ཀུན་རྫོབ་ཀྱི་བདག་དང་། བདག་རྫུས་མ། ཐོག་མཐའ་མེད་པའི་བདག

ངོ་སྤྲོད། “བདག་གམ་ང་” ལ་དཔྱད་པ།

ང་ཚོའི་གཏམ་བཤད་ཀྱི་རིམ་པ་འདིའི་བརྗོད་གཞི་ནི་ལམ་རིམ་ལ་བརྟེན་ནས་རང་ཉིད་ཀྱི་བདག་གི་བཟང་ཕྱོགས་ཀྱི་ཡར་རྒྱས་ཞེས་པ་དེ་རེད། ནང་པའི་ཆོས་ཀྱི་ལམ་དུ་ “བདག་” ཅེས་བྱ་བ་ནི་གཙོ་བོ་དེ་རེད། འདི་ནི་ང་ཚོས་གཏམ་བཤད་འདི་ལ་ཉན་པར་ཀུན་སློང་བཅོས་པའི་སྐབས་སུའང་མཐོང་ཐུབ། སྙིང་རྗེས་ཀུན་ནས་བསླངས་ཏེ་མཐར་ཐུག་ང་ཚོས་གཞན་རྣམས་སྡུག་བསྔལ་ལས་ཐར་བར་ཕན་པ་གང་ནུས་བསྒྲུབ་ཐུབ་པའི་གནས་བབས་ཤིག་ཕལ་ཆེར་འཐོབ་ཀྱི་རེད། ཡིན་ནའང་། གཞན་ལ་ཕན་འདོགས་པར་སུ་ལ་སྙིང་རྗེས་ཀུན་ལས་བསླངས་པ་རེད་དམ། ང་ཚོས་ “བདག་གམ་ང་” ཞེས་བརྗོད་དགོས་ངེས་རེད། གཞན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་རྒྱུར་འབད་བརྩོན་བྱེད་མཁན་དེ་སུ་རེད་དམ། དེ་ནི་སླར་ཡང་ “བདག་གམ་ང་” འདི་རེད། འདི་ལྟར་བྱེད་པ་ལ་དངོས་གནས་གང་གིས་འགོག་རྐྱེན་བྱེད་ཀྱི་ཡོད་དམ། འདིར་ཡང་ང་ཚོས་ “བདག་གམ་ང་” ཞེས་བྱ་བ་འདི་ཡིན་པར་བརྗོད་དགོས་ངེས་རེད། དེ་ནི་ང་ཚོས་སོ་སོའི་ལེ་ལོ་དང་། སྙིང་སྟོབས་བྲལ་བ། ཡང་ན་གཞན་ཚོར་ཤེས་ནུས་ཅན་མིན་པ་གང་ཡིན་རུང་དེ་ནི་ “བདག་གམ་ང་” དེ་ཡིན་པ་རེད།

དེའི་ལན་གང་ཡིན་མིན་ལ་མ་ལྟོས་པར། དེ་དག་ཐམས་ཅད་ “བདག་གམ་ང་” ཞེས་པའི་སྒང་ལ་བསླེབ་ཀྱི་ཡོད། མ་རེད་དམ། “ངས་འདི་བྱེད་སྙིང་འདོད་ཀྱི་མི་འདུག་” ཅེས་བསམ་པ་དང་། “ངས་འདི་བྱེད་འདོད་མེད་” ཅེས་བསམ་པ། “ངས་འདི་བྱ་རྒྱུར་ཞེད་སྣང་འདུག་” ཅེས་བསམ་པ་དེ་དག་ཐམས་ནི་ “བདག་གམ་ང་” ཞེས་པའི་ནང་འཁོར་བའི་བསམ་བློ་གཏོང་སྟངས་ཤིག་ཡིན་པ་རེད། དེ་དག་ཐམས་ཅད་ནི་ང་ཚོས་སོ་སོ་རང་ཉིད་སུ་ཡིན་བསམ་པ་དང་ང་ཚོས་གང་བྱེད་ཐུབ་བསམ་པ་ལ་གཞི་བྱས་ཡོད། 

ནང་ཆོས་ལྟར་བྱས་ན། ཅུང་ཟད་གཏིང་ཟབ་ཏུ་ལྟ་བའི་སྐབས། ང་ཚོའི་ཀུན་སློང་གི་དམིགས་ཡུལ་འཐོབ་པར་གེགས་བྱེད་མཁན་དང་དཀའ་ངལ་དངོས་དེ་ནི་སོ་སོ་རང་ཉིད་དོན་ངོ་མར་ཇི་ལྟར་ཡོད་པའི་གནས་ལུགས་མི་ཤེས་པའི་རྐྱེན་གྱིས་རེད། ང་ཚོས་སོ་སོ་ཇི་ལྟར་ཡོད་པ་མི་ཤེས་པའམ་ཡང་ན་ཡང་དག་པ་གང་ཡིན་པ་དེའི་ལྡོག་ཕྱོགས་ཀྱི་བསམ་བློ་སྟེ། གོ་རིམ་ལྡོག་པའི་བསམ་བློ་དེ་འདྲ་གང་རུང་ང་ཚོར་ཡོད། དེར་བརྟེན་དངོས་པོའི་གནས་ལུགས་དེ་གང་ཡིན་ཡང་དག་པར་རྟོགས་པར། “བདག་གམ་ང་” ཞེས་བྱ་བའི་གནད་དོན་འདི་ཡོངས་སུ་རྫོགས་པར་དཔྱད་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། 

དེ་ལ་ཐོག་མར་འགོ་འཛུགས་བྱེད་སྟངས་གཅིག་ནི། ང་ཚོ་མི་རེ་ངོ་རེ་ནས་དུས་ཚོད་ཐུ་ངུ་ཞིག་གི་ནང་སོ་སོ་རང་ཉིད་དང་ “བདག་གམ་ང་” ཞེས་པའི་སྐོར་ཤོད་སྐབས། དེ་གང་ལ་གོ་བར་བྱེད་ཀྱི་ཡོད་པའི་ཐད་བསམ་བློ་གཏོང་རྒྱུ་དེ་རེད། ཁྱེད་ཀྱིས་ “བདག་གམ་ང་” ཞེས་ཟེར་བའི་དོན་གང་ཡིན་ངོས་འཛིན་ཐབས་བྱ་རྒྱུ་དང་། ཐ་ན་དེའི་དོན་གང་ཡིན་འགྲེལ་བརྗོད་ཀྱི་ཐབས་ཤིག་རྙེད་རྒྱུ་དཀའ་ལས་ཁག་པོ་ཡོད་ནའང་། ད་དུང་ཡང་ང་ཚོ་ཚང་མས་ “བདག་གམ་ང་” ཞེས་པ་ལ་གཞིགས་ནས་བསམ་བློ་གཏོང་གི་ཡོད། མ་རེད་དམ། “བདག་གམ་ང་” ཞེས་པའི་ཚོར་བ་ཞིག་ཡོད། “ངས་གང་བྱེད་རྩིས་ཡོད་དམ། མི་རྣམས་ཀྱིས་ངའི་ཐད་ལ་གང་བསམ་གྱི་ཡོད་དམ། ང་རང་ནི་ཆོ་མེད་ཕམ་ཉེས་ཅན་ཞིག་རེད། ང་ནི་རྒྱལ་ཁ་ཐོབ་མཁན་ཞིག་རེད་” ཅེས་སོགས་ང་ཚོ་ཚང་མར་དེ་འདྲ་བའི་བསམ་བློའི་རིགས་སྣ་ཚོགས་པ་ཡོད། 

སྐབས་སུ་བབས་པའི་ནང་ “བདག་གམ་ང་” ཞེས་པ་དེ་ལ་བསམ་བློ་གཏོང་ཐབས་བྱོས། དེ་ཡང་གཞོན་ནུ་དང་། རྒས་འཁོགས། སྐྱེས་པ། བུད་མེད་སོགས་ “བདག་གམ་ང་” ཞེས་པའི་ཁྱད་ཆོས་སམ་ཡོན་ཏན་ལ་གཞིགས་ནས་མིན། དེ་འདྲའི་སྒོ་ནས་རང་ཉིད་ངོས་འཛིན་བྱ་རྒྱུ་མེད་ལ། “ང་སུ་རེད་དམ་” ཞེས་པའི་དྲི་བ་གཏོང་རྒྱུ་མེད། དེ་ནི་དྲི་བ་དངོས་གནས་དཀའ་ལས་ཁག་པོ་ཞིག་རེད། འོན་ཀྱང་། དེའི་ལན་ནི་ནམ་རྒྱུན་ “ང་ནི་ང་རེད་” ཅེས་པ་དེ་རེད། དེའི་དོན་ངོ་མ་གང་རེད་དམ། ང་ཚོ་མིང་ཞིག་རེད་དམ་ཚིག་ཅིག་རེད། 

ང་ཚོས་བདག་འཛིན་གྱི་སེམས་ཁམས་རིག་པའི་ལྟ་གྲུབ་ལ་གཞིགས་ནས་སྐད་ཆ་ཤོད་ཀྱིན་མེད། དཔེར་ན། བདག་འཛིན་ཁྱད་འཕགས་ལ་སོགས་པའི་སྐོར་ཤོད་ཀྱིན་མེད། དེ་ལས་ལྡོག་སྟེ། ང་ཚོས་འདིར་ “བདག་གམ་ང་” དཀྱུས་མ་དེའི་སྐོར་ཤོད་ཀྱིན་ཡོད། ང་ཚོས་བདག་གམ་ངའི་སྐོར་ཤོད་པའམ་སོ་སོ་རང་ཉིད་ཀྱི་སྐོར་བསམ་བློ་གཏོང་བའི་སྐབས། ག་རེའི་སྐོར་ཤོད་ཀྱིན་ཡོད་དམ། འདིའི་ཐོག་ལ་སྐར་མ་འགའི་རིང་བསམ་བློ་གཏོང་རྒྱུ་ཡིན། 

(སྒོམ་དུས།)

Top