བྱང་ཆུབ་ཀྱི་སེམས་སྐྱེད་པ་དང་དེ་ལ་དམིགས་པ།

གཟའ་མཇུག་འདིའི་ནང་། ང་ཚོས་བྱང་ཆུབ་སེམས་དཔའི་སྡོམ་པའི་སྐོར་སྐད་ཆ་ཤོད་རྒྱུ་དང་། ཨ་ཅང་ཅང་བྱང་སེམས་སྡོམ་པ་རྟོགས་པར་བྱེད་པ་ལ་བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། བྱང་ཆུབ་ཀྱི་སེམས་གང་ཡིན་པ། དེ་གང་ལ་གཞི་རྟེན་བྱས་ཡོད་པ་བཅས་ཤེས་དགོས། དེའི་ཐོག་ལ་ལུང་འདྲེན་དང་ཁུངས་མི་འདྲ་བ་མང་པོ་ཞིག་ཡོད་པ་དེ་དག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར། བྱང་སེམས་སྡོམ་པ་བླང་དགོས་པ་དང་། བྱང་ཆུབ་ཀྱི་སེམས་སྐྱེད་དགོས་པ། དེ་བཞིན་བྱང་སེམས་སྡོམ་པ་བླངས་ནས་བསྲུང་དགོས་པ་བཅས་ཇི་ཙམ་གྱི་གལ་ཆེན་པོ་ཡིན་པའི་སྐོར་འཛུབ་སྟོན་བྱེད་ཀྱི་ཡོད།

འོན་བྱང་ཆུབ་ཀྱི་སེམས་དེ་གང་རེད་དམ། བྱང་ཆུབ་ཀྱི་སེམས་ནི་ཆ་ལག་མང་པོ་དང་ལྡན་པའི་སེམས་ཀྱི་གནས་བབས་ཤིག་ཡིན། ང་ཚོས་དེ་རང་རྒྱུད་ལ་སྐྱེད་པའི་སྐབས། དེ་ལ་རིམ་པ་གཉིས་ཡོད། ཐོག་མར་ང་ཚོས་སངས་མ་རྒྱས་པའི་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེའི་སྒོ་ནས་དམིགས་ཀྱི་ཡོད། བྱམས་པ་ནི་གཞན་སེམས་ཅན་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པའི་འདུན་སེམས་དེ་ཡིན། སྙིང་རྗེ་ནི་གཞན་སེམས་ཅན་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བའི་འདུན་སེམས་དེ་ཡིན། ང་ཚོས་འདུན་སེམས་དེ་སེམས་ཅན་ཐམས་ཅད་ལ་མཉམ་པར་སྐྱེད་དགོས།

ང་ཚོས་སྤོང་བར་འདོད་པའི་སྡུག་བསྔལ་དང་འབྲེལ་བ་རྣམས་ནི་དོན་དམ་གྱི་རིམ་པའི་ཐོག་ནས་རྟོགས་ཀྱི་ཡོད། སྡུག་བསྔལ་གྱི་སྡུག་བསྔལ་ཙམ་མ་ཡིན། བདེ་བ་ཉི་ཚེ་བའམ་ཟག་བཅས་ཀྱི་བདེ་བའི་ནང་ཡོད་པའི་སྡུག་བསྔལ་ཙམ་ཞིག་ཀྱང་མིན། དེ་ནི་ནམ་ཡང་ཡུན་གནས་མི་ཐུབ་པ་དང་། འདོད་བློ་མི་ཚིམས་པ། མི་བདེ་བ་དང་སྡུག་བསྔལ་གྱི་ངོ་བོར་འགྱུར་བའི་བདེ་བའི་རིགས་ཡིན། དཔེར་ན། ང་ཚོས་སོ་སོའི་དགའ་ཤོས་ཀྱི་ཁ་ལག་དེ་བཟའ་རྒྱུ་མང་དྲགས་ནས་ནད་པ་བཟོ་བ་ལྟ་བུ་རེད། འོན་ཀྱང་དེ་གཉིས་དང་བྲལ་བའི་སྒང་ལ་ང་ཚོས་འབྲལ་འདོད་བྱེད་པའི་སྡུག་བསྔལ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ ༼འདི་ནི་སྡུག་བསྔལ་གྱི་རིགས་དང་པོ་གཉིས་མྱོང་བའི་གཞི་དེ་ཡིན་༽ ཡིན་ཞིང་། དེ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་སྟེ། འཁོར་བ་ཞེས་པར་གོ་བ་ཡིན། དེ་ལྟར་འཁོར་བའི་ནང་ཡང་ནས་ཡང་དུ་སྐྱེས་བ་ནི། མ་རིག་པ་དང་། ཉོན་མོངས་པ། ལས་བཅས་ཀྱི་དབང་འོག་ཏུ་སོང་བའི་རྐྱེན་གྱིས་ཡིན། དེ་དག་གཞི་རྟེན་དུ་བྱས་ནས་ང་ཚོར་སྡུག་བསྔལ་གྱི་སྡུག་བསྔལ་དང་། སེམས་ཅན་རྣམས་ཀྱི་ལས་ཀྱི་འབྲས་བུ་ལ་བརྟེན་ནས་བྱུང་བའི་འདོད་བློ་མི་ཚིམས་པའི་བདེ་བ་ཉི་ཚེ་བ་མྱོང་བའི་བདག་ཉིད་ཅན་གྱི་ལུས་སེམས་དང་ལྡན་པ་ཡིན། ལས་ཀྱི་སྤྱོད་ལམ་ནི་རྒྱུ་དང་འབྲས་བུར་རྨོངས་པའི་མ་རིག་པ་དང་དངོས་པོའི་གནས་ལུགས་ལ་རྨོངས་པའི་མ་རིག་པའི་དབང་གིས་བྱུང་བ་ཡིན། བྱས་ཙང་། ང་ཚོས་གཞན་སེམས་ཅན་རྣམས་གཏིང་ཟབ་པའི་སྡུག་བསྔལ་གྱི་རིགས་འདི་ལྟ་བུ་དང་དེའི་རྒྱུ་དང་བཅས་པ་དང་འབྲལ་བར་འདོད་ཀྱི་ཡོད། དེའི་མཐར་ཐུག་གི་རྒྱུ་ནི་དངོས་པོའི་གནས་ལུགས་ལ་རྨོངས་པའི་མ་རིག་པ་དེ་ཡིན།

ང་ཚོའི་རྒྱུད་ལ་བྱམས་པ་ཡོད་པའི་སྐབས་སུ། གཞན་དག་བདེ་བ་དང་ལྡན་པར་ཤོག་ཅེས་ང་ཚོས་ཡིད་སྨོན་བྱེད་ཀྱི་ཡོད། དེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་མྱོང་བ་ལས་ཡག་ག་ཡོད་ནའང་། འདོད་བློ་ཚིམ་རྒྱུ་མེད་པའི་བདེ་བ་ཉི་ཚེ་བ་དེ་མ་རེད། འོན་ཀྱང་དེ་ལས་གཏིང་ཟབ་པའི་དོན་དམ་གྱི་རིམ་པའི་དབང་དུ་བྱས་ན། ང་ཚོས་གཞན་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་བདེ་བ་དང་ལྡན་པར་སྨོན་གྱི་ཡོད། དེ་ནི་སེམས་ཀྱི་སྒྲིབ་པ་ཞེས་སུ་གྲགས་པ་དེ་དང་བྲལ་བའི་བདེ་བ་ཞིག་ཡིན། སྒྲིབ་པ་དེ་ལ་གཉིས་ཡོད་དེ། སྒྲིབ་པ་དང་པོ་དེ་ནི་ཉོན་མོངས་ལ་བརྟེན་ནས་བྱུང་བ་ཡིན། དེ་དག་གིས་ཐར་པ་ཐོབ་པར་འགོག་རྐྱེན་བྱེད་ཀྱི་ཡོད། སྒྲིབ་པ་གཉིས་པ་དེ་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགོག་རྐྱེན་བྱེད་པའི་ཤེས་བྱའི་སྒྲིབ་པ་དེ་ཡིན། དེ་ལ་བརྟེན་ནས་ཆོས་རྣམས་ཀྱི་ཕན་ཚུན་འབྲེལ་བ་དང་། རྒྱུ་དང་འབྲས་བུའི་རྣམ་གཞག་ཡོངས་སུ་རྫོགས་པ་རྟོགས་པར་འགོག་རྐྱེན་བྱེད་ཀྱི་ཡོད། དེ་དག་ནི་སེམས་ཅན་རྣམས་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་འདོགས་པའི་ཆེད་རྟོགས་དགོས་ངེས་ཡིན།

ང་ཚོ་སྒྲིབ་པ་གཉིས་པོ་གང་རུང་གི་སྐྱོན་ལས་ཐར་བའི་སྐབས། དེ་ནི་འཛད་མཐའ་མེད་པའི་བདེ་བ་ཆེན་པོ་ཞིག་ཡིན། དེ་ནི་ང་ཚོས་སོ་སོའི་ཟས་དགའ་ཤོས་བཟའ་བ་ལྟ་བུ་ཇི་ཙམ་མང་བ་བཟས་ན། མཐར་དེ་མི་བདེ་བའམ་སྡུག་བསྔལ་དུ་འགྱུར་བའི་བདེ་བ་དང་མི་འདྲ་བ་ཡིན། དེ་ལྟའི་བདེ་བ་དཀྱུས་མའམ་བདེ་བ་ཉི་ཚེ་བ་འདྲ་རྩ་ནས་མིན། དེ་ག་ནང་བཞིན་ང་ཚོས་ཁོང་ཚོ་འཛད་མཐའ་མེད་པའི་བདེ་བའི་རྒྱུ་དང་ལྡན་པ་སྨོན་གྱི་ཡོད། དེ་འདྲའི་བདེ་བ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་སྐབས་འབྱུང་ངེས་ཡིན།

དེ་ལྟའི་བྱམས་པ་དང་སྙིང་རྗེ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་ནས་འཛད་མཐའ་མེད་པའི་བདེ་བ་ཐོབ་རུང་ཡིན་པར་གོ་རྟོགས་དང་ངེས་ཤེས་བརྟན་པོ་ཡོད་པ་ལ་གཞི་རྟེན་བྱས་ཡོད། བྱས་ཙང་། དེ་ནི་དངོས་སུ་དགོས་དོན་བསྒྲུབས་མི་ཐུབ་པའི་ཡིད་སྨོན་ཙམ་ཞིག་མིན། འོན་ཀྱང་དེ་ཐོབ་རུང་ཡིན་པ་དང་འཐོབ་ཐུབ་སྲིད་པར་ཡིད་ཆེས་རྙེད་ཡོད། དེར་མ་ཟད། སྡུག་བསྔལ་ལས་ཐར་བ་དང་བདེ་བ་ཐོབ་ཐུབ་པར་བྱེད་པའི་འགན་འཁྲི་དེ་ང་ཚོས་ལེན་གྱིན་ཡོད། འགན་འཁྲི་དེ་བླངས་ནས་ངས་དེ་བྱེད་ཀྱི་ཡིན། ང་རང་གཅིག་པུས་བྱེད་དགོས་ཐུག་ནའང་ངས་བྱེད་ཀྱི་ཡིན་ཞེས་པའི་ཆོད་སེམས་ཁྱད་པར་ཅན་ནམ་ལྷག་པའི་བསམ་པ་དེ་ང་ཚོར་ཡོད།

འདི་ནི་རིམ་པ་དང་པོ་དེ་རེད། རིམ་པ་དང་པོའི་ནང་ང་ཚོར་ཡོད་པའི་བྱམས་པ་དང་། སྙིང་རྗེ། ལྷག་བསམ་བཅས་ནི་མུ་མཐུད་འགྲོ་རྒྱུ་རེད། དེའི་དོན་ནི་བྱམས་སྙིང་རྗེ་ལྷག་པའི་བསམ་པ་བཅས་ནི་རྒྱབ་ལྗོངས་སུ་མུ་མཐུད་དེ་འགྲོ་དགོས། དེ་ནས་རིམ་པ་གཉིས་པ་ནི། རིམ་པ་གཙོ་བོ་དེ་རེད། དེ་ནི་བྱང་ཆུབ་ཀྱི་སེམས་རེད། ང་ཚོས་དམིགས་པའི་ཡུལ་འགྱུར་བ་གཏོང་དགོས། སེམས་ཅན་ཐམས་ཅད་ལ་དམིགས་པ་གཏད་རྒྱུ་ཚབ་ལ་ ༼ཕྱོགས་གཞན་ཞིག་ནས་སངས་མ་རྒྱས་པའི་སེམས་ཅན་ཚང་མ་༽ ང་ཚོས་སོ་སོ་རང་ཉིད་ཀྱི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་དགོས། དེ་ནི་ད་ལྟ་ཐོབ་མེད། འོ་ན་ང་ཚོས་དེ་ཐོབ་རུང་ཡིན་པ་ཤེས་ཀྱི་ཡོད་ལ་ཡིད་ཆེས་ཀྱང་ཡོད། དེ་ཡང་སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་ལ་གཞི་བཞག་ནས་ཐོབ་རུང་ཡིན། སངས་རྒྱས་ཀྱི་རིགས་ནི་ང་ཚོ་སངས་རྒྱས་ཀྱི་གོ་འཕང་འཐོབ་འཇུག་པ་དང་། སངས་རྒྱུས་ཀྱི་སྐུ་སྣ་ཚོགས་པ་སྐྱེད་འཇུག་མཁན་གྱི་རྐྱེན་རྣམས་རེད། དེ་དག་ཀྱང་བརྡ་ཆད་ལྟར་བྱས་ན། གཟུགས་སྐུ་སྟེ། སངས་རྒྱས་ཀྱི་ཐུགས་ལ་སོགས་པ་ཡིན། 

འདི་ནི་གཞི་རྩའི་ཆ་ནས་སེམས་ཀྱི་རང་བཞིན་དག་པ་ལ་གོ་བ་ཡིན། དེ་ཡང་གཞི་རྩའི་ང་ཚོའི་སེམས་ཀྱི་རང་བཞིན་ངོ་མ་ནི་སྐྱོན་དང་སྒྲིབ་པས་མ་འགོས་པ་ཞིག་ཡིན། དྲི་མའམ་སྒྲིབ་པ་དེ་དག་ནི་ཕྱིའི་སྣང་ཚུལ་ཙམ་དང་གློ་བུར་བ་ཡིན་པས། དེ་དག་ནམ་ཡང་སླར་མི་འབྱུང་བའི་ཚུལ་དུ་སྤོང་ཐུབ། གལ་ཏེ་ང་ཚོས་དྲི་མས་མ་འགོས་པའི་དོན་དམ་སེམས་ཀྱི་རིམ་པའི་སྒང་ལ་ནུས་པ་དང་ལྡན་པ་བཟོས་ནས་རྟག་ཏུ་གནས་ཐུབ་ན། གང་ཡིན་ཞེ་ན། དེ་ལྟ་བུའི་དྲི་མའམ་སྐྱོན་གྱི་ཆ། ཡང་ན་རྨོངས་པ་རྣམས་འབྱུང་བའི་ཚད་ནི་སེམས་ཀྱི་རིམ་པ་ཕྱི་ཚུལ་དང་རགས་པ་ཡིན། སེམས་ནི་ཡིན་པ་མི་སྲིད་པའི་ཆ་ནས་གྲུབ་པའི་དྲི་མས་མ་གོས་པ་ཡིན། གལ་ཏེ་ང་ཚོས་དེ་རྟོགས་པ་དང་དེ་ལ་དམིགས་པ་གཏད་ཐུབ་ན། དེ་ལ་གཞི་བྱས་ཏེ་སེམས་ཀྱི་སྟོང་པ་ཉིད་ཅེས་པ་དང་། སེམས་ཀྱི་སྟོང་ཉིད་རྟོགས་པ་དེ་གཞི་རྩ་བྱས་པའི་ཐོག་ང་ཚོ་དྲི་མས་མ་འགོས་པའི་གཞི་རྩའི་སེམས་ཀྱི་རང་བཞིན་སྟེང་གནས་ཐུབ། རིམ་པ་དེ་ནི་གློ་བུར་བའི་དྲི་མའམ་རྨོངས་པས་མ་འགོས་པ་ཡིན།

དོན་དམ་སེམས་དང་འབྲེལ་བའི་ཤིན་ཏུ་ཕྲ་བའི་རླུང་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གཙོ་བོར་བྱས་ཏེ་སེམས་ཀྱི་རིམ་པ་གཏིང་ཟབ་ཤོས་ཀྱི་རྒྱུན་གྱིས་ཁྱེར་བ་ལ་གཞི་རྩ་བྱས་ཏེ། ཤིན་ཏུ་ཕྲ་བའི་རླུང་ལ་བརྟེན་ནས་ང་ཚོས་སངས་རྒྱས་ཀྱི་གཟུགས་སྐུ་སྣ་ཚོགས་སྐྱེད་པ་དང་སྣང་བར་བྱེད་ཐུབ། གཟུགས་སྐུ་ནི་སངས་རྒྱས་ཀྱི་སྣང་བ་དེ་ཡིན་ཞིང་། དེ་ཡང་རགས་པ་དང་ཕྲ་བ་གང་ཡིན་རུང་ཤིན་ཏུ་ཕྲ་བའི་རླུང་དག་པ་དེས་བསྐྲུན་པ་ཞིག་ཡིན། དེ་དག་རགས་པའི་འབྱུང་བ་ ༼ས་ཆུ་མེ་སོགས་༽ དང་མཉམ་དུ་སྦྲེལ་ཆོག་ཀྱང་། དེ་ནི་སངས་རྒྱས་ཀྱི་གཟུགས་སྐུ་ཡིན་པའི་འབྱུང་བ་རགས་པ་རྣམས་མ་ཡིན་པར། དེ་དང་མཉམ་དུ་སྦྲེལ་བའི་ཤིན་ཏུ་ཕྲ་བའི་རླུང་དེ་ཡིན། གང་ལྟར་དེ་ནི་སངས་རྒྱས་ཀྱི་རིགས་ཀྱི་འགྲེལ་བཤད་སྙིང་བསྡུས་དེ་རེད། གལ་ཏེ་དུས་གཅིག་གི་ནང་དེ་གནས་ཚུལ་མང་དྲགས་པ་ཞིག་ཆགས་ཡོད་ན་དགོངས་དག་ཞུ་ཡིན། ཡིན་ནའང་དེ་ནི་ང་ཚོའི་གོ་བསྡུར་བྱ་རྒྱུའི་བརྗོད་གཞི་གཙོ་བོ་དེ་མ་རེད།

གང་ལྟར་ཡང་། ང་ཚོས་སངས་རྒྱས་ཀྱི་སེམས་ཀྱི་རྒྱུན་གྱི་རྣམ་པ་དེར་དམིགས་པ་གཏད་ཀྱིན་ཡོད། དེ་ནི་སེམས་ཀྱི་སྟོང་པ་ཉིད་དང་། གཞི་ནས་དག་པའི་སེམས། སེམས་ཀྱི་མཐར་ཐུག་ཤིན་ཏུ་ཕྲ་བའི་རླུང་། དེ་བཞིན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བཅས་ཡིན། དེ་ལ་གཞི་རྟེན་བྱས་ནས་ང་ཚོས་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ཞིག་མཚོན་པར་བྱེད་ཆོག་པ་དང་། དེ་ནི་ང་ཚོས་ཐོབ་རུང་ཡིན་པ་ཤེས་ཀྱི་ཡོད། གལ་ཏེ་ང་ཚོས་ཚོགས་གཉིས་ཤུགས་ཆེ་རུ་གཏོང་བ་དང་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱས་ན། ང་ཚོར་ད་ལྟ་བའི་སངས་རྒྱས་ཀྱི་གོ་འཕང་ཞིག་འཐོབ་ཀྱི་རེད། བྱས་ཙང་། དེ་ནི་ང་ཚོས་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་གང་དམིགས་བཞིན་པ་དེ་ཡིན། འོ་ན་ང་ཚོས་དེ་ཇི་ལྟར་བྱེད་དམ་ཞེ་ན། དེ་ནི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་འདི་མཚོན་པར་བྱེད་པའི་སྒོ་ནས་བྱེད་དགོས། དེ་ཡང་ང་རང་ཚོ་སོ་སོ་རང་ཉིད་ཀྱི་འབྱུང་འགྱུར་གྱི་སངས་རྒྱས་ཀྱི་གོ་འཕང་དེ་ཡིན་པ་རེད་མ་གཏོགས། སངས་རྒྱས་ཤཱཀྱ་ཐུབ་པའམ་སྤྱིར་བཏང་ནམ་མཁར་གནས་པའི་ལྷ་ལྟ་བུ་ཞིག་ནི་མ་ཡིན། ང་ཚོས་སངས་རྒྱས་ཤིག་དམིགས་རྣམ་དུ་བྱས་ནས་དེ་མཚོན་པར་བྱེད་པའམ་ ༼དེ་ནི་གྲགས་ཆེ་ཤོས་ཆགས་ངེས་༽ ཡང་ན་སོ་སོ་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་དང་བརྒྱུད་པའི་བླ་མས་མཚོན་པར་བྱེད་ཆོག །དེ་ནི་ང་ཚོའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་དེ་མཚོན་གྱི་ཡོད། ཡང་མིན་ན་ང་ཚོས་ ༼ཕྱག་ཆེན་དང་རྫོགས་ཀྱི་ཐབས་ལམ་ཁག་༽ སེམས་ཀྱི་གཞི་རྩའི་རང་བཞིན་དག་པ་དེའི་སྟེང་ལ་དམིགས་པ་གཏད་རྒྱུ་དེ་རེད། དེ་ནི་གང་འཚམས་ཀྱི་ཉམས་ལེན་བྱ་དཀའ་བ་ཞིག་ཡིན། 

མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་འདི་ནི་བྱང་ཆུབ་སེམས་ཀྱི་དམིགས་བྱ་དེ་རེད། དེའི་གྲོགས་སུ་གྱུར་བའི་འདུན་པ་གཉིས་ཡོད་དེ། དང་པོ་ནི་ད་ལྟ་ཐོབ་མེད་པའི་སངས་རྒྱས་ཀྱི་གོ་འཕང་དེ་དངོས་སུ་ཐོབ་པའི་འདུན་སེམས་དང་། གཉིས་པ་ནི་དེ་ལ་གཞི་རྩ་བྱས་ཏེ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་རྒྱུ་དེ་རེད། བྱས་ཙང་། ཕྱོགས་གཞན་ཞིག་ནས་བཤད་ན། འདི་ནི་ང་ཚོས་རིམ་པ་དང་པོའི་སྐབས་སུ་བསྐྱེད་པའི་བྱམས་པ་དང་། སྙིང་རྗེ། ལྷག་བསམ་གྱི་སྟེང་ལ་ངལ་གསོ་བ་དེ་ཡིན། ཨ་ཅང་ཅང་སངས་རྒྱས་ཀྱི་གོ་འཕང་དེ་འཐོབ་པའི་རྒྱུད་རིམ་ནང་ང་ཚོས་གཞན་ལ་ཕན་གང་ཐུབ་བསྒྲུབ་དགོས་ཀྱི་ཡོད། གཞན་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་ཇི་ལྟར་འདོགས་པ། དེ་བཞིན་གཞན་ལ་ཕན་འདོགས་པའི་ནུས་པ་ལ་གནོད་གཞིར་གྱུར་བ་གང་ཞིག་སྤོང་དགོས་པ་སོགས་བྱེད་སྟངས་བྱེད་ལུགས་ཐད་ཀྱི་ལམ་སྟོན་ནི་བྱང་སེམས་སྡོམ་པས་སྦྱིན་གྱི་རེད། དོན་ངོ་མར་སྡོམ་པ་ནི་རྟག་ཏུ་བྱང་ཆུབ་ཀྱི་སེམས་སྐྱེད་པ་དང་གཞན་ཕན་བསྒྲུབ་པར་བར་ཆད་ཅན་དང་འབྲེལ་བའི་སྒོ་ནས་ཚིག་འགྲེལ་བྱེད་ཀྱི་ཡོད། 

དེར་བརྟེན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་བྱང་སེམས་སྡོམ་པ་བླང་བར། ང་ཚོས་བྱང་ཆུབ་ཀྱི་སེམས་དེ་རང་རྒྱུད་ལ་མ་བསྐྱེད་བར་དུ་འབད་བརྩོན་བྱེད་དགོས་པ་ནི་གསལ་པོ་རེད། འདི་ནི་སེམས་དོན་ནམ་ཆོས་ཕྱོགས་ཡར་རྒྱས་ཀྱི་རྒྱུད་རིམ་རིང་པོ་ཞིག་ལ་གཞི་བྱས་ཡོད་པ་ཤོད་ག་ལ་དགོས། འདི་ལ་བརྟེན་ནས་ང་ཚོར་ཡོད་པའི་མི་ལུས་རིན་ཆེན་འདི་ངོས་འཛིན་པ་དང་། མི་ལུས་རིན་ཆེན་འདི་ཡུན་དུ་མི་གནས་པ་ངོས་འཛིན་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་འཆི་བ་དང་མི་རྟག་པ་ཤེས་ཀྱི་ཡོད་པ་དང་ཡང་བསྐྱར་སྐྱེ་རྒྱུ་ཡིན་པར་ཡིད་ཆེས་ཆ་ཚང་ཡོད། གལ་ཏེ་སྐྱེ་བ་ཕྱི་མ་ངན་སོང་དུ་མི་སྐྱེ་བའི་ཆེད་ང་ཚོས་སྔོན་འགོག་གི་ཐབས་ལམ་ཁག་ preventive measures ༼འདི་ནི་ཆོས་སམ་དྷརྨ་ཞེས་པའི་དོན་ཡིན་༽ ལག་བསྟར་མ་བྱས་ན། དེ་ནས་མི་དགེ་བའི་སྤྱོད་ལམ་ལ་བརྟེན་ནས་ང་ཚོ་སྐྱེ་བ་ཕྱི་མར་ཆོས་དང་མི་འཕྲད་ཅིང་། ཆོས་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་དང་བྲལ་བའི་གནས་སྟངས་ཤིག་གི་ནང་དུ་སྐྱེ་གི་རེད། བྱས་ཙང་། དེ་དག་ཐམས་ཅད་ཤེས་པར་བྱས་ཏེ་ཧ་ཅང་དོ་གལ་ཆེན་པོ་བརྩི་དགོས། ཕྱི་མ་ངན་སོང་དུ་མི་སྐྱེ་བ་དང་ཆོས་ཀྱི་ལམ་དུ་མུ་མཐུད་བགྲོད་པར་ཕན་པའི་ཆེད་ང་ཚོས་སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་འཚོལ་གྱི་ཡོད། དེ་ལ་སྐྱབས་འགྲོ་ཟེར་གྱི་ཡོད། ཁ་ཕྱོགས་དེ་ནི་སངས་རྒྱས་ཀྱིས་བསྟན་གནང་བ་དང་། སངས་རྒྱས་ཀྱི་གྲུབ་འབྲས་དང་ཁོང་རྣམས་ཀྱིས་ཆོས་གང་གསུངས་པ། དེ་ག་ནང་བཞིན་སངས་རྒྱས་ལ་གང་ཐོབ་པ་དེ་དག་ཐ་ན་གང་འཚམས་ཤིག་ཐོབ་པའི་འཕགས་པའི་གང་ཟག་བཅས་དེ་དག་ནི། སངས་རྒྱས་དང་། ཆོས། དགེ་འདུན་ཞེས་དཀོན་མཆོག་གསུམ་ཡིན། བྱས་ཙང་། དེ་ནི་ང་ཚོའི་མི་ཚེའི་ནང་བསྟེན་པའི་ཁ་ཕྱོགས་དེ་ཡིན། ཕྱི་མ་ངན་སོང་དུ་མི་སྐྱེ་བ་དང་། ཁ་ཕྱོགས་དེར་ཕྱིན་ན་ངན་སོང་དུ་སྐྱེ་བའི་རྒྱུན་གཅོད་པ་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་ཕན་གྱི་ཡོད་པའི་གདེང་ཚོད་དང་ལྡན་པ་ཡིན། ངན་སོང་དུ་སྐྱེ་བ་སྤོང་རྒྱུ་དང་། ཐར་པའི་གོ་འཕང་འཐོབ་རྒྱུ། མཐར་ཐུག་ཐམས་ཅད་མཁྱེན་པའམ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་བཅས་ནི་ལམ་རིམ་གྱི་བསྒྲུབ་བྱའི་དམིགས་ཡུལ་གསུམ་ཡིན། 

གནས་སྟངས་ཇེ་སྡུག་ཏུ་མི་འགྲོ་བའི་ཆེད་ང་ཚོས་ཐོག་མར་བྱེད་དགོས་པ་ཞིག་ནི། གནོད་བྱེད་མི་དགེ་བའི་ལས་སྤོང་རྒྱུ་དེ་རེད། བྱས་ཙང་། བཟང་སྤྱོད་ཀྱི་ཚུལ་ཁྲིམས་སླེབས་ཀྱི་ཡོད། ང་ཚོས་དེ་ཇི་ལྟར་ཉམས་ལེན་བྱེད་ཅེ་ན། གལ་ཏེ་ང་ཚོས་མི་དགེ་བའི་བྱ་སྤྱོད་སྤེལ་ན། དེས་ང་ཚོར་སྡུག་བསྔལ་དང་དཀའ་ངལ་འབྱུང་བའི་རྒྱུ་བྱེད་ཀྱི་རེད། གལ་ཏེ་ང་ཚོས་མི་དགེ་བའི་ལས་སྤངས་ན། དེས་ང་ཚོར་མ་མཐར་ཡང་བདེ་བ་ཉི་ཚེ་བ་ཞིག་སྦྱིན་གྱི་ཡོད་ཅེས་པའི་གོ་རྟོགས་ལ་གཞི་བཅོལ་ཏེ་ཉམས་ལེན་བྱེད་དགོས། རིམ་པས་ང་ཚོས་བདེ་བ་ཉི་ཚེ་བ་འདི་ལས་ཀྱང་ཐར་འདོད་ཡོད་ནའང་། འདི་ནི་སྡུག་བསྔལ་གྱི་སྡུག་བསྔལ་ལས་ཀྱང་མང་བ་ཆོས་ཉམས་ལེན་ལ་མཐུན་རྐྱེན་དུ་འགྱུར་བ་ཞིག་ཡིན། 

དེ་ནས་ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བའི་སྡུག་བསྔལ་ལ་བསམ་དགོས། ང་ཚོས་སྡུག་བསྔལ་བཟོད་དཀའ་བ་མྱོང་གི་ཡོད་པའམ། ཡང་ན་ཧ་ཅང་བདེ་བ་ཉི་ཚེ་བའི་གནས་སྟངས་ནང་ཡོད་པ་སོགས་དེ་དག་ཐམས་ཅད་ལ་སྐྱོན་གྱི་ཆ་ཡོད། དེ་ལྟ་བུའི་སྡུག་བསྔལ་མི་བཟོད་པས་ཡོངས་སུ་ཁེངས་པའི་གནས་བབས་སམ། ཡང་ན་བདེ་བ་ཉི་ཚེ་བས་ཁེངས་པའི་སྐྱེ་བའི་གནས་བབས་དེ་དག་ཚང་མ་ལས་ཀྱི་སྤྱོད་ལམ་ལ་བརྟེན་ནས་ཇི་ལྟར་བསྐྱེད་པ་ང་ཚོས་ཤེས་ཀྱི་ཡོད་། དེ་ཡང་རྒྱུ་འབྲས་དང་དངོས་པོའི་གནས་ལུགས་ལ་རྨོངས་པའི་མ་རིག་པ་དང་། བདེ་བ་ཉི་ཚེ་བར་ཞེན་པ། ནམ་རྒྱུན་འཆར་ཅན་གྱི་དཀའ་སྡུག་ལས་བྲལ་བར་ཞེན་པ་དང་བདེ་བ་ཉི་ཚེ་བ་ཁོ་ན་ཙམ་དང་ལྡན་པ་ལ་གཞི་རྟེན་བྱས་ཡོད། དེ་དག་ལས་ཡོངས་སུ་ཐར་བའི་ཆོད་སེམས་སྐྱེད་ཀྱི་ཡོད། དེ་ལ་ངེས་འབྱུང་ཟེར། བྱས་ཙང་། ང་ཚོར་སྡུག་བསྔལ་ལས་འབྲལ་འདོད་དམ་ཐར་འདོད་ཀྱི་ཆོད་སེམས་ཧ་ཅང་བརྟན་པོ་ཞིག་ཡོད།

དེ་དག་ཐམས་ཅད་ཀྱི་གཞི་རྟེན་དུ་རྩེ་གཅིག་པའི་ཏིང་ངེ་འཛིན་གང་འཚམས་ཤིག་ཡར་རྒྱས་ཕྱིན་པ་དང་བཅས་ང་ཚོས་ཐེག་པ་ཆེན་པོའི་ལམ་ལ་འཇུག་པ་ཡིན། ང་ཚོས་ཐོག་མར་འགོ་བཙུགས་དུས་ནས་ཐེག་པ་ཆེན་པོའི་སྙིང་རྗེ་ལ་སོགས་པའི་བསམ་བློ་འཁྱེར་ཆོག་ནའང་། ངས་གཞན་དོན་བསྒྲུབ་ཐུབ་པའི་ཆེད་དུ་མུ་མཐུད་དེ་མི་ལུས་རིན་ཆེན་ཞིག་འཐོབ་འདོད་ཡོད། བྱས་ཙང་། སྙིང་རྗེ་འདི་ཐོག་མ་ཉིད་ནས་ཁ་སྣོན་བྱེད་ཆོག །འོན་ཀྱང་ཐེག་པ་ཆེན་པོའི་ཉམས་ལེན་ཟེར་བའི་ནང་གང་གཏོགས་ཀྱི་ཡོད་དམ་ཞེ་ན། ང་ཚོས་སོ་སོའི་ཉམས་ལེན་དེ་མཐའ་གཅིག་ཏུ་གཞན་དོན་ལ་དམིགས་ཀྱི་ཡོད། དེར་བརྟེན་ང་ཚོས་སོ་སོ་རང་ཉིད་དང་། སོ་སོའི་དཀའ་ངལ། དེ་དག་ལས་ཐར་བ་ཙམ་ལ་དམིགས་ཀྱི་མེད། ཡང་ང་ཚོས་སོ་སོའི་དགའ་ས་ཉེ་ས་འགའ་ཞིག་ལའང་དམིགས་ཀྱི་མེད། དེ་ག་ནང་བཞིན་ང་ཚོས་ཚེ་འདིའི་ནང་འགྲོ་བ་མི་ཡིན་པ་ཚང་མར་དམིགས་པ་ཙམ་ཞིག་ཀྱང་མིན། འདི་ནི་གོ་ལ་ཧྲིལ་པའི་ནང་གི་སྐྱེ་གནས་ཡོད་དོ་ཅོག་ཏུ་གནས་པའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་བསམ་པ་རྒྱ་ཆེ་བ་ཞིག་ཡིན།

ང་ཚོས་སེམས་ཅན་ཐམས་ཅད་ལ་ཐོག་མ་མེད་པའི་སེམས་ཀྱི་རྒྱུན་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སེམས་ཅན་ཐམས་ཅད་རང་གི་ཨ་མ་བྱས་པ་ཚུད་པའི་ཚེ་གཅིག་གམ་གཞན་གྱི་ནང་སྐྱེ་གནས་མི་འདྲ་བ་ཚང་མ་བླངས་དང་ལེན་བཞིན་ཡོད། སེམས་ཅན་ཐམས་ཅད་ལ་བཏང་སྙོམས་ཀྱི་བསམ་བློ་ཞིག་ཡོད་པ་སོང་ཙང་། འགའ་ཞིག་སྣང་བར་འགྲོ་བ་དང་གཞན་རྣམས་ལ་ཞེ་ལོག་པ། དེ་བཞིན་དེ་ལས་གཞན་པ་རྣམས་ལ་སྣང་མེད་གཏོང་བ་སོགས་བྱེད་ཀྱི་མེད། ང་ཚོས་སེམས་ཅན་ཐམས་ཅད་ཀྱི་བཀའ་དྲིན་དྲན་གྱི་ཡོད། དེ་ཡང་ཁོང་རྣམས་ང་ཚོའི་ཨ་མ་ཡིན་པའི་སྐབས་ཙམ་མིན་པར། དུས་སྐབས་གཞན་དང་གཞན་དུ་ཁོང་ཚོས་ང་ཚོའི་ཆེད་ཟས་བཏབ་པ་དང་། ལམ་ཁ་བཟོས་པ། ཡང་ན་ང་ཚོས་བཟའ་བའི་སྦྲང་རྩི་བཟོས་པའི་བཀའ་དྲིན་རྣམས་ཀྱང་དྲན་གྱི་ཡོད། ང་ཚོས་བཀའ་དྲིན་དེ་ལ་རྗེས་སུ་ཡི་རང་དང་བཅས་གང་ལྟར་དེའི་ལན་དུ་སེམས་པ་བཟང་པོའི་ཐོག་བྱ་སྤྱོད་སྤེལ་འདོད་ཡོད། དེས་སེམས་ཅན་ཐམས་ཅད་ལ་ཚོར་བ་འདྲེན་ནུས་ཀྱི་བྱམས་བརྩེ་ཞིག་སྐྱེད་ཀྱི་ཡོད་པ་དང་། དེ་ལ་བརྟེན་ནས་གཞན་དོན་བསམ་པ་ཙམ་གྱིས་ཧ་ཅང་བདེ་པོ་དང་སྤྲོ་སེམས་སྤེལ་གྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་གལ་ཏེ་གཞན་ལ་སྡུག་ཅག་དང་རྐྱེན་ངན་སོགས་བྱུང་ན་ཅི་འདྲའི་འཇིགས་སུ་རུང་བ་ཞིག་མ་ཡིན་ནམ། དེ་ནི་སེམས་ཅན་ཐམས་ཅད་མཉམ་པར་རྟོགས་པ་དེས་ཤུགས་སྣོན་བྱེད་ཀྱི་ཡོད། དེ་ནི་སོ་སོ་རང་ཉིད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནང་བཞིན་གཞན་ཐམས་ཅད་ཀྱིས་ཀྱང་གཅིག་པ་འདོད་ཀྱི་ཡོད། ང་རང་ནི་མི་གཅིག་རང་རེད། གཞན་སེམས་ཅན་ནི་གྲངས་ལས་འདས་པ་རེད། བྱས་ཙང་། སོ་སོ་རང་ཉིད་གཅིག་པུའི་དོན་དུ་བསམ་པ་དང་རང་ཉིད་གཅིག་པུའི་དཀའ་ངལ་ལས་ཐར་ཐབས་བྱེད་པ་ཙམ་མིན་པར། དེ་ལས་ལྡོག་སྟེ། རང་ཉིད་སེམས་ཅན་གྱི་སྡེ་ཁག་ཡོངས་སུ་རྫོགས་པའི་ཁ་ཤས་སུ་གཏོགས་ཀྱི་ཡོད་པས། ཚང་མའི་དོན་དུ་འབད་བརྩོན་བྱ་རྒྱུ་དེ་ནི་རན་ཞིང་འཚམས་པ་རེད་འདུག །གང་ཡིན་ཞེ་ན། སོ་སོ་རང་ཉིད་ནི་ཚང་མའི་ཁོངས་སུ་གཏོགས་ཀྱི་ཡོད། ང་ཚོ་ཚང་མར་དཀའ་ངལ་གཅིག་པ་ཡོད་དེ། དེ་ཚིག་གཅིག་གི་ནང་ཞུས་ན། འཁོར་བ་རེད། སྲིད་པ་འཁོར་བ་འདི་རེད། བྱས་ཙང་། འདི་གཞི་རྩར་བྱས་ཏེ་ང་ཚོར་གོང་དུ་ཞུས་པའི་བྱམས་པ་དང་། སྙིང་རྗེ། ལྷག་བསམ། བྱང་ཆུབ་ཀྱི་སེམས་བཅས་ཡོད། 

ཐོག་མར་བྱང་ཆུབ་སེམས་དང་འབྲེལ་བའི་ཐོག་ནས་ང་ཚོས་དེ་དག་ཐམས་ཅད་ཀྱི་སྐོར་ཐོས་དགོས། དེ་ལྟར་བྱུང་ན་ང་ཚོས་ཡང་དག་པ་ཐོས་ཤིང་། བྱང་ཆུབ་ཀྱི་སེམས་ཟེར་བ་དེ་གང་གི་སྐོར་ཤོད་ཀྱི་ཡོད་པ་ང་ཚོས་ཤེས་དགོས། མི་མང་པོར་དཀའ་ངལ་འཕྲད་ཀྱི་ཡོད་པ་ལྟར། ང་ཚོས་བྱང་ཆུབ་ཀྱི་སེམས་འདི་བྱམས་པ་དང་སྙིང་ཡིན་པར་མགོ་རྨོངས་རྒྱུ་མེད། བྱང་ཆུབ་ཀྱི་སེམས་ནི་བྱམས་པ་དང་སྙིང་རྗེ་ལས་རྦད་དེ་ལྷག་པའམ་ཁྱད་པར་དུ་འཕགས་པ་རེད། ངས་གོང་དུ་འགྲེལ་བརྗོད་བྱས་པ་ལྟར། བྱང་ཆུབ་ཀྱི་སེམས་དེ་བྱམས་པ་དང་སྙིང་རྗེ་ལ་གཞི་རྩ་བྱས་ཡོད་ནའང་། ད་དུང་དེ་གཉིས་ལས་རྦད་དེ་ལྷག་པ་རེད། བྱས་ཙང་། ང་ཚོས་མུ་མཐུད་བྱང་ཆུབ་སེམས་ཀྱི་སྐོར་ལ་བསམ་ཞིབ་ཐོག་ཐོས་པ་བྱེད་དགོས། དེ་ལྟར་བྱས་ན་ང་ཚོས་དེའི་དོན་དག་ངོ་མ་གང་ཡིན་རྟོགས་ཐུབ། དེ་ལ་ཇི་ལྟར་དམིགས་ཚུལ་དང་ང་ཚོས་སྐྱེད་བཞིན་པའི་སེམས་ཀྱི་གནས་བབས་དེ་གང་ཡིན་ང་ཚོས་ཤེས་ཀྱི་ཡོད། ང་ཚོས་དེ་ཐོབ་ཐུབ་པའི་ཡིད་ཆེས་རྙེད་ཡོད། སེམས་ཅན་ཐམས་ཅད་སངས་རྒྱས་རུང་ཡིན་པའི་ཡིད་ཆེས་དེ་ང་ཚོས་རྙེད་ཡོད་པ་དང་། སོ་སོའི་ངོས་ནས་ལམ་ཁ་སྟོན་པའི་སྒོ་ནས་རོགས་བྱེད་ཐུབ། དེ་བཞིན་ང་ཚོས་མི་སུ་གཅིག་ཀྱང་མཐུ་དང་ནུས་སྟོབས་ལྡན་པའི་འཇིག་རྟེན་བྱེད་པོ་དཀོན་མཆོག་ཅིག་མིན་པར་རྟོགས་ཡོད། དཔེར་ན། ངས་མི་ཞིག་ལ་འཛུབ་མོས་རེག་པ་ཙམ་གྱིས་འཚང་རྒྱ་བའི་བསམ་བློ་དེ་འདྲ་མེད། བྱས་ཙང་། མི་རྣམས་སངས་རྒྱས་ཀྱི་གོ་འཕང་ཇི་ལྟར་ཐོབ་པའི་སྐོར་ལ་དངོས་ཡོད་གནས་ལུགས་དང་མཐུན་པའི་བསམ་བློ་ཞིག་ཡོད། དེ་ནི་གཞི་རྩའི་ཆ་ནས་རང་སོ་སོའི་ངོས་ནས་དཀའ་ལས་རྒྱག་དགོས་པ་དང་འབད་བརྩོན་བྱེད་དགོས་ཀྱི་ཡོད། དེ་ལ་གཞི་བཞག་ནས་སེམས་ཀྱི་གནས་བབས་འདི་འདྲ་ཞིག་སྐྱེད་པར་རང་གིས་རང་ཡར་རྒྱས་གཏོང་བའི་ཐབས་ལམ་རྟོགས་དགོས་པ་དང་། ཐོག་མའི་རིམ་པ་འདིའི་སྐབས་སུ་ང་ཚོས་བྱང་ཆུབ་ཀྱི་སེམས་སྐྱེད་ཐུབ་པ་ཡིན།

ད་ང་ཚོས་བྱང་ཆུབ་ཀྱི་སེམས་སམ་སེམས་ཀྱི་གནས་བབས་དེ་གང་ཡིན་པ་ཡང་དག་པར་རྟོགས་ཀྱི་ཡོད། ང་ཚོས་རྟོགས་ནས་དེ་ཐོབ་རུང་ཡིན་པའི་ཡིད་ཆེས་རྙེད་ཡོད། དེ་ནས་ང་ཚོས་རིམ་པ་བཞིན་དུ་སེམས་ཅན་ཐམས་ཅད་རང་གི་ཨ་མ་བྱས་པ་དང་རང་ལ་བཀའ་དྲིན་ཆེན་པོ་ཡིན་པ་སོགས་ཉམས་ལེན་བྱེད་དགོས། དེ་ལྟར་ང་ཚོས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེད་ཐུབ་པ་དང་དེ་ནི་ལྷག་བསམ་རྣམ་པར་དག་པ་ཡིན། འདིར་དངོས་གནས་དཀའ་ལས་ཁག་པོ་ཡོད་པ་ནི། འདིའི་ནང་སེམས་ཅན་ཐམས་ཅད་ཚུད་པར་བྱ་རྒྱུ་དེ་རེད། དེ་ཡང་སེམས་ཅན་ཀུན་ལ་མཉམ་པའི་བཏང་སྙོམས་ཀྱི་འདུན་སེམས་དང་བཅས་ཏེ་ཕན་པ་བསྒྲུབ་འདོད་ཡོད་པ་དེ་ཡིན། 

དེ་གཞི་རྩར་བྱས་ཏེ་ང་ཚོར་ཐོག་མར་གང་ཡོད་དམ་ཞེ་ན། དེ་ལ་སྨོན་པ་བྱང་ཆུབ་ཀྱི་སེམས་ཟེར་གྱི་ཡོད། འདི་ནི་གཞན་དོན་དུ་འབྱུང་བར་འགྱུར་བའི་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་བྱེད་པ་དེ་ཡིན། འདི་ལ་རིམ་པ་གཉིས་ཡོད་དེ། དང་པོ་ནི་སྨོན་པ་ཙམ་དེ་ཡིན། དེའི་ཁ་སྣོན་གྱི་ཚུལ་དུ་ང་ཚོས་མི་མཐུད་དེ་འཇུག་པ་བྱང་ཆུབ་ཀྱི་སེམས་སྐྱེད་ཀྱི་ཡོད། དེའི་སྐབས་སུ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར། རང་ངོས་ནས་དང་དུ་བླངས་ཏེ་ཉམས་ལེན་ལ་མཐའ་གཅིག་ཏུ་འཇུག་གི་ཡིན་ཞེས་ཐག་ཆོད་པོའི་དམ་བཅའ་བྱེད་ཀྱི་ཡོད། 

དེའི་སྐབས་སུ་ང་ཚོས་བྱང་སེམས་སྡོམ་པ་ལེན་དགོས་པ་དང་། སྡོམ་པ་ལེན་པའི་སྒོ་ནས་ང་ཚོའི་སྤྱོད་ལམ་ལ་བཟོ་ལྟ་བཟོ་གི་རེད། གང་ཡིན་ཟེར་ན། ང་ཚོས་སྡོམ་པ་གང་ཞིག་ཞུ་བ་དེ་ནི་སྤྱིར་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་བར་གནོད་གཞིར་གྱུར་བའི་གནད་དོན་འགའ་ཞིག་སྤོང་དགོས་ཀྱི་ཡོད། དེ་ནི་བྱང་སེམས་རྩ་བའི་སྡོམ་པ་ཆགས་ཀྱི་ཡོད། བྱང་སེམས་སྡོམ་པའི་ཡན་ལག་ནི། རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་བློ་ ༼ཕ་རོལ་ཏུ་ཕྱིན་པ་༽ དྲུག་གོང་ནས་གོང་དུ་འཕེལ་བར་དམིགས་བསལ་བར་ཆད་ཅན་དུ་གྱུར་བའི་གནད་དོན་ཁག་སྤོང་རྒྱུ་དེ་ཡིན་པ་དང་། དེའི་སྒང་ལ་སྤྱིའི་ཆ་ནས་ང་ཚོས་གཞན་དོན་བསྒྲུབ་པའི་སྐབས་སུ་བར་ཆད་ཅན་དུ་གྱུར་བ་རྣམས་སྤོང་རྒྱུ་བཅས་ཡིན། ང་ཚོས་རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་བློའི་སྐོར་ཤོད་སྐབས། དེ་དག་ནི་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་བཅས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྐོར་ཤོད་ཀྱིན་ཡོད། དེ་ཡང་རྩེ་གཅིག་པའི་ཏིང་ངེ་འཛིན་ཙམ་མིན་པར་ཉོན་མོངས་པས་དཀྲོག་རྐྱེན་མ་ཐེབས་པའི་སེམས་ཀྱི་གནས་བབས་བརྟན་ཆ་ཡོད་པ་ཞིག་ཡིན། དེ་ནས་ཆོས་རྣམ་པར་འབྱེད་པའི་ཤེས་རབ་དགོས། དེ་ནི་ནམ་རྒྱུན་དངོས་པོའི་གནས་ལུགས་རྟོགས་པའི་ཤེས་རབ་དེ་ཡིན། ༼ང་ཚོས་དངོས་པོའི་གནས་ལུགས་དང་རྟོག་པའི་འཆར་སྣང་གཉིས་རྣམ་པར་འབྱེད་དགོས།༽

དེ་ལྟར་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་སྔོན་དུ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཉམས་ལེན་བྱེད་ཆོག་པ་གསལ་པོ་རེད། འོན་ཀྱང་ཐེག་ཆེན་གྱི་ཉམས་ལེན་དངོས་ནི་ཕར་ཕྱིན་དེ་དག་བྱང་ཆུབ་ཀྱི་སེམས་དང་མཉམ་སྦྲེལ་སྐབས་དེ་ཆགས་ཀྱི་ཡོད། བྱས་ཙང་། ང་ཚོས་བྱང་སེམས་སྡོམ་པར་གཞི་བྱས་ཏེ་བྱང་ཆུབ་སེམས་དཔའི་རིགས་ཀྱི་སྤྱོད་ལམ་ཉམས་ལེན་བྱེད་ཀྱི་ཡོད། གཞི་རྩའི་ཆ་ནས་ང་ཚོས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་གོང་ནང་གོང་དུ་སྤེལ་གྱིན་ཡོད། ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་ཟེར་བའི་གྲངས་འདྲེན་ཞིག་ཀྱང་ཡོད་དེ། ཁ་སྣོན་བྱས་པའི་ཕར་ཕྱིན་གཞན་བཞི་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་གསེས་དབྱེ་བ་ཡིན། དེ་དག་ཞིབ་ཚགས་པོ་འགྲེལ་བརྗོད་བྱེད་དགོས་པ་མེད། དེ་འདྲའི་བརྒྱུད་དེ་ང་ཚོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གང་མང་ཞིག་གསོག་གི་ཡོད། 

རིམ་པ་འདིའི་སྐབས་སུ་ད་དུང་ཡང་ང་ཚོས་བྱང་ཆུབ་ཀྱི་སེམས་འདི་ངལ་རྩོལ་ལམ་ཐུན་མིན་བརྡ་ཆད་དབང་དུ་བྱས་ན། རྩོལ་བ་དང་བཅས་ཏེ་རང་རྒྱུད་ལ་སྐྱེད་པར་བྱེད་ཀྱིན་ཡོད། དེའི་དོན་ནི་བྱང་ཆུབ་ཀྱི་སེམས་དེ་ནུས་ལྡན་དང་གྲུང་པོར་བཟོ་བའི་ཕྱིར། ང་ཚོས་རྒྱུ་མཚན་རིགས་པ་བརྒྱུད་དེ་འགྲོ་དགོས། བྱས་ཙང་། ང་ཚོས་བཏང་སྙོམས་དང་སེམས་ཅན་ཐམས་ཅད་རང་གི་མ་བྱས་མྱོང་བ་སོགས་ཀྱི་རིམ་པ་བརྒྱུད་དེ་འགྲོ་དགོས་ཤིང་། དྲན་ཤེས་དང་ལྡན་པའི་སེམས་ཀྱི་གནས་བབས་དེའི་བར་དུ་རང་ཉིད་ཡར་རྒྱས་གཏོང་དགོས། མཐར་གོམ་འདྲིས་ཧ་ཅང་ཆེན་པོ་དང་གཞན་ལ་ཕན་བཏགས་པ་ལས་བྱུང་བའི་དགེ་བའི་ནུས་པའམ་བསོད་ནམས་ལ་བརྟེན་ནས་ང་ཚོས་རྩོལ་མེད་བྱང་ཆུབ་ཀྱི་སེམས་སྐྱེད་ཀྱི་ཡོད། དེའི་དོན་ནི་བྱང་ཆུབ་ཀྱི་སེམས་སྐྱེད་པར་རྒྱུ་མཚན་རིགས་པ་དེ་དག་བརྒྱུད་ནས་འགྲོ་མི་དགོས་པར། སེམས་ཀྱི་གནས་བབས་དེ་རང་བཞིན་དང་རང་ཤུགས་ཀྱིས་ང་ཚོར་ལྡན་པ་ཡིན། ང་ཚོས་དེ་ལ་དྲན་ཤེས་དང་ལྡན་ནའང་འདྲ་མི་ལྡན་ནའང་འདྲ་སྟེ། དེ་ནི་འབྲེལ་བ་མེད་པ་རེད། བྱང་ཆུབ་ཀྱི་སེམས་དེ་དོན་ངོ་མར་དྲན་ཤེས་དང་ལྡན་པའམ་ ༼དུས་སྐབས་དེའི་ནང་ང་ཚོའི་དམིགས་བྱ་གཙོ་བོ་དེ་ཡིན་པ་༽ ཡང་ན་དེ་མི་མངོན་པའི་ཚུལ་དུ་ཡོད་པ་ ༼དྲན་ཤེས་དང་མི་ལྡན་པ་༽ གང་ཡིན་རུང་་གཅིག་པ་རེད། དེ་ནི་གང་འབྱུང་གི་ཡོད་མེད་ལ་མ་བལྟོས་པར། ང་ཚོའི་མི་ཚེའི་ཁ་ཕྱོགས་གཙོ་བོ་དེ་ཡིན་པ་རེད། དེ་ནི་ཧ་ཅང་གཏིང་ཟབ་པོའི་སྒོ་ནས་མཉམ་སྡེབ་ཆགས་ཡོད། གནས་བབས་དེའི་སྐབས་ཁོ་ནར་ང་ཚོ་གཞི་ནས་བྱང་ཆུབ་སེམས་དཔའ་ངོ་མ་ཆགས་ཀྱི་ཡོད། དེ་ནི་རྩོལ་མེད་ཀྱི་བྱང་ཆུབ་སེམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཡིན། དེ་འདྲ་སོང་ཙང་། སྤྱོད་འཇུག་ལྟ་བུའི་གཞུང་གི་ལེའུ་དང་པོའི་ནང་རྒྱལ་སྲས་ཞི་བ་ལྷས་བྱང་ཆུབ་ཀྱི་སེམས་ལ་བསྟོད་པ་དང་དེའི་ཕན་ཡོན་གང་གསུངས་པ་ཐམས་ཅད་རྩོལ་མེད་ཀྱི་བྱང་ཆུབ་སེམས་འདིའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའ་ཞིག་ཆགས་ཀྱི་ཡོད་པར་གོ་བ་ཡིན། 

ང་ཚོས་རྩོལ་བཅས་དང་རྩོལ་མེད་ཀྱི་བྱང་ཆུབ་ཀྱི་སེམས་གང་གི་སྐོར་ཤོད་ཀྱིན་ཡོད་ནའང་། དེ་ནི་ད་དུང་རྟོག་པ་དང་བཅས་པ་ཡིན་པར་ཤེས་དགོས། གང་ཡིན་ཞེ་ན། སངས་རྒྱས་ཁོ་ནས་རྟོག་མེད་མངོན་སུམ་གྱི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་གང་ཡིན་པ་མཁྱེན་གྱི་ཡོད། བྱས་ཙང་། ང་ཚོ་ལྟ་བུ་སངས་མ་རྒྱས་པའི་གང་ཟག་རྣམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པ་གཏད་རྒྱུ་དང་། ཐ་ན་འབྱུང་བར་འགྱུར་བའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པ་དེ་ཡང་རྟོག་པ་ཁོ་ན་བརྒྱུད་ནས་གང་ཡིན་རྟོགས་ཐུབ། དེ་ལྟ་བས་ན་རྒྱལ་སྲས་ཞི་བ་ལྷས། ནམ་ཞིག་ཁྱེད་ཀྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚེ་ན། ཁྱེད་རང་གཉིད་ལས་སད་ཡོད་ནའང་འདྲ། གཉིད་ཁུག་ཡོད་ནའང་འདྲ། ཐ་ན་ར་བཟི་ཡོད་ནའང་འདྲ་སྟེ། དེས་ད་དུང་བསོད་ནམས་རླབས་པོ་ཆེ་གསོག་གི་ཡོད་ཅེས་ཁོང་གིས་རྩོལ་མེད་ཀྱི་བྱང་ཆུབ་སེམས་དེ་ལ་གསུང་གནང་གི་ཡོད། 

དེར་མ་ཟད། ང་ཚོས་རྩོལ་མེད་ཀྱི་བྱང་ཆུབ་སེམས་བསྐྱེད་པའི་སྐབས། དེའི་མཚམས་སུ་ཚོགས་ལམ་ཞེས་བྱ་བ་དེ་ཐོབ་ཀྱི་ཡོད། དེ་ནི་ལམ་ལྔའི་དང་པོ་དེ་ཡིན། བྱས་ཙང་། དེ་ནི་སྐབས་འདིར་ང་ཚོ་སངས་རྒྱས་ཀྱི་གོ་འཕང་དུ་འཁྲིད་མཁན་གྱི་ལམ་གྱི་གཙོ་བོ་དངོས་དེའི་ཆེད་དུ་བྱ་བ་བྱེད་པའི་སེམས་ཀྱི་རིམ་པ་ཞིག་ཡིན། དེར་བརྟེན་ང་ཚོས་ལམ་ལྔའི་སྐོར་ཐོས་པའི་སྐབས། དེ་དག་ནི་སེམས་ཀྱི་རིམ་པ་ལྔ་ཡིན། དེ་དག་ནི་ནམ་རྒྱུན་ང་ཚོ་འགྲོ་སའི་འགྲོ་ལམ་དེ་འདྲ་མ་རེད། འོན་ཀྱང་དེས་ལམ་ལྟ་བུའི་བྱེད་ལས་དང་བཅས་ཏེ་ང་ཚོ་མུ་མཐུད་འཁྲིད་པར་བྱེད་པའི་སེམས་ཀྱི་རིམ་པ་ཞིག་ཡིན། ང་ཚོས་དེ་ཐེག་པ་ཆེན་པོའི་ལུགས་ལྟར་ལག་བསྟར་བྱེད་ཆོག །དེ་ལ་བརྟེན་ནས་ཡར་རྒྱས་ཀྱི་རྒྱུད་རིམ་དེས་ང་ཚོ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཀྱི་ཡོད། དེ་ལྟར་ང་ཚོས་རྩོལ་མེད་ཀྱི་བྱང་ཆུབ་སེམས་བསྐྱེད་པའི་སྐབས། ལམ་ལྔའི་ནང་གི་རིམ་པ་དང་པོའི་འགོ་སྟོད་དུ་སླེབས་ཀྱི་ཡོད།

དེ་འདྲ་སོང་ཙང་། ད་གཟོད་ང་ཚོ་མང་ཆེ་བ་ནི་དེའི་སྔོན་གྱི་སེམས་ཀྱི་རིམ་པའི་ནང་ཡོད། ང་ཚོས་བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་པ་ཡིན་ནའང་། དེ་ནི་ཕལ་ཆེར་བྱང་ཆུབ་སེམས་ཀྱི་ཆོས་ཐོས་པ་ཙམ་ལ་གཞི་བྱས་ཡོད་སྲིད། ང་ཚོས་དེ་ཅུང་ཟད་ཙམ་ཞིག་རྟོགས་ཡོད་སྲིད་ཀྱང་། ངའི་བསམ་པར། ང་ཚོ་མང་ཆེ་བས་སོ་སོས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་དང་། གཞན་ཐམས་ཅད་ཀྱང་མཐའ་གཅིག་ཏུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པའི་ཡིད་ཆེས་ཆ་ཚང་བ་ཞིག་རྒྱུ་མཚན་གཞི་བཞག་ཐོག་རྙེད་མེད། དེ་ལ་ཡིད་ཆེས་ཆ་ཚང་ཞིག་རྙེད་དཀའ་སྟེ། དེ་ལྟར་ཡིད་ཆེས་པར་ཁྱེད་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཟེར་བ་དེ་གང་ཡིན་རྟོགས་དགོས། དེ་ནི་ལས་སླ་མོ་ཞིག་མེད། བྱས་ཙང་། ང་ཚོར་ཚོད་དཔག་གི་གོ་རྟོགས་ ༼ཡིད་དཔྱོད་༽ ཙམ་ཞིག་ལས་མེད། ང་ཚོས་དེ་བདེན་པ་ཡིན་ཤག་གི་ཚོད་དཔག་བྱེད་ཀྱི་ཡོད། ཡིན་ནའང་དེ་ལ་རང་ཉིད་མཐའ་གཅིག་ཏུ་ངེས་ཤེས་རྙེད་པ་ཡོང་གི་མེད། གལ་ཏེ་ང་ཚོ་སོ་སོ་རང་ཉིད་ལ་དྲང་པོ་དྲང་གཞག་ཡིན་ན། ངའི་ཐེག་ཆེན་ལུགས་ཀྱི་ཁྱབ་ཚད་དེ་ནི་གང་འཚམས་ཀྱི་ཚད་བཀག་ཅན་ཞིག་ཡིན། ངས་དངོས་གནས་མཐའ་གཅིག་ཏུ་མི་ཚང་མར་བསམ་བློ་གཏོང་གི་མེད། ངས་མི་ཚང་མ་དང་མི་ཚང་མ་ཞེས་བསམ་བློ་གཏོང་འགོ་བཙུག་ཐུབ་ཀྱི་མི་འདུག །འབུ་སྲིན་ཚུད་པའི་འཇིག་རྟེན་ནང་གི་སྐྱེ་ལྡན་གང་འདྲ་ཞིག་ཡིན་རུང་ཚང་མར་བསམ་དགོས་ཀྱི་ཡོད། བྱས་ཙང་། ང་ཚོས་དེའི་ཕྱོགས་སུ་འབད་བརྩོན་བྱེད་ཀྱིན་ཡོད། དཔེར་ན། སོ་སོ་བྱང་ཆུབ་སེམས་དཔའ་ཞིག་ཡིན་པའི་རློམ་སེམས་བྱ་རྒྱུ་ཕར་ཞོག “ཨོ། ང་ནི་ཐེག་ཆེན་ཉམས་ལེན་པ་གལ་ཆེན་དང་རླབས་ཆེན་ཞིག་ཡིན།” ཞེས་རློམ་སེམས་ཅན་དང་ཟོག་རྫུ་ཅན་བྱ་མི་རུང་། དེ་ནི་ཆོ་མེད་རང་རེད། འོན་ཀྱང་ང་ཚོར་ཡར་རྒྱས་ཀྱི་རིམ་པ་གང་འདྲ་ཞིག་ཡོད་པ་དེ་བྱང་ཆུབ་སེམས་ཀྱི་ཕྱོགས་སུ་འགྲོ་གི་ཡོད་ན། དེ་ནི་ཧ་ཅང་ཡག་པོ་དང་ཕན་ཐོགས་ཅན་ཞིག་ཡིན།།

Top