ང་ཚོས་བྱང་ཆུབ་སེམས་དཔའི་སྡོམ་པ་མ་བླངས་གོང་དགོས་ངེས་ཅན་གྱི་གཞི་རྩའི་གནད་དོན་ཁག་གི་སྐོར་ལ་བཤད་དང་ཤོད་མུས་རེད། ང་ཚོས་ལམ་རིམ་ནང་གི་རྨང་གཞི་ཁག་གི་སྐོར་དང་བྱང་ཆུབ་སེམས་ཀྱི་ཀུན་སློང་ཞིག་སྐྱེད་པའི་རྒྱུད་རིམ་དང་སྒོམ་གྱི་སྐོར་ལ་བཤད་ཡོད། དེ་ག་ནང་བཞིན་བྱང་ཆུབ་ཀྱི་སེམས་ཁོ་རང་རིམ་པ་མི་འདྲ་སྣ་ཚོགས་པ་བརྒྱུད་དེ་ཇི་ལྟར་གོང་ནས་གོང་དུ་འཕེལ་ཚུལ་དང་། སྨོན་པ་བྱང་ཆུབ་ཀྱི་སེམས་ཀྱི་སྡེ་ཚན་གཉིས། སྨོན་པ་ཙམ་དང་དམ་བཅའ་ཅན་གྱི་བྱང་ཆུབ་ཀྱི་སེམས། རིམ་པ་དེའི་ནང་ཚེ་འདི་དང་ཚེ་ཕྱི་མའི་ནང་བྱང་ཆུབ་ཀྱི་སེམས་གོང་དུ་འཕེལ་བ་ལས་མི་ཉམས་པའི་སྔོན་འགོག་གི་ཚུལ་དུ་བསླབ་བྱ་ལྔ་ཇི་ལྟར་ལེན་ཚུལ། དེ་ག་ནང་བཞིན་ཁྱིམ་པ་དང་། དགེ་འདུན་པ། བཙུན་མ་བཅས་གང་ཡིན་རུང་ང་ཚོར་སོ་ཐར་སྡོམ་པའི་གཞི་རྩའི་རིམ་པ་འགའ་ཞིག་དགོས་ཚུལ་བཅས་ཀྱི་སྐོར་བཤད་ཡོད། དེ་དག་ཐམས་ཅད་གཞི་རྩར་བྱས་ནས་ང་ཚོས་འཇུག་པ་བྱང་ཆུབ་ཀྱི་སེམས་སྐྱེད་པའི་སྐབས། བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་གྱི་ཡོད།
དེར་བརྟེན་ཐོག་མར་ང་ཚོ་སྡོམ་པའི་སྐོར་གྱི་གོ་བསྡུར་དངོས་ཀྱི་ནང་མ་ཞུགས་གོང་ལ་དྲི་བ་དྲིས་ལན་འགའ་ཞིག་བྱ་རྒྱུ་ཡིན། ཁྱེད་རང་ཚོར་ད་བར་ང་ཚོས་གོ་བསྡུར་ཟིན་པ་ལས་དྲི་བ་ཡོད་དམ།
ང་ཚོས་སོ་ཐར་གྱི་སྡོམ་པ་དང་པོ་དེ་རྣམས་ཞུ་བའི་སྐབས། ང་ཚོས་དགེ་བའི་བཤེས་གཉེན་ལ་སྡོམ་པ་ཏག་ཏག་ག་རེ་ཞུ་གིན་ཡོད་མེད་བརྗོད་དགོས་དོན་མེད་ཅེས་ཁྱེད་ཀྱིས་གསུངས་སོང་བས། ང་ཚོས་སྡོམ་པ་དེ་དགེ་བའི་བཤེས་གཉེན་གྱི་མདུན་དུ་ཞུ་དགོས་ཀྱི་མེད་དམ།
རེད། ང་ཚོས་དགེ་བའི་བཤེས་གཉེན་གྱི་མདུན་དུ་སྡོམ་པ་ཞུ་དགོས། འོན་ཀྱང་ནམ་རྒྱུན་མང་ཆེ་བ་ནི་མི་ཚོགས་མང་པོ་ཞིག་གིས་སྡོམ་པ་ཞུ་བཞིན་ཡོད། བྱས་ཙང་། གནས་སྟངས་དེ་འདྲའི་ནང་ང་ཚོར་བརྗོད་རྒྱུའི་གོ་སྐབས་མེད། ཐ་ན་ང་ཚོར་སྡོམ་པ་དེ་དག་སྒེར་ཐོག་ནས་དགེ་བའི་བཤེས་གཉེན་གྱི་མདུན་ནས་ཐོབ་ནའང་། ཁྱེད་ཀྱིས་སྡོམ་པ་ག་ཚོད་ལེན་གྱིན་ཡོད་མེད་སོགས་བརྗོད་རྒྱུ་དེ་ཆོ་གའི་ཆ་ཤས་ཤིག་ཆགས་ཀྱི་མེད། གལ་ཏེ་ཁྱེད་ཀྱིས་དགེ་བའི་བཤེས་གཉེན་ལ་བརྗོད་འདོད་ཡོད་ན། ཨ་ཅང་ཅང་། དེ་ལ་དཀའ་ངལ་གང་ཡང་མེད། ཡིན་ནའང་དེ་ནི་ཁྲིམས་སྲོལ་ལམ་ལུགས་ཤིག་མིན། དེར་མ་ཟད། སོ་སོ་རང་ཉིད་ཀྱི་ཡར་རྒྱས་ནང་ཐོག་མར་འགོ་འཛུགས་བྱེད་པའི་སྐབས། དཔེར་ན། སྡོམ་པ་དེ་དག་ལས་གསུམ་མམ་བཞི་ཙམ་གཅིག་པུ་ལས་ལེན་མི་ཐུབ་པ་སྲིད་པ་དང་། རྗེས་མ་སྡོམ་པ་གཞན་དག་གམ་ཡང་ན་སྡོམ་པ་གཅིག་འཕར་མ་ལེན་རྒྱུའི་གྲ་སྒྲིག་ཡོད་པ་ཚོར་སྲིད། དེ་དུས་ང་ཚོས་སྡོམ་པ་ཡང་བསྐྱར་ལེན་ཆོག །གང་ཡིན་ཞེ་ན། ཆོ་གའི་རིམ་པ་དེ་ནམ་རྒྱུན་གནང་སྲོལ་ཡོད་པ་དང་། ཐེངས་གཉིས་པ་སྡོམ་པ་ལེན་པའི་སྐབས་ང་ཚོས་སྡོམ་པ་གཞན་ཞིག་ཁ་སྣོན་བྱེད་དགོས། ཡང་མིན་ན་ཐབས་གཞན་ཞིག་ནི། གལ་ཏེ་ང་ཚོས་སྡོམ་པ་ལྔ་ཚང་མ་བླངས་ནས་དེ་དག་ལས་གཅིག་བསྲུང་ཐུབ་ཀྱི་མེད་པར་ཤེས་ན། སྡོམ་པ་ཐེངས་མ་གཉིས་པ་ལེན་པའི་སྐབས། ང་ཚོས་གཅིག་དོར་ན་ཆོག །དེ་ལྟར་བྱེད་པར་ངོ་ཚ་རྒྱུ་གང་ཡང་མེད།
ང་ཚོས་སྡོམ་པ་ག་ཚོད་མང་བ་བསྲུང་བ་དེའི་ཚོད་ཀྱིས་ང་ཚོའི་ཚུལ་ཁྲིམས་བརྟན་དུ་འགྲོ་གི་ཡོད་པ་སྨྲོས་མེད་རེད། རྗེ་ཙོང་ཁ་པ་ཆེན་པོས། གལ་ཏེ་ང་ཚོ་དགེ་སློང་ཕའམ་མ་ཡིན་ན། འདི་ནི་ང་ཚོས་རྟོགས་པ་རྙེད་པའི་རྨང་གཞི་ཡག་ཤོས་དེ་ཡིན། གང་ཡིན་ཞེ་ན། ང་ཚོར་ཆོས་ཉམས་ལེན་ ༼དགོན་པའི་ངོས་ནས་བཤད་ན་ལས་འགན་ཡོད་སྲིད་ནའང་༽ བྱ་རྒྱུ་ལས་གཞན་པའི་ལས་འགན་མེད། འོན་ཀྱང་གལ་ཏེ་ང་ཚོར་སོ་ཐར་གྱི་སྡོམ་པ་ཉུང་བ་བླངས་ཡོད་ན། རྟོགས་པ་འཐོབ་སྲིད་ཅེས་པའི་དོན་མ་ཡིན། དེ་ནི་ལས་སླ་པོ་ཡོད་དང་མེད་ཀྱི་ཁྱད་པར་ཙམ་ཡིན། བྱས་ཙང་། སོ་སོ་རང་ཉིད་ཀྱི་དོན་དུ་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེ་ཇི་ཙམ་གྱི་བརྟན་པ་ཡོད་པ་དེ་ཚོད་ཀྱིས་ང་ཚོའི་ཆོས་ཕྱོགས་ཀྱི་ཡར་རྒྱས་ལ་གཞིགས་ན་ལས་སླ་བ་ཆགས་ཀྱི་ཡོད། གཞན་ལ་ཕན་གང་ཆེ་ཐོགས་ཐུབ་པ་དེ་ནི་སོ་སོ་རང་ཉིད་ཀྱི་དོན་དུ་བྱེད་ཀྱིན་ཡོད། དགེ་བའི་བཤེས་གཉེན་དང་སངས་རྒྱས་ཐུགས་མཉེས་པའི་ཆེད་དུ་ང་ཚོས་སྡོམ་པ་མང་བ་བསྲུང་གི་མེད།
ང་ཚོས་སྡོམ་པ་ཞིག་ཞུ་བའི་སྐབས། དེས་ང་ཚོ་ག་རེ་དང་འབྲལ་བར་བྱེད་ཀྱི་ཡོད་ཅེ་ན། ཐེ་ཚོམ་དང་འབྲལ་བར་བྱེད་ཀྱི་ཡོད། དཔེར་ན། ཆང་རག་འཐུང་བར་མཚོན་ན། ངས་ཆང་རག་འཐུང་གི་མིན་ཞེས་ཡོངས་སུ་ཐག་བཅད་ཟིན་པའམ། ཡང་ན་ངས་ཆང་རག་འཐུང་རྒྱུ་མཚམས་འཇོག་བྱེད་ཐབས་བྱེད་ཀྱི་ཡིན། ཆང་རག་ག་དུས་འཐུང་དགོས་ཐུག་ན། ངས་འཐུང་དགོས་སམ་མི་དགོས་ཞེས་ང་ཚོས་ད་དུང་ཐག་གཅོད་བྱེད་དགོས་ཀྱི་ཡོད། དེ་ནི་དཀྲོག་རྐྱེན་ཐེབས་པའི་སེམས་ཀྱི་གནས་བབས་ཤིག་ཡིན། ཐག་མི་ཆོད་པའི་ཐེ་ཚོམ་ནི་ཉོན་མོངས་ཤིག་རེད། ག་རེ་བྱེད་དགོས་མིན་ཤེས་ཀྱི་མེད་ཙང་། ང་ཚོ་ཞི་བདེའི་ངང་གནས་ཐུབ་ཀྱི་མེད། འོན་ཀྱང་གལ་ཏེ་ང་ཚོས་སྡོམ་པ་ཞིག་བླངས་ཡོད་ན། དེ་ནས་གསལ་པོ་རེད། ང་ཚོས་མཐའ་མའི་ཐག་གཅོད་བྱས་ཡོད། དེ་ག་རང་རེད། དེར་བརྟེན་ཐ་ན་ཐོག་མའི་རིམ་པའི་སྐབས་ནས་དེས་ང་ཚོ་ཐེ་ཚོམ་དང་འབྲལ་བར་བྱེད་ཀྱི་ཡོད། དེ་ནི་སོ་སོ་ཐར་པ་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། སྐབས་འདིར་ཐར་པ་ནི་འཁོར་བ་ལས་ཐར་བའི་ཐར་པ་དེ་ལ་གོ་བ་ཡིན། ཡིན་ནའང་ད་དུང་ཕྱིའི་སྣང་ཚུལ་ནས་བསམས་ན། དེས་ང་ཚོ་ཐེ་ཚོམ་ལས་ཐར་བར་བྱེད་ཀྱི་ཡོད། མ་མཐར་ཡང་སྤྱོད་ལམ་བྱེ་བྲག་པ་དེ་ཐད་ཀྱི་ཐེ་ཚོམ་དང་འབྲལ་བར་བྱེད་ཀྱི་ཡོད།
གལ་ཏེ་ང་ཚོས་གསང་སྔགས་ཀྱི་བླ་མའམ་དགེ་བའི་བཤེས་གཉེན་ལོ་ལྟར་སྐར་མ་བཅོ་ལྔའི་རིང་མཇལ་འཕྲད་བྱེད་ཀྱི་ཡོད་པའི་དབང་དུ་བཏང་ན། གསང་སྔགས་ཉམས་ལེན་བྱེད་ཐབས་བྱེད་པ་དེ་ཕན་འབྲས་ལྡན་པ་ཞིག་ཡོང་ཐུབ་བམ། གལ་ཏེ་ང་ཚོར་དགེ་བའི་བཤེས་གཉེན་ཞིག་ལ་དུས་ཚོད་ཆ་ཚང་བའི་འབྲེལ་བ་ཞིག་མེད་པར། གསང་སྔགས་ཉམས་ལེན་སྐོར་གྱི་དཔེ་དེབ་འགའ་ཞིག་ཀློག་པ་ཙམ་གྱིས་ཕན་འབྲས་ལྡན་པ་ཞིག་ཡོང་ཐུབ་བམ།
ཡོང་ཐུབ། དེ་ད་དུང་ཧ་ཅང་ཕན་འབྲས་ལྡན་པ་ཞིག་ཡོང་ཐུབ། ང་ཚོ་མང་ཆེ་བ་ནི་གསང་སྔགས་ཀྱི་བླ་མའམ་དགེ་བའི་བཤེས་གཉེན་དང་མཉམ་དུ་དུས་ཚོད་རིང་པོའི་ནང་མུ་མཐུད་པའི་འབྲེལ་བ་ཡོང་གི་མེད། ཨ་ཅང་ཅང་། གསང་སྔགས་ཀྱི་བླ་མའི་བྱེད་ལས་གཙོ་བོ་ནི། ང་ཚོར་དབང་གནང་རྒྱུ་དང་། སྡོམ་པ་གནང་རྒྱུ། བྱིན་རླབས་སམ་སེམས་སྐུལ་གནང་རྒྱུ་བཅས་ཡིན་ཞིང་། དེ་ནི་དགེ་བའི་བཤེས་གཉེན་ཚང་མའི་བྱེད་ལས་གཙོ་བོ་དེ་ཡིན། གསང་སྔགས་ཀྱི་བླ་མ་དེས་ང་ཚོར་ཆོས་དང་ཆོས་ཀྱི་འགྲེལ་བའི་རིགས་སྣ་ཚོགས་པའི་བཀའ་ལུང་གནང་གི་ཡོད། འོན་ཀྱང་ཉིན་རེའི་ཉམས་ལེན་དངོས་སོགས་ཀྱི་ཐད་ང་ཚོས་གཞན་ནས་ལམ་སྟོན་ཞུ་དགོས་པ་ཆགས་སྲིད། གསང་སྔགས་ཀྱི་སྐོར་ལ་དཔེ་དེབ་མང་པོ་དང་འབེལ་པོ་ཡོད། བོད་ཡིག་ནང་དུའང་གཅིག་པ་རེད། བྱས་ཙང་། བོད་མི་སུ་འདྲ་ཞིག་ཡིན་ནའང་གསང་སྔགས་ཀྱི་སྐོར་རྒྱས་པོ་འགྲེལ་བརྗོད་བྱེད་པའི་དཔེ་དེབ་ཅིག་ཉོ་བའམ། ཡང་ན་དཔེ་མཛོད་ནས་དཔེ་དེབ་ཅིག་གཡར་ཆོག
༧གོང་ས་མཆོག་གིས་ནམ་རྒྱུན་ཀྱལ་ཀའི་ཚུལ་དུ་གསུངས་དོན། ཐ་ན་ཡིག་ཐོག་ཏུ་ནམ་ཡང་བྲིས་མེད་པར་ཆ་འཇོག་བྱས་པའི་ཆོས་རྣམས་ཀྱང་སྐབས་རེར་བོད་ཡིག་ནང་རག་རྒྱུ་ཡོད། དེ་ཡང་ཡིག་ཐོག་ཏུ་བྲིས་པ་དང་པར་དུ་བཏབ་པ་ཙམ་མིན་པར། ད་དུང་ལྐུགས་ཐག་ཆོད་ནས་ཁོང་ཚོས་ཤོག་ལྷེ་དང་པོའི་ནང་པར་བཏབ་ཡོད། “འདི་ནི་པར་དུ་སྐྲུན་རྒྱུ་དང་ཡིག་ཐོག་ཏུ་འབྲི་རྒྱུ་མ་རེད།” དེ་ནི་དངོས་གནས་ཁུངས་མེད་ལུང་མེད་རེད། བྱས་ཙང་། གསང་བར་ཉར་དགོས་པར་ཆ་འཇོག་བྱས་པའི་གསང་སྔགས་ཀྱི་ཆོས་རྣམས་གང་དུའང་ཐོབ་རུང་བཟོ་མཁན་ནུབ་ཕྱོགས་པ་ཚོ་ཁོ་ནར་མིན་པར། བོད་མི་ཚོས་ཀྱང་དེ་ལྟར་བྱས་ཡོད། དེ་འདྲ་སོང་ཙང་། ཇི་ལྟར་༧གོང་ས་མཆོག་གིས་གསུངས་པ་ལྟར། གལ་ཏེ་གནས་ཚུལ་གང་སར་འབེལ་པོ་ཡོད་པའི་དབང་དུ་བཏང་ན། གནས་ཚུལ་ནོར་བ་ཞིག་ལས་མ་ནོར་བ་དང་ཡང་དག་པ་ཞིག་དགོས་རྒྱུ་དེ་ཡག་ག་ཡོད།
གནས་ཚུལ་དེ་དག་ཐམས་ཅད་འབེལ་པོ་ཡོད་པའི་ཉེན་ཁ་ནི། ཁྱེད་རང་ཚོང་ཁང་དུ་ཕྱིན་ནས་ཉོ་བའམ། ཡང་ན་དྲྭ་རྒྱའི་བརྒྱུད་ཕབ་ལེན་བྱེད་ཆོག་པ་སོང་ཙང་། བླ་མའམ་དགེ་བའི་བཤེས་གཉེན་མེད་པར་གསང་སྔགས་ཉམས་ལེན་བྱེད་ཆོག་ཅེས་གསང་སྔགས་ཉམས་ལེན་དེ་སོ་སོའི་ངོས་ནས་བྱེད་དགོས་ཞེས་སུ་གྲགས་པ་ལྟ་བུ་གསང་སྔགས་ལ་ལྟ་སྟངས་ལོག་པ་དང་གོ་བ་ལོག་སྒྲུབ་བྱེད་སྲིད་པ་ཡིན། དེ་ནི་དངོས་གནས་ཉེན་ཁ་ཅན་ཞིག་རེད། གང་ཡིན་ཟེར་ན། ང་ཚོས་སོ་སོའི་ཉམས་ལེན་གྱི་ནང་ནོར་འཁྲུལ་བྱེད་སྲིད་པ་མ་ཟད། གལ་ཏེ་ང་ཚོར་དཀའ་ངལ་དང་དྲི་བ་སོགས་ཡོད་ན། སྐད་ཆ་འདྲི་ས་སུ་གཅིག་མེད་པ་ཆགས་ཀྱི་ཡོད། འོན་ཀྱང་ང་ཚོར་སེམས་སྐུལ་གྱི་འབྱུང་ཁུངས་གསོན་ཉམས་ལྡན་པ་ཞིག་དང་བྲལ་བ་ཡིན། དགེ་བའི་བཤེས་གཉེན་གྱི་དཔེ་ལས་ལ་བརྟེན་ནས་བྱུང་བའི་སེམས་སྐུལ་གྱི་བྱེད་སྒོར་ནམ་ཡང་མཐོང་ཆུང་བྱ་མི་ཉན། གཞུང་ཆེ་ཆུང་ཚང་མའི་ནང་དེའི་གལ་གནད་ཀྱི་སྐོར་གསུང་གི་ཡོད།
ད་འོ་ན་དཀའ་ངལ་ནི། ཐ་ན་ཉམས་ལེན་དང་འབྲེལ་བའི་ང་ཚོར་དཀའ་ངལ་ཡོད་པ་དང་། ནོར་འཁྲུལ་བཟོ་གིན་ཡོད་ན། ནམ་རྒྱུན་དགེ་བའི་བཤེས་གཉེན་གྱི་མདུན་དུ་བཅར་རྒྱུའི་གོ་སྐབས་དེ་མེད་ལ། དགེ་བའི་བཤེས་གཉེན་ལའང་ང་ཚོས་གང་བྱེད་བཞིན་ཡོད་པ་དང་དྲི་བ་གཏོང་རྒྱུ་སོགས་ལ་དགོངས་པ་བཞེས་རྒྱུའི་གོ་སྐབས་མེད། དོན་ངོ་མར་དགེ་བའི་བཤེས་གཉེན་དང་སློབ་མའི་དབར་ཧ་ཅང་འབྲེལ་ཐག་ཉེ་པོ་ཞིག་ཡོང་བ་ཤིན་ཏུ་དཀོན། ང་ཚོས་ད་ལྟ་ནུབ་ཕྱོགས་ཀྱི་གནས་སྟངས་ཐོག་སྐད་ཆ་ཤོད་ཀྱིན་ཡོད། འདིར་དགེ་བའི་བཤེས་གཉེན་ཕེབས་ནས་རྒྱ་ཆེའི་མང་ཚོགས་ལ་དབང་གནང་གི་ཡོད། དེ་ནས་ཁོང་རྣམ་པ་ཕེབས་འགྲོ་གི་ཡོད། ང་ཚོར་འདིར་ལམ་སྟོན་གནང་མཁན་མཚན་ཉིད་ཚང་བ་དང་གནས་ཚད་ལོངས་པ་སུ་ཡང་མེད་པར་ལྷག་གི་ཡོད།
བོད་ནང་ཆ་བཞག་ན། ཉམས་ལེན་དངོས་གནས་གནང་མཁན་མང་ཆེ་བ་ནི་དགོན་པའི་ནང་ཡོད། ཁོང་ཚོ་དགོན་པའི་ནང་མེད་ན། ཁོང་ཚོ་མི་སྐྱའམ་ཁྱིམ་པ་ཉམས་ལེན་པ་དགོན་པ་དང་ཧ་ཅང་ཐག་ཉེ་སར་གནས་སྡོད་བྱེད་མཁན་རྣམས་ཡིན། བྱས་ཙང་། ཁྱེད་ཀྱི་དྭོགས་འདྲི་ཞུ་སའི་མི་འབེལ་ལྷུག་ལྷུག་རང་གི་ཉེ་འཁོར་དུ་ཡོད་པ་རེད། ང་ཚོ་ལ་མཚོན་ན། དེ་ནི་དེ་ལས་ཀྱང་དཀའ་ལས་ཆེ་བ་ཡོད། དེ་ལས་ཀྱང་ད་དུང་ཉེན་ཁ་ཆེ་བ་ཞིག་ནི། ང་ཚོའི་ཉེ་འཁོར་དུ་མཚན་ཉིད་མ་ཚང་བའི་མི་རྣམས་ཡོད་པ་དང་། གལ་ཏེ་ང་ཚོས་དྲི་བ་དྲིས་ན། ཁོང་ཚོས་མི་ཤེས་ཤེས་མདོག་བྱས་ཏེ་ལོག་ལམ་དུ་འཁྲིད་པའི་བསླབ་བྱ་རྒྱག་སྲིད། བྱས་ཙང་། གནས་སྟངས་དེ་འདྲའི་ནང་། ང་ཚོས་དངོས་གནས་དྲང་གནས་དཔྱད་ཞིབ་བྱེད་དགོས། དེ་ཡང་སོ་སོ་རང་ཉིད་ཀྱི་ཉམས་ལེན་ལ་ཇི་ཙམ་གྱིས་དོ་གལ་དང་གཙིགས་ཆེན་འཛིན་གྱི་ཡོད་དམ། དེའི་ཐོག་ངས་དུས་ཚོད་དང་རྩོལ་བ་ཇི་ཙམ་བྱེད་འདོད་འདུག་གམ། འདི་ངའི་མི་ཚེའི་ནང་གི་གལ་ཆེ་ཤོས་རེད་དམ། ཞེས་དཔྱད་ཞིབ་བྱེད་དགོས།
སྟབས་ཉེས་པ་ཞིག་ལ། ནུབ་ཕྱོགས་པ་མང་ཆེ་བའི་མི་ཚེའི་ནང་དེ་ནི་གལ་ཆེ་ཤོས་དེ་མ་རེད། བྱས་ཙང་། བོད་ཀྱི་ལྟ་ཚུལ་ལྟར་བྱས་ན། ཆོས་ཉམས་ལེན་བྱ་རྒྱུ་དེ་རིམ་པ་གཉིས་པའམ་དུས་ཚོད་སྟོང་པའི་སྐབས་བྱ་རྒྱུའི་དབྱིངས་ལས་ལྟ་བུ་ཡིན་ན། དེ་ལྟ་བུའི་སློབ་མར་དོ་གལ་དང་གཙིགས་ཆེན་བྱ་རྒྱུ་དེ་ཁག་པོ་རེད། འོན་ཀྱང་གལ་ཏེ་ང་ཚོས་དངོས་གནས་དོ་གལ་དང་གཙིགས་ཆེན་གྱིས་ཆོས་ཉམས་ལེན་དེ་མི་ཚེའི་ནང་གི་གལ་ཆེ་ཤོས་སུ་འཛིན་གྱི་ཡོད་ན། སློབ་མ་རྣམས་ཀྱིས་དགེ་བའི་བཤེས་གཉེན་དང་འབྲེལ་བ་ཞིག་བཟོ་ཐབས་ཆེད་འབད་བརྩོན་བྱས་ཏེ་དགེ་བའི་བཤེས་གཉེན་གང་དུ་ཡོད་པ་དེར་འགྲོ་དགོས་ངེས་ཡིན། འདས་པའི་བོད་མི་ཚོས་དཀའ་སྡུག་ཁྱད་དུ་བསད་པ་དང་འབད་བརྩོན་ཆེན་པོས་ཆོས་འཐོབ་ཕྱིར་རྒྱ་གར་དུ་གོམ་པ་སྤོས་ནས་ཕྱིན་པ་དང་། རྗེ་བཙུན་མི་ལ་རས་པས་རང་གི་བླ་མ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་མདུན་ནས་ཆོས་འཐོབ་ཕྱིར་བརྩོན་འགྲུས་ཇི་ཙམ་གནང་ཡོད་པར་ལྟོས་ཤིག །དེར་བརྟེན་ང་ཚོར་ཆོས་དང་སྒེར་གྱི་གདམས་ངག་རྣམས་ལས་སླ་པོའི་སྒོ་ནས་འཐོབ་རྒྱུ་ཡིན་པའི་རེ་བ་བྱེད་པ་ནི་རྒྱུ་མཚན་མེད་པ་ཞིག་རེད། ང་ཚོས་དངོས་གནས་དྲང་གནས་བརྩོན་འགྲུས་བསྟེན་འདོད་ཡོད་པ་དེ་དགེ་བའི་བཤེས་གཉེན་ལ་དངོས་སུ་སྟོན་དགོས་ཀྱི་ཡོད། ཐ་ན་དགེ་བའི་བཤེས་གཉེན་གང་དུ་ཡོད་པ་དེར་འགྲོ་ཐུབ་ནའང་། དཔེར་ན། ང་ཚོར་༧གོང་ས་མཆོག་གི་སྐུ་མདུན་ནས་དབང་ཐོབ་ཡོད་པའི་དབང་དུ་བཏང་ན། དེ་ནི་དུས་ནམ་ཡང་༧གོང་ས་མཆོག་སྐུ་སྒེར་ནས་གསུང་ཆོས་འཐོབ་པའི་གོ་སྐབས་ཡོད་པའི་དོན་མིན། དམིགས་བསལ་ད་ལྟ་༧གོང་ས་མཆོག་ཧ་ཅང་སྐུ་ན་བགྲེས་པའི་སྐབས་སུ་དེ་ལྟར་འཐོབ་ཀྱི་ཡོད་པའི་དོན་མིན། འོན་ཀྱང་༧གོང་ས་མཆོག་ལས་གོ་གནས་དམའ་བའི་མཚན་ཉིད་ཚང་བ་དང་ང་ཚོར་ལམ་སྟོན་གནང་ཐུབ་མཁན་གྱི་བླ་མའང་མང་པོ་ཡོད་པ་རེད།
དེར་བརྟེན་གལ་ཏེ་ང་ཚོར་ཆོས་དང་གདམས་ངག་འཐོབ་ཕྱིར་དཔེ་དེབ་ཁག་ལ་ཡིད་རྟོན་བྱས་ན། དེ་དགེ་བའི་བཤེས་གཉེན་ཞིག་དང་འབྲེལ་བ་ཡོད་པའི་ཚབ་ལྟ་བུར་མ་བལྟ་རོགས་གནང་། འོན་ཀྱང་ནང་ཆོས་ཉམས་ལེན་ཀྱི་ནང་། དུས་རྟག་ཏུ་ང་ཚོའི་གོམ་པ་ཆུང་ངུ་གང་འདྲ་ཞིག་སྤོས་ཚད་ཚང་མར་དགེ་བའི་བཤེས་གཉེན་ཞིག་གི་ལམ་སྟོན་དགོས་ཀྱི་མེད། དགེ་བའི་བཤེས་གཉེན་གྱིས་ཁྱེད་ལ་ཆོས་གསུང་གནང་གི་ཡོད། དེ་ནས་ཁྱེད་རང་ངོས་ནས་མུ་མཐུད་བརྩོན་འགྲུས་བསྟེན་དགོས་ཤིང་། ཆོས་གང་ཞིག་འཐོབ་པ་དེ་དག་ཉམས་སུ་ལེན་དང་མི་ལེན་དེ་མི་སྒེར་སོ་སོར་རག་ལུས་ཡོད་པ་ལས་ང་ཚོར་ཉམས་ལེན་བྱེད་དུ་འཇུག་པ་དང་བྱ་ར་བྱེད་པ་སོགས་དགེ་བའི་བཤེས་གཉེན་གྱི་ཕྱག་ཏུ་མེད། མཐའ་མཇུག་དེར་དམིགས་ཡུལ་གང་འདྲ་ཞིག་འཐོབ་པའི་ཆེད་དུ་ང་ཚོས་སོ་སོ་རང་ཉིད་ཀྱི་བརྩོན་འགྲུས་ལ་བརྟེན་དགོས་ཀྱི་ཡོད།
མི་འགའ་ཞིག་གིས། ང་ཚོས་སོ་ཐར་གྱི་སྡོམ་པའམ་ཁྱིམ་པའི་སྡོམ་པ་ལྔ་ཞུ་བའི་སྐབས། དགེ་བའི་བཤེས་གཉེན་ནི་སྡོམ་པ་ལེན་ས་དེའི་མདུན་ལ་དཔང་པོ་ལྟ་བུ་ཡིན་པ་དང་། ང་ཚོའི་སེམས་འགུལ་བར་བྱེད་པའི་ནུས་ཤུགས་གཙོ་བོ་ནི། སྡོམ་པ་དེ་དག་དང་དུ་ལེན་རྒྱུའི་སོ་སོ་རང་ཉིད་ཀྱི་ཆོད་སེམས་ཡིན། བྱས་ཙང་། ང་ཚོས་སོ་ཐར་གྱི་སྡོམ་པ་དེ་དག་ལེན་པའི་སྐབས། དགེ་བའི་བཤེས་གཉེན་ནི་དཔང་པོའི་ཚུལ་དུ་དགོས་ཀྱི་ཡོད། གལ་ཏེ་དགེ་བའི་བཤེས་གཉེན་མེད་ན། ང་ཚོས་རང་གིས་རང་ལ་མགོ་བསྐོར་གཏོང་ངེས་པ་དང་། གལ་ཏེ་དགེ་བའི་བཤེས་གཉེན་ཞིག་ཡོད་པ་དང་། གལ་ཏེ་སྡོམ་པ་ཤོར་བ་ཡིན་ན། ང་ཚོས་སོ་སོ་རང་ཉིད་དང་དགེ་བའི་བཤེས་གཉེན་གཉིས་ཀར་མགོ་བསྐོར་གཏོང་གི་རེད། ཁོང་ཚོས་དགེ་བའི་བཤེས་གཉེན་ནི་དཔང་པོ་ལྟ་བུ་ཡིན་ཞེས་ནན་བརྗོད་བྱེད་ཀྱི་ཡོད་པ་མ་གཏོགས་དགེ་བའི་བཤེས་གཉེན་དེ་ང་ཚོར་གཅིག་གནང་མཁན་ཞིག་ཡིན་པར་ནན་གྱིས་གསུང་གི་མེད། ལྟ་ཚུལ་དེ་འགྲིག་པ་ཞིག་རེད་དམ།
ད་ང་ཚོས་ཏོག་ཙམ་ཞིག་ཐབས་ཚུལ་བྱེ་བྲག་ཅིག་གི་ཐོག་ནས་ཤོད་དགོས། སོ་ཐར་སྡོམ་པར་གཞིགས་ན། ང་ཚོས་དཀོན་མཆོག་གསུམ་གྱི་མདུན་དུ་སྡོམ་པ་དངོས་སུ་ཞུ་གི་ཡོད། དེར་བརྟེན་ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ལ་དམ་བཅའ་གང་འཇོག་པ་སོགས་ཀྱི་རྒྱུད་ལམ་དེ་ནི་དགེ་བའི་བཤེས་གཉེན་ཡིན་པ་རེད། དགེ་བའི་བཤེས་གཉེན་ནི་རྒྱུན་མ་ཆད་པའི་བརྒྱུད་པ་དེའི་སྐུ་ཚབ་ཡིན། རྒྱུན་མ་ཆད་པའི་བརྒྱུད་པ་ཡོད་པ་དེ་ཧ་ཅང་གལ་ཆེ། དེ་ནི་བརྒྱུད་པ་ཡང་དག་པ་ཞིག་པའི་དབང་དུ་བཏང་ནས། བརྒྱུད་པ་དེའི་ནང་ཡོད་པ་ཚང་མས་དངོས་གནས་སྡོམ་པ་ཚུལ་བཞིན་དུ་གཙང་མར་བསྲུང་ཡོད་པའི་ཁག་ཐེག་བྱ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། དེ་ནི་བརྗོད་དཀའ་བ་ཞིག་རེད། མ་རེད་དམ། གང་ལྟར་ཡང་། བརྒྱུད་པ་དེ་ཉམས་པ་མེད་པ་ཞིག་ཡོང་རྒྱུ་དེ་སྔོན་འགྲོའི་དགོས་མཁོ་ཞིག་ཡིན་པ་དང་། འདོད་ཚུལ་གྱི་ཆ་ནས་གཙང་མ་དང་རྒྱུན་མ་ཆད་པ་ཡིན། འདི་ནི་དགེ་སློང་མའི་སྡོམ་པ་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ནང་ཐེངས་མང་རྒྱུན་ཆད་པ་སོང་ཙང་། དེ་སླར་གསོ་དང་འབྲེལ་བའི་དཀའ་ངལ་ཞིག་རེད། འོན་ཀྱང་དེའི་ཐད་ཆེད་དུ་ཞིབ་ཚགས་པོ་མི་འགྲོ་བར་རྒྱུན་མ་ཆད་པའི་བརྒྱུད་པ་དེ་གལ་ཆེན་པོ་ཡིན། ང་ཚོས་བརྗོད་དོན་དེ་གནད་དོན་འདི་དང་མཉམ་དུ་མཇུག་བསྡུ་རྒྱུ་ཡིན།
གསང་སྔགས་ཀྱི་སྡོམ་པ་ལ་བརྟེན་ནས་བླ་མའམ་དགེ་བའི་བཤེས་གཉེན་དེ་གསང་སྔགས་ཀྱི་ལྷ་རུ་མཐོང་གི་ཡོད། བྱས་ཙང་། དོན་དེ་ལ་བསམས་ན་རང་གི་དགེ་བའི་བཤེས་གཉེན་ཡི་དམ་གྱི་ལྷ་ལྟ་བུ་ཡིན་པས། དེའི་མདུན་ནས་ང་ཚོར་སྡོམ་པ་འཐོབ་ཀྱིན་ཡོད། འོན་ཀྱང་འདིར་ཁྱེད་ཀྱིས་གང་དྲིས་པ་དེ་ལ་དཀའ་ངལ་ནི། སྡོམ་པ་ཞིག་ཞུ་བ་ཞེས་པའི་དོན་གང་ཡིན་པ་རྟོགས་ཚུལ་དེ་རེད། སྡོམ་པ་ནི་དགེ་བའི་བཤེས་གཉེན་ལ་ཡོད་པའི་དངོས་པོ་ཞིག་མིན། དཔེར་ན། རྐང་རྩེད་སྤོ་ལོ་ལྟ་བུ། ད་ལྟ་ང་ལ་རྐང་རྩེད་སྤོ་ལོ་འདི་ཡོད། ཁྱེད་རང་ལ་སྤྲོད་རྒྱུ་ཡིན། དེ་ནས་ཁྱེད་རང་ལ་སྤོ་ལོ་དེ་ཡོད། དེ་འདྲ་ཞིག་མ་རེད། སྡོམ་པ་དེ་དངོས་པོ་ཞིག་ལྟར་དགེ་བའི་བཤེས་གཉེན་ཚང་མར་ཡོད་པའི་མཐའ་གཅིག་ཏུ་བདེན་པར་གྲུབ་པ་ཞིག་དང་། ད་ངས་འདི་ཁྱེད་ལ་འབུལ་གྱི་ཡོད། ཁྱེད་རང་དེ་ཁྱེར་ནས་དེ་དང་དབྱེར་མེད་ཐིམ་དགོས་ཞེས་ཁྱེད་ལ་ཅ་དངོས་ཤིག་གཡུགས་པ་དང་ཁྱེད་ཀྱིས་དེ་བཟུང་བ་ལྟ་བུ་མིན། དེ་ལས་ལྡོག་སྟེ། སྡོམ་པ་དེ་ང་ཚོའི་སེམས་ཀྱི་རྒྱུན་ལ་ཆོས་གང་ཞིག་རྒྱུ་དང་རྐྱེན་དུ་མ་ལ་བརྟེན་ནས་བྱུང་བ་ནང་བཞིན་འབྱུང་གི་ཡོད། དེར་བརྟེན་འདི་ལ་བརྟེན་ནས་ངས་འཆད་པར་འདོད་པའི་བརྗོད་གཞི་རྗེས་མ་སྡོམ་པའི་སྐོར་དེ་སླེབས་ཀྱི་ཡོད།
སྡོམ་པ་ཟེར་བ་དེ་གང་རེད་དམ། བྱས་ཙང་། སྡོམ་པ་ནི་དགེ་བའི་བཤེས་གཉེན་གྱི་སྟེང་དུ་བདེན་པར་གྲུབ་པ་དང་། རང་དབང་དུ་གྲུབ་པ། རང་ངོས་ནས་གྲུབ་པ་ཞིག་ཡོད་པ་དང་། དེ་ང་ཚོའི་སྟེང་དུ་འགྲོ་གི་ཡོད་པ་ཞིག་མིན། དེར་བརྟེན་ང་ཚོས་དགག་པ་རྒྱག་དགོས་ཀྱི་ཡོད། དེ་ནི་སྡོམ་པ་ཞེས་པ་དེ་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་ཚུལ་ཞིག་ཡིན། དཔེར་ན། “ངས་སྡོམ་པ་འདི་ཧ་ཅང་གཙང་མ་དང་ཡང་དག་པ་ཉར་ཡིན། ད་འདི་ཁྱེད་རང་ལ་སྤྲོད་ཀྱི་ཡོད། ཁྱེད་ཀྱིས་ཀྱང་གཙང་མ་དང་ཡང་དག་པ་ཉར་དགོས་ཤིང་། རང་གི་སློབ་མ་རྣམས་ལ་སྤྲོད་དགོས་” ཞེས་པའི་བློའི་ཁྱེར་སོ་འདི་ལྟ་བུ་ཞིག་མ་ཡིན། དེ་ནི་ང་ཚོའི་བྱིས་བློའི་ལྟ་ཚུལ་ཞིག་ཡིན་སྲིད་ཀྱང་། དེ་ལྟར་མ་རེད། ངས་གོང་དུ་ཞུས་པ་ལྟར། དེ་ནི་རྒྱུ་རྐྱེན་ལ་ལྟོས་ནས་འབྱུང་བའི་ཆོས་ཞིག་ཡིན། འོ་ན་དེ་གང་ལ་བརྟེན་ཡོད་དམ་ཞེ་ན། དེ་ནི་རྒྱུན་མ་ཆད་པའི་བརྒྱུད་པ་ཞིག་ལ་བརྟེན་ཡོད། རྒྱུན་མ་ཆད་པའི་བརྒྱུད་པ་དེའི་སྐུ་ཚབ་ཅིག་ཡོད་པ་དེས་སྡོམ་པ་འདི་སྐྱེད་པར་བྱེད་ཀྱི་རེད།
བྱང་ཆུབ་སེམས་དཔའི་སྡོམ་པ་ནི་སོ་ཐར་གྱི་སྡོམ་པ་དང་གསང་སྔགས་ཀྱི་སྡོམ་པ་ལས་མི་འདྲ་བ་ཡིན། བྱང་སེམས་སྡོམ་པ་ཞུ་ལུགས་མི་འདྲ་བ་གཉིས་ཡོད་དེ། གཅིག་ནི་དགེ་བའི་བཤེས་གཉེན་ཞིག་ལ་བརྟེན་ནས་ཞུ་བ་དང་། གཞན་དེ་དགེ་བའི་བཤེས་གཉེན་མེད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དམིགས་རྣམ་དུ་བྱེད་པའི་སྒོ་ནས་ཞུ་བ་ཡིན། བྱས་ཙང་། སྐབས་འདིར་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཆ་བཞག་ན། ཁྱེད་རང་ལ་དངོས་གནས་དགེ་བའི་བཤེས་གཉེན་ཞིག་དགོས་ཀྱི་མེད། རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས་སོ་ཐར་གྱི་སྡོམ་པ་དང་གསང་སྔགས་ཀྱི་སྡོམ་པ། དེ་བཞིན་དགེ་བའི་བཤེས་གཉེན་གྱི་འགན་འཁྲི་དང་དགེ་བའི་བཤེས་གཉེན་གྱི་མདུན་དུ་ཡོད་པའི་ཆ་ནས་བཤད་ན། བརྒྱུད་པ་དང་རྒྱུན་མ་ཆད་པའི་བརྒྱུད་པ་དེ་ཧ་ཅང་གཙོ་གནད་ཆགས་ཡོད། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་བྱང་སེམས་སྡོམ་པ་ཡང་དག་པ་རྒྱུན་མ་ཆད་པ་དང་ལྡན་པའི་གང་ཟག་ཅིག་ནས་ཞུ་དགོས། ཁྱེད་ཀྱིས་བྱང་སེམས་སྡོམ་པ་དེ་ག་དུས་བྱུང་ནའང་ཡང་བསྐྱར་ཞུ་ཆོག་ལ། དོན་ངོ་མར་ང་ཚོས་དམིགས་རྣམ་བསྟེན་པ་དང་ཆོ་གའི་རིམ་པ་བསྡུས་ཙམ་ཞིག་བྱས་ནས་རང་གིས་རང་ལ་བྱང་སེམས་སྡོམ་པ་དེ་ཉིན་ལྟར་བསྐྱར་ཞུ་བྱེད་ཆོག །འོ་ཀྱང་བྱང་སེམས་སྡོམ་པ་དེ་ང་ཚོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲུང་ནས་ལེན་ཀྱི་ཡོད། དེ་དག་ལ་རྒྱུན་མ་ཆད་པའི་བྱང་སེམས་སྡོམ་པ་ལྡན་ཡོད། བྱས་ཙང་། འདི་ནི་མི་འདྲ་བ་ཞིག་ཡིན། ངས་དངོས་གནས་འགྲེལ་བརྗོད་བྱེད་ཐུབ་ཀྱི་མི་འདུག །གང་ཡིན་ཟེར་ན། བྱང་སེམས་སྡོམ་པ་དེ་དགེ་བའི་བཤེས་གཉེན་མེད་པའི་སྒོ་ནས་ལེན་ཆོག་པ་ཡིན་པའི་རྒྱུ་མཚན་ངས་མི་ཤེས། དེ་འདྲ་ཡིན་པའི་རྒྱུ་མཚན་གང་རེད་དམ། ངས་དེའི་ཐད་འགྲེལ་བརྗོད་ཁ གསལ་ཞིག་ནམ་ཡང་ཐོས་མྱོང་མེད།
གང་ལྟར་ཡང་། གལ་ཏེ་ང་ཚོས་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། རང་སྒེར་གྱི་དགེ་བའི་བཤེས་གཉེན་ནམ། ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་ཡིན་ལ་མ་ལྟོས་པར། ང་ཚོར་རྒྱུན་མ་ཆད་པའི་བརྒྱུད་པ་ཡོད་མཁན་གྱི་གང་ཟག་ཅིག་དགོས། སོ་ཐར་སྡོམ་པ་ལ་མཚོན་ན་ང་ཚོར་འཁོར་བ་ལས་ཐར་འདོད་ཀྱི་ཆོད་སེམས་ངེས་འབྱུང་ངེས་པར་དུ་དགོས། བྱང་སེམས་སྡོམ་པ་ལ་མཚོན་ན་ང་ཚོར་བྱང་ཆུབ་ཀྱི་སེམས་སྐྱེད་དགོས་ཤིང་། དེ་ཡང་ལྷག་བསམ་རྣམ་པར་དག་པའི་འཇུག་པ་སེམས་བསྐྱེད་དེ་དགོས་ཀྱི་ཡོད། དེ་ནས་གསང་སྔགས་ལ་མཚོན་ན། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱི་སྒང་ལ་ད་དུང་ང་ཚོར་དགོས་ངེས་ཅན་གྱི་སྔོན་འགྲོའི་དགོས་མཁོ་དེ་ལས་མང་བ་ཡོད། དེར་མ་ཟད། སྟོང་ཉིད་ཀྱི་དོན་དང་། སྔོན་འགྲོའི་ཉམས་ལེན་བཅས་ལ་གཞི་རྩའི་གོ་རྟོགས་ཤིག་དགོས། ང་ཚོར་ཆ་རྐྱེན་མང་པོ་ཞིག་དགོས་ངེས་ཡིན། ང་ཚོའི་སེམས་ཀྱི་རྒྱུན་ལ་སྡོམ་པ་དེ་དག་སྐྱེད་པར་དྲན་ཤེས་ལྡན་པའི་ཀུན་སློང་ཞིག་དང་། དེ་དག་གང་ཐུབ་ཅི་ཐུབ་ཀྱིས་བསྲུང་རྒྱུའི་ཀུན་སློང་ངེས་པར་དུ་དགོས། དགེ་འདུན་པ་དང་བཙུན་མའི་སྡོམ་པ་ལ་ཆོ་ག་སྒྲུབ་སྐབས་མི་རྣམས་ཡོད་པ་ལ་ཆ་བཞག་ན། དགོས་ངེས་ཀྱི་ཆ་རྐྱེན་མང་བ་ཡོད། ཡིན་ནའང་དགེ་འདུན་དང་བཙུན་མའི་སྡོམ་པ་ཇི་ལྟར་ལེན་ཚུལ་དེ་ནི་ང་ཚོའི་བརྗོད་གཞི་མ་རེད།
དེ་འདྲ་ཡིན་དུས་སྡོམ་པ་ཞེས་པ་དེ་དོན་ངོ་མར་གང་རེད་དམ། འདི་ལ་ལྟ་ཚུལ་གཉིས་ཡོད་དེ། གཅིག་ནི་མདོ་སྡེ་པའི་ལུགས་ཀྱི་སྡོམ་པ་ནི་སེམས་བྱུང་ཞིག་རེད། བར་ཆད་ཅན་གྱི་སྤྱོད་ལམ་གྱི་རིགས་ལ་སྟངས་འཛིན་བྱེད་པ་སྟེ། དེ་ཡང་ཆོ་ག་བྱེ་བྲག་ཅིག་གི་སྐབས། ང་ཚོས་འགྲོ་ལུགས་ལྟར་སྟངས་འཛིན་བྱ་རྒྱུའི་དམ་བཅའ་བྱེད་པ་དེ་ཡིན། བྱས་ཙང་། འདི་ནི་ཆོ་གའི་ནང་དམ་བཅའ་བརྟན་པོ་བཞག་པར་གཞི་བྱས་པའི་བཟང་སྤྱོད་ཀྱི་ཁྲིམས་རང་སྲུང་གི་རྣམ་པ་ཤུགས་ཆེ་བ་འདྲ་པོ་ཞིག་ཡིན། འོན་ཀྱང་བྱེ་བྲག་སྨྲ་བ་དང་སེམས་ཙམ་པ་དང་དབུ་མའི་ལྟ་ཚུལ་ལ། སྡོམ་པ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཤིག་ཡིན། དེའི་བསྐོར་ངས་ཞུ་རྒྱུ་ཡིན། དེ་ནི་གང་ཟག་སོ་སོའི་སེམས་རྒྱུད་ལ་ཡོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཤིག་ཡིན་པ་དང་། དེས་སེམས་བྱུང་ནང་བཞིན་བྱ་བ་གཅིག་པ་བྱེད་ཀྱི་ཡོད། དེས་ང་ཚོའི་སྤོུད་ལ་བཟོ་ལྟ་བཟོ་བའམ་འགྱུར་བ་གཏོང་གི་ཡོད།
དེ་འདྲ་སོང་ཙང་། དེ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཟེར་བ་གང་རེད་དམ། དེ་ནི་ཆེས་ཤུན་ཏུ་ཕྲ་བའི་གཟུགས་ཤིག་རེད། དེ་ནི་རྡུལ་ཕྲན་ལས་གྲུབ་པ་ཞིག་མིན། དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་ཟེར། རྒྱུ་མཚན་ནི་དེས་ཐོག་མའི་ཀུན་སློང་ལ་བརྟེན་ནས་ལས་བྱས་པ་དེ་གསལ་སྟོན་བྱེད་ཀྱི་མེད། ང་ཚོས་འདིར་ལས་ཀྱི་གཟུགས་ཤིག་གི་སྐོར་ལ་ཤོད་ཀྱིན་ཡོད། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་ང་ཚོས་བྱ་འགོ་བཙུག་པའི་སྐབས་བྱ་བ་དེའི་ཐོག་མ་ནས་འགོ་བཙུགས་ཏེ་མཇུག་མ་རྫོགས་བར་དུ་མུ་མཐུད་ཀྱི་ཡོད། ད་དུང་མུ་མཐུད་དེ་ང་ཚོའི་སེམས་ཀྱི་རྒྱུན་ལ་འགྲོ་བ་དང་། ཇི་སྲིད་ང་ཚོར་ལས་དེ་འདྲ་ཞིག་ཡང་ནས་ཡང་དུ་བྱ་རྒྱུའི་ཀུན་སློང་ཡོད་པ་དེ་སྲིད་དུ་མུ་མཐུད་ཀྱི་ཡོད། གལ་ཏེ་ང་ཚོས་ཡང་བསྐྱར་ལས་དེ་བྱེད་ཀྱི་མིན་ཞེས་ཐག་བཅད་ཡོད་ན། དེ་ནས་ང་ཚོས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་ཤོར་གྱི་ཡོད།
འོ་ན་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེའི་བྱེད་ལས་གང་ཡིན་ནམ། ང་ཚོས་གང་བྱས་པ་དང་མཚུངས་པའི་བྱ་བ་ཤིག་ཡང་ནས་ཡང་དུ་བྱེད་པར་སྨིན་གྱི་ཡོད། བྱ་བ་དེ་ཡང་བསྐྱར་ནམ་ཡང་བྱེད་ཀྱི་མིན་ཞེས་གལ་ཏེ་ངས་ཐག་གཅོད་བྱེད་པའི་བདེན་པ་ལ་གཞིགས་ན། དེ་ལ་གོ་རྒྱུ་ཞིག་ཡོད་པ་དང་། ང་ཚོས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་ཤོར་གྱི་ཡོད།
གལ་ཏེ་ངས་ཕྱི་དྲོའི་ཁ་ཟས་མི་བཟའ་བའི་སྡོམ་པ་ཞིག་བླངས་ཡོད་ན། དེས་ང་ལ་ཕྱི་དྲོའི་ཁ་ཟས་མི་བཟའ་བའི་རྒྱུ་སྐྱེད་པར་བྱེད་ཀྱི་ཡོད། གལ་ཏེ་ངས་སོ་སོས་གང་བྱས་པ་དེ་མཐའ་གཅིག་ཏུ་གླེན་རྟགས་ཡིན་པ་དང་། དེ་ལྟའི་ཁྲིམས་དེའི་རྗེས་སུ་ནམ་ཡང་འབྲང་གི་མིན། ངས་རྟག་ཏུ་ཕྱི་དྲོའི་ཁ་ཟས་བཟའ་གི་ཡིན་ཞེས་ང་ཚོས་ཐག་བཅད་ན། ང་ཚོའི་རྒྱུད་ལ་སྡོམ་པ་དེ་མེད། བྱས་ཙང་། དེ་ནི་སྡོམ་པ་ཟེར་བ་དེ་གང་ཡིན་པ་དེ་རེད། དེ་ནི་སེམས་ཀྱི་རྒྱུན་དང་མཉམ་དུ་མུ་མཐུད་དེ་བསྐྱོད་པའི་ཤིན་ཏུ་ཕྲ་བའི་གཟུགས་དེ་རེད། དེ་ལ་ངས་བསམ་ཐུབ་པའི་དཔེ་མཚོན་ཉེ་ཤོས་ཤིག་ནི། ཕྲ་བའི་འགུལ་ཤུགས་ལྟ་བུ་རེད། ཡིན་ནའང་དེ་ནི་དེ་དང་གཅིག་པ་གཅིག་རྐྱང་མ་ཡིན། དེ་ནི་ཏོག་ཙམ་ཐལ་ཆ་ཡོད་པའི་དུས་རབས་གསར་པ་ལྟ་བུར་སྣང་། འོན་ཀྱང་ཕྲ་བའི་གཟུགས་དེ་རྐང་རྩེད་སྤོ་ལོ་ནང་བཞིན་དགེ་བའི་བཤེས་གཉེན་ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་ནས་ང་ཚོའི་སེམས་རྒྱུད་ལ་འགྲོ་གི་ཡོད་པ་ཞིག་མ་ཡིན། ཁོང་ཚོས་ང་ཚོར་རྡོག་རྡོག་ཅིག་གནང་བའི་སྐད་ཆ་མིན། དཔེར་ན། ང་ཚོས་ཁོང་ཚོའི་མདུན་ནས་ཅ་དངོས་ཤིག་ལེན་པ་ལྟ་བུའི་སྡོམ་པ་གནང་བ་དེ་འདྲ་མ་ཡིན།
བོད་སྐད་ནང་བཀོལ་སྤྱོད་བྱས་པའི་ཚིག་ནི། ང་ཚོའི་སེམས་རྒྱུད་ལ་སྡོམ་པ་ཞིག་ “ལེན་པའམ་འཐོབ་པ་” ཟེར་བ་དེ་རེད། དེ་ནི་ང་ཚོར་འཕྲིན་ཡིག་ཅིག་འབྱོར་བ་ལྟ་བུ་མི་གཞན་ཞིག་ནས་ང་ཚོར་འཐོབ་པ་ཡིན་དགོས་པའི་ངེས་པ་མེད། དེ་ལ་ཐུན་མིན་གྱི་གོ་དོན་དབང་དུ་བྱས་ན། རང་རྒྱུད་ལ་ཐོབ་པ་ཞེས་པ་དེ་ཡིན། ངས་གོང་དུ་ཞུས་ཟིན་པ་ལྟར། དེ་ནི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་འབྱུང་གི་ཡོད། དེ་ཡང་ང་རང་ཚོ་སོ་སོའི་སེམས་རྒྱུན་དུ་འབྱུང་གི་ཡོད། ང་ཚོས་དེ་རང་རྒྱུད་ལ་སྐྱེད་པར་བྱས་ནས་ག་ཚོད་བརྟན་བརྟན་དུ་བསྲུང་ཐབས་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་ཡང་སེ་བེད་སྤྱོད་བྱེད་པའི་ཨིན་སྐད་ནང་གི་ breaking a vow “སྡོམ་པ་ཤོར་བའམ་ཉམས་ཆག་འགྲོ་བ་” ཟེར་བའི་ཐ་སྙད་དེ་ཆ་ཚང་གང་ལ་གང་འཚམས་ཀྱི་གོ་བ་ལོག་སྒྲུབ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། གལ་ཏེ་ང་ཚོས་སྡོམ་པ་བསྲུང་དགོས་པའི་སྤྱོད་ལམ་གྱི་རིགས་ལ་མ་བརྩིས་ན། དེ་ནས་ང་ཚོས་སྡོམ་པ་ཞན་དུ་གཏོང་བའམ་སྡོམ་པ་ཤོར་གྱི་ཡོད། དེ་ལ་ཨིན་སྐད་ནང་ transgressing the vow “སྡོམ་པ་དང་འགལ་བ་” ཟེར་བ་དེ་བེད་སྤྱོད་བཏང་ན་ཡག་ཤོས་རེད་འདུག་སྙམ། ང་ཚོས་སྡོམ་པ་དང་རྒྱབ་འགལ་གྱི་ལས་བརྩམས་པ་རེད། ང་ཚོས་སྡོམ་པའི་མཚམས་ལས་བརྒལ་ཕྱིན་པ་རེད། ང་ཚོས་སྡོམ་པ་ཞན་དུ་གཏོང་བའི་སྐབས། དེ་ལ་ང་ཚོས་རྟག་ཏུ་བསྐྱར་ལྡབ་ཡང་ལྡབ་ཀྱིས་བྱེད་ངེས་པའི་སྤྱོད་ལམ་བྱེ་བྲག་ཅིག་སྐྱེད་པར་སྟོབས་དང་ནུས་ཤུགས་ཆུང་བ་ཡོད། དཔེར་ན། ཕྱི་དྲོའི་ཁ་ཟས་སྤོང་བ་ལྟ་བུའོ།།
དཔེ་ཆ་བཞག་ན། ངས་སྡོམ་པ་ཧ་ཅང་དམ་པོ་བསྲུང་བའི་སྒོ་ནས་ “ངས་ཕྱི་དྲོ་ཁ་ཟས་བཟའ་གི་མེད་” ཅེས་བརྗོད་པ་དང་། དེ་ནས་ཉིན་མ་གཅིག་ངས་ཕྱི་དྲོའི་ཁ་ལག་བཟས་པ་དང་ཕྱི་ཉིན་དེར་ཡང་ངས་ཕྱི་དྲོའི་ཁ་ལག་བཟས་པ་ལྟ་བུ་རེད། དེ་ལྟར་བྱས་པས་དེའི་ནུས་ཤུགས་དེ་ཞན་དུ་འགྲོ་གི་ཡོད། གང་ཡིན་ཞེ་ན། སྐབས་རེར་སོ་སོས་དེ་འདྲ་བྱེད་ཀྱི་མེད་པ་ང་ཚོས་མཐོང་ཡོད། ང་ཚོས་སྡོམ་པའི་ནུས་ཤུགས་ཞན་དུ་བཏང་བའི་གོ་དོན་གང་ཡིན་ཤེས་དགོས། དེ་ལ་སྤྱོད་ལམ་འདྲ་མཚུངས་ཤིག་བསྐྱར་ལྡབ་ཡང་ལྡབ་ཀྱིས་སྐྱེད་པར་དེའི་རྒྱབ་ལ་ནུས་པ་ཆུང་བ་ཡོང་གི་ཡོད། སྡོམ་པ་དེ་ང་ཚོའི་སེམས་རྒྱུན་ནས་དངོས་སུ་ཤོར་བར་མཉམ་འདུས་ཀྱི་རྒྱུ་རྐྱེན་སྣ་མང་ཞིག་ཚང་དགོས། འོན་ཀྱང་དེའི་སྐོར་རྗེས་སུ་འཆད་རྒྱུ་ཡིན།
དེ་ཏོག་ཙམ་གསལ་ཁ་དོད་དུ་ཕྱིན་སོང་ངམ། སྡོམ་པ་ཞེས་པ་དེ་གང་ཡིན་པ་དེ་ཏོག་ཙམ་རྒྱས་པོ་དང་ཕྲ་བ་ཞིག་རེད། ཡིན་ནའང་དེ་ཤེས་དགོས་རྒྱུ་གང་ལ་གང་འཚམས་ཀྱི་གལ་ཆེན་པོ་རེད་བསམ་གྱི་འདུག །དེ་ནི་ང་ཚོས་སེམས་རྒྱུན་ལ་སྐྱེད་པའི་ཕྲ་བའི་གཟུགས་ཤིག་ཡིན་པ་དང་། དེས་མ་འོངས་པར་ང་ཚོའི་སྤྱོད་ལམ་ལ་བཟོ་ལྟ་བཟོ་གི་ཡོད། ང་ཚོས་དེ་དམ་བཅའ་ཤུགས་ཆེན་པོ་ཞིག་ལ་གཞི་རྩ་བྱས་ཏེ་བསྐྱེད་ཡོད་པ་སོང་ཙང་། དེ་ནི་གང་འཚམས་ཀྱི་ཤུགས་ཆེན་པོ་ཡོད།
ཆོས་མངོན་པའི་ནང་སྡོམ་པའི་སྐོར་གོ་བསྡུར་བྱས་ཡོད་པ་དང་། སྡོམ་པ་མ་ཡིན་པ་དང། དེ་ནས་བར་མའི་སྡོམ་པ་ཞིག་ཡོད། སྡོམ་པ་ནི་བདག་ཅག་གི་སྟོན་སངས་རྒྱས་ཤཱཀྱ་ཐུབ་པས་བཀོད་སྒྲིག་གནང་བཞག་པ་ཞིག་ཡིན་པས། དེ་ལ་སོ་སོ་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ། གསང་སྔགས་ཀྱི་སྡོམ་པ་བཅས་ཡོད། དེ་དག་ནི་ཧ་ཅང་ཁྱད་ཆོས་ངེས་ཅན་དང་ལྡན་པ་ཡིན། ང་ཚོས་ཡེ་ཤུའི་གཉེན་སྒྲིག་གི་སྡོམ་པའམ་དམ་བཅའ་འདྲ་པོ་ཞིག་གི་སྐོར་ཤོད་ཀྱི་མེད། སྐབས་འདིའི་དབྱེ་བའི་ནང་དེ་ནི་སྡོམ་པ་ཞིག་ཏུ་བརྩི་ངེས་མ་རེད། དེ་ནི་བར་མ་ཡིན་པའི་སྡོམ་པའི་དབྱེ་བའི་ནང་ཚུད་ངེས་རེད།
སྡོམ་པ་མ་ཡིན་པ་ཟེར་བ་ནི་སྡིག་པ་མི་དགེ་བའི་ལས་ཤིག་བྱེད་པ་དེ་ཡིན། དཔེར་ན། ངས་དམག་མིར་འཛུལ་ཞུགས་བྱས་ནས་དགྲ་བོ་གསོད་རྒྱུའི་དམ་བཅའ་བཞག་པ་ལྟ་བུ་རེད། བྱས་ཙང་། དེ་ནི་གཞི་རྩའི་ཆ་ནས་བྱ་བ་གང་ཞིག་ནང་ཆོས་ཀྱི་སྡོམ་པའི་ནང་ང་ཚོས་སྤོང་རྒྱུའི་དམ་བཅའ་བྱས་པ་དེ་དང་འགལ་བ་ཞིག་ཏག་ཏག་བྱེད་པ་དེ་ཡིན། བར་མའི་སྡོམ་པ་ནི་དེ་གཉིས་ཀའི་ནང་མེད་པའི་ནམ་རྒྱུན་འཆར་ཅན་གྱི་བྱ་བ་ཞིག་བྱ་རྒྱུའི་དམ་བཅའ་བརྟན་པོ་ཞིག་ཡོད་པ་དེ་ཡིན།
ངས་འཁྲིག་སྤྱོད་སྐོར་གྱི་སྡོམ་པ་ལས་དཔེ་མཚོན་ཞིག་ཞུ་རྒྱུ་ཡིན། དེ་ཡང་ལོག་གཡེམ་སྤོང་བའི་སྡོམ་པ་ནི་རན་པོ་དང་འཚམས་པོ་མིན་པ་དེ་གང་ཡིན་པའི་ཐོ་གཞུང་རིང་པོ་ཞིག་ཡིན། ངས་ཐོ་གཞུང་དེའི་ནང་ནས་གཞན་ཞིག་ལ་བཙན་གཡེམ་བྱེད་པ་ལྟ་བུ་སྤོང་རྒྱུ་གྲ་སྒྲིག་ཡོད་པ་ཚོར་བའི་དབང་དུ་བཏང་ན། ངས་དེ་ལྟར་མི་བྱེད་པ་ངེས་པ་རེད། འོན་ཀྱང་དེའི་ནང་ད་དུང་གནད་དོན་གཞན་འགའ་ཞིག་ཡོད་པས། དེ་དག་སྤོང་རྒྱུའི་གྲ་སྒྲིག་ཨང་བསར་མེད། དཔེར་ན། ང་ཚོས་ “འགྲིག་གི་འདུག །ང་རང་སྡོམ་པ་དེའི་ཆ་ཤས་ཙམ་ཞིག་ལེན་འདོད་འདུག་” ཅེས་བརྗོད་ངེས་རེད། འོན་ཀྱང་སྡོམ་པ་ལ་གཞིགས་ན། ཁྱེད་ཀྱིས་དེ་ལྟར་དངོས་གནས་བྱེད་མི་ཐུབ། ཁྱེད་ཀྱིས་སྡོམ་པ་ཆ་ཚང་བ་ལེན་དགོས་པའམ། ཡང་ན་སྡོམ་པ་ལེན་རྒྱུ་མེད། སུས་ཀྱང་ཁྱེད་ཀྱིས་སྡོམ་པ་ལེན་དགོས་ཟེར་གྱི་མེད། ཡིན་ནའང་ང་ཚོས་ག་རེ་བྱེད་ཐུབ་ཅེ་ན། ང་ཚོས་བར་མའི་སྡོམ་པའི་རིགས་དེ་ལེན་ཆོག །དེ་ནི་ངས་སྡོམ་པ་ཆ་ཚང་བའི་ནང་གང་ཡོད་པ་དེའི་ཆ་ཤས་ཙམ་ཞིག་སྤོང་གི་ཡིན་ཞེས་དམ་བཅའ་ཧ་ཅང་བརྟན་པོ་ཞིག་ཆགས་ངེས་ཡིན། དེར་བརྟེན་དེ་ནི་ནང་པའི་སྡོམ་པ་ལེན་པ་ནང་བཞིན་བརྟན་པོ་ཆགས་ཀྱི་མེད། འོན་ཀྱང་དེ་ནི་ད་དུང་སྐབས་རེར་ང་ཚོས་བྱ་བ་ཅི་གང་མི་བྱེད་པ་ལས་རྦད་དེ་བརྟན་པ་ཡོད། བྱས་ཙང་། དེ་ལྟའི་དམ་བཅའ་བརྟན་པོ་འཇོག་རྒྱུ་དང་། ངས་གཞན་ལ་བཙན་གཡེམ་བྱེད་ཀྱི་མིན་ཞེས་དམ་བཅའ་བརྟན་པོ་ཞིག་གི་ཐོག་ནས་སྡོམ་པ་ལེན་པ་ནི་དགེ་བའི་ལས་བཟང་པོ་ཞིག་ཡིན། འདིས་བཙན་གཡེམ་སྤོང་བ་ཙམ་ལས་ལྷག་པའི་དགེ་བའི་ནུས་པའམ་བསོད་ནམས་གསོག་གི་ཡོད། ང་ཚོས་སྡོམ་པ་དེ་བླངས་པའམ་དམ་བཅའ་བྱེད་ཀྱི་ཡོད་ཀྱང་། དེ་ནི་ནང་པའི་སྡོམ་པ་ཆ་ཚང་བའི་ནང་གི་ལོག་གཡེམ་སྤོང་བའི་ཆ་ཤས་ལྟ་བུར་བཙན་གཡེམ་མི་བྱེད་པར་སྡོམ་པ་ནང་བཞིན་བརྟན་པོ་མེད།
གལ་ཏེ་ངས་སྡོམ་པ་འགའ་ཞིག་ནོར་བ་དང་ཆོ་མེད་དུ་བསམས་ནས་སྡོམ་པ་དེ་མ་བསྲུང་ན། དེ་ནས་ངའི་སྡོམ་པ་ཤོར་བ་རེད་དམ། འོན་ཀྱང་རྒྱུ་རྐྱེན་འགའ་ཞིག་ལ་བརྟེན་ནས་སྐབས་འགའ་ཞིག་ལ། ངས་སྡོམ་པ་དེ་བསྲུང་ཐུབ་ཀྱི་མེད་ནའང་། ངས་སྡོམ་པ་དེ་རྗེས་མ་བསྲུང་རྒྱུ་ཡིན་ན། དེ་ནས་ངས་སྡོམ་པ་ཞན་དུ་གཏོང་བ་ལས་ཤོར་གྱི་མེད་དམ། ངའི་གོ་རྟོགས་དེ་འགྲིག་འདུག་གམ།
དེ་འགྲིག་གི་འདུག །དེའི་སྐོར་ལ་རྒྱས་པ་ཡོད། ང་ཚོར་གོ་བ་ཏག་ཏག་ཅིག་འཐོབ་པའི་ཆེད་དེའི་སྐོར་རྗེས་མ་གོ་བསྡུར་བྱ་རྒྱུ་ཡིན།།