡན་པའི་སུ་ཧྥི་ཞེས་པའི་ཐ་སྙད་དེ་བརྗོད་སྐབས། ཤེས་རབ་དང་དཔྱད་པའི་ཐོག་ལ་དོ་ནན་བྱེད་པ་སྟོན་གྱི་འདུག །དེ་ནི་ནང་པའི་ཁྱད་ཆོས་གཅིག་དང་འདྲ་པོ་འདུག །ལྷག་པར་དུ་ལེགས་སྦྱར་གྱི་གཞུང་ནང་། དཔྱད་པ་དང་བརྟག་ཞིབ་བརྒྱུད་ཆོས་རྣམས་བློ་ཡུལ་དུ་གསལ་དུ་གསལ་དུ་འགྲོ་གི་ཡོད། དེས་ན་ཤེས་རབ་ཀྱི་ཐོག་ལ་དོ་སྣང་བྱེད་པ་ནི་དད་པ་ཙམ་མིན་པར་འདྲ་ཆོས་ཤིག་ཡིན། ཁྱེད་རང་གི་གསུང་བཤད་ནང་། ཐ་དད་པའི་རིམ་པ་འགའ་ཞིག་ཡོད་པ་སྣང་གི་འདུག །གཏིང་རིང་པོའམ་ཕྲ་མོའི་ཐོག་ནས་གཙང་མ་དང་། གཞན་ཕན་གྱི་རང་བཞིན་མངོན་པ་དང་། རགས་པའི་ཐོག་ནས་ཉོན་མོངས་མངོན་གྱི་འདུག
འདིས་དཔྱད་པ་བྱེད་དགོས་པ་བསྟན་གྱི་ཡོད་ཅིང་། ཉོན་མོངས་དེ་དག་སྤོང་བའི་བརྒྱུད་རིམ་ལ་དཔྱད་པ་བྱེད་དགོས། གལ་ཏེ་ཉོན་མོངས་དེ་དག་ང་ཚོའི་རང་བཞིན་ལ་ཞུགས་ཡོད་ན། ནམ་ཡང་སྤོང་མི་ཐུབ། དེ་ཧ་ཅང་ཁག་པོ་ཞིག་ཏུ་འགྱུར་ངེས། དེར་བརྟེན་ཁྱེད་ཀྱིས་ཕྲ་མོ་དང་རགས་པའི་རིམ་པ་ཕྱེས་པ་དང་། བདག་ཕྲ་མོའི་གོ་བ་ཕྲ་མོ་དང་། རགས་པའི་ཐོག་ནས་ཉོན་མོངས་དེ་དག་སྤོང་ནུས་པ་ཡིན། དེ་ནི་ནང་པའི་བསམ་བློ་དང་འདྲ་པོ་འདུག །ཁྱེད་ཀྱིས་ད་དུང་དམིགས་རྣམ་དུ་བྱེད་ཚུལ་དང་ཡིད་ལ་བྱེད་ཚུལ་ཞིག་གསུངས་སོང་། དེའང་ནང་ཆོས་ནང་ང་ཚོས་ཉམས་ལེན་བྱེད་ཀྱི་ཡོད།
ངས་ལས་འཆར་འདིའི་སྐོར་གོ་བ་དང་། སློབ་སྦྱོང་བྱ་རྒྱུའི་འདོད་པ་བྱུང་། སུ་ཧྥི་ཆོས་ལུགས་ཐད་ངས་གང་ཡང་མི་ཤེས་ཀྱང་ད་ལན་འདི་ནས་བློ་སྐྱེད་གསར་པ་འགའ་ཐོབ་བྱུང་། ད་དུང་ངའི་ཤེས་རྒྱ་ཚད་ཅན་ཞིག་ལས་མ་འདས། དེར་བརྟེན་བསམ་ཚུལ་ཅི་ཤོད་འདི་ཤོད་མི་འདུག །གཞི་རྩའི་ཆ་ནས་ངའི་བསམ་པར། ཆོས་ལུགས་ཆེ་ཁག་ཚང་མས་ཐབས་ལམ་མི་འདྲ་བ་བེད་སྤྱོད་བྱེད་ཀྱི་ཡོད་སྟབས། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཆོས་ལུགས་ཀྱིས་དཀོན་མཆོག་ལ་རྩེ་གཅིག་ཏུ་དད་པ་དང་བཀའ་བརྩི་དང་ལེན་དགོས་ཚུལ་གསུང་གི་ཡོད། དད་པའི་གྲུབ་ཆ་འདི་གོང་སྤེལ་གཏོང་ཆེད་དཀོན་མཆོག་སྟེ་འཇིག་རྟེན་བཀོད་པ་པོའི་རྣམ་གཞག་གསུང་གི་ཡོད་ཅིང་། རང་ཉིད་གཞན་གང་ཡང་མིན་པར་དཀོན་མཆོག་གིས་བཀོད་པའི་སེམས་ཅན་ཞིག་ཡིན། ཤུགས་ཆེ་བའི་དད་པ་འདིས་རང་འགུལ་ངང་བདག་འཛིན་ཤུགས་ཆུང་དུ་གཏོང་གི་ཡོད། ནང་པ་ལ་མཚོན་ན། བདག་འཛིན་ལ་གཉེན་པོ་སྟེན་ཆེད་ང་ཚོས་རང་དབང་དུ་གྲུབ་པའི་བདག་ཁས་ལེན་གྱི་མེད། དེར་བརྟེན་ཐབས་ལམ་འདྲ་མིན་སྣ་ཚོགས་ཡོད་ཅིང་བདག་འཛིན་མེད་པ་བཟོ་བའི་ཐད་དེ་དག་གི་ནུས་པ་ཧ་ལམ་འདྲ་པོ་ཡོད་སྲིད། བདག་འཛིན་ནི་ཁོང་ཁྲོ་དང་། ཕྲག་དོག དོགས་པ་སོགས་མི་དགེ་བའི་བློ་ཀུན་གྱི་རྟེན་ཡིན། གང་ཡིན་ཟེར་ན། རང་ཤེད་ཧ་ཅང་ཆེ་བའི་ཚོར་བ་ནི་དཀའ་ངལ་གྱི་འབྱུང་རྩ་ཆགས་ཡོད། ཆོས་ལུགས་ཆེ་ཁག་ཚང་མས་བྱམས་པ་དང་། སྙིང་རྗེ། བཟོད་པ། བཟོད་གསོལ་སོགས་དགོས་ཚུལ་གསུང་གི་ཡོད། མཐར་དཀོན་མཆོག་ལ་ཡིད་ཆེས་ཡོད་པའི་ཆོས་ལུགས་དེ་དག་ཚང་མས་དཀོན་མཆོག་ནི་བརྩེ་བའི་བདག་ཉིད་ཅིག་ཏུ་འགྲེལ་བརྗོད་བྱེད་ཅིང་། བྱམས་པ་དེའི་རིན་ཐང་ལ་ཡིད་ཆེས་བརྟན་པོ་རྙེད་དེ། རང་ངོས་ནས་བྱམས་པ་དང་སྙིང་རྗེ་སྦྱོང་བར་འདོད་པ་སྐྱེ་བར་ཕན་ཐོགས་ཆེན་པོ་ཡོད།
ད་ཐེངས་ཀྱི་ཐུག་འཕྲད་འདིས་ཤེས་རབ་ཀྱི་ཐོག་ལ་དོ་ནན་ཆེ་བ་ཡོད་པར་སྣང་། ཨེ་ཐཱ་ཁའི་ (Ithaca) ནང་གི་སྡེ་ཚན་ཆུང་ཆུང་གཅིག་གི་འགོ་ཁྲིད་ཅིག་ཡོད། ཁོང་ནི་ཕུལ་བྱུང་གི་གང་ཟག་ཅིག་ཡིན་ཅིང་། སྤྱིར་ཆོས་ལུགས་ཐ་དད་པ་ཀུན་དང་ལྷག་པར་དུ་རྒྱ་གར་གྱི་སྲོལ་རྒྱུན་ཆོས་ལུགས་མི་འདྲ་བ་ཚང་མ་གཅིག་པར་ཡིད་ཆེས་གནང་གི་ཡོད། ཁོང་གིས་ཆོས་ལུགས་ཁག་གི་གནད་འགག་གཅིག་པར་དགོངས་པ་དང་ཡིད་ཆེས་དེའི་ཐོག་ནས་ལྟ་གྲུབ་ཚང་མའི་འདྲ་ཆོས་རྣམས་གསལ་པོ་བཟོ་ཐབས་གནང་། འོན་ཏེ་དེ་ལྟར་བྱ་རྒྱུ་ཧ་ཅང་ཁག་པོ་འདུག་ཅེས་ང་ལ་གསུངས་བྱུང་། ངེད་གཉིས་བློས་ཐུབ་གྲོགས་པོ་ཡིན་སྟབས། ངས་ལྟ་གྲུབ་མི་འདྲ་བའི་དབར་གྱི་འགའ་ཟླ་དང་ཁྱད་པར་རྣམས་མཐུན་པོ་བཟོ་ཐབས་བྱེད་པར་ཐེངས་གཅིག་ཁོང་གིས་ང་ལ་སྐྱོན་བརྗོད་གནང་སྐབས། ཁྱེད་རང་གིས་གནང་བ་དག་ཧ་ལམ་ནོར་བ་དང་དགོས་མཁོ་མི་འདུག་ཅེས་ཁོང་ལ་བཤད་པ་ཡིན།
ནང་པའི་མཁས་དབང་ཚང་མས་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་གཞན་གྱི་ཐད་དྲི་བ་ཐ་དད་པ་དྲིས་པ་དང་རྩོད་གླེང་དུ་མ་མཛད་ཡོད། དེ་དག་ལས་སློབ་དཔོན་ཆོས་ཀྱི་གྲགས་པས་རྩོད་པའི་ཡུལ་ཏེ་གྲུབ་མཐའ་གཞན་གྱི་ལྟ་གྲུབ་ལ་སློབ་སྦྱོང་གནང་འདོད་ཆེན་པོ་ཡོད། འོན་ཀྱང་སློབ་གཉེར་བྱ་རྒྱུ་ཧ་ཅང་ཁག་པོ་ཡོད། གང་ཡིན་ཞེ་ན། ལྟ་གྲུབ་ཀྱི་དཀའ་གནད་གཏིང་ཟབ་པ་རྣམས་ཡིག་ཐོག་ཏུ་མེད་ལ་དམངས་ཁྲོད་དུ་གསང་རྒྱ་མེད་པར་འཆད་ཁྲིད་བྱེད་སྲོལ་མེད་ཅིང་། དགེ་རྒན་གྱིས་རང་གི་ཆ་འཇོག་བྱེད་སའི་སློབ་མ་གཉིས་སམ་གསུམ་ཙམ་ལ་ངག་ཐོག་ཁོ་ན་ནས་འཆད་ཁྲིད་བྱེད་ཀྱི་ཡོད། འཁྱུག་ཙམ་རིང་ཁོང་ཧིན་དུའི་སློབ་དཔོན་ཞིག་གི་ཞབས་ཏོག་པ་གནང་ནའང་། ད་དུང་གསང་ཆོས་དེ་དག་ཐོབ་ཐུབ་མེད། དེ་ནས་ཁོང་གིས་སློབ་དཔོན་གྱི་བདག་མོར་རེ་སྐུལ་ཞུས་པས། བདག་མོས་སློབ་དཔོན་གྱི་སྙན་ལམ་དུ་ཁོང་ལ་དད་སེམས་དང་དོན་གཉེར་གྱི་བསམ་པ་ལྡན་སྐོར་ཞུས་ཀྱང་ད་དུང་ཇི་བཞིན་མ་གྲུབ། དེ་རྗེས་བདག་མོའི་སེམས་ནང་ཐབས་ཤེས་ཤིག་དྲན་ཏེ། སློབ་དཔོན་ཆོས་གྲགས་ཉལ་ཁྲིའི་འོག་ཏུ་ཡིབ་ནས་བདག་མོས་སློབ་དཔོན་དེར་དྲི་བ་དྲིས་པས་ཆོས་གྲགས་ཀྱིས་ཐོས་ཐུབ་པ་བྱུང་། དེར་བརྟེན་ནང་པའི་རིག་པ་སྨྲ་བ་ཆེན་པོ་འདིས་ཐོག་མར་སློབ་གཉེར་མཐིལ་ཕྱིན་གནང་། དེ་ནས་ལྟ་གྲུབ་ཀྱི་གནད་ལ་བགྲོ་གླེང་གནང་ཡོད། ནང་ཆོས་ནང་དུའང་། དྲི་བ་དང་རྩོད་པ་མང་པོ་བྱས་ཡོད། དེ་ལ་བརྟེན་ནས་གྲུབ་མཐའ་བཞི་བྱུང་། རེ་རེའི་ནང་དུའང་ནང་གསེས་སྡེ་ཚན་འབྱེད་རྒྱུ་ཡོད། རྩོད་པར་བརྟེན་དེ་འདྲ་བའི་ལྟ་ཚུལ་ཐ་དད་པ་ཡོང་གི་ཡོད། དེས་ན་ངས་རང་གི་གྲོགས་པོ་ཁོང་ལ་བྱ་བ་དེ་ཧ་ཅང་ཁག་པོ་རེད། གང་ཡིན་ཞེ་ན། ནང་པའི་མཁས་དབང་དེ་དག་ཚང་མས་ཆོས་ལུགས་གཞན་གྱི་ལྟ་གྲུབ་མཐིལ་ཕྱིན་པ་མཁྱེན་ནས་ཁྱད་པར་དེ་དག་ངོས་འཛིན་གནང་ཡོད་ཅེས་བཤད་པ་ཡིན།
གལ་སྲིད་རྒྱ་གར་གྱི་ཚད་ལྡན་གཞུང་ལུགས་ཁག་ལ་བལྟས་ན། སློབ་དཔོན་མང་པོ་ཞིག་ལ་སྲོལ་རྒྱུན་གྱི་གྲུབ་མཐའ་གཞན་ལ་གོ་བ་གཏིང་ཕྱིན་པ་ལོན་ནས་རྩོད་པའི་གནས་ལ་བྱང་ཆུབ་པ་དང་ཡོངས་སུ་སྨིན་པ་ཤ་སྟག་ཡིན་ཅིང་། རང་ལུགས་གཏན་ལ་ཕབ་པས་ལས་སླ་པོར་རྩོད་ཟླར་མི་རུང་རིག་པའི་གནོད་པ་ཟུག་མི་ཐུབ། དེ་ལྟར་རིག་པས་དགག་བཞག་གི་རྩོད་པ་བྱེད་སའི་རང་གཞན་གྱི་གཞུང་ལུགས་ཀུན་ལ་མཁས་པར་བྱས་ཏེ་དགག་བཞག་སྤོང་གསུམ་གནང་གི་ཡོད། མཁས་དབང་དེ་དག་གིས་ཕྱི་རྒོལ་གྱི་འདོད་པ་དཔྱིལ་ཕྱིན་མཁྱེན་ཏེ་གོ་རྟོགས་དེ་ཡང་རྩེར་སོན་ཕྱིར་ནུས་ཤུགས་ཡོད་རྒུས་ཐུན་མིན་གྱི་ཁྱད་པར་ཐད་རིག་པས་བརྡར་ཤ་གཅོད་ཀྱི་ཡོད། དེར་བརྟེན་ཁྱད་པར་ཡོད་པ་རྣམས་ཚང་མ་གཅིག་གྱུར་བཟོ་རྒྱུ་གནད་འགག་མ་ཡིན།
སྔོན་དུ་ངས་བཤད་དགོས་པ་ཞིག་ལ་ནང་ཆོས་ཀྱི་ནང་དུའང་། ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་མང་པོ་ཡོད་ཅིང་ཕལ་ཆེ་བ་སངས་རྒྱས་ཉིད་ཀྱིས་བསྟན་པ་ཡིན་པ་མ་ཟད། དེ་དག་ཚང་མ་སངས་རྒྱས་སམ་དགེ་རྒན་གཅིག་གི་བཀའ་ཡིན། ནམ་རྒྱུན་ངས་མི་རྣམས་ལ་འགལ་འདུ་ཅན་གྱི་ལྟ་གྲུབ་དེ་དག་ནི་སངས་རྒྱས་ཀྱི་ཐུགས་ལ་ངེས་བརྟན་མེད་པར་གསུངས་པ་ཞིག་མ་རེད་ཅེས་བརྗོད་ཀྱི་ཡོད། དུས་མི་འདྲ་བར་ཆོས་མི་འདྲ་བ་གསུང་གི་ཡོད། དེ་བཞིན་སངས་རྒྱས་ཀྱིས་ཆོས་སྣ་ཚོགས་བསྟན་པ་དེ་དག་གང་གིས་གསལ་པོ་མ་མཁྱེན་པར་གསུང་པའམ་མི་རྣམས་ལ་མགོ་རྙོག་བཟོ་ཆེད་རྩ་བ་ནས་མ་ཡིན། ལན་ནི་མི་འདྲ་བ་དེ་དག་དགོས་ངེས་ཅན་ཞིག་ཆགས་ཡོད། སངས་རྒྱས་ཀྱི་སློབ་མའི་ཁྲོད་དུ་ཐབས་ལམ་སྣ་ཚོགས་དགོས་པའི་ཁམས་དང་མོས་པ་མི་གཅིག་པའི་གདུལ་བྱ་སྣ་ཚོགས་ཡོད། སེམས་དོན་རིག་པའི་ནང་ཐབས་ལམ་སྣ་ཚོགས་ཟེར་དུས་ལྟ་གྲུབ་སྣ་ཚོགས་ལ་གོ་དགོས། དེ་དག་ཚང་མ་དགེ་མཚན་ཆེ་ཞིང་དམིགས་ཡུལ་བཟང་པོ་ཞིག་ལ་དམིགས་ཡོད། སེམས་ཅན་ཐམས་ཅད་ཀྱི་བདེ་དོན་དང་སྙིང་རྗེ་དང་ལྡན་པའི་མི་ཞིག་ཆགས་རྒྱུའི་དམིགས་ཡུལ་བཟུང་ཡོད། དེར་བརྟེན་ཚང་མ་གཅིག་པ་འདྲ་པོ་བཟོ་རྒྱུའི་ཚབ་ལ་དེ་འདྲ་ཞིག་བསམ་བློ་གཏོང་ན་སྙམ། དེ་ནི་ངའི་ཐབས་ལམ་དང་བསམ་བློ་གཏོང་སྟངས་ཡིན།
སུ་ཧྥིའི་མཁས་དབང་རྣམས་ཀྱིས་གསུངས་པ་བཞིན། སུ་ཧྥི་ཆོས་དང་ནང་ཆོས་དབར་འདྲ་བའི་ཆོས་དུ་མ་ཡོད། འོན་ཏེ་ནང་ཆོས་དང་། གཅེར་བུ་པ། གྲངས་ཅན་པའི་བར་ལྟ་གྲུབ་ཀྱི་ཆ་ནས་འདྲ་བའི་ཆོས་མང་པོ་ཡོད། དེ་གསུམ་གྱིས་འཇིག་རྟེན་བཀོད་པ་པོ་ཁས་ལེན་གྱི་མེད། ང་ཚོ་སོ་སོ་རང་ཉིད་བཀོད་པ་པོ་ཡིན། གང་ཡིན་ཞུས་ན། ཐམས་ཅད་རང་གི་ལས་དང་ཀུན་སློང་ལ་བརྟེན་ནས་ཡོང་གི་ཡོད། འོན་ཀྱང་ང་ཚོས་ཁྱད་པར་འབྱེད་དགོས་པ་ཡིན། ནང་པའི་སྲོལ་རྒྱུན་ནང་། ཆོས་རྣམས་ཀྱི་འབྱུང་རྩ་འགྲེལ་བརྗོད་བྱ་རྒྱུར་རྒྱུ་འབྲས་ཀྱི་རྣམ་གཞག་དེ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། ཁྱད་པར་གཅིག་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་བར་གྱི་རྒྱུ་འབྲས་ཀྱི་འགྲོ་སྟངས་དེ་ཡིན། མ་གཞི་གཉིས་ཀ་རང་རང་གི་རྒྱུ་ལ་བརྟེན་ནས་བྱུང་ནའང་། རྒྱུ་འབྲས་ཀྱི་རྣམ་གཞག་ནང་བདེ་བ་དང་སྡུག་བསྔལ་ཞེས་པ་ནི་རང་རྒྱུད་ལ་རིག་པའམ་ཤེས་པའི་ནུས་པ་ཡོད་པའི་སེམས་ཅན་འབའ་ཞིག་གིས་མྱོང་ཐུབ་ཀྱི་ཡོད།
གླུ་གཞས་དང་རོལ་དབྱངས་ལྟ་ཅི་སྨྲོས་སྲོལ་རྒྱུན་ཚང་མར་ཐུན་མོང་གི་ཉམས་ལེན་རེ་ཡོད། ཐ་སྙད་གཅིག་པ་ཡིན་མིན་ལ་མ་ལྟོས་པར། ང་ཚོས་སོ་སོའི་ཉམས་མྱོང་གི་ཐོག་ནས་རོལ་མོར་ཉན་མཁན་ཚོར་ཤུགས་རྐྱེན་མི་འདྲ་བ་སྦྱིན་གྱི་ཡོད། དེར་བརྟེན་འདྲ་བའི་ཆ་གཞན་ཞིག་ཡིན། འོན་ཀྱང་སྐབས་རེ་མི་རྣམས་རོལ་མོར་ཧ་ཅང་ཆགས་ཏེ་དོན་དག་ངོ་མ་དེ་གཏིང་ནས་བརྗེད་འགྲོ་གི་ཡོད། བོད་པའི་དགོན་སྡེ་མང་པོའི་ནང་ཆོ་ག་ཕྱག་ལེན་ལ་ཧ་ཅང་དགའ་པོ་ཡོད། གང་ཡིན་ཟེར་ན། ཆོ་ག་ཉམས་ལེན་བྱེད་པ་ནི་རོལ་དབྱངས་ཀྱི་ཡོ་ཆས་བེད་སྤྱོད་བྱ་རྒྱུའི་གོ་སྐབས་ཤིག་ཡིན། འོན་ཀྱང་ཁོང་ཚོས་སློབ་སྦྱོང་ལ་དོ་སྣང་དེ་ཙམ་སྤྲོད་ཀྱི་མེད། གནས་སྟངས་དེ་ལྟའི་སྐབས་བོད་པའི་སློབ་དཔོན་ཞིག་གིས། “མི་རྣམས་ཀྱིས་རྩ་བ་དོར་ནས་ཡལ་གར་ཆགས་ཀྱི་འདུག” །ཅེས་གསུངས་ཡོད།
འབུམ་རམས་པ་ Fatemeh Kesharvar ༸གོང་ས་མཆོག །ཧ་ལམ་ཁྱེད་ནས་བཟུང་འདྲ་ཆོས་དེ་དག་དང་ཁྱད་པར་དེ་དག་གནད་ལ་ཁེལ་པོས་འགྲེལ་བརྗོད་སྐྱོན་པ་རྣམས་ལ་བལྟས་ན་དངོས་གནས་བློ་ལ་འཐད་པོ་ཞེ་དྲགས་འདུག །དཔེར་ན། རོལ་དབྱངས་ལ་མཚོན་ན་དེ་ནི་རྩ་བར་འཇུག་པའི་ལམ་ཞིག་ཏུ་མཐོང་བ་ལས་ལོགས་སུ་འཇུག་མཁན་ཞིག་མ་ཡིན། གཞན་ཡང་དེ་ནི་རང་གི་བློ་སྒོ་འབྱེད་པའི་ལག་ཆ་ཞིག་ཡིན་ཅིང་དེ་ལ་བརྟེན་ནས་སྒོམ་ཉམས་ལེན་ལ་འཇུག་ཐུབ། རོལ་དབྱངས་ནི་ཕལ་ཆེར་སྒོམ་དང་འདྲ་ཞིང་སྤྲོ་སྐྱིད་དང་དུས་ཚོད་སྐྱེལ་ཆེད་མ་ཡིན། དེར་བརྟེན་དེ་ནི་སྨོན་ལམ་གྱི་རིགས་ཤིག་ཡིན། འོན་ཀྱང་ངས་ད་དུང་བཀའ་འདྲི་ཞུ་རྒྱུ་ཞིག་ལ་སུ་ཧྥིའི་སྲོལ་རྒྱུན་གྱི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་ངས་ག་དུས་ཡིན་ཀྱང་དཀོན་མཆོག་ནི་རང་ཉིད་ལས་ཐ་དད་དུ་མེད་པར་བསམ་གྱི་ཡོད་ཅིང་དེར་ས་མཚམས་འདྲ་པོ་གང་ཡང་མེད། རང་ལས་ཐ་དད་དུ་ཡོད་པ་ནི་འཇིག་རྟེན་བཀོད་པ་པོ་མིན་ཅིང་། གལ་ཏེ་ངས་དཀོན་མཆོག་ལ་དོ་སྣང་བྱས་ན་དེ་ནི་རང་གི་སེམས་ནང་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་ཡིན། དེས་ན་རང་དང་དཀོན་མཆོག་བར་ས་མཚམས་ཅི་ཡང་མེད། ང་ཚོ་མིའི་ལུས་རྟེན་དུ་གནས་ཀྱང་ང་ཚོར་བློ་སྒོ་འབྱེད་པའི་ནུས་པ་ཡོད་ཅིང་། རྒྱ་མཚོའི་ནང་ཆུ་ཐིགས་ཟགས་པ་ལྟར་ཡོང་ནའང་། མཐར་ཐིགས་པ་ཙམ་མིན་པར་རྒྱ་མཚོ་དང་གཉིས་སུ་མེད་པར་འགྱུར་ཞེས་སུ་ཧྥིའི་ཆོས་པ་མང་པོས་བརྗོད་ཀྱི་རེད་ཅེས་བཤད་ན་འུད་གཏམ་ཞིག་ཆགས་ཀྱི་མ་རེད་བསམ་གྱི་འདུག ཐུགས་རྗེ་ཆེ།
༸གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག ངའི་བསམ་པར། ཁྱེད་ཀྱིས་བདག་གི་རིམ་པ་མི་འདྲ་བ་ཞིག་གསུངས་སོང་། གཏིང་ཟབ་པོའི་རིམ་པ་ཞིག་སྟེ་ནང་པས་དེ་ལ་སྐབས་རེ་སངས་རྒྱས་ཀྱི་རིགས་ཞེས་བརྗོད་ཀྱི་ཡོད། སངས་རྒྱས་ཀྱི་རིགས་ནི་ང་ཚོའི་རྒྱུད་ལ་ཡོད་པའི་སངས་རྒྱས་རུང་གི་ནུས་པར་ཟེར། ཡང་ན་ང་ཚོས་དཀོན་མཆོག་ཅེས་བརྗོད་ནའང་ཆོག །ཉེ་ཆར་རྒྱ་གར་ནང་ཡེ་ཤུའི་གྲོགས་པོ་ཚོ་དང་མཉམ་དུ་བགྲོ་གླེང་ཚོགས་འདུ་འགའ་ཚོགས་པའི་སྐབས། མི་གཅིག་གི་འགྲེལ་བཤད་གནང་སྟངས་མི་འདྲ་བ་ཞིག་འདུག །ཁོང་གིས་དཀོན་མཆོག་ནི་ང་ཚོའི་རྒྱུད་ལ་ཡོད་པ་དང་ང་ཚོས་ཉམས་ལེན་བྱས་ན་དེ་གྲུང་པོ་བཟོ་གི་ཡོད་ཅེས་གསུངས་སོང་། འགྲེལ་བཤད་དེ་ནི་ངོས་ལ་གསར་པ་རེད་འདུག དཀོན་མཆོག་ལ་སྨོན་ལམ་འདེབས་པ་དང་ཡིད་ཆེས་བྱེད་པ་ནི་ལམ་ཞིག་ཏུ་འདོད་པའི་བསམ་ཚུལ་དེ་ནི་སུ་ཧྥི་ཆོས་ལུགས་ལའང་གཅིག་པ་ཡོད་པ་འདྲ། དེ་ནི་ནང་པའི་ཉམས་ལེན་ནང་གཅིག་མཚུངས་ཡོད།
སློབ་དཔོན་ཆེན་མོ་ Professor Ahmet Karamastaffa དེ་ནི་ང་རང་གིས་ཤེས་ཐབས་བྱེད་བཞིན་པ་དེ་ཡིན་ཞིང་། བདག་ནི་རྩ་བའི་ཆ་ནས་ལྐོག་འགྱུར་དུ་ལུས་པའི་གནད་ཅིག་སྟེ་ང་ཚོས་གསལ་པོ་བཟོ་ཐབས་བྱེད་བཞིན་ཡོད། ཁྱེད་ཀྱིས་གཏིང་ཚུགས་པའི་བདག་ཅེས་པའི་ཐོག་ནས། ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པ་དང་རྒྱུ་མཚན་དེ་ལ་བརྟེན་ནས་བྱམས་བརྩེ་དང་སྙིང་རྗེ། རང་ཤེད་མེད་པ་ཡོང་གི་ཡོད། འོན་ཀྱང་སྨོན་ལམ་འདེབས་པ། རོལ་དབྱངས། གླུ་གཞས་བཅས་ཀྱི་ཐོག་ནས་ང་ཚོས་འབད་བརྩོན་སྟེན་དགོས། དེ་དག་ནི་སྒྲིབ་བྱེད་བསལ་ནས་གསལ་པོ་བཟོ་ཐབས་བྱེད་པ་དང་འདྲ།
༸གོང་ས་མཆོག་གི་གསུང་སྒྱུར་བ། སྒྲིབ་བྱེད་སེལ་བའི་དཔེ་ནི་ཧ་ཅང་འདྲ་པོ་སྣང་། ནང་པའི་གཞུང་ནང་དུའང་དཔེ་དེ་དང་གཅིག་པ་མཇལ་རྒྱུ་ཡོད།
སློབ་དཔོན་ཆེན་མོ་ Ahmet Karamastaffa སུ་ཧྥི་ཆོས་ལུགས་ནང་དུའང་དོན་དངོས་སུ་ (བུད་མེད་ཀྱིས་སྐད་སྒྲ་འབྱིན་པ། ཙོང་གི་པགས་པ་བཤུ་བ།) སྐབས་རེ་མི་རྣམས་ལ་བདེན་དོན་དེ་ཤེས་རྟོགས་བྱེད་པར་རོགས་རམ་སླད་གྲངས་ཀྱི་སྒོ་ནས་སྟོན་ཅིང་། སྒྲིབ་བྱེད་དམ་གདོང་ཡོལ་སྟོང་ཕྲག་བདུན་བཅུ་ཐམ་པ་ཡོད། གདོང་ཡོལ་གྱིས་བཀབ་པ་སྟོང་ཕྲག་བདུན་བཅུ་ཡོད་ཅིང་། ལྐོག་ཏུ་གྱུར་བའི་བདེན་པ་མ་གསལ་བར་དེ་དག་རེ་རེ་བྱས་ཏེ་སེལ་དགོས།
༸གོང་ས་མཆོག་གི་གསུང་སྒྱུར་བ། ནང་པའི་སྔ་རབས་ཚད་ལྡན་གྱི་གཞུང་ནང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གསུང་གི་ཡོད།
སློབ་དཔོན་ཆེན་མོ་ Ahmet Karamastaffa ཁྱེད་རང་ཚོར་མང་བ་འདུག (གད་མོ།)
༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག གྲངས་ཀྱི་ཆ་ནས་འདྲ་པོ་ཡོད་ཀྱང་། ཁ་གསང་པོ་བྱས་ཞུས་ན། གཞུང་ནང་ཉོན་མོངས་གྲངས་བརྒྱད་ཁྲི་བཞི་སྟོང་གསུང་ཡོད་ཀྱང་། བྱེ་བྲག་ཏུ་བཀར་ན་འགྲེལ་བཤད་དེ་སྤྱིའི་ཆ་ནས་ཡིན། ཉི་ཁྲི་ཆིག་སྟོང་སྡེ་ཚན་འདིའི་ནང་བསྡུ་བ་དང་ཉི་ཁྲི་ཆིག་སྟོང་དེའི་ནང་བསྡུ་གི་ཡོད། (ཞལ་གད།)
སློབ་དཔོན་ཆེན་མོ་ Ahmet Karamastaffa ཧ་ཅང་འདྲ་པོ་འདུག །སུ་ཧྥི་སེམས་དོན་གྱི་འགྲུལ་བཞུད་ཁྲོད་དུའང་ལམ་གྱི་རིམ་པ་མང་པོ་ཞིག་ཕྱེས་ཡོད་ཅིང་། རིམ་པ་རེ་རེར་བར་ཆད་མང་པོ་ཡོད་པ་དང་དེ་དག་སེལ་ཕྱིར་རྩོལ་བ་བསྟེན་ན་མཐར་སེམས་དོན་གྱི་འགྲུལ་བཞུད་ལེགས་གྲུབ་འབྱུང་གི་ཡོད། དེ་ལྟར་ཁྱེད་ཀྱིས་འབད་བརྩོན་བྱས་ན། བདག་འཛིན་ལ་གོ་སྐབས་ཐོབ་ཀྱི་མེད། དེ་ནི་ཐིགས་པ་ཞིག་ཡིན་ཅིང་། ཐིགས་པ་དེ་རྒྱ་མཚོའི་ནང་སླེབས་དུས་རྒྱ་མཚོ་དང་གཉིས་སུ་མེད་པ་ཆགས་ཀྱི་ཡོད། ངའི་བསམ་པར། རྒྱབ་ལྗོངས་ཀྱི་བསམ་ཚུལ་དེ་འདྲ་རེད།
༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག བསྐྱར་དུ་འདྲ་པོ་གསུང་གི་འདུག །ནང་པའི་གཞུང་ནང་ང་ཚོར་ཆུ་ཐིགས་ཀྱི་དཔེ་མེད་ཀྱང་། ཆུ་ཕྲན་མི་འདྲ་བ་རྣམས་མཐར་རྒྱ་མཚོའི་ནང་གཅིག་ཏུ་བསྡུ་བ་གསུང་གི་ཡོད།
སློབ་དཔོན་ཆེན་མོ་ Ahmet Karamastaffa རེད། རེད། དེ་ག་རང་རེད།
འབུམ་རམས་པ་ Fatemeh Kesharvar ༸གོང་ས་མཆོག །ཁྱེད་ཀྱིས་གང་གི་གསུང་རྩོམ་ནང་སྙན་རྩོམ་ཐུང་ངུའི་རིགས་དང་ཚིགས་སུ་བཅད་པའི་ལུང་ཚིག་མང་པོ་འདྲེན་གྱི་འདུག །ལུང་འདྲེན་དེ་དག་བློ་སྟོབས་སྤེལ་བ་དང་སྒོམ་སྒྲུབ་ཆེད་ཡིན་ནམ། ང་རང་ལ་ཤེས་འདོད་ཆེན་པོ་འདུག །དེ་ཁྱེད་རང་གི་སྲོལ་རྒྱུན་གྱི་ཆ་ཤས་ཤིག་རེད་དམ།
༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག སྤྱིར་བཏང་ནས་གཞུང་དེ་དག་ཚང་མ་དང་གནའ་བོའི་རྒྱ་གར་མཁས་པ་རྣམས་ཀྱིས་བརྩམས་པའི་ཚིག་བཅད་དེ་དག་ངེད་ཚོས་ཕྲུ་གུའི་དུས་ནས་བཟུང་བློ་འཛིན་བྱེད་དགོས་ཀྱི་ཡོད། དེང་སང་ང་རང་སྒོམ་ཉམས་ལེན་བྱེད་སྐབས། ངས་ཚིགས་བཅད་དེ་དག་ལས་ཁ་ཤས་ཁ་ནས་བཏོན་ཏེ་དེ་དག་གི་དོན་ལ་བསམ་ཞིབ་བྱེད་ཀྱི་ཡོད། དེ་ནི་ཕན་ཐོགས་ཧ་ཅང་ཆེན་པོ་འདུག །ནང་པའི་ཉམས་ལེན་པ་རྣམས་ཀྱི་ཁྲོད་དུ་སྒོམ་ཆེན་པ་ཁག་ཅིག་གིས་ཆོ་ག་ཕྱག་ལེན་གྱི་ཆ་ཤས་སུ་རོལ་མོ་བེད་སྤྱོད་བྱེད་ཀྱི་འདུག །འོན་ཀྱང་དེ་ནི་ངའི་ཐབས་ཚུལ་གྱི་ཆ་ཤས་གལ་ཆེན་ཞིག་མ་ཡིན།
རི་ཁྲོད་ལ་གནས་པའི་སྒོམ་ཆེན་པ་ཞིག་གི་ལོ་རྒྱུས་ཤིག་ཡོད། ཁོང་གི་གཡས་གཡོན་དུ་སྒོམ་ཆེན་པ་གཞན་ཁ་ཤས་ཀྱང་ཡོད། སྒོམ་ཆེན་པ་རྣམས་སོ་སོར་གནས་ཤིང་རང་རང་སོ་སོས་སྨོན་ལམ་དབྱངས་སུ་ཐེན་པ་དང་། དབྱངས་རྟ་མཇུག་མ་རྫོགས་གོང་རིམ་གྱིས་གདངས་ཉམས་འགྲོ་གི་ཡོད། སྐབས་དེར་སྒོམ་ཆེན་པ་གཅིག་གིས་གཞན་རྣམས་གཉིད་ཤོར་ཡོད་བཟོ་འདུག་བསམས་ཏེ། ཁུ་སིམ་པོར་བལྟ་བར་བསྐྱོད་པ་དང་གཞན་རྣམས་སྒོམ་ཉམས་ལེན་བྱེད་པ་གཟིགས། དེས་ག་རེ་སྟོན་གྱི་ཡོད་ཟེར་ན། སྒོམ་ཆེན་པ་དེས་ཞལ་འདོན་དབྱངས་སུ་འཐེན་པ་ནི་སེམས་ཀྱི་གནས་བབས་ངེས་ཅན་ཞིག་སྐྱེད་པའི་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པར་བསྟན། སེམས་ཀྱི་གནས་བབས་དེར་སླེབས་པ་དང་སྒྲ་རྣམས་ཤུགས་ཆུང་དུ་སོང་ནས་སེམས་རྩེ་གཅིག་པར་གཏོད་པ་ཡོང་ཤས་ཆེ། དེ་ནི་སྒྲ་ལས་འདས་པ་འདྲ་པོར་རེད། སྒྲ་གདངས་ཡོད་པའི་ཚེ། རྣ་ཤེས་ཀྱིས་བྱ་བ་བྱེད་པ་དང་དངོས་གཞིའི་སྒོམ་ཉམས་ལེན་སྐབས་དབང་ཤེས་ལྔ་རྦད་དེ་བག་ལ་ཉལ་གྱི་ཡོད།
སློབ་དཔོན་ཆེན་མོ་ Ahmet Karamastaffa ༸གོང་ས་མཆོག །སུ་ཧྥིའི་ཆོས་ཉམས་ལེན་ནང་དུའང་གཅིག་པ་ཡོད། དེ་ནི་ང་ཚོས་ཉམས་ལེན་བྱེད་བཞིན་པའི་ཛི་ཀར་ (zikr) ཞེས་བྱ་བ་དེ་ཡིན། དེ་ནི་གཟུངས་སྔགས་ཤིག་རེད། ཉམས་ལེན་བྱེད་སྟངས་ནི་རྩ་བའི་ཆ་ནས་ཁྱེད་ཀྱི་གསུང་པ་ལྟར་རེད། རོལ་མོའི་ཐོག་ནས་སམ་སྐབས་རེ་ངག་ནས་འདོན་གྱི་ཡོད། སུ་ཧྥིའི་རྗེས་འཇུག་པ་མང་པོས་གཟུངས་སྔགས་དེ་དབྱངས་སུ་འཐེན་པའམ་ངག་ནས་འདོན་སྐབས། དབང་ཤེས་ཀྱི་གཟུགས་སུ་འགྱུར་འགྲོ་གི་ཡོད། འོན་ཏེ་དེ་གཤིས་རྒྱུད་དུ་འཇགས་པ་དགོས་ཀྱི་ཡོད། དེར་བརྟེན་ཇི་ཙམ་གྱིས་ཡང་ནས་ཡང་དུ་བཏོན་པ་དེའི་ཚོད་ཀྱིས་ནམ་ཞིག་རང་གི་སེམས་ཀྱི་ཆ་ཤས་སུ་འགྱུར་གྱི་ཡོད། གལ་ཏེ་མཚམས་བཞག་སྟེ་ཁུ་སིམ་པོར་བསྡད་ནའང་། གཟུངས་སྔགས་དེ་ཡིད་ལ་དྲན་ནས་སེམས་ནང་མུ་མཐུད་འདོན་ཐུབ། དེ་ནི་བརྗོད་སྟངས་ཤིག་ཡིན། སྐབས་རེ་དེ་རང་གི་ཁྲག་ནང་དུ་དང་། སྐབས་རེ་རྣམ་ཤེས་ནང་། སྐབས་རེ་དབང་ཤེས་ནང་གནས་པ་ལས་མིག་གིས་མཐོང་ཐུབ་པ་དང་རྣ་བས་གོ་ཐུབ་པ་ཞིག་མ་ཡིན། འོན་ཀྱང་དབྱངས་སུ་ཐེན་ནས་སོ་སོའི་གཤིས་རྒྱུད་དང་གཉིས་སུ་མེད་པར་འགྱུར་རྒྱུ་དེ་གནད་འགག་ཡིན།
༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག རྒྱ་གར་དང་བོད་ཀྱི་སྲོལ་རྒྱུན་ནང་། ཁ་འདོན་བྱེད་སྟངས་མི་འདྲ་ཧ་ཅང་མང་པོ་ཡོད། ཁ་ཤས་སྐད་ཤུགས་ཆེན་པོ་དང་ཁ་ཤས་ཆུང་ངུ་། ཡང་ཁ་ཤས་སྒྲ་མེད་པའི་ཐོག་ནས་སེམས་ནང་ནས་འདོན་དགོས་པ་སོགས་ཡོད།
Carl Ernst ངས་ཁ་སྣོན་བྱེད་འདོད་པ་ཞིག་ལ་སུ་ཧྥིའི་རྗེས་འཇུག་པ་རྣམས་ཀྱི་ཁྲོད་ཡོ་ག་ (yoga) སྦྱོང་བའི་སྲོལ་རྒྱུན་ཞིག་ཡོད་པ་དང་། ཨ་རབ་ (Arabic) ཀྱི་ཐ་སྙད་ཛི་ཀར་ (zikr) ཞེས་པ་དང་འདྲ་བའི་ལེགས་སྦྱར་གྱི་གཟུངས་སྔགས་འགའ་བཟླས་བརྗོད་བྱེད་པ་མཐོང་རྒྱུ་ཡོད། དེར་བརྟེན་ཁ་འདོན་དེ་དག་གིས་ང་ཚོ་ནང་སེམས་དང་འབྲེལ་བ་བཟོས་ཏེ་དྲན་ཤེས་ཀྱི་རིམ་པ་གསར་པ་ཞིག་སྐྲུན་གྱི་ཡོད།
འབུམ་རམས་པ་ Elahé Omidyar Mir Djalali ༸གོང་ས་མཆོག །དེ་རིང་གི་གོ་སྐབས་ཐུང་ཐུང་ཡིན་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་ཁྱེད་ནས་དགེ་འདུན་པ་དང་། སྒོམ་ཉམས་ལེན། གཟུངས་སྔགས་བཟླ་བ། དེ་དག་ལ་བརྟེན་ནས་སེམས་ཞི་བར་བྱེད་སྐོར་གསུང་སྐབས། རུ་མིས་ (Rumi) གསུང་པའི་ཚིག་ཅིག་ངས་དྲན་གྱི་འདུག དེ་ནི། “ཚིག་རྣམས་གྲངས་ཀ་བརྩི་ཐུབ། འོན་ཏེ་ངག་བཅད་པ་ནི་ཚད་མེད་པ་རེད།” ཅེས་པ་འདི་ཡིན། དེར་བརྟེན་མཐར་ཐུག་ཁྱེད་རང་རིམ་པ་དེར་སླེབས་ཀྱི་ཡོད།
༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཉེ་ཆར་ང་ལ་ཧིན་དུའི་ཆོས་པ་ཞིག་ཐུག་བྱུང་། ཁོང་གིས་དབྱིན་སྐད་ནང་བཀའ་མོལ་གནང་གི་འདུག །འོན་ཀྱང་འདས་པའི་ལོ་ཉི་ཤུ་རྩ་གཉིས་རིང་ཆོས་པ་དེས་ངག་བཅད་དེ་བཞུགས་པ་རེད་ཅེས་ང་ལ་ཁོང་གི་དགེ་ཕྲུག་གིས་བརྗོད་བྱུང་། ལོ་ཉི་ཤུ་རྩ་གཉིས་ཟེར་དུས་ཧ་ཅང་ཁག་པོ་རེད། ང་ཚོས་དུས་ཡུན་གང་འཚམ་རིང་ངག་བཅད་དེ་ཁུ་སིམ་པོར་སྡོད་པའི་སྦྱོང་བརྡར་དེ་འདྲ་བྱེད་ཀྱི་ཡོད། རང་ངོས་ནས་ཀྱང་བྱེད་ཀྱི་ཡོད། འོན་ཀྱང་ང་ལ་མཚོན་ན། བདུན་ཕྲག་གཅིག་རིང་ངག་བཅད་དེ་སྡོད་རྒྱུ་ཧ་ཅང་ཁག་པོ་འདུག །དེ་ལ་དྲན་ཤེས་བསྟེན་དགོས་ཀྱི་འདུག །དེ་མིན་ཁ་ནས་ངག་ཐལ་འགྲོ་གི་འདུག
འབུམ་རམས་པ་ Elahé Omidyar Mir Djalali ༸གོང་ས་མཆོག །མཚམས་འདི་ནས་དེ་རིང་གི་ལྷན་ཚོགས་འདི་མཇུག་བསྡུ་རྒྱུ་ཆོག་པ་ཞུ་གི་ཡིན། མ་གཞི་མི་རྣམས་ཀྱིས་དེ་རིང་གི་གོ་སྐབས་འདི་རིང་ཙམ་དགོས་པའི་དགོས་འདུན་བཏོན་ནའང་། ༸གོང་ས་མཆོག་གི་མཛད་འཕྲིན་གྱིས་རྐྱེན་པས་སྐུ་ངལ་མ་བཟོས་པར་འདིར་མཇུག་སྡོམ་རྒྱག་གི་ཡིན། མགོན་པོ་མཆོག་རྒྱ་གར་ནས་ཆུ་ཚོད་བཅུ་དྲུག་ཙམ་གྱི་ཕེབས་ལམ་ས་ཐག་རིང་པོ་ནས་ཕེབས་ཡོད་སྟབས། ཁྱེད་ལ་སྐུ་ངལ་བཟོ་འདོད་རྩ་བ་ནས་མེད། དེར་བརྟེན་འདིར་མཐའ་སྡོམ་ཞུ་གི་ཡིན།
༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག བགྲོ་གླེང་འདི་རིགས་ལ་དངོས་གནས་དགེ་མཚན་ཆེན་པོ་ཡོད། ང་ཚོས་ཆོས་ལུགས་ནང་ཁུལ་འདྲ་ཆོས་དང་ཁྱད་པ་མཐོང་བའི་ཚེ་ཁ་ཞེ་གཉིས་མེད་ཀྱིས་བགྲོ་གླེང་བྱེད་ཀྱི་ཡོད། དེར་བརྟེན་ཐབས་ལམ་མི་འདྲ་བ་དེ་དག་གི་དམིགས་ཡུལ་ངོ་མ་དེ་གང་ཡིན་ཤེས་རྟོགས་བྱ་རྒྱུ་ཧ་ཅང་ཕན་ཐོགས་ཆེ། ངས་གོང་དུ་ཞུས་པ་བཞིན་ང་ཚོར་དམིགས་ཡུལ་གཅིག་པ་ཡོད། ཚོགས་འདུ་འདི་འདྲ་བ་མང་ཙམ་འཚོགས་དགོས་ཀྱི་འདུག །དང་པོ་མཁས་པ་ནང་ཕན་ཚུན་ཤེས་ཡོན་གྱི་རིམ་པའི་ཐོག་ནས་འདྲ་ཆོས་དང་ཁྱད་པར་ཐོག་གོ་བསྡུར་བྱས་ཏེ་དེ་དག་གི་དམིགས་ཡུལ་ཇི་ཡིན་ཤེས་ཐབས་བྱས། མ་གཞི་ལོ་ངོ་ཉི་ཤུ་རྩ་གཉིས་ངག་བཅད་དེ་ཁུ་སིམ་པོར་བཞུགས་པའི་ཉམས་ལེན་པ་ཁོང་ཕེབས་མི་དགོས་ཀྱང་། (བཞད་གད།) དེ་ནས་ཉམས་ལེན་པ་རྣམས་ལྷན་འཛོམས་གནང་སྟེ་བགྲོ་གླེང་གནང་དགོས།
བོད་རིགས་དང་རྒྱ་རིགས་རྣམས་སངས་རྒྱས་དང་སྐྱེ་བོ་དམ་པའི་སྐུ་བརྙན་བཞེང་རྒྱུར་ཧ་ཅང་དགའ་པོ་ཡོད། ན་ནིང་བོད་རིགས་ཚོགས་པ་ཞིག་གིས་སྐུ་བརྙན་ཧ་ཅང་ཆེན་པོ་ཞིག་བཞེངས་ཏེ་ང་རབ་གནས་བྱེད་པར་སྐད་བཏང་བྱུང་། ངས་དེར་ཕྱིན་ནས་ཁོང་ཚོར་ནང་ཆོས་ཐོག་བསམ་ཚུལ་ཞིག་ཞུས་པ་ཡིན། ང་རང་ནང་པ་ཞིག་ཡིན་ཙང་སྐུ་བརྙན་ལ་ངས་གུས་བརྩི་ལོས་ཡོད། འོན་ཀྱང་དུས་མཚུངས་ང་ཚོས་མཇལ་ཐུབ་པའི་སྐུ་བརྙན་ནི་ལོ་ངོ་སྟོང་ཕྲག་རིང་བཞུགས་ཐུབ་ཅིང་། ལོ་ངོ་སྟོང་ཕྲག་དེའི་ནང་སྐུ་བརྙན་གྱིས་བཀའ་མོལ་ནམ་ཡང་གསུང་གི་མེད། (ཞལ་གད་དང་དགའ་བསུ་ཐལ་སྒྲས་ཁེངས།) དེར་བརྟེན་རྫུ་འཕྲུལ་གྱི་ནུས་པ་ལྡན་ན་མ་གཏོགས་དེ་མིན་ངག་བཅད་དེ་གནས་པའི་མི་རྣམས་ཀྱིས་བགྲོ་གླེང་གི་སྐབས་ལྟ་བུར་མཉམ་ཞུགས་བྱས་ན་ཕན་ཐོགས་ཅི་ཡང་མེད། གང་ལྟར་ཡང་ལོ་མང་རིང་སྒོམ་སྒྲུབ་མཛད་མཁན་ཉམས་ལེན་རྣལ་མ་ཚོ་མཉམ་དུ་འཛོམས་ནས་སོ་སོའི་བསམ་ཚུལ་བརྗེ་ལེན་བྱས་ན་ཕན་རླབས་ཆེན་པོ་ཡོད། ངའི་བསམ་པར། དེའི་ཆ་ནས་ཁོང་ཚོས་སོ་སོའི་ནུས་ཤུགས་གཅིག་པ་སྟོན་དགོས་ཀྱི་ཡོད།
འབུམ་རམས་པ་ Elahé Omidyar Mir Djalali ༸གོང་ས་མཆོག །ཁོང་ཚོས་དེ་སོ་སོའི་སྒེར་གྱི་མི་ཚེའི་ནང་བྱེད་པ་ལས་མི་མང་བྱིངས་ཀྱིས་མཐོང་སར་བྱེད་ཀྱི་མེད། ཁྱེད་ཀྱིས་གསུངས་པའི་རྒྱུ་མཚན་དང་འདྲ་བར། གང་བཤད་པར་གོ་རྟོགས་དང་འགྲེལ་བརྗོད་ཀྱི་རིམ་པ་སྣ་ཚོགས་ཤིག་ཡོང་གི་ཡོད་པར་བརྟེན་གོ་ནོར་ཐེབས་དོགས་ཀྱིས་ཉམས་ལེན་པ་རྣལ་མ་མང་ཆེ་བས་ཁུ་སིམ་པོར་ནང་ཕན་ཚུན་ཁོ་ན་བརྗེ་ལེན་བྱེད་ཀྱི་ཡོད། དཔེར་ན། རུ་མི་ (Rumi) དང་ Shams Tabrizi སོགས་ཉམས་ལེན་པ་གཞན་མང་པོས་མི་མང་བྱིངས་ལ་ཕྱི་གསལ་ནང་གསལ་བྱེད་ཀྱི་མེད། སངས་རྒྱས་ཀྱིས་སྔ་ཕྱི་ནང་འགལ་གྱི་ཆོས་ (དྲང་དོན་) དེ་འདྲ་གསུངས་ཡོད་ཅེས་ཁྱེད་ནས་གསུངས་པ་བཞིན། ཁོང་ཚོས་མི་མང་ལ་འགལ་འདུ་ཅན་གྱི་ཆོས་གསུང་གི་ཡོད། གང་ཡིན་ཟེར་ན། མི་ཚང་མས་སོ་སོས་གང་འཇོན་པ་དེ་ཤེས་པ་དང་ཆོས་གང་ཞིག་ལས་དོན་གང་གོ་ཐུབ་པ་ཤེས་ཀྱི་ཡོད། དེར་བརྟེན་ལྟ་ཚུལ་གང་ཞིག་དཔྱིས་ཕྱིན་པར་ཤེས་རྟོགས་ཐུབ་ཨེ་ཡོང་བསམས་ནས་འཇིགས་ཏེ། ཉམས་ལེན་པ་རྣམས་ཀྱིས་ནང་ཕན་ཚུན་ཁོ་ན་བསམ་ཚུལ་བརྗེ་ལེན་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ཁོང་རྣམས་ཀྱིས་ཕན་ཚུན་བརྗེ་ལེན་བྱས་ན། ཚང་མས་གོ་ནོར་མ་ཐེབས་པར་ཤེས་ཀྱི་ཡོད་ལ་གོ་ནོར་གང་ཉུང་ཐེབས་པའི་གནས་ཚད་ལ་སླེབས་ཡོད།
༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཡིན་ནའང་མི་མང་ཁྲོད་དུ་འཚོགས་མི་དགོས་པར། ཉམས་ལེན་པ་མི་བཅུའམ་ཉི་ཤུ་ཙམ་བསྐོངས་ནས་སོ་སོའི་གཏིང་ཟབ་པའི་དངོས་བྱུང་གི་མྱོང་བ་བརྗེ་ལེན་བྱས་ན་ཆོག །དེ་ལྟར་བྱས་ན། ཆོས་ལུགས་འདྲ་མིན་གྱི་རིན་ཐང་རྣམས་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཤིན་ཏུ་ཆེ། ཧ་ཅང་གལ་ཆེན་པོ་རེད། ད་ཆ་ནི་ཁ་ཞེ་གཉིས་མེད་ཀྱི་མཛའ་མཐུན་གོང་མཐོར་གཏོང་སླད་ཆོས་ལུགས་ནང་ཁུལ་གྱི་མཐུན་སྒྲིལ་གོང་མཐོར་གཏོང་བར་ང་ཚོས་ནུས་ཤུགས་འདོན་རྒྱུའི་དུས་སུ་སླེབས་ཡོད། ང་ཚོས་ཕན་ཚུན་གཉིས་མོས་ཀྱིས་གུས་བརྩི་དང་གོ་རྟོགས་ཡར་རྒྱས་གཏོང་བར་འབད་བརྩོན་བྱེད་དགོས། དེའང་མཁས་ཉམས་ཆེན་པོ་དང་གསུང་བཤད་འདྲ་ཆགས་པོ་ཙམ་མིན་པར་མྱོང་བ་དངོས་དང་སྦྱར་ནས་འབད་དགོས།
ཉེ་བའི་ཆར་ངས་ཧིན་དུའི་ཉམས་ལེན་པ་ཁ་ཤས་དང་འབྲེལ་བ་ཡོང་ཐབས་བྱས་པ་ཡིན། ཟླ་བ་གཉིས་ཀྱི་སྔོན་ལོ་ངོ་བཅུ་གཉིས་འཆར་ཅན་འཚོགས་སྲོལ་ཡོད་ཅིང་གནས་སྐོར་བ་ས་ཡ་བདུན་བཅུ་ཙམ་འཛོམས་པའི་ཀུམྦྷ་མེ་ལ་ (Kumbh Mela) ལ་ཐེངས་མ་གསུམ་ང་རང་མཉམ་ཞུགས་བྱ་རྒྱུ་བྱུང་། ལོ་སྔོན་མ་མཉམ་ཞུགས་བྱེད་དགོས་བསམས་ཀྱང་གནམ་གཤིས་ཀྱིས་རྐྱེན་པས་སྔོན་ཚུད་ནས་གླས་པའི་གནམ་གྲུ་བརྒྱུད་རྡ་རམ་ས་ནས་ཐོན་ཐུབ་མ་བྱུང་། དེར་བརྟེན་དཀོན་མཆོག་ལ་འདོད་པ་ཞེ་དྲགས་ཡོད་བཟོ་མི་འདུག (བཞད་གད།) དེ་ནས་གཅེར་བུར་གནས་པའི་ཉམས་ལེན་པ་དེ་དག་དང་ཐུག་འཕྲད་བྱེད་འདོད་ཡོད་ཅེས་ངས་ལན་ཞིག་བསྐུར་བ་ཡིན། ཉམས་ལེན་པ་དེ་དག་མང་པོ་ཞིག་གངས་རིའི་སྟེང་གྱོན་གོས་ཅི་ཡང་མེད་པར་ལོ་ནས་ལོ་བསྟུད་སྡོད་སྐོར་ངས་གོ་ཐོས་བྱུང་། བྱས་ཙང་། ཁོང་ཚོར་ཉམས་མྱོང་འགའ་ཡོད་ངེས། ང་ཚོར་དྲོད་སྐྱེ་ཆེད་དམིགས་བསལ་ཉམས་ལེན་དེ་འདྲ་ཡོད། ཉམས་ལེན་དེ་འདྲ་མེད་པར་གངས་རིའི་སྟེང་གཅེར་བུར་ག་ལ་སྡོད་ཐུབ། ང་རང་ལ་མི་དེ་དག་ཐུག་འདོད་ཞེ་དྲགས་ཡོད། འོན་ཀྱང་སྐབས་དེ་དུས་གནམ་གཤིས་ཀྱིས་འགྲོ་བཅུག་མ་སོང་།
ད་ལན་ཁྱེད་ནས་བགྲོ་གླེང་ལྷན་ཚོགས་འདི་གོ་སྒྲིག་གནང་བར་རྗེས་སུ་ཡི་རང་ཞུ་གི་ཡོད་པ་དང་ཆབས་ཅིག་འབྱུང་འགྱུར་འདི་འདྲ་བའི་བགྲོ་གླེང་གོ་སྒྲིག་ཐུབ་པར་སྨོན་འདུན་ཞུ། དེ་ཡང་ཁྱབ་བསྒྲགས་དེ་འདྲ་མ་བྱས་པར་སྲོལ་རྒྱུན་མི་འདྲ་བ་ཁག་གི་བསླབ་བྱ་དང་ཕན་ནུས་སོགས་ཀྱི་ཐད་གོ་རྟོགས་གཏིང་ཟབ་ལོན་ཆེད་ཐབས་ཤེས་བྱེད་དགོས།
འབུམ་རམས་པ་ Elahé Omidyar Mir Djalali དེ་རིང་གི་བགྲོ་གླེང་འདི་ནི་༸གོང་ས་མཆོག་གི་བཀའ་སློབ་ལ་གཞི་བཞག་པའི་དམིགས་བསལ་བྱུང་བ་མང་པོའི་ཁྲོད་ནས་ལོ་རྒྱུས་རང་བཞིན་ལྡན་པའི་བྱུང་བ་སྔ་ཤོས་ཤིག་ཡིན། སླད་ཕྱིན་འདི་འདྲ་བའི་བགྲོ་གླེང་རིམ་པར་འབྱུང་རྒྱུར་ངས་རེ་བ་བྱེད་ཀྱི་ཡོད། ༸གོང་ས་མཆོག་གཙོ་བོར་གྱུར་བའི་མེ་རི་ལེནྜ་གཙུག་ལག་སློབ་ཁང་ཆེན་མོ་དང་དེ་བཞིན་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གཞན་ཡང་འདིར་ཕེབས་པའི་མི་མང་ཚང་མར་ཐུགས་རྗེ་ཆེ་ཞུ།
ད་ལན་གོ་སྐབས་འདི་བཟུང་ནས་རོ་ཤན་བསྟི་གནས་ཁང་གི་ངོས་ནས་ཐེངས་དང་པོ་སུ་ཧྥི་དང་ནང་པའི་བར་གྱི་བགྲོ་གླེང་གི་དྲན་རྟེན་དུ་༸གོང་ས་མཆོག་ལ་ཕྱག་རྟགས་ཆུང་ཆུང་ཞིག་གྲ་སྒྲིག་ཞུས་ཡོད། དེ་ནི་པར་ཤི་ཡའི་ཡིག་གཟུགས་སུ་བྲིས་པའི་ཡིག་ཚུགས་ཤིག་ཡིན། ངས་འདི་པར་ཤི་ཡའི་སྐད་དུ་ཀློག་གི་ཡིན།
/qeyre notq-oqeyre imâ-o seje//sad hezaran tarjomân khazad ze del/
འདིའི་འགྱུར་ནི།
“ཚིག་དང་། གོ་བརྡ། རྩོད་པ་བཅས་ཀྱི་སྟེང་དུ་སེམས་ཀྱིས་ད་དུང་སྐད་ཆ་ཤོད་སྟངས་སྟོང་ཕྲག་མང་པོ་ཤེས་ཀྱི་ཡོད།”
ཅེས་པའི་དོན་ཡིན། འདི་དག་ནི་ཐམས་ཅད་སེམས་ཀྱི་སྐོར་ཡིན།།