ཐེག་པ་ཆེན་པོའི་ལུགས་ཀྱི་དྲན་པ་ཉེར་བཞག་བཞི།

སྐད་ཡིག་གཞན།

བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན། 

དྲན་པ་ཉེར་བཞག་བཞི་ནི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་གྱི་ནང་ནས་དང་པོ་བཞི་ཡིན་པ་རེད། བྱང་ཆུབ་ལ་གསུམ་ཡོད་དེ། ཉན་ཐོས་དགྲ་བཅོམ་པ་དང་། རང་རྒྱལ་དགྲ་བཅོམ་པ། བྱང་ཆུབ་སེམས་དགྲ་བཅོམ་པའམ་སངས་རྒྱས་བཅས་གསུམ་རེད། 

བྱང་ཕྱོགས་སོ་བདུན་ནི།

  • དྲན་པ་ཉེར་བཞག་བཞི་སྟེ། ལུས་དྲན་པ་ཉེར་བཞག་དང་། ཚོར་བ་དྲན་པ་ཉེར་བཞག སེམས་དྲན་པ་ཉེར་བཞག ཆོས་དྲན་པ་ཉེར་བཞག་བཅས་བཞིའོ།།
  • ཡང་དག་སྤོང་བ་བཞི་སྟེ། དགེ་བ་མ་སྐྱེས་པ་བསྐྱེད་པ་དང་། དགེ་བ་སྐྱེས་པ་སྤེལ་བ། མི་དགེ་བ་སྐྱེས་པ་སྤོང་བ། མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པ་བཅས་བཞིའོ།།
  • རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འདུན་པ་དང་། བརྩོན་འགྲུས། སེམས་པ། དཔྱོད་པ་བཅས་བཞིའོ།།
  • དབང་པོ་ལྔ་སྟེ། དད་པ་དང་། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་བཅས་ལྔའོ།།
  • སྟོབས་ལྔ་སྟེ། དད་པ་དང་། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་བཅས་ལྔའོ།།
  • བྱང་ཆུབ་ཡན་ལག་བདུན་ཏེ། དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ། བརྩོན་འགྲུས། དགའ་བ། ཤིན་སྦྱངས་། ཏིང་ངེ་འཛིན། བཏང་སྙོམས་བཅས་བདུན་ནོ།།
  • འཕགས་ལམ་ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ། ཡང་དག་པའི་ངག ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་བཅས་བརྒྱད་དོ།།

བྱང་ཕྱོགས་སོ་བདུན་གྱིས་འཕེལ་རིམ་བཞིན་དུ་ལམ་ལྔ་སྐྱེད་པ་བསྟུན་ཏེ། ཉན་ཐོས་དང་། རང་རྒྱལ། བྱང་ཆུབ་སེམས་དཔའ་བཅས་ཀྱིས་ཐུན་མོང་དུ་ལྷུར་ལེན་པའི་ཉམས་ལེན་རྣམས་ཕྱོགས་བསྡོམས་བྱེད་ཀྱི་ཡོད། དེ་དག་ནི་སྡུག་བསྔལ་བདེན་པ་དང་། དེའི་རྒྱུ་ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་འཕགས་པའི་བདེན་པ་བཞི་དང་ལྷག་མཐོང་གི་རྣམ་པར་དམིགས་ཀྱི་ཡོད། 

ཚོགས་ཀྱི་ལམ།

དྲན་པ་ཉེར་བཞག་བཞི་ནི་ཐོག་མར་ལམ་ལྔའི་ནང་གི་དང་པོ་ཐོབ་པ་ནས་ཉམས་ལེན་བྱེད་ཀྱི་ཡོད། དེ་ནི་ལམ་དང་པོ་ཚོགས་ཀྱི་ལམ་སྐྱེད་པ་སྟེ། དེ་ཡང་དགྲ་བཅོམ་པའམ་སངས་རྒྱས་ཀྱི་བྱང་ཆུབ་མ་ཐོབ་བར་དུ་སྐྱེད་དགོས་ཀྱི་ཡོད། འོན་ཀྱང་། ང་ཚོས་ཚོགས་ལམ་མ་བསྐྱེད་གོང་དེ་དག་བཞིའི་ངོ་འདྲ་ལྟ་བུ་ཞིག་ཉམས་ལེན་བྱེད་སྲིད།

ཚོགས་ལམ་ལ་བརྟེན་ནས་ང་ཚོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་གི་ཡོད། དེ་དག་དང་མཉམ་དུ་འགྲོགས་པའི་ཀུན་སློང་ལ་གཞི་བྱས་ཏེ། དེ་དག་ཐར་པའི་ཚོགས་སམ་ཡང་ན་སངས་རྒྱས་ཀྱི་ཚོགས་གང་རུང་ཡིན། དེ་ཡང་ངེས་འབྱུང་ངམ་ཡང་ན་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་གཉིས་ཀ་ཡིན་ཆོག དྲན་པ་ཉེར་བཞག་བཞི་བསྒོམས་པ་དེས་ཡེ་ཤེས་ཀྱི་ཚོགས་གསོག་པ་དང་དེ་དང་མཉམ་དུ་འགྲོགས་པའི་ཀུན་སློང་གིས་བསོད་ནམས་ཀྱི་ཚོགས་གསོག་གི་ཡོད། སྒོམ་དང་ཀུན་སློང་གཉིས་ཕན་ཚུན་དཔུང་སྣོན་བྱེད་རེས་བྱེད་ཀྱི་ཡོད། 

ཉན་ཐོས་དང་རང་རྒྱལ་གྱི་ལམ་རྣམས་ཀྱིས་དྲན་པ་ཉེར་བཞག་བཞི་ཉམས་ལེན་བྱེད་པ་དང་དུས་མཉམ་དུ་རྩོལ་མེད་ཀྱི་ངེས་འབྱུང་མངོན་དུ་བྱེད་ཀྱི་ཡོད། ཤེས་པ་འགའ་ཞིག་དུས་མཉམ་དུ་མངོན་དུ་འགྱུར་སྲིད་པ་དང་དེ་དག་རེ་རེས་ཀྱང་ཡུལ་མི་འདྲ་བར་དམིགས་པ་མི་འདྲ་བའི་སྒོ་ནས་ཡུལ་འཛིན་གྱི་ཡོད། དཔེར་ན། ང་ཚོས་མི་ཞིག་གིས་སྐད་ཆ་ཤོད་བཞིན་པ་དང་དུས་མཉམ་དུ་མི་དེའི་གདོང་པ་མཐོང་ཐུབ་པ་ལྟ་བུ་རེད། ང་ཚོས་སོ་སོའི་དུས་མཉམ་དུ་འབྱུང་བཞིན་པའི་ཤེས་པ་ཡོངས་སུ་རྫོགས་པ་ལ་དོ་སྣང་གཅིག་མཚུངས་སུ་སྟེར་དགོས་ངེས་མིན། ཤེས་པ་བྱེ་བྲག་གཅིག་གི་ནང་ཏིང་ངེ་འཛིན་གྱི་དམིགས་པ་གཏད་པ་ནི་སེམས་ཀྱི་གཡེང་བ་ཀུན་དང་བྲལ་བ་ཡིན། འོན་ཀྱང་། རྩེ་གཅིག་པའི་སེམས་དེ་དུས་མཉམ་གྱི་ཤེས་པ་གཞན་མེད་པའི་སྒོ་ནས་འབྱུང་གི་ཡོད་པའི་དོན་མིན། ང་ཚོ་དེ་དག་གིས་རྣམ་པར་གཡེང་བར་མི་བྱེད་པ་ཙམ་རེད། 

ངེས་འབྱུང་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་སྟེ། འཁོར་བ་ལས་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་དེ་ཡིན་ཞིང་། དེ་དང་མཉམ་དུ་འཁོར་བའི་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་སྤོང་འདོད་ཀྱི་བློའམ་འདུན་པ་དང་ལྡན་པ་རེད། དེ་དང་མཉམ་དུ་འགྲོགས་པ་ནི་དེ་ལྟར་བྱེད་མི་ཐུབ་པ་དང་། ང་ཚོས་སྒེར་གྱི་ངོས་ནས་བྱེད་ཐུབ་པ། ང་ཚོས་དེ་ལྟར་བྱེད་དགོས་པའི་ཡིད་ཆེས་དེ་རེད། དེར་བརྟེན་ངེས་འབྱུང་ལ་འཕགས་པའི་བདེན་པ་བཞིའི་གོ་རྟོགས་རྨང་གཞི་ཞིག་ཡོད་པ་རེད། ཐར་པ་འཐོབ་པའི་ཆོད་སེམས་དེས་འཕགས་པའི་བདེན་པ་གསུམ་པ་དང་བཞི་པ་རྟོགས་ཀྱི་ཡོད། དེ་ཡང་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་གཉིས་རེད། འཁོར་བའི་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་སྤོང་འདོད་ཡོད་པ་དེས་འཕགས་པའི་བདེན་པ་དང་པོ་དང་གཉིས་པ་རྟོགས་ཀྱི་ཡོད། དེ་ཡང་སྡུག་བསྔལ་གྱི་བདེན་པ་དང་དེའི་རྒྱུ་ཀུན་འབྱུང་གི་བདེན་པ་གཉིས་རེད། རྩོལ་མེད་ཅེས་པའི་དོན་ནི་རྒྱུ་མཚན་རིགས་པ་ལ་མི་ལྟོས་པར་ངེས་འབྱུང་སྐྱེད་པའི་དོན་རེད། རྟག་ཏུ་མངོན་དུ་གྱུར་བ་ཞེས་པ་ནི་ང་ཚོས་དུས་ནམ་ཡང་ཡིད་ཆེས་དང་འདུན་སེམས་བློས་གཏོང་བྱེད་ཀྱི་མེད་པའི་དོན་རེད། 

བྱང་ཆུབ་སེམས་དཔའི་ལམ་གྱིས་དྲན་པ་ཉེར་བཞག་བཞི་ཉམས་ལེན་བྱེད་པ་དང་དུས་མཉམ་དུ་མངོན་དུ་གྱུར་བའི་ཤེས་པ་གཉིས་ཡོད་དེ། རྩོལ་མེད་ཀྱི་ངེས་འབྱུང་དང་རྩོལ་མེད་ཀྱི་བྱང་ཆུབ་ཀྱི་སེམས་གཉིས་རེད། བྱང་ཆུབ་སེམས་ཀྱིས་ང་ཚོའི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ཀྱི་ཡོད་པ་དང་དེ་ལ་གྲོགས་བྱེད་པའི་ཀུན་སློང་ངམ་འདུན་སེམས་གཉིས་ཡོད་དེ། སངས་རྒྱས་ཀྱི་གོ་འཕང་དེ་འཐོབ་པར་བྱ་རྒྱུ་དང་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་པའི་ཐབས་ཀྱིས་གཞན་དོན་སྒྲུབ་རྒྱུ་དེ་རེད། བྱང་ཆུབ་ཀྱི་སེམས་ལ་ངེས་འབྱུང་ལ་ཡོད་པ་དང་གཅིག་མཚུངས་སུ་འཕགས་པའི་བདེན་པ་བཞི་ལའང་གོ་རྟོགས་ཡོད་ཀྱང་། ད་ལྟ་སངས་རྒྱས་ཀྱི་གོ་འཕང་དང་སངས་རྒྱས་ཀྱི་རིགས་ལ་གཞིགས་ནས་རེད། རྩོལ་མེད་ཀྱི་བྱང་ཆུབ་སེམས་དེ་སེམས་ཅན་ཐམས་ཅད་རང་གི་མ་བྱས་པ་ལ་སོགས་པའི་རིམ་པ་དེ་དག་བརྒྱུད་ནས་སྐྱེད་མི་དགོས། རྟག་ཏུ་མངོན་དུ་འགྱུར་བ་ནི་ང་ཚོས་དུས་ནམ་ཡང་སོ་སོའི་དམིགས་ཡུལ་དང་འདུན་སེམས་མི་བརླག་པར་བྱེད་པའི་དོན་རེད། 

དྲན་པ་ཉེར་བཞག་བཞི་པོ་དངོས་ནི་རྩོལ་མེད་ཀྱི་བྱང་ཆུབ་སེམས་དང་ངེས་འབྱུང་ལ་བརྟེན་ནས་ཡིན་ནའང་། ང་ཚོས་ཚོགས་ལམ་མ་ཐོབ་གོང་ལ་དེ་དག་རྩོལ་བཅས་ཀྱི་རིམ་པའི་ཐོག་ནས་འགོ་འཛུགས་བྱེད་ཆོག དེ་ལྟར་བྱེད་པར་ང་ཚོས་རྒྱུ་མཚན་རིགས་པ་སྣ་ཚོགས་ལ་བརྟེན་ནས་བཅོས་མིན་གྱི་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་སྐྱེད་པར་འབད་དགོས། 

དྲན་པ་ཉེར་བཞག་དང་འབྲེལ་བའི་སེམས་བྱུང་གི་རིགས།

དྲན་པ་ནི་དམིགས་པའི་ཡུལ་གང་རུང་ཞིག་འཛིན་པ་དང་ཡུལ་དེ་མི་བརླག་པ་དང་མི་བརྗེད་པར་སྔོན་འགོག་བྱེད་པའི་སེམས་བྱུང་ཞིག་རེད། དེའི་བྱེད་ལས་ནི་སྦྱར་རྩི་དང་འདྲ་བ་རེད། སེམས་ཀྱི་འཛིན་པའི་ཤུགས་དེ་མི་འདྲ་བའི་ཁྱད་པར་ཡོང་ཆོག དེ་ནི་ཧ་ཅང་དམ་པོ་མིན་པ་དང་ཧ་ཅང་ལྷོད་པོ་མིན་པ་སྟེ། སྒྲིམ་གློད་མེད་པ་ཞིག་དགོས། 

ཤེས་བཞིན་ནི་དྲན་པའི་སེམས་ཀྱི་འཛིན་པ་དེའི་སྤུས་ཚད་ལ་ཞིབ་བཤེར་གྱིས་བྱ་ར་བྱེད་པའི་ཡུལ་ཞིག་གི་སེམས་བྱུང་ཡིན་པ་རེད། རྒོད་པ་དང་བྱིང་བ་གཉིས་ལ་བརྟེན་ནས་སེམས་ཀྱི་འཛིན་པ་དེ་ཧ་ཅང་ལྷོད་པོ་ཡོད་སྲིད། ཤེས་བཞིན་གྱིས་དྲན་པའི་ཁྱད་ཆོས་སམ་སྤུས་ཚད་ལ་ནོར་འཁྲུལ་ཡོད་པ་རྟོགས་པའི་སྐབས། དེས་ཆད་ཅིང་འཇུག་པའི་ཡིད་བྱེད་ལ་བསྐུལ་ནས་བཅོས་ཀྱི་ཡོད། 

ཡིད་ལ་བྱེད་པ་ནི་ཡུལ་བྱེ་བྲག་པ་ཞིག་ལ་བརྟེན་ནས་སེམས་ཀྱི་བྱེད་ལས་ལ་འཇུག་པའི་སེམས་བྱུང་དེ་ཡིན། དེས་སེམས་ཀྱི་བྱེད་ལས་ལ་དཀའ་དུབ་ཅན་དང་། སྔར་སོར་ཆུད་པ། བར་ཆད་མེད་པའམ་ཡང་ན་རྩོལ་མེད་རང་ཤུགས་ཀྱི་སྒོ་ནས་འཇུག་སྲིད་པ་རེད། དེས་ཡུལ་དེ་གནས་སྟངས་བྱེ་བྲག་ཅིག་གི་ཐོག་ནས་ཡིད་ལ་བྱེད་པའམ་བསམ་ཞིབ་བྱེད་སྲིད་པ་སྟེ། དེ་ཡང་དེ་དག་གི་རང་གཤིས་དངོས་ལ་བརྟེན་ནས་ཚུལ་བཅས་དང་ཚུལ་མིན་གང་རུང་གི་སྒོ་ནས་འཛིན་སྲིད་པ་རེད། 

དྲན་པ་ཉེར་བཞག་བཞི་ནི་ང་ཚོའི་མྱོང་བའི་ཕུང་པོ་ལྔ་ལ་ཚུལ་མིན་བཞིའི་སྒོ་ནས་ལྟ་ཚུལ་དེ་བཅོས་པའི་ཆེད་དུ་ཉམས་ལེན་བྱེད་ཀྱི་ཡོད། 

དྲན་པའི་སེམས་ཀྱི་འཛིན་པ་ཡང་དག་པ་ལ་བརྟེན་ནས་ང་ཚོས་གཤམ་གྱི་གནད་དོན་ལ་གཞིགས་ནས་ཉམས་ལེན་བྱེད་ཀྱི་ཡོད། དེ་ཡང་།

  • ང་ཚོའི་ལུས་པོ་ལ་ཆ་བཞག་ན། འདི་ལ་གཙང་བར་ (ཡིད་དུ་འོང་བ་) ལྟ་བ་ལས་ལྡོག་སྟེ། མི་གཙང་བར་ (ཡིད་དུ་མི་འོང་བ་) ལྟ་བ།
  • ང་ཚོའི་ཚོར་བ་ལ་བདེ་བར་ (ཚིམས་པ་) ལྟ་བ་ལས་ལྡོག་སྟེ། སྡུག་བསྔལ་ (མི་ཚིམས་པ་) དུ་ལྟ་བ།
  • ང་ཚོའི་སེམས་ལ་ (མིག རྣ་བ། སྣ་ལ་སོགས་པ་ང་ཚོའི་རྣམ་ཤེས་ཚོགས་དྲུག་ལ་གོ་) རྟག་པར་ (བརྟན་པ་) ལྟ་བ་ལས་ལྡོག་སྟེ། མི་རྟག་པར་ (མི་བརྟན་པ་) ལྟ་བ།
  • ཆོས་ཐམས་ཅད་ལ་ (སེམས་བྱུང་སྣ་ཚོགས་པ་དང་སྤྱིར་བཏང་ཕུང་པོ་ལྔ་ལ་གོ་) གང་ཟག་གི་བདག་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པས་སྟོང་པའམ་གང་ཟག་གི་བདག་ཏུ་ལྟ་བ་ལས་ལྡོག་སྟེ། གང་ཟག་གི་བདག་མེད་དུ་ལྟ་བ་བཅས་སོ།།

ཞི་གནས་ཀྱི་སྔོན་འགྲོའི་ཉམས་ལེན།

དྲན་པ་ཉེར་བཞག་བཞི་ནི་ལྷག་མཐོང་གི་ཉམས་ལེན་ཞིག་ཡིན་པ་རེད། ལྷག་མཐོང་གི་ཉམས་ལེན་མཚན་ཉིད་པ་དེ་ལ་ཐོག་མར་ཞི་གནས་ཐོབ་དགོས་ཤིང་། དེ་ནི་སེམས་ཀྱི་གནས་བབས་ཞི་ཞིང་བརྟན་ཚུགས་པ་དེ་རེད། དེ་མ་ཐོབ་པར་ང་ཚོས་ཡང་དག་པར་རྩེ་གཅིག་ཏུ་སྒོམ་མི་ཐུབ། ཞི་གནས་མེད་པར་ལྷག་མཐོང་ཉམས་ལེན་བྱེད་པ་ནི་དངོས་ཡོད་གནས་སྟངས་ཀྱི་ངོ་འདྲ་ཙམ་དུ་ཟད། སེམས་ཀྱི་གནས་བབས་ཞི་ཞིང་བརྟན་ཚུགས་པའི་ཞི་གནས་ལ་ཡང་དག་པའི་ཏིང་ངེ་འཛིན་གྱི་སྟེང་དུ་ལུས་དང་སེམས་ཀྱི་ཤིན་སྦྱངས་ཤིག་ཡོད། འདི་ནི་ཆོས་གང་ཡང་རུང་བ་ཞིག་ལ་ང་ཚོའི་འདོད་པ་ནང་བཞིན་ལུས་སེམས་ཀྱི་འགོག་རྒོལ་དང་གདུང་བ་མེད་པའི་ཐོག་དམིགས་པ་རྩེ་གཅིག་ཏུ་གཏད་ཐུབ་པར་གཞི་བྱས་ཡོད། ལྷག་མཐོང་གིས་རྣམ་པར་འབྱེད་པ་དང་ཆོས་རྣམས་རྟོགས་པར་གཞི་བྱས་ཏེ། དེའི་སྟེང་ལ་ཤིན་སྦྱངས་གཉིས་པ་ཞིག་ཁ་སྣོན་བྱེད་ཀྱི་ཡོད།

ང་ཚོས་ཡུལ་གྱི་རྣམ་པ་སྣ་ཚོགས་པ་མང་པོ་ལ་དམིགས་པའི་ཐོག་ཞི་ཞིང་བརྟན་ཚུགས་པའི་ཞི་གནས་དང་ལྷག་མཐོང་ཐོབ་སྲིད། དེ་དག་ཐོབ་པར་སྔོན་ཚུད་ནས་སེམས་ཀྱི་ལམ་ཐོབ་མི་དགོས་ལ། ནང་པའི་ཐབས་ལམ་ཁག་གི་རྗེས་སུ་འབྲང་མི་དགོས། རྒྱ་གར་གྱི་ཕྱི་རོལ་པའི་གྲུབ་མཐས་ཀྱང་དེ་གཉིས་ཐོབ་པའི་ཐབས་ལམ་ཁག་བཤད་ཀྱི་ཡོད། འོན་ཀྱང་། ནང་པའི་ཉམས་ལེན་པ་ཚོས་འཕགས་པའི་བདེན་པ་བཞིའི་མི་རྟག་པ་སོགས་རྣམ་པ་བཅུ་དྲུག་ལ་དམིགས་པ་ཁོ་ན་ལ་བརྟེན་ནས་ཞི་གནས་འཐོབ་ཀྱི་ཡོད། དེ་ཡང་ཚོགས་ལམ་ཚད་མཐོ་བའི་རིམ་པ་ཐོབ་པ་ལ་བརྟེན་ནས་ཐོབ་ཀྱི་ཡོད། དེ་ག་ནང་བཞིན་ང་ཚོས་ཞི་ལྷག་ཟུང་འབྲེལ་དེ་ཡང་ལམ་ལྔའི་ནང་གི་གཉིས་པ་སྦྱོར་ལམ་ཐོབ་པ་ལ་དམིགས་པ་ལ་བརྟེན་ནས་འཐོབ་ཀྱི་ཡོད། 

ཞི་གནས་ཐོབ་པའི་བར་ཆད་ཆེ་ཁག་གཉིས་ནི་འདོད་ཆགས་དང་རྣམ་རྟོག་གཉིས་རེད། དེ་གཉིས་ནི་འདོད་པའི་ཡུལ་ལ་སེམས་རྒོད་པའི་རྒྱུ་གཙོ་བོ་ཡིན་པ་རེད། དྲན་པ་ཉེར་བཞག་གི་སྒོམ་གྱི་སྔོན་འགྲོའི་ཚུལ་དུ་ང་ཚོས་འདོད་ཆགས་ཀྱི་ཁ་གཏད་དམ་གཉེན་པོར་ལུས་པོ་མི་སྡུག་པའམ་མདོག་ཉེས་ཡོད་པར་སྒོམ་པ་དང་རྣམ་རྟོག་གི་གཉེན་པོར་དབུགས་དབྱུང་རྔུབ་སྒོམ་གྱི་ཡོད། 

  • དེ་བཞིན་དུ་གནས་བརྟན་སྡེ་པའི་དྲན་པ་ཉེར་བཞག་བཞིའི་ཉམས་ལེན་གྱིས་དལ་ལྷོད་མེད་པའི་རྒོད་པ་དང་རྣམ་རྟོག་གློད་གཏོང་བའི་སྒོ་ནས་ཏིང་ངེ་འཛིན་འཐོབ་པར་གསུང་གི་ཡོད། དལ་ལྷོད་མེད་པའི་རྒོད་པ་ནི་ཐེག་པ་ཆེན་པོས་སེམས་རྒོད་པ་ཞེས་པའི་ཐུན་མིན་གྱི་ཐ་སྙད་དང་གཅིག་མཚུངས་འགྲེལ་གྱི་ཡོད། 
  • སྤྱོད་འཇུག་ལེའུ་བརྒྱད་པའི་ནང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲེལ་བའི་ཐོག་སློབ་དཔོན་ཆེན་པོ་ཞི་བ་ལྷས་འདོད་པའི་ཡོན་ཏན་ནམ་ཡུལ་ལ་འདོད་ཆགས་དང་རྣམ་རྟོག་དེ་སྤོང་དགོས་ཞེས་ནན་གྱིས་གསུངས་ཡོད་པ་དང་། ལྷག་པར་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཐོབ་པའི་ཕྱིར། རང་གི་ལུས་པོར་ཆགས་སེམས་དེ་སྤོང་དགོས་ཞེས་གསུངས་ཡོད། འདི་ནི་ཁོང་གིས་མཛད་པའི་སྤྱོད་འཇུག་ལེའུ་དགུ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟ་གོན་ཚུལ་དུ་ཡིན་པ་རེད། དེ་ནི་ཁོང་གིས་དྲན་པ་ཉེར་བཞག་བཞི་བརྒྱུད་ནས་ཕྱོགས་ཙམ་སྐྱེད་དགོས་ཞེས་འགྲེལ་བརྗོད་གནང་ཡོད། 

ལུས་ཀྱི་མི་སྡུག་པ་སྒོམ་པ།

མི་མང་ཆེ་བར་འཁྲིག་སྤྱོད་ཀྱི་འདོད་པ་ནི་འདོད་ཆགས་ཀྱི་རྣམ་པ་ཤུགས་ཆེ་ཤོས་དེ་ཡིན་པ་སོང་ཙང་། སེམས་ཀྱི་རྒོད་པར་ཁ་གཏད་ཀྱི་དམིགས་པའི་ཡུལ་ནི་ལུས་ཀྱི་མི་སྡུག་པ་དེ་ཡིན་པ་རེད། འདིར་གནད་དོན་གཙོ་བོ་ནི་འདོད་ཆགས་ལ་ཁ་གཏད་གཅོག་པའི་ཕྱིར་ཞེན་ལོག་གི་འདུ་ཤེས་ཤིག་སྐྱེད་དགོས། འདིས་ཀུན་རྫོབ་ཀྱི་བདེན་པ་ཁས་མི་ལེན་པ་མིན། དེ་ཡང་ཀུན་རྫོབ་བདེན་པ་རྟོགས་པའི་ཚད་མར་གྱུར་བའི་སེམས་ཏེ། སྤྱི་ཚོགས་དང་སྒེར་སོ་སོའི་དབང་དུ་ལུས་པོ་ནི་ཧ་ཅང་ཡིད་དུ་འོང་བ་ཞིག་ཡོད་སྲིད་པ་རེད། འོན་ཀྱང་། ང་ཚོས་ལུས་པོ་འདི་ཚད་མའི་སྒོ་ནས་དེའི་སྐོར་གཏིང་ཟབ་ཀྱི་བདེན་པ་རྟོགས་པའི་སེམས་ཤིག་ལ་བརྟེན་ནས་ལྟ་དགོས།

ཚད་ལྡན་གྱི་སྒོམ་རྣམས་ནི་ཧ་ཅང་ནུས་ཤུགས་ཆེན་པོ་རེད། ཉམས་ལེན་པ་འགའ་ཞིག་གིས་ཆོས་ལུགས་གཞན་གྱི་ཆོས་སམ་ཡང་ན་སེམས་ཁམས་ཀྱི་ཆ་རྐྱེན་ལ་གཞི་རྩ་བཞག་ནས་དེ་ལ་སྔོན་ཚུད་ནས་ལུས་ལ་དབང་རྩ་འཁྲུགས་པའི་ཞེན་ལོག་དང་བཅས་འཇུག་སྲིད། དེ་དག་ལ་ནི་ལུས་པོར་ཞེན་ལོག་དང་ཞེ་ཁྲེལ་ནི་ཉོན་མོངས་ཡིན་པ་རེད། ཉམས་ལེན་འདི་ལྟ་བུ་ལྷུར་ལེན་འདོད་ཡོད་པའི་སྐབས་སུ་དེ་འདྲ་བའི་གང་ཟག་ལ་གཟབ་ནན་ཆེན་པོ་དགོས་ཀྱི་ཡོད། ལུས་པོ་མི་སྡུག་པར་སྒོམ་པ་དེས་དབང་རྩ་འཁྲུགས་པའི་འཇིགས་སྣང་དང་ཞེན་ལོག་མང་དུ་ཁོ་ན་གཏོང་གི་ཡོད་ན། མི་ལུས་རིན་ཆེན་གྱི་སྟེང་ལ་སྒོམ་ཤུགས་ཆེན་པོ་རྒྱག་པ་ལ་བརྟེན་ནས་ཉམས་ལེན་དེ་ངར་ལྡུད་དགོས་ཀྱི་ཡོད། ང་ཚོས་ཞི་གནས་ཐོབ་པའི་ཆེད་དུ་སྒོམ་གྱི་དམིགས་པའི་ཡུལ་དེ་ཞེན་ལོག་ཅན་ཞིག་གདམ་ཀ་བྱེད་པའི་དམིགས་ཡུལ་ནི་འདོད་པ་དང་ཆགས་སེམས་ནས་འབྱུང་བའི་སེམས་རྣམ་པར་གཡེང་བ་ལ་ཁ་གཏད་གཅོག་པའི་ཕྱིར་དུ་ཡིན་པ་དེ་ངེས་པར་དུ་དྲན་དགོས། གང་ཟག་དེའི་རིགས་ལ་ཕལ་ཆེར་ཡུལ་གཞན་དང་གཞན་གང་ཞིག་གིས་འདོད་པ་དང་ཆགས་སེམས་ལ་སྐུལ་རྐྱེན་ཆེ་ཤོས་བྱེད་པ་དེར་གདམ་ཀ་བྱ་རྒྱུ་དེ་ཕན་ནུས་ཆེ་བ་ཡོད་སྲིད་པ་རེད། དཔེར་ན། ཁ་ལག་དང་ཐ་མག་ལྟ་བུ་རེད། 

ལུས་ཀྱི་རྣམ་པ་བཞིའི་ཆེད་དུ་འདོད་པ་ཆགས་སེམས་ལ་དམིགས་པའི་སྒོམ་སྟེ། ལུས་ཀྱི་ཁ་དོག་དང་། དབྱིབས། དེ་ལ་རེག་པའི་ཚོར་བ། དེ་བཞིན་དེ་ལས་འབྱུང་བའི་བདེ་བའམ་ཕན་ཡོན་བཅས་རེད། ཐོག་མར་ང་ཚོས་མི་ཞིག་ཡིད་དུ་འོང་བར་མཐོང་བ་དེའི་ལུས་ཀྱི་རྣམ་པ་བཞི་ལ་དམིགས་དགོས། དེ་ནས་ང་ཚོས་དམིགས་པ་དེ་ག་རང་སོ་སོ་རང་ཉིད་ཀྱི་ལུས་ལ་སྦྱར་ནས་ཉམས་ལེན་བྱེད་དགོས། ང་ཚོས་དེ་ལྟར་ཉམས་ལེན་གྱི་རིམ་པ་རེ་རེ་བཞིན་དུ་གང་ཟག་ཕ་རོལ་པ་དེའམ་ཡང་ན་སོ་སོ་རང་ཉིད་ཉིན་གཅིག་འཆི་རྒྱུ་ཡིན་པར་བསམ་དགོས། ང་ཚོ་གསོན་པོ་གནས་པའི་སྐབས་སུ་ཕ་རོལ་གྱི་གང་ཟག་དེའི་ལུས་པོའམ་ཡང་ན་སོ་སོ་རང་ཉིད་ཀྱི་ལུས་པོ་འདི་མཛེས་མ་དང་རྫིག་ཉམས་ལྡན་པ་ག་ཚོད་ཡོད་ནའང་། མཐར་འཆི་དུས་ཀྱི་མི་རོ་ནི་ལྟ་ན་མི་སྡུག་པ་དང་ཞེན་པ་ལོག་པ་ཞིག་ཏུ་འགྱུར་གྱི་རེད། དེ་དག་ལ་འདོད་ཆགས་མི་སྐྱེ་བའམ་འདོད་ཆགས་ཀྱི་གཉེན་པོར།

  • མི་ཞིག་གི་ལུས་པོའི་ཁ་དོག་ཡིད་དུ་འོང་བ་ལྟ་བུར་མཚོན་ན། དེ་ནི་མི་རོ་རུལ་བ་ཞིག་དང་དེའི་ཁ་དོག་གྱུར་ནས་སྔོ་ཤིང་ནག་པོ་དང་། ཐ་ན་རང་ཉིད་གསོན་པོ་གནས་པའི་སྐབས་སུའང་ལུས་ལ་རྨས་སྐྱོན་སྣ་ཚོགས་པ་བྱུང་ནས་ལུས་ཀྱི་མདོག་སྔོ་ནག་ཅན་དུ་འགྱུར་བ། འཚིག་སྐྱོན་ཚབས་ཆེན་ལ་བརྟེན་ནས་ལུས་པོ་ཁ་དོག་དམར་པོ་དང་ནག་པོར་འགྱུར་ཞིང་། ཁ་ཧ་ཅང་མདོག་ཉེས་ལ་ཡིད་དུ་མི་འོང་བར་ཇི་ལྟར་འགྱུར་བའི་ཚུལ་ལ་བསམ་བློ་གཏོང་དགོས། ང་ཚོས་སོ་སོའི་ལུས་པོ་འདི་ལྟ་བུ་དམིགས་རྣམ་དུ་བྱས་ཏེ། དེ་དམིགས་པའི་ཡུལ་དུ་བཀོལ་སྤྱོད་བྱེད་དགོས་པ་དང་དྲན་པའི་སེམས་ཀྱི་སྦྱར་རྩི་ལ་བརྟེན་ནས་དེ་ལྟར་དོ་སྣང་སྤྲོད་དགོས་ཀྱི་ཡོད། 
  • མི་ཞིག་གི་ལུས་པོའི་དབྱིབས་དང་བཟོ་ལྟ་མཛེས་ཤིང་ལྟ་ན་སྡུག་པར་མཚོན་ན། རང་གི་ལུས་ནི་ཤ་འབུ་དང་འབུ་སྲིན་གཞན་གྱིས་བཟའ་བཞིན་པ་དང་དུམ་བུར་འཐོར་བ་དང་། སྐྲངས་བ་དང་སྦོས་པའི་རོ་ལྟ་བུར་བསམ་བློ་གཏོང་དགོས། ཐ་ན་གསོན་པོར་གནས་པའི་སྐབས་སུའང་ནད་ན་ཚ་དང་། ལུས་པོའི་ལྗིད་ཚད་འཕར་ཆག དེ་བཞིན་རྒ་བ་ལ་བརྟེན་ནས་ལུས་པོའི་དབྱིབས་དེ་འགྱུར་བ་འགྲོ་སྲིད་པ་ལྟ་བུ་རེད།
  • མི་ཞིག་གི་ལུས་པོར་རེག་པ་དང་བྱིལ་བྱིལ་བྱེད་པའི་རེག་ཚོར་ལྟ་བུར་མཚོན་ན། དེ་ནི་འབུ་སྲིན་གྱིས་ལྟོགས་རྔབ་ཀྱིས་ཟས་པའི་མི་རོའམ་ཡང་ན་དེའི་ཤ་རུལ་ནས་ཡལ་བཞིན་པར་བསམ་བློ་གཏོང་དགོས། དེ་ལ་འཐམ་པ་ཕར་ཞོག ཐ་ན་རེག་པའི་བསམ་བློ་དེའང་ཞེན་པ་ལོག་པ་ཞིག་ཡོད་པར་བསམ་བློ་གཏོང་དགོས། ཐ་ན་གསོན་པོར་གནས་པའི་སྐབས་སུའང་། མི་ཞིག་གི་ལུས་ཀྱི་ཤ་ལྤགས་ཁྲག་འཛག་པས་རྨས་ཁེངས་པ་དང་དུག་ཅན་གྱི་ཤིང་ད་བྱིད་ལྟ་བུ་འགོས་ཉེན་ཅན་གྱི་ལྤགས་ནད་ཡང་ན་མཛེ་ནད་ཀྱིས་རུལ་ནས་ཡོད་པའི་སྐབས། ང་ཚོས་དེ་ལ་རེག་རྒྱུའི་འདོད་པ་ཡོངས་སུ་རྫོགས་པ་བརླག་གི་ཡོད་པ་ལྟ་བུ་རེད། 
  • མི་ཞིག་གི་ལུས་པོ་ལས་བདེ་བ་འཐོབ་པའམ་ཕན་ཐོགས་ཡོང་བ་ལྟ་བུར་མཚོན་ན། དེ་ཡང་འཁྲིག་པའི་ཡུལ་ལམ་ཡང་ན་ལས་ཀར་བཀོལ་སྤྱོད་བྱེད་པའི་ལག་ཆ་གང་ཡིན་རུང་དེ་ནི་རོ་ལྟ་བུར་བསམ་བློ་གཏོང་དགོས། དེས་ང་ཚོའི་ཆེད་དུ་གང་ཡང་བྱེད་མི་ཐུབ་པ་ཡིན་པ་དང་ང་ཚོས་རུལ་རྙིང་དྲི་མ་ཅན་གྱི་རོ་དེ་ལ་དངོས་གནས་བརྩེ་བ་སྤྲོད་པའམ་དགའ་པོ་བྱ་རྒྱུའི་ཚོར་བ་སྐྱེ་ངེས་སམ། 
  • རྣམ་པ་དེ་བཞི་ཀར་མཚོན་ན། དེ་ཡང་མི་ཞིག་གི་ལུས་པོ་ནི་ཀེང་རུས་སུ་འགྱུར་རྒྱུ་ཡིན་པར་བསྒོམས་ནས་མཇུག་བསྡུ་དགོས། དེ་ལྟར་གོམ་པའམ་ཐབས་ལམ་ལྔ་པོ་དེ་དག་བསྐྱར་དུ་སོ་སོ་རང་ཉིད་ཀྱི་ལུས་པོར་བསམས་ནས་བསྒོམ་དགོས། 

སེམས་ཀྱི་བྱིང་བའི་སྤྱིར་བཏང་གི་གཉེན་པོ་དང་སོ་སོའི་ལུས་པོར་ཆགས་པའི་འདོད་ཆགས་དང་འདོད་པའི་ཡུལ་གྱི་ཚིམ་སྣང་ལ་རྫོགས་མཐའ་མེད་པའི་འཚོལ་ཞིབ་ཉུང་དུ་གཏོང་བར་ད་དུང་ཡང་རོགས་བྱེད་པར། ང་ཚོས་ཀེང་རུས་ཀྱི་རྣམ་པར་སོ་སོའི་ལུས་པོའི་ཐོག་ལ་ཁ་སྣོན་གྱི་ཚུལ་དུ་སྒོམ་རྣམ་པ་གསུམ་ཉམས་ལེན་བྱེད་དགོས་པ་སྟེ། 

  • ཐོག་མར་ང་ཚོའི་སྨིན་མཚམས་ནས་འགོ་བཙུགས་ཏེ། ང་ཚོས་ཀེང་རུས་ལས་ལུས་ཀྱི་ཤ་རྣམས་དུས་གཅིག་ལ་དུམ་བུ་གཅིག་རིམ་པས་ཉུང་དུ་འགྲོ་ཡི་ཡོད་པར་བསམ་བློ་གཏོང་དགོས། དེ་ལྟར་ང་ཚོའི་ཀེང་རུས་ཆ་ཚང་གསལ་པོར་སྟོན་པའི་སྐབས། ང་ཚོས་ཁང་པ་དང་། སོ་སོའི་ནང་གི་ཕྱི་ལོགས། དེ་བཞིན་འཛམ་གླིང་ཁྱོན་ཡོངས་རུས་པས་ཁེངས་ཤིང་། རིམ་པས་མང་དུ་མང་དུ་འགྲོ་བཞིན་ཡོད་པར་བསམ་བློ་གཏོང་དགོས། དེ་ནས་ང་ཚོས་རུས་པ་རྣམས་དུས་གཅིག་ལ་རེ་རེ་བཞིན་དུ་ཕྱིར་སྡུ་བྱས་ཏེ། མཐར་ང་ཚོའི་ལུས་ཀྱི་ཀེང་རུས་རྣམས་གནས་པའི་བར་དུ་ཕྱིར་སྡུ་བྱེད་པ་དང་ཀེང་རུས་ཀྱི་སྟེང་དུ་རྩེ་གཅིག་ཏུ་དམིགས་པ་གཏད་དགོས་ཀྱི་ཡོད། 
  • ང་ཚོས་རྒྱུད་དེ་གཅིག་པ་ལག་བསྟར་བྱེད་ཀྱི་ཡོད་ནའང་། མཐར་ང་ཚོའི་ཀེང་རུས་རྣམས་འོག་ནས་ཡར་ཐོད་པའི་ཕྱེད་ཙམ་གནས་པའི་བར་དུ་འཐིམ་དགོས་ཤིང་། དེ་ནས་དེ་ལ་དམིགས་པ་གཏད་དགོས། 
  • ང་ཚོས་རྒྱུད་རིམ་དེ་ཡང་བསྐྱར་ཐེངས་གཅིག་བྱེད་དགོས་ནའང་། འཐིམ་པའི་གནས་སྐབས་དེ་མུ་མཐུད་ནས་བསྒོམས་ཏེ། ང་ཚོའི་སྨིན་མཚམས་སུ་རུས་པའི་ཆ་ཤས་ཐོར་བུ་ཆུང་ངུ་ཞིག་གནས་པའི་བར་དུ་བསྒོམ་དགོས་པ་དང་དེ་ལ་དམིགས་པ་གཏད་དགོས། སྒོམ་ཚུལ་དེ་གསུམ་གྱིས་ང་ཚོའི་འདོད་ཆགས་མེད་པ་བཟོ་ཡི་མེད་ནའང་། དེ་དག་གིས་འདོད་ཆགས་ཉུང་དུ་གཏོང་བར་ཕན་གྱི་ཡོད། 

རྣམ་རྟོག་གི་གཉེན་པོར་དབུགས་དབྱུང་རྔུབ་ཀྱི་སྒོམ།

  • དབུགས་ལ་གྲངས་ཀ་བརྩི་བ། རྣམ་རྟོག་ཉུང་དུ་གཏོང་བ་དང་དེ་ནས་རྣམ་རྟོག་དེ་སྤོང་བར། ང་ཚོས་ཐོག་མར་དབུགས་ལ་གྲངས་ཀ་བརྩི་དགོས། ལུས་སེམས་བདེ་ལྷོད་དང་ཞི་ལྷིང་ངང་འཇོག་དགོས། དབུགས་ཕྱིར་དབྱུང་བ་དང་ནང་དུ་རྔུབ་པའི་རྒྱུན་འཁོར་ལ་གྲངས་བརྩི་དགོས། གྲངས་དེའང་བཅུའི་བར་དུ་བརྩིས་ཏེ། དེ་ནས་བསྐྱར་ཟློས་བྱེད་དགོས། གལ་ཏེ་ང་ཚོས་དུས་གཅིག་ལ་དབུགས་གྲངས་བཅུ་ལས་མང་བ་བརྩིས་ན། ང་ཚོའི་སེམས་དེ་དམ་ཆེ་བར་འགྱུར་སྲིད། དབུགས་ཀྱི་གྲངས་ཀ་ག་ཚོད་ཆགས་ཡོད་མེད་དྲན་ཐབས་བྱེད་དགོས། གལ་ཏེ་ང་ཚོས་དུས་གཅིག་དབུགས་གྲངས་བཅུ་ལས་ཉུང་བ་བརྩིས་ན། ང་ཚོས་སོ་སོའི་སེམས་དེ་ལྷོད་ཆེ་བར་ཚོར་བའི་ཉེན་ཁ་ཡོད། གང་ཡིན་ཞེ་ན། ང་ཚོས་དབུགས་ཀྱི་གྲངས་ཀར་དོ་སྣང་སྤྲོད་ཀྱི་མེད་པས་རེད། ཡང་དབུགས་གྲངས་བརྩིས་པའི་སྐབས། དང་པོ་དབུགས་ཕྱི་རུ་དབྱུང་བ་དང་དེ་ནས་དབུགས་ནང་དུ་རྔུབ་པ་དེ་ལ་རྒྱུན་འཁོར་ཞིག་ཡོད་པའི་བསྲེ་སྦྱོར་མི་བྱ་རྒྱུ་གལ་ཆེན་པོ་རེད། འདི་ལ་དྲན་པ་དགོས་ཀྱི་ཡོད་པས། དྲན་པ་ནི་སྐབས་འདིར་གནད་དོན་གཙོ་བོ་དེ་ཡིན་པ་རེད། གོམ་པ་འདིའི་རྗེས་ཀྱི་སྦྱོང་ཚན་ནི། ང་ཚོས་དབུགས་གཏོང་བའི་སྐབས་སུ་སེམས་ནང་ “ད་ངས་དབུགས་ཕྱི་རུ་འབྱིན་གྲབས་ཡོད། ད་ངས་དབུགས་ཕྱི་རུ་འབྱིན་བཞིན་ཡོད། ད་ངས་དབུགས་ཕྱི་རུ་ཕྱུང་ཟིན། ད་ངས་དབུགས་ནང་དུ་རྔུབ་གྲབས་ཡོད། ད་ངས་དབུགས་ནང་དུ་བརྔུབ་བཞིན་ཡོད། ད་ངས་དབུགས་ནང་དུ་བརྔུབས་ཚར་ཡིན་” ཞེས་འདི་ལྟར་བསམ་བློ་གཏོང་དགོས། དེ་ནས་གཅིག་ཅེས་གྲངས་ཀ་བརྩི་དགོས། གལ་ཏེ་ང་ཚོས་གནས་ཚུལ་ཞིབ་ཕྲ་དེ་དག་ཐམས་ཅད་སེམས་ནང་བཅངས་ན། དགོས་མེད་ཀྱི་རྣམ་རྟོག་གཞན་ཚང་མ་ཡལ་འགྲོ་ཡི་རེད། 
  • དབུགས་ཀྱི་རྗེས་སུ་འབྲང་བ། དབུགས་ལ་གྲངས་ཀ་མི་བརྩི་བར་དབུགས་ལྷོད་པོའི་ངང་གཏོང་དགོས་ཤིང་། དེའི་སྐབས་སུ་ང་ཚོས་དབུགས་ཕྱི་རུ་འབྱིན་པའི་སྐབས་སུ་དབུགས་དེ་ང་ཚོའི་རྐང་པའི་མཐིལ་ནས་བརླ་ཤ་དང་། ལྟེ་བ། སྙིང་ཁར། དེ་བཞིན་མགྲིན་པ་དང་དེ་ནས་སྣ་ཁུང་ངམ་སྣ་བུག་བར་དུ་རྒྱང་ཐག་ཐུང་ངུར་རྒྱུ་བཞིན་ཡོད་པར་བསམ་དགོས། ང་ཚོས་དབུགས་ནང་དུ་རྔུབ་པའི་སྐབས། དབུགས་དེ་སླར་ཡང་ང་ཚོའི་སྣ་ཁུང་དུ་བསླེབས་ཏེ་མགྲིན་པ་དང་། སྙིང་ཁར། ལྟེ་བ། བརླ་ཤ། དེ་ནས་རྐང་མཐིལ་བར་དུ་མར་རྒྱུ་བར་བསམ་དགོས། དེ་ལྟར་རྒྱུད་རིམ་དེ་བསྐྱར་ཟློས་བྱེད་དགོས། 
  • དབུགས་འཇོག་པ། རྒྱུན་ལྡན་འཆར་ཅན་ལྟར་དབུགས་གཏོང་དགོས་པ་ལས། དབུགས་ཕྱི་རུ་འབྱིན་པ་དང་ནང་དུ་རྔུབ་པའི་ཐོག་ལ་དམིགས་པ་གཏད་ཀྱི་མེད། དེའི་ཚབ་ལ་ང་ཚོས་ལུས་པོའི་ནང་དབུགས་ཀྱི་རྒྱུ་བའི་འགྲོས་ལ་དམིགས་པ་གཏད་དགོས་ཏེ། དེའི་རྒྱུད་རིམ་ནི་སྣ་བུག་ནས་རྐང་མཐིལ་བར་དུ་སྐུད་པ་རྒྱུ་བ་ལྟ་བུ་ཡོད། སྐུད་པ་དེ་དང་མཉམ་དུ་འབྱུང་བའི་མྱོང་ཚོར་ལ་ང་ཚོས་དཔྱད་པ་བྱེད་ཀྱི་ཡོད་པ་སྟེ། མྱོང་ཚོར་དེ་ཡང་ཚ་གྲང་དང་བདེ་མི་བདེ་སོགས་ཡིན་པ་རེད། དབུགས་གཏོང་བའི་དང་བཅས་དབུགས་ལ་བརྟག་དཔྱད་བྱེད་པའི་སྐབས། དབུགས་དེ་རླུང་ཙམ་ཡིན་པར་མི་བསམ་པར་དབུགས་དེ་གང་འདྲ་ཡིན་དཔྱད་དགོས། དབུགས་དེ་ནི་ས་ཆུ་མེ་རླུང་ (སྲ་གཟུགས་ལ་རྡུལ་དང་། གཤེར་གཟུགས་རླན་གཤེར། དྲོད་ཚད། རླུང་) གི་འབྱུང་བའི་ཁམས་བཞིའི་རང་བཞིན་དང་། དེར་བརྟེན་དབྱིབས་དང་། དྲི། རོ། རེག་བྱའི་ཚོར་བ་དང་བཅས་པའི་འབྱུང་བའི་ཁམས་བཞི་པོའི་རང་བཞིན་ཡིན་པ་རེད། ང་ཚོས་མུ་མཐུད་དེ་ཤེས་པ་དང་གཞོགས་འདེགས་ཀྱི་ཤེས་པ་རྣམས་འབྱུང་བའི་ཁམས་དེ་དག་ལ་ཇི་ལྟར་བརྟེན་ཡོད་པ་དང་། དེ་དག་ཕན་ཚུན་འབྲེལ་བའི་ཚུལ། གཅིག་གིས་གཅིག་ལ་ཕན་ནུས་ཇི་ལྟར་འབྲེལ་གྱི་ཡོད་པའི་ཐད་བསམ་ཞིབ་བྱེད་ཀྱི་ཡོད། 
  • དབུགས་ལ་བཅོས་སྒྱུར་གཏོང་བ། ཐ་ན་ང་ཚོས་སེམས་ནང་གི་རྣམ་རྟོགས་ཚང་མ་ཞི་འཇམ་བཟོས་ནས་ཞི་གནས་ཐོབ་ཚར་བའི་རྗེས་སུའང་མུ་མཐུད་ལམ་གོང་ནས་གོང་དུ་སྤེལ་བ་དང་བསྟུན་དབུགས་ལ་བརྟེན་ནས་ཉམས་ལེན་བྱེད་ཆོག ང་ཚོས་གང་བརྟག་དཔྱད་བྱས་པ་ལ་གཞི་རྩ་བྱས་ཏེ། དབུགས་ཀྱི་སྐབས་དོན་གྱི་ནང་འཕགས་པའི་བདེན་པ་བཞི་དང་དེ་དང་ང་ཚོའི་སེམས་དབར་གྱི་འབྲེལ་བར་བརྟག་དཔྱད་བྱེད་ཀྱི་ཡོད། ང་ཚོས་འབྲེལ་བ་འདི་ནི་སྐྱེ་བའི་སྡུག་བདེན་དང་། དེའི་རྒྱུ་དངོས་ཏེ་ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། འགོག་པའི་གོ་འཕང་འཐོབ་པར་བྱེད་པའི་ལམ་གྱི་བདེན་པ་བཅས་ལ་གཞིགས་ནས་དཔྱད་པ་བྱེད་ཀྱི་ཡོད། འདི་ལྟར་ང་ཚོས་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་ལ་བརྟེན་ནས་གོང་འཕེལ་གཏོང་གི་ཡོད།
  • དབུགས་ཀྱི་སྐབས་དོན་གྱི་ནང་དག་སྦྱོང་བྱེད་པ། ང་ཚོའི་གོམ་པ་མཐའ་མ་དེ་རྟོག་མེད་ཀྱི་སྒོ་ནས་མུ་མཐུད་ནས་བྱ་དགོས་ཤིང་། དེ་ཡང་མཐོང་བའི་ལམ་དང་སྒོམ་པའི་ལམ་ལ་བརྟེན་ནས་ཉམས་སུ་ལེན་དགོས། 

དྲན་པ་ཉེར་བཞག་བཞིའི་རྒྱས་བཤད།

དམིགས་པའི་ཡུལ་གང་ལ་དྲན་པ་ཉེ་བར་འཇོག་དགོས་པའི་ཁོངས་སུ་མི་རྟག་པ་དང་རྟག་པའི་ཆོས་ཐམས་ཅད་གཏོགས་པ་ཡིན། མི་རྟག་པའི་ཆོས་རྣམས་ནི་ཕུང་པོ་ལྔའི་ནང་བསྡུ་ཆོག་པ་སྟེ།

  • ལུས་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བ་ནི་ང་ཚོའི་གཟུགས་ཀྱི་ཕུང་པོ་ལ་གོ་བ་ཡིན། ང་ཚོས་ལུས་རྣམ་པ་གསུམ་ལ་དམིགས་པ་གཏད་ཀྱི་ཡོད་དེ། ནང་ (སོ་སོའི་ལུས་) དང་། ཕྱི་ (ང་ཚོའི་ཉེ་འཁོར་དུ་ཡོད་པའི་ཕྱི་རོལ་གྱི་ཡུལ་) དང་། ཕྱི་ནང་གཉིས་ཀ་ (གང་ཟག་གཞན་གྱི་ལུས་པོ་) ཡིན་པ་བཅས་རེད། 
  • ཚོར་བ་དྲན་པ་ཉེར་བཞག་ཅེས་པ་ནི་ང་ཚོའི་ཚོར་བའི་ཕུང་པོ་ལ་གོ་བ་སྟེ། ཚོར་བ་བདེ་བ་དང་། སྡུག་བསྔལ། བཏང་སྙོམས་བཅས་རེད། 
  • སེམས་དྲན་པ་ཉེར་བཞག་ཅེས་བྱ་བ་ནི་རྣམ་ཤེས་ཀྱི་ཕུང་པོ་ལ་གོ་བ་ཡིན། དེ་ཡང་རྣམ་ཤེས་ཚོགས་དྲུག་ཡོད་དེ། མིག་དང་། རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་པར་ཤེས་པ་བཅས་རེད།
  • ཆོས་དྲན་པ་ཉེར་བཞག་ཅེས་བྱ་བའི་ནང་ང་ཚོའི་འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ། དེ་བཞིན་རྟག་པའི་ཆོས་རྣམས་འཚུད་ཀྱི་ཡོད། 

དྲན་པ་ཉེར་བཞག་གྲངས་བཞིར་ངེས་པ་ནི་གང་ཟག་གི་བདག་འཛིན་ནམ་ཡིན་པ་མི་སྲིད་པའི་ཚུལ་དུ་གང་ཟག་གི་བདག་ཏུ་འཛིན་པའི་རྣམ་པ་སྣ་ཚོགས་པ་ལས་ཐར་བར་ཕན་པའི་ཕྱིར་དུ་ཡིན་པ་རེད། ང་ཚོས་ཚུལ་མིན་གྱི་སྒོ་ནས་ “བདག་” ཅེས་བྱ་བ་ནི་རྟག་པ་དང་། གཅིག་པུ། ཕུང་པོ་ལ་ལྟོས་མི་དགོས་པར་ཡོད་པར་བསམ་གྱི་ཡོད། ང་ཚོས་གོ་དོན་ལོག་པར་འཛིན་གྱི་ཡོད་པ་ནི།

  • ང་ཚོའི་ལུས་པོ་ནི་གཞན་ལ་ལྟོས་མི་དགོས་པའི་རང་དབང་གི་ “བདག་” ཟེར་བ་ཞིག་གནས་པའི་གཞིའམ་ཁྱིམ་ལྟ་བུ་ཡིན་པ་དང་དེ་ལྟར་ཚོར་གྱི་ཡོད། “ང་ནི་འདིར་ངའི་ལུས་པོའི་ནང་དུ་ཡོད་” ཅེས་ང་ཚོས་དེ་ལྟར་ཚོར་གྱི་ཡོད། 
  • ང་ཚོའི་ཚོར་བ་ནི་ “བདག་” དེས་གང་ཉམས་སུ་མྱོང་བ་དང་སྐྱིད་ལ་རོལ་བ་སྟེ། “ངས་སྐྱིད་པོ་ཚོར་གྱི་འདུག ངས་སྡུག་བསྔལ་ཚོར་གྱི་འདུག ངས་བཏང་སྙོམས་ཚོར་གྱི་འདུག་” ཅེས་པ་ལྟ་བུ་རེད།
  • ང་ཚོའི་སེམས་ནི་དངོས་གནས་ “བདག་” དེ་ཡིན་པ་ལྟ་བུ་རེད།
  • ཆོས་དང་དམིགས་བསལ་ང་ཚོའི་སེམས་ཚོར་དང་བསམ་བློ་རྣམས་ནི་ “བདག་” ལ་བདག་གི་གཤིས་སྤྱོད་དམ་བདེན་པའི་ངོ་བོ་གང་སྦྱིན་པ་ལྟ་བུ་ཡིན་པ་རེད། “ང་ནི་ཁོང་ཁྲོའམ་ཡང་ན་འདོད་ཆགས་ཀྱི་དཀའ་ངལ་ཡོད་མཁན་ཞིག་ཡིན་” ཞེས་དང་། “ང་ནི་རྣམ་དཔྱོད་ཆེ་ལ་བྱམས་བརྩེ་དང་ལྡན་པ་ཞིག་ཡིན་” ཞེས་པ་ལྟ་བུ་རེད། 

དགེ་ལུགས་པའི་དབུ་མ་ཐལ་འགྱུར་བའི་ལུགས་སུ་གོ་དོན་ལོག་སྒྲུབ་བམ་ཕྱིན་ཅི་ལོག་པ་བཞི་པོ་དེ་དག་ལ་ “བདག་” ནི་རྙེད་དུ་རུང་བ་དང་རང་རྐྱ་ཐུབ་པའི་ “བདག་” ཏུ་ཡོད་ཅེས་འཁྲུལ་བའམ་ནོར་བའི་སྒོ་ནས་བསམ་བློ་གཏོང་བར་འགྲེལ་བརྗོད་བྱེད་ཀྱི་ཡོད། 

སྒོམ།

དྲན་པ་ཉེར་བཞག་བཞི་ལ་བརྟེན་ནས་ལྷག་མཐོང་འཐོབ་པར། ང་ཚོས་དྲན་པ་ཉེར་བཞག་བཞི་པོ་དེ་དག་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་ཁྱད་ཆོས་ཁག་དང་དེ་དག་རེ་རེར་ཡོད་པའི་ཁྱད་ཆོས་རྣམས་ལ་བརྟག་དཔྱད་བྱེད་དགོས། 

དྲན་པ་ཉེར་བཞག་བཞིའི་ཐུན་མོང་གི་ཁྱད་ཆོས་ལ།

དྲན་པ་ཉེར་བཞག་བཞི་ཀ་ལ་ཐུན་མོང་གི་ཁྱད་ཆོས་རྣམས་ནི་དེ་དག་མི་རྟག་པ་ཡིན་པ་དང་། དཀའ་ངལ་ཅན་ (མི་ཚིམས་པ་དང་སྡུག་བསྔལ་གྱི་རང་བཞིན་) ཡིན་པ། སྟོང་པ། བདག་མེད་པ་བཅས་རེད། ཐུན་མོང་གི་ཁྱད་ཆོས་རྣམས་ནི་འཕགས་པའི་བདེན་པ་དང་པོ་སྡུག་བསྔལ་གྱི་བདེན་པའི་ཁྱད་ཆོས་བཞི་ཡིན་པ་རེད། དེ་དག་ཆོས་ཀྱི་སྡོམ་བཞིའམ་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་ནང་གི་དང་པོ་གསུམ་ཡང་ཡིན་པ་རེད། 

  • འདུས་བྱས་ཐམས་ནི་མི་རྟག་པ་རེད། 
  • ཟག་བཅས་ཐམས་ནི་སྡུག་བསྔལ་བ་རེད། ཟག་བཅས་ཟེར་བ་ནི་ཉོན་མོངས་པ་དང་དེ་དག་གི་རྒྱུ་རྐྱེན་ལྟ་བུར་ལས་ཀྱི་སྐུལ་ཤུགས་ལ་བརྟེན་ནས་འབྱུང་བར་ཟེར། དགེ་ལུགས་པའི་ཐལ་འགྱུར་བའི་ལུགས་སུ་ཟག་བཅས་ནི་རང་ངོས་ནས་གྲུབ་པའི་སྣང་བ་ཞིག་ཡོད་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། 
  • ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་སྟེ། སྟོང་པ་ནི་རྟག་པ་དང་། གཅིག་པུ། ཕུང་པོ་ལ་ལྟོས་མེད་རང་དབང་དུ་གྲུབ་པའི་ “བདག་” ཅེས་བྱ་བའི་གང་ཟག་མེད་པའི་དོན་རེད། ཡིན་པ་མི་སྲིད་པའི་བདག་མེད་པའམ་བདག་མེད་པ་ཟེར་བ་ནི། ཚད་མའི་སྒོ་ནས་ཤེས་རུང་གི་ཆོས་ཐམས་ཅད་ལས་གང་ཟག་བདག་རང་རྐྱ་ཐུབ་པ་ཟེར་བ་ཞིག་ནི་མེད་པའི་དོན་རེད། སེམས་ཙམ་པས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་འགྲེལ་བརྗོད་གང་ཟག་གི་བདག་མེད་འདིའི་སྟེང་དུ་ཆོས་ཀྱི་བདག་མེད་ཁ་སྣོན་བྱེད་ཀྱི་ཡོད། འདིར་སེམས་ཙམ་པའི་བདག་ཅེས་པའི་དོན་ནི་ཡུལ་གྱི་ངོས་ལ་མཚན་ཉིད་ལྡན་པ་དང་དེས་གཞིའམ་ “སེམས་ཀྱི་ལྕགས་ཀྱུ་” ལྟ་བུའི་ལས་ཀ་བྱེད་ཀྱི་ཡོད། དེའི་སྟེང་ལ་ཡུལ་དེ་ལ་མིང་ངེས་ཅན་ཞིག་འདོགས་ཀྱི་ཡོད། དབུ་མ་པས་དེ་དང་འདྲ་བ་ཞིག་འགྲེལ་བརྗོད་བྱེད་ཀྱི་ཡོད་ནའང་། དེ་ནི་བདེན་པར་གྲུབ་པའི་ “བདག་” ཏུ་འགྲེལ་བརྗོད་བྱེད་ཀྱི་ཡོད། 

དྲན་པ་ཉེར་བཞག་བཞི་པོ་རེ་རེའི་ཁྱད་ཆོས་ལ།

དེ་དག་སོ་སོ་རེ་རེའི་ཁྱད་ཆོས་ལ་གཞིགས་ན། དྲན་པ་ཉེར་བཞག་གི་ཡུལ་བཞི་པོ་རེ་རེ་ནི་གོང་དུ་བཤད་པའི་ཚུལ་མིན་ཡིད་བྱེད་ཀྱི་དམིགས་པ་བཞི་ལས་གཅིག་དང་འབྲེལ་ནས་ཡོད། འདི་ལ་གཞི་རྩ་བྱས་ནས་དེ་དག་རེ་རེ་ནི་འཕགས་པའི་བདེན་པ་བཞི་ལས་གཅིག་ལ་ཕན་ཚུན་འབྲེལ་ནས་ཡོད། 

  • ལུས་དྲན་པ་ཉེར་བཞག་ལ་བརྟེན་ནས་ང་ཚོས་ལུས་འདི་མི་གཙང་བར་སྒོམ་པ་ལས། ཚུལ་མིན་ཡིད་བྱེད་ཀྱི་སྒོ་ནས་ལུས་འདི་གཙང་བར་སྒོམ་གྱི་མེད། ང་ཚོས་ལུས་ཀྱི་རྒྱུ་ (ཕ་མའི་ཁུ་ཁྲག་གི་རྫས་བཙོག་པ་) རྣམས་དང་ལུས་ཀྱི་རང་བཞིན། (ལུས་དེའི་ནང་ལ་གཅིན་དང་། བཤང་བ། སྐྱུག་པ། སྣབས་བཅས་བཟོ་སྐྲུན་བྱེད་པའི་འཕྲུལ་ཆས་ལྟ་བུ་ཡིན་པ།) དེ་བཞིན་ལུས་ཀྱི་འབྲས་བུ་ (དྲི་ངན་ཁ་བ་དང་རོ་རུལ་) བཅས་ལ་བསམ་ཞིབ་བྱེད་དགོས། དེར་མ་ཟད། ང་ཚོ་འཚོ་བའི་གནས་སྐབས་སུ་ལུས་པོ་འདི་ནི་ནད་ན་ཚ་དང་། རྨས་སྐྱོན། ན་ཟུག རྒ་བ་བཅས་ཀྱི་གཞི་རྟེན་ཡིན་པ་རེད། ལུས་འདི་གཅེས་སྐྱོང་བྱེད་པར་དཀའ་ལས་ཆེན་པོ་རྒྱག་དགོས་ཏེ། ང་ཚོས་མུ་མཐུད་ནས་ལུས་འདི་གཙང་བ་བཟོ་བ་དང་། གོས་སྐོན་པ། ཟས་སྦྱིན་པ། འདིའི་ཆེད་དུ་དངུལ་གསོག་དགོས་ཀྱི་ཡོད། འདི་ལྟར་ང་ཚོས་ལུས་པོ་འདི་ནི་མི་གཙང་བ་དང་། སྦག་བཙོག་ཅན། སྡུག་བསྔལ་བའི་རང་བཞིན་དུ་རྟོགས་ཀྱི་ཡོད། རྟོགས་པ་འདི་ལ་བརྟེན་ནས་ལུས་ལ་ཆགས་ཞེན་སྐྱེ་རྒྱུ་དེ་ཉུང་དུ་འགྲོ་བ་དང་དེའི་རྐྱེན་གྱིས་ང་ཚོ་སེམས་འཁྲལ་དང་ཞེན་ཆགས་ཉུང་དུ་འགྲོ་ཡི་ཡོད། དེ་ལྟ་བུའི་རྟོགས་པ་བརྒྱུད་ང་ཚོས་ལུས་པོ་ནི་འཕགས་པའི་བདེན་པ་དང་པོ་སྡུག་བསྔལ་བདེན་པ་ཡིན་པ་ཤེས་ཀྱི་ཡོད། དེ་ལྟ་ནའང་། ང་ཚོས་མི་ལུས་རིན་ཆེན་འདི་དང་ལུས་པོ་འདི་བཀོལ་སྤྱོད་བྱས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་དགོས། 
  • ཚོར་བ་དྲན་པ་ཉེར་བཞག་ལ་བརྟེན་ནས་ང་ཚོས་ཚོར་བའི་རིགས་ཐམས་ཅད་ནི་སྡུག་བསྔལ་གྱི་རང་བཞིན་ཡིན་པར་བརྟག་ཞིབ་བྱེད་དགོས། གདུང་བའམ་ཟུག་རྔུ་ནི་སྡུག་བསྔལ་ཡིན་པའི་དཀའ་ངལ་དང་བདེ་བ་ནི་འགྱུར་བའི་ (ནམ་ཡང་ཡུན་དུ་མི་གནས་ཤིང་མི་ཚིམས་པ་) རང་བཞིན་གྱི་དཀའ་ངལ་ཡིན་པ་རེད། དེ་བཞིན་ཚོར་བ་བཏང་སྙོམས་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ (ང་ཚོའི་མྱོང་བ་ཐམས་ཅད། རྨོངས་པ་དང་འདྲེས་པའི་སྐབས། སྲིད་པ་ཁོར་བ་རྒྱུན་སྲིང་བར་བྱེད་ཀྱི་ཡོད་) མཚོན་གྱི་ཡོད། ཚོར་བའི་རྟེན་འབྲེལ་ཡན་ལག་གི་མི་ཚིམས་པའམ་སྡུག་བསྔལ་གྱི་རང་བཞིན་རྟོགས་པ་དེས་ང་ཚོར་རྟེན་འབྲེལ་ཡན་ལག་རྗེས་མ་གཉིས་རྟོགས་པར་རོགས་བྱེད་ཀྱི་ཡོད། ང་ཚོས་སྲེད་པ་དེ་གདུང་བ་ལས་བྲལ་བར་འདོད་པ་དང་། བདེ་བ་དང་འབྲལ་འདོད་མེད་པ། བཏང་སྙོམས་ཀྱི་ཚོར་བ་དེ་མི་ཉམས་པ་ (ང་ཚོ་གཉིས་ཉལ་བའི་སྐབས་ལྟ་བུ་) བཅས་རྟོགས་ཀྱི་ཡོད། ང་ཚོས་ད་དུང་སྲེད་པ་དེས་ལེན་པའི་རྟེན་འབྲེལ་གྱི་ཡན་ལག་ལ་ཇི་ལྟར་འཁྲིད་ཀྱི་ཡོད་པ་དེའང་ཤེས་ཀྱི་ཡོད། ལེན་པ་ནི་སྲིད་པ་འཁོར་བའི་ནང་མུ་མཐུད་ནས་སྐྱེ་བའི་ཉོན་མོངས་ཅན་གྱི་ཡན་ལག་ཡིན་པ་རེད། དེ་དག་གི་ནང་། ༡) འདོད་པ་ཉེ་བར་ལེན་པ། ༢) ལྟ་བ་ཉོན་མོངས་ཅན་ (རྒྱུ་དང་འབྲས་བུ་ཁས་མི་ལེན་པའམ་ཡང་ན་ང་ཚོའི་བདེ་སྡུག་ནི་འཇིག་རྟེན་བཀོད་པོས་གནང་བའི་ལེགས་སྐྱེས་སམ་ཡང་ན་ཉེས་ཆད་ཡིན་པར་ཡིད་ཆེས་བྱེད་པ་) ཉེ་བར་ལེན་པ། ༣) ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཉེ་བར་ལེན་པ། ༤) འཇིག་ཚོགས་ལ་ལྟ་བ་ (ང་ཚོའི་ཕུང་པོ་ནི་བདག་གམ་བདག་གི་བར་ལྟ་བ་ལྟ་བུ་) ཉེ་བར་ལེན་པ་བཅས་འཚུད་ཀྱི་ཡོད། ཡན་ལག་དེ་དག་གསུམ་ཀ་མ་རིག་པ་ལས་འབྱུང་གི་ཡོད་པ་དེ་རྟོགས་པའི་སྒོ་ནས་ང་ཚོས་སྡུག་བསྔལ་གྱི་རྒྱུ་ངོ་མ་སྟེ། འཕགས་པའི་བདེན་པ་གཉིས་པ་ཀུན་འབྱུང་བདེན་པ་རྟོགས་ཀྱི་ཡོད། 
  • སེམས་དྲན་པ་ཉེར་བཞག་ (རྣམ་ཤེས་ཚོགས་དྲུག་) ལ་བརྟེན་ནས་ང་ཚོས་ཀུན་རྫོབ་ཀྱི་སེམས་ཀྱི་བྱེད་ལས་ལ་དམིགས་ཀྱི་ཡོད། སེམས་ནི་རང་བཞིན་གྱིས་ཉོན་མོངས་ལས་བྲལ་བ་དང་དགེ་མི་དགེའི་སེམས་ཚོར་གང་འདྲ་ཞིག་བྱུང་ནའང་དེ་ནི་མི་རྟག་པ་ཡིན་པ་ཉམས་སུ་མྱོང་གི་ཡོད། འདིས་ང་ཚོའི་སེམས་ཀྱི་བྱེད་ལས་འདི་ཅི་འདྲའི་ཡུད་ཙམ་ལས་མི་གནས་ཤིང་འགྱུར་བའི་རང་བཞིན་ཡིན་པ་མཐོང་བར་བྱེད་པ་དང་། དེ་ནི་ཡིན་པ་མི་སྲིད་པའི་བདག་དང་ཡུད་ཙམ་ལས་མི་གནས་པའམ་གློ་བུར་བའི་དྲི་བ་མཐའ་དག་གིས་སྟོང་པ་དེ་ངོས་འཛིན་པར་རོགས་བྱེད་ཀྱི་ཡོད། སེམས་ཀྱི་རང་བཞིན་དག་པའམ་གཙང་མ་ཡིན་པར་རྟོགས་པ་ལ་བརྟེན་ནས་ཐར་པ་འཐོབ་རུང་ཡིན་པ་དེས་ང་ཚོས་འཕགས་པའི་བདེན་པ་གསུམ་པ་རྟོགས་པར་བྱེད་ཀྱི་ཡོད། དེ་ནི་འགོག་པའི་བདེན་པ་རེད། གོ་རྟོགས་འདི་ལ་གཞི་བྱས་ཏེ། ང་ཚོས་ངེས་འབྱུང་ (ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་) དང་ཐར་པའི་གོ་འཕང་འཐོབ་པའི་འདུན་པ་ཤུགས་དྲག་ཅིག་སྐྱེད་ཀྱི་ཡོད། 
  • ཆོས་དྲན་པ་ཉེར་བཞག་ལ་བརྟེན་ནས་ང་ཚོས་སེམས་བྱུང་དང་སྤྱོད་ལམ་གང་དང་གང་ཞིག་སྤོང་དགོས་པ་དང་གང་ཞིག་བླང་དགོས་པ་རྟོགས་ཀྱི་ཡོད། འདིས་འཕགས་པའི་བདེན་པ་བཞི་པ་སྟེ། ལམ་གྱི་བདེན་པ་རྟོགས་པར་བྱེད་ཀྱི་ཡོད། 

དྲན་པ་ཉེར་བཞག་གི་ཉམས་ལེན་ཟེར་བ་ནི་ཐོག་མར་ང་ཚོས་ཆོས་རྣམ་འབྱེད་ཀྱི་ཤེས་རབ་དང་གོ་རྟོགས་རྙེད་པའི་ཆེད་རྣམ་དཔྱོད་བཀོལ་སྤྱོད་བྱེད་པ་དང་ཡུལ་བཞི་པོ་དེ་དག་གི་རང་བཞིན་ལ་དཔྱད་སྒོམ་ཉམས་ལེན་བྱེད་དགོས། ང་ཚོས་འདི་སྒོམ་རྒྱག་སྐབས་མར་བསྡད་པ་དང་དེ་མ་ཐག་གི་མྱོང་བའི་སྐབས་དོན་གྱི་ནང་བྱེད་དགོས། དེ་ནས་ང་ཚོས་དེ་དག་གི་ཐོག་ལ་དྲན་པ་རྒྱུན་སྐྱོང་དགོས་པ་དང་ཚུལ་བཅས་ཀྱི་སྒོ་ནས་དེ་དག་ལ་མ་ནོར་བར་བསམ་ཞིབ་བྱེད་དགོས།།

Top