ང་ཚོས་བྱང་ཆུབ་ཀྱི་སེམས་དང་བྱང་ཆུབ་སེམས་དཔའ་ཞིག་ཡིན་པ་ཞེས་པའི་དོན་གང་ཡིན་པའི་སྐོར་གོ་བསྡུར་བྱས་ཡོད་པ་དང་། བྱང་ཆུབ་སེམས་སྐྱེད་པའི་ཡར་རྒྱས་སྤྱིའི་ནང་བྱང་སེམས་སྡོམ་པ་ལེན་དགོས་པ་དེ་གང་དུ་སླེབས་ཀྱི་ཡོད་པ་དང་སེམས་བསྐྱེད་པའི་རིམ་པ་རྣམས་མཐོང་ཡོད། ང་ཚོས་སྡོམ་པ་དངོས་སུ་ལེན་པའི་སྐབས་སུ་དེ་དག་གི་བྱེད་ལས་སམ་བྱེད་སྒོ་ཤེས་དགོས་རྒྱུ་ནི་དངོས་གནས་གལ་ཆེན་པོ་ཡིན། ང་ཚོ་མང་པོ་ཞིག་གིས་སྡོམ་པ་དེ་དག་ཐ་ན་བྱང་ཆུབ་སེམས་ཀྱི་ཆེས་ཐོག་མའི་རིམ་པ་ཆ་ཚང་བ་མ་བསྐྱེད་པའི་སྔ་ཐལ་ནས་ལེན་སྲིད་པ་རེད། འོན་ཀྱང་བྱང་ཆུབ་སེམས་ལ་གོ་རྟོགས་ཚད་ངེས་ཅན་ཞིག་ཡོད་པ་དང་། གཞན་ཚང་མར་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་གི་ཐོག་ནས་མི་བསམ་པར། བྱང་སེམས་སྡོམ་པའི་རྩ་བའི་ལམ་སྟོན་ཁག་གི་རྗེས་སུ་འབྲང་ཐབས་བྱེད་པ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། ཡིན་ནའང་ང་ཚོས་བྱང་སེམས་སྡོམ་པ་བླངས་ཟིན་ནའང་། མུ་མཐུད་བྱང་ཆུབ་ཀྱི་སེམས་སྐྱེད་པའི་དོན་ཡར་རྒྱས་གཏོང་དགོས་ཤིང་། བྱང་ཆུབ་སེམས་ཀྱི་གནས་བབས་དང་མཉམ་དུ་དོན་ངོ་མར་གང་ཡོད་པ་ལ་ནམ་ཡང་གལ་ཆུང་ངུར་འཛིན་མི་རུང་། གང་ཡིན་ཟེར་ན། དེ་ནི་ཆེས་ཐོག་མ་ནས་ཚང་མར་མཐའ་གཅིག་ཏུ་མཉམ་པར་དམིགས་ཡོད་པ་ནི་ཧ་ཅང་རྒྱ་ཆེན་པོ་ཡིན། འོན་ཀྱང་ད་དུང་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ཡོད། དེ་ཡང་ང་ཚོའི་འབྱུང་འགྱུར་གྱི་སངས་རྒྱས་ཀྱི་གོ་འཕང་ལ་བརྟེན་ནས་དམིགས་ཡོད། ཡིན་ནའང་སངས་རྒྱས་ཀྱི་གོ་འཕང་ནི་འཐོབ་བྱ་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན་པ་དང་དེའི་ཐད་ང་ཚོར་གོ་དོན་ཏག་ཏག་ཅིག་དགོས་ཀྱི་ཡོད།
འོ་ན་ང་ཚོས་བྱང་སེམས་སྡོམ་དེ་ག་དུས་ལེན་དགོས་སམ་ཞེས་པ་ནི་དྲི་བ་ཞིག་རེད། ཡང་མིན་ན་ང་ཚོས་སྡོམ་དེ་ཇི་ལྟར་ལེན་ནམ། ང་ཚོས་བྱང་སེམས་སྡོམ་པའི་དམིགས་བསལ་གྱི་ཆོ་ག་ཞིག་གི་ནང་ལེན་པའམ། ཡང་ན་ང་ཚོས་དེ་ནི་གསང་སྔགས་ཀྱི་དབང་གི་ཆ་ཤས་སུ་ལེན་གྱི་ཡོད། དབང་དང་རྗེས་གནང་གི་རིགས་འདྲ་མིན་སྣ་ཚོགས་དང་། དེ་བཞིན་གསང་སྔགས་ཀྱི་ཆོ་གའི་སྐོར་རྒྱས་པར་མི་འགྲོ་བར། དེ་དག་ཐམས་ཅད་ལ་བྱང་སེམས་སྡོམ་པ་ལེན་དགོས། གསང་སྔགས་ཀྱི་རྒྱུད་སྡེ་གོང་གཉིས་ནང་ཡོད་པ་རྣམས་ཏེ། ང་ཚོས་རྙིང་མའི་ལུགས་ལྟར་བཤད་ནའང་འདྲ། གསར་མ་དགེ་ལུགས་དང་། ས་སྐྱ། བཀའ་བརྒྱུད་ཀྱི་སྐོར་བཤད་ནའང་འདྲ་སྟེ། གང་ལྟར་ཡང་གཅིག་པ་རེད། གལ་ཏེ་དབང་དེ་རྣལ་འབྱོར་རྒྱུད་དང་འབྲེལ་བ་ཞིག་ཡིན་ན། དེ་ལ་བྱང་སེམས་སྡོམ་པ་ཡོད་ལ་སྔགས་ཀྱི་སྡོམ་པའང་ཡོད། ངས་གང་ཞུ་འདོད་ཡོད་ཟེར་ན། གལ་ཏེ་དབང་དེ་བྱ་རྒྱུད་དང་སྤྱོད་རྒྱུད་དང་འབྲེལ་བ་ཞིག་ཡིན་ན། དེ་ལ་བྱང་སེམས་སྡོམ་པ་ཡོད། གལ་ཏེ་རྣལ་འབྱོར་རྒྱུད་ཡིན་ན། དེ་ལ་བྱང་སེམས་སྡོམ་པ་དང་གསང་སྔགས་ཀྱི་སྡོམ་པ་གཉིས་ཀ་ཡོད་ཅེས་ཞུ་གི་ཡོད། གལ་ཏེ་དེ་གསར་མ་ཆོས་བརྒྱུད་རྣམས་ཀྱི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དམ་རྙིང་མའི་མ་ཧཱ་ཡོ་གའམ་རྣལ་འབྱོར་ཆེན་པོ་དང་། ཨ་ནུ་ཡོ་གའམ་རྗེས་སུ་རྣལ་འབྱོང། ཨ་ཏི་ཡོ་གའམ་ཤིན་ཏུ་རྣལ་འབྱོར་ ༼རྫོགས་ཆེན་༽ གྱི་རྒྱུད་ཡིན་ན། དེ་ལ་བྱང་སེམས་སྡོམ་པ་དང་གསང་སྔགས་ཀྱི་སྡོམ་པ་གཉིས་ཀ་ཡོད།
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གིས། “སྡོམ་པ་མ་བླངས་པར། དབང་ཞུ་རྒྱུ་མེད་”ཅེས་ཧ་ཅང་གསལ་པོ་གསུངས་ཡོད། སྡོམ་པ་ཞུ་བར་ཁྱེད་ཀྱིས་དྲན་ཤེས་ལྡན་པའི་སྒོ་ནས་གང་བྱེད་ཀྱིན་ཡོད་པ་དང་དེ་དག་ཁས་ལེན་བྱེད་དགོས། དེ་མིན་ཁྱེད་ཀྱིས་སྡོམ་པ་བླངས་མེད། བྱས་ཙང་། དབང་གི་སྐབས་སུ་ཁྱེད་ཀྱིས་གང་བྱེད་ཀྱིན་ཡོད་རྩ་ནས་མ་ཤེས་ན། དེ་དག་ཐམས་ཅད་ཁྱེད་ཀྱིས་ཧ་མི་གོ་བའི་སྐད་ཡིག་ཅིག་གི་ནང་དུ་ཡོད་པ་དང་། ཕྱིས་སུ་གཞི་ནས་མི་ཞིག་གིས་ཁྱེད་ལ། “དངོས་གནས་བྱས་ན། ཁྱེད་ཀྱིས་བྱང་སེམས་སྡོམ་པ་དང་སྔགས་ཀྱི་སྡོམ་པ་བླངས་སོང་”ཞེས་བརྗོད་ཀྱི་རེད། རང་གིས་རང་ལ་མགོ་བསྐོར་མ་གཏོང་། ཁྱེད་ཀྱིས་སྡོམ་པ་ཞུས་མེད་ན་དབང་མི་ཐོབ། ཁྱེད་རང་དབང་ཞུ་བར་ཕྱིན་ཏེ། ནུབ་ཕྱོགས་སུ་ཡོངས་གྲགས་སུ་དབང་གི་བྱིན་རླབས་ཞེས་བརྗོད་པ་དེ་ཐོབ་ཡོད། དེ་ནི་དབང་ཞུ་རུ་ཕྱིན་པ་དེ་ལས་ཐོབ་པའི་བྱིན་རླབས་དེ་རེད། འོན་ཀྱང་ཁྱེད་ལ་དབང་དངོས་དེ་ཐོབ་མེད། གང་ཡིན་ཞེ་ན། ཁྱེད་ཀྱིས་དྲན་ཤེས་ལྡན་པའི་སྒོ་ནས་སྡོམ་པ་རྣམས་བླངས་མེད་པ་དང་དྲན་ཤེས་ལྡན་པའི་སྒོ་ནས་དབང་ལ་ཞུགས་མེད།
གལ་ཏེ་ང་ཚོས་དེའི་ཚེ་ན་སོ་སོས་གང་བྱེད་ཀྱིན་ཡོད་པ་དང་། གནས་སྟངས་གང་འདྲ་ཞིག་འགྲོ་བཞིན་ཡོད་པ་སོགས་རྒྱུ་མཚན་ཅི་གང་མ་ཤེས་པར་དབང་ཞུ་རུ་ཕྱིན་ན། དེ་ནི་བོད་མི་ཚོས་ནམ་རྒྱུན་རང་དང་མཉམ་དུ་ཁྲིད་ནས་སླེབས་པའི་ཁྱི་དེ་དང་ཁྱད་པར་མེད་པ་རེད། ཁྱི་དེ་ཡང་དབང་ཞུ་སར་སླེབས་ཡོད་ཀྱང་དབང་ཐོབ་ཀྱི་མེད། འོན་ཀྱང་ང་ཚོས་དབང་ལ་བརྟེན་ནས་ཉམས་ལེན་ལ་འབད་བརྩོན་བྱས་ན། ༼དཔེར་ན། སྔགས་དང་དམིགས་རྣམ་སྒྲུབ་ཐབས་སོགས་ཉམས་ལེན་བྱེད་པ་༽ ཁྱེད་ཀྱི་སེམས་ནང་མ་འོངས་པར་གོ་སྐབས་བྱུང་ན་དབང་ཡང་དག་པ་ཞིག་ཞུ་རྒྱུ་ཡིན་ཞེས་འདུན་སེམས་ཡོད་པ་དེས་འགྲིག་གི་ཡོད། གཙོ་བོ་ནི། མ་ཡིན་ཡིན་མདོག་དང་བཅས་ཏེ། རང་ཉིད་ལ་དོན་ངོ་མར་གྲུབ་འབྲས་གང་ཡང་ཐོབ་མེད་ནའང་། ད་དུང་ “ཨོ། ང་རང་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཧ་ཅང་མང་པོ་ཐོན་ཡོད་” ཅེས་བསམ་རྒྱུ་མེད།
བྱང་སེམས་སྡོམ་པ་ཐོབ་པར། དེའི་སྔོན་དུ་སོ་ཐར་གྱི་སྡོམ་པ་གང་འཚམས་ཤིག་ཡོད་དགོས་ངེས་ཡིན། སོ་ཐར་སྡོམ་པའམ་ལེགས་སྦྱར་སྐད་དུ་ “པྲཏི་མོཀྵ་” ནི་སོ་སོ་ཐར་པའི་སྡོམ་པ་ཞེས་པ་དེ་ཡིན། འདི་ནི་བྱང་སེམས་སྡོམ་པའི་གཞི་རྟེན་ནམ་རྨང་གཞི་ལྟ་བུ་ཆགས་ཀྱི་ཡོད། བྱས་ཙང་། འདི་ནི་ཁྱིམ་པ་མི་ནག་གི་སྡོམ་པའི་རིམ་པར་ཡོད་པའམ། ཡང་ན་དགེ་ཚུལ་ཕ་མ་གཉིས་ཀྱི་རིམ་པའམ་དགེ་སློང་ཕ་མ་གཉིས་ཀྱི་རིམ་པར་ཡོད་སྲིད། ད་དུང་དགེ་སློབ་མའི་སྡོམ་པའང་ཡོད། ཁྱིམ་པ་མི་སྐྱའི་སྡོམ་པ་ལ་ལྔ་ཡོད་པ་དང་། ང་ཚོ་ལྔ་གའམ། བཞི་དང་གསུམ། གཉིས་སམ་གཅིག་གང་རུང་བླངས་ན་ཆོག །ཁྱད་པར་མེད། ཁྱིམ་པའི་སྡོམ་པ་ལེན་པའི་སྐབས། ང་ཚོས་སྡོམ་པ་ལྔ་ཡོད་པ་ཚང་མ་ལེན་དགོས་པའི་ཁྲིམས་བཅད་དེ་འདྲ་མེད། དེ་ནི་ང་ཚོར་རག་ལུས་པ་དང་སོ་སོ་སྒེར་གྱི་ཐག་གཅོད་ཅིག་རེད། དེ་རང་གི་དགེ་བའི་བཤེས་གཉེན་ཚུད་པའི་གཞན་སུ་ལའང་གསལ་བསྒྲགས་བྱེད་མི་དགོས། ཁྱེད་ཀྱིས་བྱས་ན་འགྲིགས་ཀྱང་། དེ་ནི་དགོས་ངེས་ཤིག་མིན།
ཁྱིམ་པའི་སྡོམ་པ་དེ་དག་ནི། སྲོག་མི་གཅོད་པའམ་སེམས་ཅན་གཞན་མི་གསོད་པ། མ་བྱིན་པར་མི་ལེན་པའམ་རྐུ་མ་མི་རྒྱག་པ། བདེན་པ་མིན་པ་མི་སྨྲ་བའམ་རྫུན་མི་ཤོད་པ། ལོག་གཡེམ་མི་བྱེད་པ། ཆང་རག་མི་འཐུང་བའམ་མྱོས་བྱེད་མི་སྤྱོད་པ། འདི་གཙོ་བོ་ཆང་རག་ལ་གོ་ནའང་། ད་དུང་གོ་བ་རྒྱ་ཆེ་རུ་བཏང་ནས་གུ་ཡངས་སྤྲོ་སེང་གི་བཟི་སྨན་རིགས། དཔེར་ན། སོ་མ་ར་ཙའི་སྨན་རྫས་ marijuana ཟེར་བ་དང་། དུག་རྫས་ཧེ་རོ་ཡིན། heroin དེ་བཞིན་མྱོས་རྫས་ཀོ་ཁཻན་ cocaine སོགས་ལའང་གོ་ཆོག །ཨིན་སྐད་ནང་ང་ཚོས་གུ་ཡངས་སྤྲོ་སེང་གི་བཟི་སྨན་ཟེར་གྱི་ཡོད། དེ་དག་ནི་སོ་སོ་རང་ཉིད་ཁོ་ནའི་སྤྲོ་སྐྱིད་ཀྱི་ཆེད་དུ་ལོངས་སུ་སྤྱོད་ཀྱི་ཡོད་པ་མ་གཏོགས་བཅོས་རྒྱུ་མེད་པའི་ན་ཚ་འབྲས་ནད་ཀྱི་ནད་པ་རྣམས་ལ་སྟེར་བའི་གཟེར་འཇོམས་ཉལ་ཐ་མོར་ཧྥིན་ morphine ལྟ་བུ་ན་ཟུག་གཅོག་ཆེད་དེ་འདྲ་མིན། ང་ཚོས་དེ་འདྲའི་སྐོར་ཤོད་ཀྱི་མེད། ཡང་མིན་ན་མགོ་ན་བའི་སྐབས་ང་ཚོས་གཉན་ཚད་གཅོག་བྱེད་ཀྱི་མགོ་སྨན་ཨེས྄་པི་རིན་ aspirin བཟའ་བ་ལྟ་བུར་གོ་གི་མེད།
ཁྱིམ་པའི་སྡོམ་པ་ལྔ་པོའི་སྐོར་ཞིབ་ཚགས་པོ་ཞུ་རྒྱུའི་དུས་སྐབས་ད་ལྟ་མིན་ནའང་། རྗེ་ཙོང་ཁ་པ་ཆེན་པོས་ཁོང་གི་ མདོ་སྔགས་ཉམས་ལེན་གྱི་གདམས་ངག ༼ལམ་གྱི་རིམ་པ་མདོ་ཙམ་དུ་བསྟན་པ།༽ པའི་ནང་། ཐོག་མར་ང་ཚོས་ནང་པའི་སེམས་ཀྱི་ཐེག་པ་སྟེ། ཉན་རང་ཐེག་པ་དང་། ཐེག་པ་ཆེན་པོ་མདོ་དང་སྔགས་བཅས་གང་འདྲ་ཞིག་གི་སྒོར་འཇུག་པའི་སྐབས། ང་ཚོས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེ་སྡོམ་པའི་གཞི་རྟེན་དུ་འཇོག་དགོས་ཞེས་གསུངས། དེ་ནི་ཐེག་དམན་གྱི་སོ་ཐར་སྡོམ་པ་དང་། ཐེག་པ་ཆེན་པོ་སྤྱིའི་བྱང་སེམས་སྡོམ་པ། རྣལ་འབྱོར་བླ་མེད་རྒྱུད་ཀྱི་གསང་སྔགས་ཀྱི་སྡོམ་པ་བཅས་ལ་གོ་བ་ཡིན། དེ་ནས་རྗེ་རིན་པོ་ཆེས་མུ་མཐུད་དེ། དམིགས་བསལ་ང་ཚོ་གསང་བ་སྔགས་ཀྱི་ནང་འཇུག་པའི་སྐབས། བྱང་ཆུབ་སེམས་ནི་ཐེག་པ་ཆེན་པོ་སྤྱིའི་ལམ་གྱི་མཐར་ཐུག་དོན་གྱི་སྙིང་པོ་ཡིན་པ་སོང་ཙང་། དེ་བྱང་སེམས་སྡོམ་པ་དང་མཉམ་དུ་བརྟན་པོ་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
བྱས་ཙང་། རྗེ་ཙོང་ཁ་པས་གསང་སྔགས་དང་མཉམ་དུ་བྱང་སེམས་སྡོམ་པ་དགོས་པའི་ཐད་ནན་གྱིས་གསུངས་ཡོད། ད་དུང་རྗེ་ཙོང་ཁ་པས། འདུལ་ཁྲིམས་དང་བསྟུན་ནས་རིམ་པ་གང་རུང་ཞིག་ལ་རབ་ཏུ་བྱུང་ཟིན་པ་དང་ཆབས་ཅིག་བྱང་སེམས་སྡོམ་པ་བླངས་ནས་རྟོགས་པ་མངོན་དུ་བྱས་པ་སྟེ། ཕྱོགས་གཞན་ཞིག་ནས་ཁྱིམ་པའི་སྡོམ་པའམ་དགེ་ཚུལ་སློང་གི་སྡོམ་པ་གང་རུང་ནི་ཡག་ཤོས་ཡིན། ཡང་མིན་ན་བྱང་སེམས་སྡོམ་པ་བླངས་ནས་དེ་ལས་ཐོབ་པའི་རྟོགས་པ་རྣམས་སོ་ཐར་སྡོམ་པ་དེ་དག་ལས་གཅིག་ལ་གཞི་བྱས་པ་དེ་བྱང་སེམས་སྡོམ་པ་ཁོ་ན་བསྲུང་བ་ལས་ཐོབ་པའི་རྟོགས་པ་དང་བསྡུར་ན་ཡག་ཤོས་ཡིན། གལ་ཏེ་ཁྱེད་རང་ལ་བྱང་སེམས་སྡོམ་པ་གཅིག་པུ་ཡོད་པ་ལས་སོ་ཐར་གྱི་སྡོམ་པའི་གཞི་རྩ་བརྟན་པོ་ཞིག་ཡོད་ན། ཁྱེད་ལ་རྟོགས་པ་མཐོ་བ་དང་། ཡང་དག་པ། བརྟན་པོ་འཐོབ་ཀྱི་རེད།
དེ་ལ་རྗེ་ཙོང་ཁ་པས། “གལ་ཏེ་བྱང་ཆུབ་སེམས་དཔའ་གཉིས་ལས་གཅིག་དེ་ཁྱིམ་པ་ཡིན་པ་དང་སོ་ཐར་གྱི་སྡོམ་པ་མེད་པ་མ་གཏོགས་གཞན་གཅིག་པ་གཅིག་རྐྱང་ཡིན་ན། རབ་ཏུ་བྱུང་བ་གཞན་ཏེ། ཁྱིམ་པའམ་རབ་ཏུ་བྱུང་བ་གང་རུང་ཡིན་པའི་ཕྱི་མ་དེ་ནི་སྔ་མ་ལས་ཀྱང་བསྔགས་འོས་སུ་གྱུར་བ་ཡིན་ཞེས་སངས་རྒྱས་ཀྱིས་མདོ་མང་པོའི་ནང་གང་གསུངས་པའི་དོན་དེ་ཡིན། གནད་དོན་དེ་དག་ཚང་མ་གསལ་པོའི་སྒོ་ནས་སངས་རྒྱས་ཀྱིས་སྡོམ་པ་ངོ་སྤྲོད་ཀྱི་ནང་གསུངས་ཡོད་” ཅེས་གསུངས།
འགྲིག་སོང་ངམ། བྱས་ཙང་། ང་ཚོས་བྱང་སེམས་སྡོམ་པ་མ་བླངས་གོང་སོ་ཐར་གྱི་སྡོམ་པའི་རིམ་པ་འགའ་ཞིག་དགོས་ཀྱི་ཡོད་པ་དང་། དེའི་སྒང་ལ་བྱང་ཆུབ་ཀྱི་སེམས་ཀྱང་བསྐྱེད་དགོས་ངེས་རེད། ང་ཚོས་འཇུག་པ་བྱང་ཆུབ་ཀྱི་སེམས་ཐོབ་པའི་སྐབས། བྱང་སེམས་ཀྱི་སྡོམ་པ་ལེན་དགོས་པ་དེ་དྲན་དགོས། དེའི་སྐབས་སུ་ང་ཚོས་སྨོན་པ་བྱང་ཆུབ་ཀྱི་སེམས་དེ་བསྐྱེད་ཚར་བ་དགོས། སྨོན་པ་བྱང་ཆུབ་ཀྱི་སེམས་ལ་དབྱེ་བ་གཉིས་ཡོད་པ་ང་ཚོས་མཐོང་ཡོད། དེ་ཡང་སྨོན་པ་ཙམ་གྱི་སེམས་ཏེ། ང་ཚོས་གཞན་དོན་ཆེད་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཙམ་དེ་ཡིན། སྨོན་པ་དམ་བཅའ་ཅན་གྱི་སེམས་ཏེ། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་དམིགས་ཡུལ་དེ་ནམ་ཡང་བློས་གཏོང་མི་བྱེད་པ་དེ་ཡིན། ང་ཚོས་སྨོན་པ་དམ་བཅའ་ཅན་གྱི་སེམས་བསྐྱེད་པའི་སྐབས། དེ་ནི་ཆོ་གའི་རིམ་པ་གཞན་ཞིག་གི་ཐོག་ནས་ལོགས་སུ་བྱེད་ཆོག །༧གོང་ས་༧སྐྱབས་མགོན་ཆེན་པོས་ནམ་རྒྱུན་དེ་ལྟར་གནང་གི་ཡོད། དེ་ནི་བྱང་སེམས་སྡོམ་པ་མ་གནང་གོང་། ཁོང་གིས་སྨོན་པ་བྱང་ཆུབ་ཀྱི་སེམས་སྐྱེད་པའི་ཕྱིར་ཆོ་ག་ཞིག་གནང་བ་དང་། དེའི་ནང་སྨོན་པ་ཙམ་དང་དམ་བཅའ་ཅན་གཉིས་ཀ་ཚུད་ཡོད། དེ་སྨོན་པ་དམ་བཅའ་ཅན་དང་འབྲེལ་བའི་སྒོ་ནས་ང་ཚོས་བསླབ་བྱའི་རིགས་ལྔ་བསྲུང་རྒྱུའི་དམ་བཅའ་ཞིག་འཇོག་གི་ཡོད།
དེ་དག་ལས་བསླབ་བྱ་བཞི་ནི་བྱང་ཆུབ་ཀྱི་སེམས་ཚེ་འདིའི་ནང་མི་ཉམས་པའི་ཆོད་སེམས་དང་། བསླབ་བྱ་གཅིག་ནི་ཚེ་ཕྱི་མའི་ནང་བྱང་ཆུབ་ཀྱི་སེམས་མི་ཤོར་བ་བྱ་རྒྱུ་བཅས་ཡིན། མཐའ་མ་དེ་ལ་སྤང་བྱ་བཞི་དང་དེའི་ལྡོག་ཕྱོགས་སུ་ཉམས་སུ་བླང་བྱ་བཞི་ཡོད། བྱས་ཙང་། དེའི་དོན་ནི་ང་ཚོས་བྱང་སེམས་སྡོམ་པ་མ་བླངས་གོང་སྔོན་ཚུད་ནས་བསླབ་བྱའི་རིགས་ཏེ། ཚུལ་ཁྲིམས་ཀྱི་རིགས་འགའ་ཞིག་གི་རྗེས་སུ་འབྲང་བཞིན་ཡོད། དེ་ཡང་སོ་ཐར་གྱི་སྡོམ་པ་ཙམ་མིན་པར། དམ་བཅའ་དང་བསླབ་བྱ་དེ་དག་གི་ཐོག་ནས་ཀྱང་འཇུག་གི་ཡོད། འོ་ན་བསླབ་བྱ་དེ་དག་གང་དག་རེད་དམ།
དང་པོར་བྱང་ཆུབ་ཀྱི་སེམས་ཚེ་འདིའི་ནང་མི་ཉམས་པའི་ཆོད་སེམས་ཀྱི་ཆེད་བསླབ་བྱ་བཞི་ཡོད། ང་ཚོས་གང་བྱེད་དགོས་ཞེ་ན། བྱང་ཆུབ་ཀྱི་སེམས་དེ་བརྟན་པོ་དགོས་ཀྱི་ཡོད། ང་ཚོས་བྱང་ཆུབ་ཀྱི་སེམས་དེ་ཞན་དུ་གཏོང་རྒྱུ་མེད། འོ་ན་བྱང་ཆུབ་ཀྱི་སེམས་དེ་བརྟན་དུ་ཇི་ལྟར་བཟོ་དགོས་སམ་ཞེ་ན། ཐབས་ལམ་དང་པོ་དེ་ནི། ཉིན་ལྟར་ང་ཚོས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕན་ཡོན་དྲན་དགོས། བྱས་ཙང་། བྱང་ཆུབ་སེམས་ཀྱི་ཕན་ཡོན་གྱི་སྐོར་ཧ་ཅང་རྒྱས་པ་ནི་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལེའུ་དང་པོའི་ནང་གསལ་ཡོད། འོན་ཀྱང་གལ་ཏེ་ང་ཚོས་བཀླགས་ན། ཕན་ཐོགས་ཆེན་པོ་ཡོད་པ་ཤོད་ག་ལ་དགོས། ཉིན་མ་རེ་རེ་བཞིན་ཀློག་དགོས། ཡིན་ནའང་དཔེ་ཆ་དེ་སོ་སོའི་ཉིན་རེའི་ཉམས་ལེན་གྱི་ཆ་ཤས་སུ་ཀློག་འདོན་བྱེད་ཀྱི་མེད་ནའང་། ང་ཚོས་གནད་དོན་གཙོ་བོ་ཁག་ལ་བསམ་བློ་བཏང་ནས་རང་གིས་རང་ལ་དྲན་གསོ་གཏོང་ཆོག །ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པའི་ལམ་ཁ་གཅིག་རང་ཡོད་པ་ནི། “ང་རང་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་འདུག །དེའི་ཆེད་དུ་ངས་འབད་བརྩོན་བྱེད་ཀྱི་ཡིན། སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་དང་ཐོབ་ནས་གང་བྱ་རྒྱུ་ཡིན་པ་ནི། སེམས་ཅན་ལ་ཕན་འདོགས་རྒྱུ་དེ་ཡིན་པས། དེ་ལ་ཡིད་ཆེས་རྙེད་སོང་” ཞེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེད་རྒྱུ་དེ་ཡིན།
དེ་འདྲའི་ལམ་ནས་འབད་བརྩོན་བྱས་ཏེ་ཡར་རྒྱས་བཏང་ན། ང་ཚོས་སོ་སོ་རང་ཉིད་ཙམ་གྱི་ཆེད་དུ་མིན། གང་ཡིན་ཞེ་ན། གལ་ཏེ་ང་ཚོ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་ཡིན་ན། ང་ཚོས་སོ་སོའི་སྐྱོན་གྱི་ཆ་རྣམས་ལས་ཐར་ཕྱིར་འབད་བརྩོན་བྱེད་ངེས་ཡིན། བྱས་ཙང་། རང་དོན་ཙམ་མིན་པར་གཞན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཕན་ཐོགས་བྱེད་ཐུབ། གཞན་གྱིས་བསྟོད་པ་དང་ཡི་རང་བྱས་པ་ལ་སོགས་པའི་ཐ་ན་འཇིག་རྟེན་གྱི་རིན་ཐང་ཁོ་ན་དང་འབྲེལ་བའི་ཐོག་ནས་ང་ཚོས་བསམ་བློ་བཏང་ནའང་། ཇི་ལྟར་རྒྱལ་སྲས་ཞི་བ་ལྷས་གསུངས་པ་ལྟར། “གལ་ཏེ་མི་ཞིག་གིས་བཀྲེས་པའི་མི་འགའ་ཞིག་ལ་ཁ་ལག་ཅུང་ཟད་ཙམ་ཞིག་ཐེངས་གཅིག་སྦྱིན་པ་དེ་བསྟོད་འོས་པ་ཡིན་” ཞེས་དཔེར་ན། ས་ཡོམ་ཞིག་རྒྱག་པའི་རྗེས་སུ་རྨས་སྐྱོན་དང་གོད་ཆགས་བྱུང་བའི་མི་རྣམས་ལ་རོགས་བྱེད་པ་ལྟ་བུ་རེད། “གལ་ཏེ་དེ་ནི་བསྟོད་འོས་པ་ཡིན་ན། འཇིག་རྟེན་ཁྱོན་ཡོངས་ལ་སེམས་ཅན་མ་ལུས་པ་ཀུན་ལ་འཛད་མཐའ་བྲལ་ཞིང་ཡུན་དུ་གནས་པའི་བདེ་བ་སྟེར་བ་དང་། དེ་དག་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པ་དེ་བསྟོད་འོས་ཤིག་ཡིན་དང་མིན་” ཞེས་གསུངས་ཡོད།
གལ་ཏེ་ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཕྱོགས་སུ་འབད་བརྩོན་བྱེད་ཀྱིན་ཡོད་ན། སེམས་ཤུགས་ཆག་པ་དང་ཡིད་ཐང་ཆད་རྒྱུ་མེད། ༼ངས་སྐབས་འདིར་ནམ་རྒྱུན་འཆར་ཅན་གྱི་ཉིན་མོ་རྫོགས་མཚམས་སུ་ཐང་ཆད་པའི་སྐོར་དེ་ཤོད་ཀྱི་མེད།༽ འོན་ཀྱང་། “གཞན་ཐམས་ཅད་ལ་ཕན་ཕྱིར་ངས་འདི་ཐོབ་དགོས་ཀྱི་འདུག་” ཅེས་པའི་སེམས་ཀྱི་ནུས་ཤུགས་དེ་ང་ཚོར་དགོས་ཀྱི་ཡོད། དེས་གཞན་ལ་ཕན་པའི་ཕྱིར་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འབད་བརྩོན་བྱེད་ཐུབ་པའི་ནུས་ཤུགས་ཧ་ཅང་ཆེན་པོ་ཞིག་རྟག་ཏུ་སྦྱིན་གྱི་ཡོད། དེ་ནི་གནོད་བྱེད་མི་དགེ་བའི་ལས་བརྩམ་པའམ་གླེན་པ་ལྟ་བུའི་ལས་བརྩམ་པར་སྲུང་སྐྱོབ་དང་གཉེན་པོ་ཡག་ཤོས་དེ་ཡིན། “ངས་གླེན་པ་ནང་བཞིན་ལས་ཀ་གང་འདྲ་བྱེད་ཐུབ་བམ། ང་རང་རང་འདོད་དོན་གཉེར་ཅན་གང་འདྲ་ཆགས་ཐུབ་བམ། གལ་ཏེ་ངས་གཞན་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཆེད་འབད་བརྩོན་དངོས་གནས་བྱེད་ཀྱིན་ཡོད་ན། དེ་ནས་ངས་མི་དགེ་བའི་བྱ་སྤྱོད་སྤེལ་ནས་ཚང་མར་གནོད་པ་ཇི་ལྟར་བྱེད་ཐུབ་བམ།” དེ་ལ་ཕན་ཡོན་ཧ་ཅང་མང་པོ་ཡོད་པ་རེད། བྱས་ཙང་། ང་ཚོས་དེ་དག་ཉིན་རེ་བཞིན་དྲན་ཐབས་བྱེད་དགོས། ཐབས་ཤེས་བྱེད་པ་ཙམ་མིན་པར། ང་ཚོས་དེ་ལྟར་བྱ་རྒྱུའི་དམ་བཅའ་འཇོག་དགོས་ཤིང་། དམ་བཅའ་དེ་གཞི་ལ་བཞག་ནས་ང་ཚོས་བྱེད་ཐབས་བྱེད་དགོས།
དེ་ནས་བསླབ་བྱ་གཉིས་པ་ནི། ཉིན་རེ་བཞིན་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་སོ་སོའི་སེམས་སླར་ཡང་གཞན་དོན་དུ་དམིགས་པ་དང་བྱང་ཆུབ་ཀྱི་སེམས་སླར་ཡང་བསྐྱེད་པའི་སྒོ་ནས་ཀུན་སློང་སླར་ཡར་ངེས་བརྟན་བཟོ་བ་དང་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད། དེ་ནི་སེམས་རྣལ་དུ་མེད་པའི་སྒོ་ནས་ཚིགས་སུ་བཅད་པ་ཞིག་ཁ་ཏོན་དུ་བྱེད་པ་ཙམ་གྱི་དོན་མིན། ང་ཚོས་བོད་སྐད་ནང་དུའམ་ཡང་ན་སོ་སོའི་རང་གི་སྐད་ཐོག་ཏུ་སེམས་རྣལ་དུ་མེད་པའི་སྒོ་ནས་ཚིགས་སུ་བཅད་པ་གཅིག་ཁ་ཏོན་བྱེད་སྲིད། སོ་སོ་རང་གི་སྐད་དུ་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ཏེ། དེ་ནི་སེམས་རྣལ་དུ་མི་གནས་པ་མི་ཡོང་ཞེས་ཁག་ཐེག་བྱེད་མི་ཐུབ། སེམས་རྣལ་དུ་མེད་པ་ཞེས་པའི་དོན་ནི་གོ་རྒྱུ་ཅང་མེད་པའི་སྒྲ་ཙམ་སྨྲས་པ་དང་། རང་གི་སེམས་ནང་ཚིག་ཙམ་ལས་གཞན་ཚོར་བ་དང་གོ་བ་གང་ཡང་མེད་པ་དེ་རེད། བྱས་ཙང་། དེའི་དོན་ནི་ཕན་ཡོན་ལ་བསམ་བློ་བཏང་ནས་དངོས་སུ་རིམ་པ་རྣམས་བརྒྱུད་དེ་འགྲོ་དགོས། དེ་ཡང་བཏང་སྙོམས་ཏེ། ཚང་མར་གཅིག་པའམ་མཉམ་པར་འཛིན་པ། ཚང་མ་དུས་གཞན་དང་གཞན་དུ་རང་གི་མ་ལྟར་འཀའ་དྲིན་ཅན་དུ་འཛིན་དགོས་ཤིང་། དེ་ལྟར་རྒྱུད་རིམ་ཆ་ཚང་འགྲོ་དགོས། དེ་ལ་བརྟེན་ནས་ང་ཚོའི་བྱང་ཆུབ་ཀྱི་སེམས་དེ་ལ་ཤུགས་སྣོན་སྤྲོད་ཀྱི་རེད། གལ་ཏེ་ང་ཚོས་རྟག་ཏུ་བྱས་ན། བྱང་ཆུབ་སེམས་ཀྱི་ཆོད་སེམས་དེ་མི་ཉམས་པ་དང་། ཇེ་ཞན་དུ་མི་འགྲོ་བ་ཡིན།
དེར་བརྟེན་ང་ཚོར་ཉམས་ལེན་བྱེ་བྲག་འགའ་ཞིག་ཡོད་ཀྱང་། ཚད་ལྡན་གྱི་ཚིགས་བཅད་འགའ་ཞིག་ང་ཚོས་བྱང་ཆུབ་ཀྱི་སེམས་འདིའམ་ཡིད་སྨོན་འདི་སྐྱེད་པར་བེད་སྤྱོད་བྱེད་ཆོག །དེ་ཡང་ང་ཚོས་ཞོགས་པ་ལན་གསུམ་དང་དགོང་མོ་ལན་གསུམ་འདོན་ཆོག །སྐུ་མཁྱེན། ང་ཚོས་དེ་དག་འདོན་པའི་སྐབས། སེམས་རྣལ་དུ་མེད་པའི་ཐོག་གོ་རྒྱུ་མེད་པའི་སྒྲ་ཙམ་མི་འདོན་རྒྱུ་ཐབས་ཤེས་བྱེད་རོགས། ང་ཚོས་རང་གིས་རང་ལ་མགོ་བསྐོར་གཏོང་རྒྱུ་མེད། དེ་སྔ་དགོང་རྟག་པར་བྱ་རྒྱུ་ལས་སླ་པོ་ཞིག་མེད། དེ་ལ་བརྩོན་འགྲུས་ཏོག་ཙམ་ཞིག་བསྟེན་དགོས། དགོས་དང་མི་དགོས།
བསླབ་བྱ་གསུམ་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་རྒྱུ་བརྩོན་འགྲུས་བྱེད་དགོས། འདི་ནི་ནམ་རྒྱུན་ཨིན་སྐད་དུ་ collection of merit and wisdom ཞེས་བསྒྱུར་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་བྱུང་ཆུབ་ཀྱི་སེམས་ལ་བརྟེན་ནས་གང་ཐུབ་ཅི་ཐུབ་ཀྱིས་གཞན་དོན་སྒྲུབ་ཐབས་བྱེད་དགོས། དེས་དགེ་བའི་ནུས་པའམ་བསོད་ནམས་གསོག་གི་ཡོད། ང་ཚོ་གདན་སྒང་ལ་བསྡད་ནས་ཚང་མར་བདེ་པོ་ཡོང་བར་སྨོན་པ་ཙམ་མིན་པར། བྱང་སེམས་སྡོམ་པ་མ་བླངས་སྔོན་ནས་ཀྱང་ང་ཚོས་གཞན་ལ་ཕན་ཐོགས་གང་ཐུབ་ཅི་ཐུབ་བསྒྲུབ་དགོས། འདིས་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་གསོག་གི་ཡོད།
ཕྱོགས་གཞན་ཞིག་ནས་ང་ཚོ་ཉེན་མེད་ཀྱི་སྒོམ་རྒྱག་སའི་ཁང་པ་ཆུང་ཆུང་ཞིག་གི་ནང་བསྡད་ནས། “ངས་ཚང་མ་བདེ་པོ་ཡོང་བར་སྨོན་གྱི་ཡོད། ང་རང་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་ཡིན་པ་དང་། གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་རྒྱུ་ཡིན།” ཞེས་བརྗོད་ནའང་། ང་ཚོའི་ཉིན་རེའི་མི་ཚེའི་ནང་གཞན་གྱིས་རོགས་བྱེད་རོགས་ཟེར་དུས་ང་ཚོས། “ང་ཧ་ཅང་གི་བྲེལ་བ་ཡིན་” ཞེས་དང་། “ལེ་ལོའི་དབང་གིས་ངས་བྱེད་མི་ཐུབ་” ཟེར་བ་སོགས་ཡ་ལན་སྤྲད་ན། དེས་གོ་ཆོད་ཀྱི་མེད། ང་ཚོས་རང་གི་འཇོན་ཚོད་ལ་དཔག་པའི་གང་ཐུབ་ཀྱིས་ཕན་འདོགས་ཐབས་བྱེད་དགོས། གང་ཐུབ་ཅི་ཐུབ་ཀྱིས་བྱེད་དགོས་ཞེས་པའི་དོན་ནི། དངོས་ཡོད་དང་མཐུན་ཞིང་། སྐབས་ཐོག་གི་གནས་སྟངས་ལ་གཞིགས་ཏེ་རང་གི་འཇོན་ཚོད་དང་ནུས་པ་ལས་བརྒལ་བ་ཞིག་བྱ་རྒྱུའི་དམ་བཅའ་མི་བྱེད་པ་དེ་ཡིན། རྒྱལ་སྲས་ཞི་བ་ལྷས་དེ་གང་ལ་གང་འཚམས་ཀྱིས་གསལ་པོར་ནན་བརྗོད་མཛད་ཡོད། ཁྱེད་ཀྱིས་གང་ཐུབ་པ་ལས་ལྷག་པ་ཞིག་དམ་བཅའ་བྱ་རྒྱུ་མེད། དེའི་ནང་བརྗོད་པ་བེད་སྤྱོད་བྱས་པ་ནི། “སངས་རྒྱས་ཀྱི་གོ་འཕང་གི་གསོལ་སྟོན་ལ་ངས་ཚང་མ་མགྲོན་འབོད་བྱེད་ཀྱི་ཡོད།” ཅེས་པ་དེ་རེད། ཞི་བ་ལྷས་འདི་ནི་ཧ་ཅང་ཚིག་རྒྱན་ལྡན་པའི་སྙན་ངག་གི་ལམ་ནས་གསུངས་ཡོད། དེའི་དོན་ནི་ངས་ཁྱེད་ཀྱི་སངས་རྒྱས་ཀྱི་གོ་འཕང་ཆེད་དུ་འབད་བརྩོན་བྱེད་ཀྱིན་ཡོད། དེ་ལ་བརྟེན་ནས་ངས་ཁྱེད་རྣམས་མགྲོན་པོའི་ཚུལ་དུ་གདན་དྲངས་ནས་དེས་ཀྱང་སངས་རྒྱས་ཀྱི་གོ་འཕང་ལ་སྙེག་གི་རེད། འདི་ནི་ང་ཚོས་དམ་བཅའ་བྱེད་ཀྱིན་ཡོད་པ་དང་ནམ་ཡང་བློས་གཏོང་བྱ་རྒྱུ་མེད། འདི་ནི་ང་རང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐབས། ངས་ཁྱེད་རྣམས་ལ་སྤྲོད་རྒྱུ་ཡིན། དེ་ནི་ངས་གང་བརྗོད་པ་དང་མི་འདྲ་བ་ཡིན། དེ་ཡང་བྱང་ཆུབ་སེམས་དཔའ་ས་འོག་མར་གནས་པ་དེས་ས་གོང་མར་ཡོད་པའི་བྱང་ཆུབ་སེམས་དཔའི་བསླབ་བྱ་བྱེད་ཐབས་མི་བྱེད་པ་ཡིན། དེ་ནི་སྙན་ངག་གི་ལམ་ནས་ “སེང་གེས་མཆོངས་ཐུབ་སར་ཝ་མོ་མི་མཆོང་” ཞེས་འཁོད་ཡོད།
ཞི་བ་ལྷས། ང་ཚོས་དུས་ཡུན་ཐུང་ངུའི་རིང་ནང་བྱེད་མི་ཐུབ་པ་ཞིག་དམ་བཅས་སྟེ། དཔེར་ན། “ངས་བཀའ་འགྱུར་པོ་ཏི་ཆ་ཚང་ཨུ་རུ་སུའི་སྐད་དུ་བསྒྱུར་གྱི་ཡིན་” ཟེར་བ་ལྟ་བུའི་དམ་བཅའ་མ་བྱས་གོང་རང་གིས་རང་ལ་བརྟག་དཔྱད་གཟབ་ནན་བྱེད་དགོས་ཞེས་གསུངས་ཡོད། དེ་ནས་ཁྱེད་ཀྱིས་བྱེད་ཐུབ་པ་འདུག་མི་འདུག་བརྟག་དཔྱད་ལེགས་པར་བྱེད་དགོས། ང་ཚོས་དམ་བཅའ་བྱས་ཏེ་འགོ་བཙུགས་པ་དང་དེ་ནས་རང་གིས་བྱེད་མི་ཐུབ་པ་སོང་ཙང་། བློས་གཏོང་བྱེད་པ་ལས་སྔོན་ཚུད་ནས་ “ངས་འདི་བྱེད་མི་ཐུབ་” ཅེས་བརྗོད་ན་ཡག་ག་ཡོད། བྱས་ཙང་། དེ་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱེད་ཀྱི་ཡིན་ཞེས་དམ་བཅའ་བྱེད་པ་དང་མི་འདྲ་བ་ཡིན། དེ་འདྲ་ཡིན་པ་སོང་ཙང་། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་གཞན་དོན་བསྒྲུབ་ཐབས་དང་། ང་ཚོར་སྟོང་ཉིད་རྟོགས་པའི་རིམ་པ་གང་དུ་ཡོད་རུང་ཡེ་ཤེས་ཀྱི་ཚོགས་གསོག་ཐབས་བྱེད་དགོས། དེ་ནས་ངས་འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ངས་འདི་ལྟར་བྱེད་དགོས་དོན་ནི་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པའི་ཆེད་དུ་ཡིན། བྱས་ཙང་། འདིས་ང་ཚོའི་བྱང་ཆུབ་སེམས་དཔའི་ཆོད་སེམས་མི་ཉམས་པར་ཕན་གྱི་ཡོད།
དེ་ནས་བསླབ་བྱ་བཞི་པ་ནི། གཞན་སུ་འདྲ་ཞིག་ལ་གནས་སྟངས་དཀའ་སྡུག་ཅན་ཅི་འདྲ་ཞིག་གི་ནང་ཡོད་སྲིད་ནའང་ང་ཚོས་ད་དུང་ཕན་འདོགས་རྒྱུ་ ༼མ་མཐར་ཡང་ཕན་པའི་འདུན་སེམས་༽ ནམ་ཡང་བློས་གཏོང་མི་བྱེད་པ་དེ་ཡིན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དྲན་དགོས། དེ་ནི་ང་ཚོས་གཞན་སེམས་ཅན་ཀུན་ལ་དཀའ་ངལ་ག་ཚོད་ཡོད་ཀྱང་དེ་དག་ལ་མཐའ་གཅིག་ཏུ་ཕན་ཕྱིར་འབད་བརྩོན་བྱེད་ཀྱིན་ཡོད། ང་ཚོས་བསམ་བློ་འདི་ནི། ཐ་ན་གཉིད་ཁུག་ཐབས་བྱེད་པའི་སྐབས། སོ་སོའི་མགོ་བོའི་སྟེང་དུ་འཕུར་བཞིན་པའི་དུག་སྦྲང་ཡན་ཆད་ལ་རྒྱ་སྐྱེད་དུ་གཏོང་ཆོག་པ་ཡིན། ང་ཚོས་དུག་སྦྲང་ལ་ “དུག་སྦྲང་ལགས། ངས་ཁྱེད་སངས་རྒྱས་ཀྱི་ས་ལ་འགོད་ཐབས་ཆེད་འབད་བརྩོན་ནམ་ཡང་འདོར་གྱི་མིན། གང་ཡིན་ཟེར་ན། ཁྱེད་ཀྱི་སྐྱེ་བ་མཐའ་མའི་ནང་ཁྱེད་རང་ངའི་མ་བྱས་ཡོད་” ཅེས་བསམ་དགོས། དེ་འདྲ་བསམ་པ་ནི་གང་འཚམས་ཀྱི་ཚད་མཐོའི་ཉམས་ལེན་རེད། མ་རེད་དམ། འོན་ཀྱང་ང་ཚོས་བསམ་བློ་དེ་འགྲོ་བ་མི་གཞན་དང་གཞན་ལ་རྒྱ་སྐྱེད་དུ་གཏོང་ཐབས་བྱེད་དགོས།
ང་རང་གི་ཉམས་མྱོང་དང་སྦྱར་ནས་ངས་དཔེ་མཚོན་ཞིག་ཞུ་རྒྱུ་ཡིན། འཇར་མི་ནིར་བུད་མེད་གཅིག་ཡོད་པ་དང་། ཁོང་ལ་སེམས་ཁམས་འཆོལ་བའི་ནད་ལྕི་མོ་ཞིག་ཡོད། དེ་ལ་བརྟེན་ནས་ཁོ་མོའི་གནས་སྟངས་གང་འཚམས་ཀྱི་ཐབས་སྐྱོ་པོ་ཡོད་པ་དང་། ཆེད་ལས་ཀྱི་སེམས་ནད་སྨན་པ་བསྟེན་དུ་འགྲོ་རྒྱུ་ངོས་ལེན་བྱེད་ཀྱི་མི་འདུག །ཁོ་མོས་ཆོས་ཚོགས་དང་དགེ་བའི་བཤེས་གཉེན་ཁག་འདྲ་མིན་བསྟེན་ནས་རོགས་འཚོལ་གྱི་ཡོད་པ་དང་ཁོ་མོ་སེམས་ཁམས་འཆོལ་བའི་ནད་པ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་མེད། ཁོ་མོ་དམིགས་བསལ་ང་ལ་ཞེན་ཆགས་སྐྱེས་ཏེ། ང་ལ་ཡང་སེ་ཁ་པར་གཏོང་བ་དང་གློག་འཕྲིན་གཏང་བ་སོགས་བྱེད་ཀྱི་རེད། ཁོ་མོ་ཆོས་ཚོགས་དང་ཆོས་ཀྱི་ཚོགས་སྡེ་ཁག་མང་པོ་ནས་ཕྱིར་འབུད་བཏང་ཡོད། གང་ཡིན་ཞེ་ན། ཁོ་མོ་མི་གཞན་གྱི་ཉེ་འཁོར་དུ་ཡོད་པ་དང་བྱ་སྤྱོད་དཀའ་ལས་ཁག་པོ་དེ་འདྲ་བྱེད་སྐབས། མི་རྣམས་ལ་གང་འཚམས་ཀྱི་བསུན་པོ་བཟོ་གི་ཡོད། ཁོ་མོས་ང་ལ་ཁ་པར་གཏོང་བའི་སྐབས། ངས་རྟག་ཏུ་ཁོ་མོར། “ཉོན་དང་” ཞེས་ཧ་ཅང་གསལ་པོའི་སྒོ་ནས་ “ངས་ཁྱེད་ལ་རོགས་བྱེད་ཐུབ་ཀྱི་མི་འདུག །འདི་ནི་ངའི་ནུས་པ་ལས་འདས་པ་རེད་འདུག །ང་རང་སེམས་ནད་བཅོས་མཁན་གྱི་སྨན་པ་ཆེད་ལས་ཤིག་མིན། ངས་ཁྱེད་ལ་རོགས་ཇི་ལྟར་བྱེད་དགོས་མིན་ཤེས་ཀྱི་མི་འདུག །ཁྱེད་རང་ཆེད་ལས་པ་ཞིག་ལ་བསྟེན་དགོས་” ཞེས་བརྗོད་ཀྱི་ཡོད། ཁོ་མོར་གཟུངས་སྔགས་འདོན་རྒྱུ་འགའ་ཞིག་སྤྲོད་པ་ལྟ་བུ་ནི་ཆོ་མེད་པ་རེད། དེས་ཁོ་མོའི་སེམས་ཀྱི་ནད་ཚབས་ཆེན་དེའི་སྐབས་སུ་ཕན་ཐོགས་ཡོང་གི་མ་རེད། གལ་ཏེ་ཁོ་མོས་ཁ་པར་བཏང་ན། “ཁ་པར་ནམ་ཡང་གཏོང་མ་ཡོང་” ཞེས་བརྗོད་ནས་དྲན་པ་བརྗེད་རྒྱུ་ལས་སླ་པོ་ཞེ་དྲག་རེད། འོན་ཀྱང་མ་མཐར་ཡང་། “ངས་ཁོ་མོར་རོགས་བྱེད་ཐུབ་ན་ཅི་མ་རུང་” ཞེས་པའི་ཡིད་སྨོན་དེ་ང་ལ་ཡོད། ད་ལ་ངས་དེ་ལྟར་བྱེད་ཐུབ་ཀྱི་མེད། བྱས་ཙང་། ངས་ཁོ་མོར་སྣང་མེད་ཐོག་གད་སྙིགས་ནང་བཞིན་སྐྱུར་ཀྱི་མེད། འདི་ལ་བཟོད་སྒོམ་ཆེན་པོ་དང་ངང་རྒྱུད་རིང་པོ་དགོས་ངེས་རེད་དེ་སྐབས་འདིའི་བསླབ་བྱ་ལ་བརྟེན་ནས་ང་ཚོས་འབད་བརྩོན་བྱེད་དགོས་པའི་གནད་དོན་ཞིག་རེད། དོན་ངོ་མར་ངས་ཁོ་མོར་གཤེ་གཤེ་གཏོང་བའམ་ཁ་ཡ་མི་བྱེད་པ་སོགས་བྱེད་ཀྱི་མེད་ཙང་། དེས་ཁོ་མོར་ཅུང་ཟད་ཕན་ཡོད། ངས་གོང་དུ་ཞུས་པ་ནང་བཞིན་ངས་རང་གི་འཇོན་ཚོད་ལས་མང་བ་བྱེད་ཐུབ་ཅེས་མ་ཡིན་ཡིན་ཁུལ་བྱེད་ཀྱི་མེད། ངས་ཁོ་མོར་རོགས་བྱེད་ཐུབ་ཀྱི་མི་འདུག
དེ་དག་ནི་བྱང་ཆུབ་སེམས་དཔའི་ཆོད་སེམས་ཚེ་འདིའི་ནང་མི་ཉམས་པའི་བསླབ་བྱ་བཞི་ཡིན། དེ་ནས་ང་ཚོས་དམ་བཅའ་བྱས་པའི་བསླབ་བྱ་ལྔ་པ་ནི། སྐྱེ་བ་ཕྱི་མའི་ནང་བྱང་ཆུབ་སེམས་དཔའི་ཆོད་སེམས་མི་ཤོར་བར་དམིགས་པ་དེ་ཡིན། འདི་ལ་སྤྱོད་ལམ་གོ་ལྡོག་པའི་སྡེ་ཚན་བཞི་ཡོད། བྱས་ཙང་། དེའི་དོན་ནི་བྱ་སྤྱོད་བྱེ་བྲག་ཅིག་སྤེལ་རྒྱུ་སྤོང་བའམ་མཚམས་འཇོག་བྱེད་པའི་ཚབ་ཏུ་དེའི་ལྡོག་ཕྱོགས་ཀྱི་བྱ་སྤྱོད་སྤེལ་བ་དེ་ཡིན། དེ་ནི་སྤྱོད་ལམ་གོ་ལྡོག་པ་ཞེས་པའི་དོན་ཡིན།
དང་པོ་ནི་ང་ཚོས་རང་གི་བླ་མའམ་དགེ་བའི་བཤེས་གཉེན་དང་། ཕ་མ། དཀོན་མཆོག་གསུམ་བཅས་ལ་མགོ་བསྐོར་གཏོང་རྒྱུ་སྤོང་བ་དེ་རེད། དེའི་ཚབ་ཏུ་ང་ཚོས་རྟག་ཏུ་ཁོང་རྣམས་ལ་དྲང་པོ་རང་གཞག་བྱེད་དགོས། དམིགས་བསལ་ང་ཚོའི་ཀུན་སློང་དང་གཞན་དོན་བསྒྲུབ་པའི་བརྩོན་འགྲུས་ལ་དྲང་བདེན་དགོས། འདི་ནི་ཧ་ཅང་གལ་ཆེན་པོ་ཡིན། དེ་ཡང་ཐོག་མར་རང་གི་ཕ་མ་ནས་འགོ་འཛུགས་བྱེད་དགོས། ཕ་མ་ནི་ང་ཚོ་ཕྲུ་གུ་མ་འབྱར་སྐབས་དང་ཆུང་བྱིས་པའི་དུས་ནས་བཟུང་སྟེ་གཅེས་སྐྱོང་དང་འཚར་ལོངས་ཀྱི་ཆེད་དུ་རོགས་པ་སོགས་བྱེད་མཁན་ཡིན། ང་ཚོ་གུ་རུ་རིན་པོ་ཆེ་ནང་བཞིན་མེ་ཏོག་པདྨ་ལས་སྐྱེས་པ་ཞིག་ཡིན་ན་མ་གཏོགས། གཞན་ང་ཚོས་རྟག་ཏུ་རང་གི་ཕ་མར་བརྟེན་དགོས། འོན་ཀྱང་ནམ་རྒྱུན་ཡོངས་གྲགས་སུ་གང་འབྱུང་གི་ཡོད་པའི་སྐོར་མང་བ་ཞུ་རྒྱུ་ཡིན། ཁོང་རྣམས་ཀྱི་བཀའ་དྲིན་དང་ང་ཚོས་མ་འོངས་པར་ཕ་མར་བརྟེན་དགོས་པའི་རྒྱུ་མཚན་གྱིས་ང་ཚོས་ཁོང་ཚོ་མགོ་བསྐོར་བའི་བྱ་སྤྱོད་རིགས་སྤེལ་རྒྱུ་མེད། དེ་ནི་བསླུ་བྲིད་ཡིན་པ་དང་མ་ཡིན་ཡིན་ཁུལ་བྱེད་ཀྱི་ཡོད། ལྷག་པར་དུ་ཆོས་ཕྱོགས་དང་འབྲེལ་བའི་སྐོར་ང་ཚོས་ཤོད་ཀྱིན་ཡོད། དེའི་ཚབ་ལ་ངས་ཞུས་པ་ལྟར། ང་ཚོས་ཁོང་ཚོར་དྲང་པོ་བྱེད་དགོས། གལ་ཏེ་ང་ཚོས་དགེ་བའི་བཤེས་གཉེན་གྱི་སྐོར་ཤོད་ཀྱིན་ཡོད་ན། འདི་ནི་ཧ་ཅང་གསལ་པོ་དང་ཁ་རུ་ཁ་ཐུག་ཆགས་ཀྱི་ཡོད། ཁྱེད་ཀྱིས་ཁོང་མགོ་བསྐོར་བ་དང་རྫུན་བཤད་ནས་རང་ཉིད་རྟོགས་པ་ཐོབ་མེད་ནའང་། “ཨོ། ང་རང་རྟོགས་པ་འདི་དང་དེ་ཐོབ་སོང་” ཞེས་ཟེར་བའམ། ཡང་ན་ང་ཚོས་ཉམས་ལེན་བྱེད་ཀྱིན་མེད་ནའང་། “ངས་ཉམས་ལེན་འདི་དང་དེ་བྱེད་ཀྱིན་ཡོད་” ཅེས་བརྗོད་པ་ལྟ་བུ་རེད། ཡང་མིན་ན་དཀོན་མཆོག་གསུམ་ལ། “ང་རང་ཁ་ཕྱོགས་འདིའི་ནང་འགྲོ་གི་ཡོད། ངས་མི་ཚེའི་ནང་ཁ་ཕྱོགས་འདི་བསྟེན་གྱི་ཡིན་” ཞེས་བརྗོད་པ་དང་། གང་བརྗོད་པ་ལྟར་དངོས་སུ་མི་བྱེད་པ་ལྟ་བུ་རེད། ང་ཚོས་གནོད་གཞི་ཅན་གྱི་དགོས་དོན་ཙམ་ཞིག་གི་ཆེད་དུ་འབད་བརྩོན་བྱེད་ཀྱིན་ཡོད། གལ་ཏེ་སོ་སོའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་མུ་མཐུད་དེ་མ་འོངས་པའི་མི་ཚེའི་ནང་འགྲོ་བར་འདོད་ན། ང་ཚོས་རང་གི་ཕ་མར་བརྟེན་དགོས་ཤིང་། རང་གི་བླ་མར་བསྟེན་དགོས། དེ་བཞིན་སྐྱབས་འགྲོའམ་ཉེན་མེད་ཀྱི་ཁ་ཕྱོགས་སངས་རྒྱས་ཆོས་དང་དགེ་འདུན་ལ་བསྟེན་དགོས། དེ་འདྲ་སོང་ཙང་། ང་ཚོས་ཁོང་རྣམས་མགོ་བསྐོར་གཏོང་གི་མེད། ང་ཚོ་སྐྱེ་བ་ཕྱི་མའི་ནང་བྱང་ཆུབ་སེམས་ཀྱི་མཐུན་པའི་རྐྱེན་རྣམས་མུ་མཐུད་གནས་པ་དང་། གསོན་ཉམས་དོད་པོ་བཟོ་བ། སླར་ཡང་སྐྱེད་པའི་ཆེད་དུ་ང་ཚོས་དྲང་པོ་དྲང་གཞག་བྱེད་དགོས།
བྱང་སེམས་སྡོམ་པ་དང་གསང་སྔགས་ཀྱི་སྡོམ་པ་གཉིས་ནི་སོ་ཐར་གྱི་སྡོམ་པ་དང་མི་འདྲ། སོ་ཐར་གྱི་སྡོམ་པ་ནི་ང་ཚོས་ཚེ་འདི་ཙམ་གྱི་ཆེད་དུ་ལེན་གྱི་ཡོད། བྱང་སེམས་དང་གསང་སྔགས་ཀྱི་སྡོམ་པ་ནི་ང་ཚོས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ཚེ་རབས་ཐམས་ཅད་དུ་ལེན་གྱི་ཡོད། བྱས་ཙང་། གལ་ཏེ་ང་ཚོས་བྱང་སེམས་སྡོམ་པ་ཚེ་འདིའི་ནང་བླངས་ན། སྐྱེ་བ་ཕྱི་མའི་འགོ་སྟོད་ལ་དེ་དག་བག་ལ་ཉལ་གྱི་ཡོད། དཔེར་ན། ང་ཚོ་འབུ་ཞུ་ལུ་མར་སྐྱེ་བ་ལེན་པའི་དབང་དུ་བཏང་ན། འབུ་ཞུ་ལུ་མར་བྱང་སེམས་སྡོམ་པ་ཡོད་དམ། གལ་ཏེ་ཞུ་ལུ་མས་སྐྱེ་བ་སྔོན་མའི་ནང་བྱང་སེམས་སྡོམ་པ་བླངས་ཡོད་ན། བྱང་སེམས་སྡོམ་པ་ཡོད་ཟེར་ཆོག་ཀྱང་། དེ་དག་བག་ལ་ཉལ་ནས་ཡོད། དེ་ནི་དེའི་ཤེས་པའི་རྒྱུན་ཞིག་གི་ནང་ཡོད་པ་རེད། ཞུ་ལུ་མས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་སུ་ལེན་གྱི་མེད།
བྱང་སེམས་སྡོམ་པ་ནི་ཁྱེད་ཀྱིས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ལེན་དགོས། བྱས་ཙང་། ད་ལྟ་ང་ལ་བྱང་སེམས་སྡོམ་པ་ཡོད་བཞིན་དུ་ཤི་ནས་སླར་ཡང་ཞུ་ལུ་མར་སྐྱེ་བ་བླངས་ན། ཞུ་ལུ་མའི་མི་ཚེའི་ནང་ཞུ་ལུ་མ་དེར་ད་དུང་བྱང་སེམས་སྡོམ་པ་ཡོད་དམ་ཞེ་ན། ཡོད། དེ་དག་གྲུང་པོ་དང་གསོན་ཉམས་ལྡན་པ་རེད་དམ་ཞེ་ན། མ་རེད། ང་ཚོ་ཐ་ན་འགྲོ་བ་མིར་སྐྱེ་བ་བླངས་ནའང་། སླར་ཡང་བྱང་ཆུབ་ཀྱི་སེམས་སྐྱེད་དགོས་པ་དང་བྱང་སེམས་སྡོམ་པ་དེའང་སླར་ཡང་ལེན་དགོས། དེའི་དོན་ནི་ང་ཚོས་ཕ་མ་དང་། དགེ་བའི་བཤེས་གཉེན། དེ་བཞིན་དཀོན་མཆོག་གསུམ་བཅས་ལ་བརྟེན་དགོས་ཀྱི་ཡོད། བྱས་ཙང་། ཁོང་རྣམས་དང་མཉམ་དུ་དྲང་པོ་དྲང་གཞག་དང་ཁ་རུ་ཁ་ཐུག་གི་འབྲེལ་བ་བཟང་པོ་ཞིག་ཡོད་དགོས་པ་ལས་མགོ་བསྐོར་གཏོང་མི་ཉན། གང་ཡིན་ཟེར་ན། གལ་ཏེ་ཁྱེད་ལ་དགེ་རྒན་བསླུ་བྲིད་བྱེད་མཁན་ཞིག་ཡོད་ན། གང་ཡོང་ངམ། ཁྱེད་རང་གནས་སྟངས་ངན་པ་དང་དམོད་པའི་རིགས་ཚང་མའི་ནང་ཚུད་ཀྱི་རེད། ཕ་མས་ཀྱང་ཁྱེད་ལ་ངན་པ་བྱེད་སྲིད་པ་སོགས་ཡོང་གི་ཡོད། ཁྱེད་ཀྱིས་སྐྱེ་བ་ཕྱི་མའི་ནང་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྐྱེད་ཐུབ་པའི་ཆེད་དེ་དག་སྤོང་དགོས།
འོན་ཀྱང་ངས་གོང་དུ་ཞུས་པ་ལྟར། ཕ་མ་ལ་ཆ་བཞག་ན་དེ་ནི་ཏོག་ཙམ་གནད་འགག་ཅན་ཆགས་ཡོད་དེ། ང་ཚོ་མང་པོ་ཞིག་ལ་ཕ་མ་ཡོད་སྲིད་པ་དང་། ཁོང་ཚོར་ཆོས་ཀྱི་ལམ་དང་དེ་ལ་རྒྱབ་སྐྱོར་གྱི་གོ་རྟོགས་ཡོད་དགོས་པའི་ངེས་པ་མེད། ང་ཚོས་སོ་སོ་སྒེར་གྱི་མི་ཚེའི་སྐོར་ཚང་མ་རང་གི་ཕ་མར་ཤོད་དགོས་ཟེར་གྱི་མེད། ང་ཚོས་རྫུན་ཤོད་མི་དགོས། འོན་ཀྱང་དེས་ཁྱེད་ཀྱིས་མཐའ་གཅིག་ཏུ་ཚང་མ་ཤོད་དགོས་པའི་དོན་མིན། ཡིན་ནའང་དེའི་གོ་དོན་གང་ཡིན་ཞེ་ན། དེ་ནི་ཆོས་ཕྱོགས་དང་འབྲེལ་བའི་ཐོག་ཁོང་ཚོར་ཕན་འདོགས་དགོས་པའི་དོན་ཡིན། གལ་ཏེ་ངས་ཁྱེད་ལ་རོགས་བྱེད་ཀྱི་ཡིན། ཉིན་ལྟར་གད་སྙིགས་གཡུག་གི་ཡིན་ཞེས་རང་གི་ཕ་མར་བརྗོད་ན། ཉིན་ལྟར་གད་སྙིགས་ཕྱིར་གཡུག་རོགས་བྱེད་དགོས། ཁོང་ཚོར་ཕན་འདོགས་པ་དང་། གལ་ཏེ་ཁོང་ཚོས་ང་ཚོར་ཆོས་ཉམས་ལེན་གྱི་སྐོར་སྐད་ཆ་དྲིས་ན། ང་ཚོས་ཁོང་ཚོར་མགོ་བསྐོར་གཏོང་རྒྱུ་མེད། “ཡ་ཡ། ང་ཡིན་” ཞེས་འདི་ང་ཚོའི་མི་ཚེའི་ནང་གལ་ཆེན་པོ་ཞིག་མིན་ཞེས་ང་ཚོས་རྫུན་ཤོད་མི་རུང་།
གཉིས་པ་ནི། ང་ཚོས་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱོན་བརྗོད་དང་ཁྱད་གསོད་བྱ་རྒྱུ་སྤོང་དགོས། ཁྱད་གསོད་བྱེད་པ་ནི་ང་ཚོས་ཁྱེད་ལ་མི་དགའ་བ་དང་། ནོར་འཁྲུལ་འཚོལ་གྱིན་ཡོད། གང་ཡིན་ཞེ་ན། ང་ཚོ་མི་དེ་ལ་ཁོང་ཁྲོ་ཟ་གི་ཡོད། འོན་ཀྱང་འདིར་དཀའ་ངལ་ནི། ང་ཚོ་སངས་རྒྱས་ཡིན་ན་མ་གཏོགས་གཞན་ང་ཚོས་སུ་བྱང་ཆུབ་སེམས་དཔའ་ཡིན་མིན་ནམ་ཡང་མི་ཤེས། དེའི་ལྡོག་ཕྱོགས་དེ་གང་རེད་དམ་ཞེ་ན། ཚང་མ་སོ་སོའི་དགེ་བའི་བཤེས་གཉེན་དུ་བལྟ་རྒྱུ་དེ་ཡིན། ཐ་ན་མི་རྣམས་ཀྱིས་སྤྱོད་པ་ངན་པོ་དང་རྩུབ་པོ་བྱེད་ནའང་། གང་ལྟར་ཁོང་ཚོས་སྤྱོད་ངན་དེ་འདྲ་མ་བྱོས་ཞེས་བསླབ་ཀྱི་ཡོད། ཁྱེད་རང་འདི་ལ་ཧ་ཅང་གཟབ་ནན་བྱེད་དགོས། གང་ཡིན་ཟེར་ན། འདི་ནི་ཁྲིམས་ཤིག་རེད་ཅེས་བརྗོད་པའི་སྐྱོན་ཞིག་ང་ཚོར་ཡོད་སྲིད་པ་དང་། དེ་ཡང་རང་ངོས་ནས་གྲུབ་པ་ཞིག་ལས་ལྟོས་ནས་གྲུབ་པ་མཐོང་གི་མེད། འདི་ནི་གལ་ཏེ་མི་ཞིག་གིས་མི་དགེ་བའི་བྱ་སྤྱོད་སྤེལ་ན། ཁྱེད་ཀྱིས་བཀག་འགོག་བྱེད་ཐབས་མི་བྱེད་ཅེས་བརྗོད་ཀྱི་མེད། མི་ཞིག་གིས་ནོར་འཁྲུལ་བཟོ་བའམ་གནོད་པའི་ལས་བརྩམ་བཞིན་ཡོད་ན། དེ་ནི་བྱང་སེམས་སྡོམ་པའི་ཆ་ཤས་ཤིག་རེད། དེ་ཡང་གལ་ཏེ་ཁྱེད་ལ་ཁོང་ཚོར་བཀག་འགོག་བྱེད་པའི་ནུས་པ་ཡོད་ན། བཀག་འགོག་བྱེད་དགོས། སངས་རྒྱས་ཀྱིས་རྟག་ཏུ་དེ་ལྟར་གནང་ཡོད། དོན་དག་གཙོ་བོ་ནི་ཁོང་ཁྲོ་དང་ཞེ་སྡང་ལ་བརྟེན་ནས་སྐྱོན་འཚོལ་རྒྱུ་དེ་མ་རེད། “ཁྱེད་རང་མི་སྡུག་ཅག་ཅིག་རེད། ད་ངས་ཁྱེད་ལ་ཉེས་ཆད་འགེལ་རྒྱུ་ཡིན། ངས་ཁྱེད་ལ་གཞུ་གི་ཡིན་” ཞེས་མི་དེས་མི་དགེ་བའི་ལས་བརྩམ་གྱིན་འདུག །དེ་ངའི་དགེ་བའི་བཤེས་གཉེན་རེད། ཁོང་ཚོས་ང་ལ་བྱ་སྤྱོད་དེ་འདྲ་མི་སྤེལ་རྒྱུ་བསླབ་ཀྱི་ཡོད། གང་ལྟར་ཡང་། ངས་ཁོང་ཚོར་རོགས་བྱེད་འདོད་འདུག །ཁོང་ཚོར་རོགས་བྱེད་པར། ངས་ཁོང་ཚོས་མི་དགེ་བའི་ལས་མི་གསོག་པ་དང་གཞན་ལ་གནོད་པའི་ལས་མི་གསོག་པའི་ཆེད་རོགས་བྱེད་དགོས། བྱས་ཙང་། དེ་ཁྱེད་ཀྱིས་བྱམས་པ་དང་སྙིང་རྗེའི་ཀུན་ནས་བསླངས་ཏེ་བྱེད་དགོས།
ངའི་དགེ་བའི་བཤེས་གཉེན་༧སྐྱབས་རྗེ་སེར་ཀོང་རིན་པོ་ཆེས། མཚན་མ་སྨྲོས་པའི་ཐོག་ནས་བོད་ཀྱི་དགེ་བའི་བཤེས་གཉེན་གཞན་ཞིག་ཡོད་པ་དེས་རང་གི་སློབ་མ་ཚོའི་གནས་ཚད་ལས་འདས་པའི་ཧ་ཅང་ཚད་མཐོ་བའི་ཉམས་ལེན་ཞིག་བྱེད་བཅུག་གི་ཡོད་ཅེས་གསུངས་པ་དྲན་གྱི་འདུག །སེར་ཀོང་རིན་པོ་ཆེས། “རེད། དགེ་བའི་བཤེས་གཉེན་དེའི་ཀུན་སློང་ནི་བྱང་ཆུབ་སེམས་དང་འབྲེལ་བའི་གཞན་ལ་ཕན་པའི་ཀུན་སློང་རྣམ་དག་ཡིན་སྲིད། འོན་ཀྱང་ཁོང་ཐབས་ལ་མཁས་པོ་དེ་ཙམ་མེད་པ་རེད་” ཅེས་གསུངས། བྱས་ཙང་། ཁོང་གིས་སྐྱོན་ཞིག་མཛུབ་སྟོན་གནང་གི་ཡོད་ཀྱང་། སྐྱོན་དེ་དགེ་བའི་བཤེས་གཉེན་དེ་ལའང་མཛུབ་སྟོན་བྱེད་ཀྱི་མེད། འོན་ཀྱང་ང་ཁོང་གི་སློབ་མ་ཡིན་པའི་ཆ་ནས་ཁོང་གིས་ང་ལ་མཛུབ་སྟོན་གནང་གི་འདུག །འདི་ནི་ཆོ་མེད་དོན་མེད་ཅིག་ཡིན་ནམ། མ་རེད། སེར་ཀོང་རིན་པོ་ཆེས་ག་རེ་གནང་གིན་ཡོད་དམ། ཁོང་གིས་མཛུབ་སྟོན་གནང་གི་ཡོད། ཁོང་དགེ་བའི་བཤེས་གཉེན་གཞན་དེ་ལ་ཁོང་ཁྲོ་ཟ་གི་མེད། འོན་ཀྱང་ཁོང་གིས་ང་ལ་ཀུན་སློང་བཟང་པོ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་ཡོད་མེད་ལ་མ་ལྟོས་པར། ཁྱེད་རང་གཞན་ལ་ཕན་པའི་ཆེད་བེད་སྤྱོད་བྱེད་པའི་ཐབས་ལ་མཁས་པ་ཞིག་དགོས་ཞེས་ཁོང་གིས་ང་ལ་ལམ་སྟོན་གནང་གི་ཡོད། ཁྱེད་ཀྱིས་གཞན་ལ་གང་བསླབ་ཀྱི་ཡོད་པའི་ཐོག་ལ་བསམ་བློ་གཟབ་ནན་གཏོང་དགོས།
བྱས་ཙང་། མི་ཞིག་གིས་ནོར་འཁྲུལ་ཞིག་བྱེད་བཞིན་པའི་སྐབས། ཁོང་ཚོས་ནོར་འཁྲུལ་བྱེད་བཞིན་ཡོད་པར་ངོས་ལེན་བྱེད་ཀྱི་ཡོད། ང་ཚོ་ཁོང་ཁྲོ་མི་ཟ་བར། དེ་ལས་ལེགས་ཆ་ལེན་ཐབས་བྱེད་དགོས། གལ་ཏེ་མི་གཞན་དེ་འགྱུར་བ་གཏོང་རྒྱུར་གོ་ཤེས་ལྡན་པ་ཡིན་ན། ང་ཚོས་དེའི་སྐྱོན་འདོན་གྱི་ཡོད། གལ་ཏེ་ཁོང་ཚོ་བྱང་ཆུབ་སེམས་དཔའ་ཞིག་གམ། བྱང་ཆུབ་སེམས་དཔའ་ཞིག་ཆགས་པར་སྨོན་གྱི་ཡོད་ན། ཁོང་ཚོ་སངས་རྒྱས་ནང་བཞིན་ཐབས་ལ་མཁས་པོ་ཡོད་པ་དང་། བྱ་སྤྱོད་སྤེལ་སྟངས་ཡག་ཤོས་གང་ཡིན་པ་དང་དེའི་ཕན་ཡོན་རྣམས་ཏག་ཏག་མཁྱེན་མཁན་ཞིག་ཡིན་པའི་དོན་མིན། ང་ཚོས་རང་གིས་རང་ལ་ “ང་ནི་རྩ་ཆེ་བའི་དབང་ལྡན་པ་དེ་ཡིན་” ཞེས་དང་། “ང་ལ་རྩ་ཆེན་དུ་འཛིན་དགོས། ཡག་ཤོས་གང་ཡིན་ངས་ཤེས་” ཞེས་གྲ་སྒྲིག་མེད་པའི་ཐོག་བྱེད་ཀྱི་ཡོད། ཟོག་རྫུའི་སྒོ་ནས་མིན་པར། ཧ་ཅང་སྙེམ་ཆུང་དང་བཅས་ཏེ་བསླབ་བྱ་རྒྱག་དགོས། བྱས་ཙང་། དོན་དག་གཙོ་བོ་ནི། སྐྱོན་བརྗོད་མི་བྱེད་པ་དང་། ཁོང་ཁྲོས་དབང་གིས་སྐྱོན་འཚོལ་མི་ཉན། དེ་ཡང་ “ཁྱད་གསོད་ཅན་གྱི་སེམས་ཀྱི་གནས་བབས་” དང་། མི་དེ་ལ་མི་དགའ་བ། ཁོང་ཁྲོ་ཟ་བ་ལ་བརྟེན་ནས་དེ་ལྟར་བྱ་མི་ཉན་ཟེར་གྱི་ཡོད། གང་ཡིན་ཟེར་ན། ཁོང་ཚོས་ཐབས་ཤེས་བྱེད་ཀྱིན་ཡོད། ང་ཚོས་ཤེས་ཀྱི་མེད། ང་རང་སངས་རྒྱས་མིན་པ་སོང་ཙང་། ཁྱེད་རང་ཆེས་རྨོངས་པའི་དབང་གིས་བྱ་སྤྱོད་དེ་ལྟར་སྤེལ་གྱི་ཡོད་མེད་ངས་མི་ཤེས། དོན་དག་གཙོ་བོ་ནི་མི་གཞན་དེ་ལ་ཁོང་ཁྲོ་ཟ་རྒྱུ་མེད་པ་དེ་རེད། གང་ཡིན་ཞེ་ན། མི་དེ་ནུས་ལྡན་གྱི་བྱང་ཆུབ་སེམས་དཔའ་ཞིག་ཡིན་སྲིད་པ་དང་། ཁོང་ཚོས་གང་བྱེད་ཀྱིན་ཡོད་པ་དེ་ནི་ང་ཚོར་གཅིག་བསླབ་ཀྱི་ཡོད་སྲིད། དེ་ནས་ང་ཚོས་མུ་མཐུད་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གུས་ཞབས་བྱེད་དགོས་ཤིང་། དེ་ལ་བརྟེན་ནས་ང་ཚོའི་སྐྱེ་བ་ཕྱི་མའི་ནང་བྱང་ཆུབ་ཀྱི་སེམས་འདི་མུ་མཐུད་གནས་པར་ཕན་གྱི་རེད།
གསུམ་པ་ནི། ང་ཚོས་གཞན་ལ་དགེ་བ་དང་བཟང་པོའི་ལས་གང་ཞིག་བྱས་པ་ལ་འགྱོད་པ་སྐྱེ་མི་འཇུག་པ་དེ་ཡིན། དེའི་ཚབ་ལ་ང་ཚོས་གཞན་ལ་དགེ་བ་སྒྲུབ་དགོས་པ་དང་ཕན་འདོགས་དགོས་པའི་སེམས་ཤུགས་སྤར་དགོས། གལ་ཏེ་ཁོང་ཚོ་གོ་ཤེས་ཅན་ཡིན་ན། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆོས་ཕྱོགས་ཀྱི་ལམ་ལ་ཞུགས་ནས་བྱང་ཆུབ་ཀྱི་སེམས་སྐྱེད་པར་འབད་བརྩོན་བྱེད་དགོས་ཞེས་ང་ཚོས་སེམས་ཤུགས་སྤར་དགོས། བྱས་ཙང་། མི་ཞིག་གིས་དགེ་བའི་ལས་བཟང་པོ་ཞིག་བྱེད་ཀྱིན་ཡོད་ན། དཔེར་ན། ཁོང་ཚོས་ཆོས་ཉམས་ལེན་གྱི་རིགས་བྱེད་ཀྱིན་ཡོད་པ་དང་། སོ་སོའི་དགེ་བའི་བཤེས་གཉེན་མིན་པ་འགའ་ཞིག་གི་རྗེས་སུ་འབྲང་གི་ཡོད་ན། ང་ཚོས་སྤོང་དགོས་པ་ནི། “ཁྱེད་རང་དགེ་བའི་བཤེས་གཉེན་དེའི་རྗེས་སུ་འཇུག་པ་དང་། ཉམས་ལེན་དེ་བྱེད་པ། དེ་བཞིན་ཆོས་ཚོགས་དེར་ཞུགས་པ་ནི་གླེན་པ་རེད།” ཅེས་དེ་འདྲ་བྱས་པར་བརྟེན་ཁོང་ཚོར་འགྱོད་པ་སྐྱེ་བའི་རྒྱུ་བྱ་མི་རུང་། ཁོང་ཚོ་ཧ་ཅང་སེམས་ཤུགས་ཆག་ནས་ནམ་ཡང་མུ་མཐུད་དེ་འབད་བརྩོན་བྱེད་འདོད་མེད་པ་ཆགས་སྲིད། འོན་ཀྱང་ང་ཚོས་ཁོང་ཚོར་སེམས་ཤུགས་སྤར་དགོས་ཤིང་། རོགས་རམ་བྱེད་དགོས། གལ་ཏེ་ཁོང་ཚོས་གང་བྱེད་ཀྱིན་ཡོད་པ་དེ་དགེ་བ་དང་ལས་བཟང་པོ་ཡིན་ན། དཔེ་ཡག་པོ་རེད། གལ་ཏེ་ཁོང་ཚོ་གོ་ཤེས་ཅན་ཡིན་ན། ཁོང་ཚོས་བྱེད་ཐུབ་པའི་གནད་དོན་གཞན་དག་ཀྱང་བསམ་ཚུལ་བཏོན་ན་ཆོག །གལ་ཏེ་ཁོང་ཚོ་གོ་ཤེས་ཅན་མིན་ན། ང་ཚོས་དེ་ལྟར་བྱེད་ཀྱི་མེད། གལ་ཏེ་ང་ཚོས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་འདོད་ཡོད་ན། དེ་ཐོབ་པར་ཁོང་ཚོར་གང་གིས་ཕན་གྱི་རེད་ཟེར་ན། དགེ་བའི་ལས་བརྩམས་ན་ཕན་ངེས་རེད། བྱས་ཙང་། གལ་ཏེ་ཁོང་ཚོས་དགེ་བའི་ལས་བརྩམ་བཞིན་ཡོད་ན། སེམས་ཤུགས་སྤར་ནས་དཔེ་ཡག་པོ་ཡིན་པར་བརྗོད་དགོས། དེ་ལ་འགྱོད་པ་སྐྱེ་བཅུག་ནས་སེམས་ཤུགས་གཅོག་མི་ཉན། ཁོང་ཚོས་ཆོས་ཚོགས་གཞན་དེ་ལ་ཞལ་འདེབས་ཕུལ་འདུག །ངའི་ཆོས་ཚོགས་ལ་ཞལ་འདེབས་ཕུལ་མ་སོང་། ཞེས་ “ཁོང་ཚོར་ཞལ་འདེབས་མ་ཕུལ་ན་ཏག་ཏག་རེད། ང་ལ་འབུལ་དགོས་ངེས་རེད།” ཅེས་ཟེར་བ་ལྟ་བུ་ང་ཚོས་བྱེད་ཀྱི་མེད།
དེ་ནས་སྡེ་ཚན་བཞིའི་ནང་གི་མཐའ་མ་དེ་ནི། གཞན་དང་མཉམ་དུ་འབྲེལ་བ་བྱེད་པའི་སྐབས། གཡོ་སྒྱུ་དང་ཟོག་རྫུའམ་མ་ཡིན་ཡིན་མདོག་བྱ་རྒྱུ་སྤོང་དགོས་པ་དེ་ཡིན། གཡོ་སྒྱུ་ཅན་ཞེས་པ་ནི། སོ་སོའི་སྐྱོན་རྣམས་སྦས་པ་དང་གཞན་ལ་རང་ཉིད་ལ་སྐྱོན་མེད་ཁུལ་བྱེད་པ་དེ་རེད། ཟོག་རྫུ་ཅན་ནམ་མ་ཡིན་ཡིན་མདོག་ཅེས་པ་ནི། ང་ཚོར་མེད་ནའང་ཡོན་ཏན་ཡོད་མདོག་མདོག་གིས་སྒྱུ་བྱེད་པ་དེ་ཡིན། ང་ནི་གཡོ་སྒྱུ་ཅན་ཞིག་ཡིན་ཏེ། ངས་ཁྱེད་ལ་ཐ་མག་མ་འཐེན་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་ངས་སོ་སོའི་ཉལ་ཁང་དུ་ཐ་མག་འཐེན་གྱི་ཡོད། དེ་ནི་གཡོ་སྒྱུ་ཅན་ཞིག་ཆགས་ཀྱི་ཡོད། ངས་སོ་སོའི་སྐྱོན་དེ་སྦེད་ཀྱིན་ཡོད།
འགྲི་གི་འདུག །གཞན་དང་འབྲེལ་བ་བྱེད་པའི་སྐབས། ང་ཚོས་བྱ་སྤྱོད་དེ་འདྲ་སྤེལ་རྒྱུའི་ཚབ་ལ། གལ་ཏེ་ང་ཚོས་གཞན་དོན་བསྒྲུབ་པའི་འགན་འཁྱེར་གྱི་ཡོད་ན། ང་ཚོས་རྟག་ཏུ་ཁོང་ཚོར་དྲང་པོ་དང་ཁ་སངས་པོ་བྱེད་དགོས། ང་ཚོའི་སྐྱོན་གྱི་ཆ་རྣམས་གང་དག་རེད་དམ། ང་ཚོའི་ནུས་པ་རྣམས་གང་རེད་དམ། དེ་ནི་ཧ་ཅང་གལ་ཆེན་པོ་རེད། མི་སྣ་ཚོགས་པ་དང་། ལྷག་པར་དུ་ཁྱེད་རང་ཆོས་ཀྱི་ཁྱབ་ཁོངས་སུ་ཡོད་པ་དང་། དགེ་བའི་བཤེས་གཉེན་ཞིག་གམ་ཆོས་ཉམས་ལེན་པ་ཞིག་གི་ཚུལ་དུ་གཞན་ལ་ཕན་འདོགས་ཐབས་བྱེད་ཀྱིན་ཡོད་ན། རང་ཉིད་མིན་པ་ལ་ཡིན་པ་ལྟ་བུའི་རྩ་ཆེན་པོ་ཡིན་ཁུལ་བྱ་མི་རུང་། རོགས་པའི་ཆེད་དུ་འ་ཆད་འུ་ཐུག་ཡིན་པའི་མི་རྣམས་མང་པོ་ཞིག་གིས་ལས་སླ་པོའི་སྒོ་ནས་ཕན་འདོགས་ཐུབ་ཀྱི་ཡོད་པ་མཐོང་བའི་མི་རྣམས་ལ་རྟོག་འཆར་སྣ་ཚོགས་པ་སྐྲུན་གྱི་ཡོད། ཁོང་ཚོས་རྟོག་འཆར་སྐྲུན་པ་དང་། རྣམ་པར་མངོན་པར་བྱེད་པ། རེ་བ་ལོག་པ་ཚང་མ་རྒྱག་གི་ཡོད། ནམ་རྒྱུན་མཐའ་མར་ཧ་ཅང་བློ་ཕམ་ཆགས་ནས་སེམས་ཤུགས་རྦད་དེ་ཆག་གི་ཡོད། ཨིན་སྐད་ནང་ disillusioned འཁྲུལ་བྲལ་ལམ་རྨོངས་སེལ་ཟེར་གྱི་ཡོད། དེ་ནས་བློས་གཏོང་ཡང་བྱེད་སྲིད། འོན་ཀྱང་གལ་ཏེ་ང་ཚོ་གཞན་ལ་ཕན་འདོགས་པའི་གནས་སྟངས་ལ་ཡོད་པའམ། ཡང་ན་ང་ཚོ་དགེ་རྒན་ཞིག་ཡིན་ན། ང་ཚོས་སོ་སོའི་སྐྱོན་གྱི་ཆ་རྣམས་མཐའ་གཅིག་ཏུ་ཕྱིར་འདོན་བྱེད་དགོས་ངེས་མིན། ཡིན་ནའང་དེ་མི་གཞན་དེ་ལ་འབྲེལ་བ་ཆགས་པའི་སྐབས། ང་ཚོས་སོ་སོའི་སྐྱོན་རྣམས་ངོས་ལེན་བྱེད་དགོས། “ངས་འདིའི་སྐོར་སློབ་སྦྱོང་བྱས་མེད། ང་རང་ད་དུང་ཡང་བཟོད་སྒོམ་མི་ཐུབ་པ་ཆགས་ཀྱི་འདུག །ད་དུང་ཡང་ཁོང་ཁྲོ་ཟ་གི་འདུག་” ཅེས་བརྗོད་དགོས། དེ་ནི་ཁྱེད་ཀྱིས་སྐྱོན་དེ་དག་ངོས་ལེན་བྱེད་པ་ཡིན། ཁྱེད་ཀྱི་རང་སྐྱོན་སྦེད་ཀྱི་མེད་པར་དེ་དག་ཡར་རྒྱས་གཏོང་བར་འབད་ཀྱིན་ཡོད། གང་ཡིན་ཟེར་ན། གལ་ཏེ་ནམ་རྒྱུན་ང་ཚོས་གཞན་ལ་ཕན་འདོགས་ཐབས་བྱས་ན། དེ་དག་བསམ་ཚུལ་འགའ་ཞིག་གིས་སེམས་སྐུལ་བྱིན་པ་ཡིན་སྲིད་པ་དང་། ནམ་རྒྱུན་རིམ་པ་བརྟན་པོ་ཞིག་གི་ཐོག་ནས་དེ་ལས་སེམས་སྐུལ་ཆེ་བ་ནི། མི་ཞིག་རང་གི་སྐྱོན་གྱི་ཆ་རྣམས་མེད་པ་བཟོ་བར་བསམ་པ་རྣམ་དག་གིས་འབད་བརྩོན་བྱེད་ཀྱིན་ཡོད་པའི་དཔེ་དེ་ཡིན། དེ་ནི་སློབ་ཕྲུག་ཅིག་ལ་རོགས་པ་དགོས་པ་ལྟ་བུའི་ཁྱེད་ཀྱིས་འབྲེལ་བ་ཤུགས་ཆེ་བ་བྱེད་ཐུབ།
འདི་དག་ནི་ང་ཚོར་སྨོན་པ་བྱང་ཆུབ་ཀྱི་སེམས་ཡོད་པ་དང་དམིགས་བསལ་སྨོན་པ་དམ་བཅའ་ཅན་གྱི་བྱང་ཆུབ་སེམས་ཡོད་པའི་སྐབས་བསྲུང་བར་དམ་བཅས་པའི་བསླབ་བྱའི་རིགས་ལྔ་ཡིན། དེ་དག་ལས་བསླབ་བྱ་བཞི་ནི་ཚེ་འདིའི་ནང་མི་ཉམས་པ་དང་བསླབ་བྱ་གཅིག་ནི་ ༼འདི་ལ་ཆ་ཤས་དེ་བཞི་ཀ་ཡོད་༽ ང་ཚོའི་བྱང་ཆུབ་སེམས་ཀྱི་ཆོད་སེམས་མ་འོངས་སྐྱེ་བ་ཕྱི་མའི་ནང་མི་ཤོར་བའི་ཆེད་ཡིན།།