དྲན་པ་ཉེར་བཞག་ (ལེགས། སྨྲིཏྱུཔསྠཱན། པཱ་ལི། སཏི་པཏྠཱན།) བཞི་ཡོད་དེ། ལུས་དྲན་པ་ཉེར་བཞག་དང་། ཚོར་བ་དྲན་པ་ཉེར་བཞག སེམས་དྲན་པ་ཉེར་བཞག ཆོས་དྲན་པ་ཉེར་བཞག་བཅས་རེད། དྲན་པ་ཞེས་བྱ་བ་ནི་སེམས་ཀྱི་སྦྱར་རྩི་དང་འདྲ་བ་ང་ཚོའི་དམིགས་པའི་རྟེན་ནམ་དམིགས་པའི་ཡུལ་མི་བརླག་བར་སྔོན་འགོག་བྱེད་པའི་སེམས་བྱུང་ཞིག་ཡིན་པ་རེད། དེ་དག་ཉམས་ལེན་བྱེད་སྟངས་མི་འདྲ་བ་འགའ་ཞིག་ཡོད་ནའང་། འདིར་ང་ཚོས་དགེ་སློང་བུདྡྷཱ་ད་སས་གསུངས་པའི་ཐེ་ལེནྜའི་གནས་བརྟན་སྡེ་པའི་ཐབས་ལམ་ཁག་ལ་དཔྱད་པ་བྱ་རྒྱུ་ཡིན།
ལུས་དྲན་པ་ཉེར་བཞག
དབུགས་ཀྱི་རིགས་མི་འདྲ་བར་དྲན་པ་ཉེ་བར་བཞག་པའི་སྒོ་ནས་ང་ཚོས་དབུགས་ཀྱིས་ལུས་པོར་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་ཤེས་རྟོགས་ཡོང་གི་ཡོད། ང་ཚོས་དབུགས་ལ་སྟངས་འཛིན་བྱེད་པ་དེས་ལུས་པོར་སྟངས་འཛིན་ཐུབ་པ་ཡོང་གི་ཡོད།
ཚོར་བ་དྲན་པ་ཉེར་བཞག
ཚོར་བ་བདེ་སྡུག་བཏང་སྙོམས་ལ་སོགས་པའི་རིགས་མི་འདྲ་བར་དྲན་པ་ཉེ་བར་བཞག་པའི་སྒོ་ནས་ང་ཚོས་ཚོར་བས་སེམས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་དེ་ཤེས་རྟོགས་ཡོང་གི་ཡོད། ང་ཚོས་ཚོར་བ་ལ་སྟངས་འཛིན་བྱེད་པ་དེས་སེམས་ལ་སྟངས་འཛིན་ཐུབ་པ་ཡོང་གི་ཡོད།
སེམས་དྲན་པ་ཉེར་བཞག
བསམ་བློ་མི་འདྲ་བ་སྣ་ཚོགས་པར་དྲན་པ་ཉེ་བར་བཞག་པའི་སྒོ་ནས་བསམ་བློ་དེ་དག་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གི་དབང་འོག་ཏུ་ཡོད་པའི་སྐབས་དང་མེད་པའི་སྐབས་དེ་ང་ཚོས་ངོས་འཛིན་ཐུབ་པ་ཡོང་གི་ཡོད། ང་ཚོས་སེམས་འདི་ག་དུས་རྒོད་པ་དང་། བདེ་བ། ལྷག་མཐོང་ཡིན་པ་དང་། སེམས་འདི་ག་དུས་རྣམ་གཡེང་གི་དབང་དུ་ཤོར་གྱི་ཡོད་པ་དང་རྩེ་གཅིག་ཏུ་གནས་ཀྱི་ཡོད་པ། སེམས་འདི་ག་དུས་བཅིངས་ནས་ཡོད་པ་དང་རང་དབང་ངང་ཡོད་པ་བཅས་ངོས་འཛིན་ཐུབ་པ་ཡོང་གི་ཡོད། ང་ཚོས་བསམ་བློ་རྣམས་ལ་སྟངས་འཛིན་བྱེད་པའི་སྒོ་ནས་སེམས་ལ་སྟངས་འཛིན་བྱེད་སྟངས་ཤེས་པ་དང་དེ་ལ་བརྟེན་ནས་སེམས་ལ་རང་དབང་གི་གནས་བབས་བླ་ན་མེད་པ་ཞིག་ཐོབ་ཐུབ། དེར་བརྟེན་རིམ་པ་འདིའི་སྐབས་སུ་ང་ཚོས་ཏིང་ངེ་འཛིན་ཇི་ལྟར་འཐོབ་ཚུལ་ཤེས་ཀྱི་ཡོད། རྒོད་པ་དང་རྣམ་རྟོག་གི་རིགས་རྣམས་གློད་གཏོང་སྟངས་ཤེས་པའི་སྒོ་ནས་ང་ཚོར་ཏིང་ངེ་འཛིན་འཐོབ་ཀྱི་ཡོད། དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཡོན་ཏན་གསུམ་ཡོད་དེ། བརྟན་པ་དང་། ཉོན་མོངས་ལས་དག་པ། གང་ལའང་སྤྱོད་དུ་རུང་བ་བཅས་རེད།
དེ་ནས་ང་ཚོས་གློད་གཏོང་གི་ཐབས་རྩལ་དེ་སྤྱད་ནས་ལེན་པའི་ཡུལ་རྣམ་པ་བཞིའི་སེམས་བྱུང་གློད་གཏོང་བྱེད་པ་སྟེ། དེ་ནི་ང་ཚོ་འཁོར་བའི་ནང་མུ་མཐུད་དེ་སྐྱེ་བ་ལེན་པར་བྱེད་པའི་སེམས་བྱུང་རྣམས་ཡིན་པ་རེད། དེ་དག་ལ་འཛིན་པའི་སྡུག་བསྔལ་མཐོང་བ་དེས་ང་ཚོར་གློད་གཏོང་བྱེད་དུ་འཇུག་གི་ཡོད། ང་ཚོས་གང་གློད་གཏོང་བྱེད་དགོས་པ་ནི།
- ང་ཚོ་ཆགས་སའི་འདོད་པའི་ཡུལ།
- ལོག་པའི་ལྟ་བ་དང་། རྣམ་གཞག བསམ་ཚུལ། དད་པ།
- ཆོས་ལུགས་དང་རིས་མེད་ཀྱི་རྣམ་རྟོག་དང་ལོག་ལྟ་ལ་གཞི་བྱས་པའི་བྱེད་སྒོ་དང་ཉམས་ལེན་ཁག
- “བདག་” དང་ “བདག་གིར་” ཆགས་པའམ་ཞེན་པའི་ཆོས་ཐམས་ཅད་གློད་གཏོང་དགོས་པ་ཡིན།
ཆོས་དྲན་པ་ཉེར་བཞག
སླར་ཡང་དམིགས་པའི་ཡུལ་དང་པོ་གསུམ་ལ་དྲན་པ་ཉེ་བར་བཞག་པའི་སྒོ་ནས་ད་ལྟ་ཏིང་ངེ་འཛིན་ལ་བརྟེན་ནས་ང་ཚོར་ཆོས་རྣམས་ཀྱི་རང་བཞིན་ནམ་གནས་ལུགས་ལ་དྲན་པ་ཉེར་བཞག་དེ་འཐོབ་ཀྱི་ཡོད། ང་ཚོས་ཡང་བསྐྱར་དྲན་པ་ཉེ་བར་བཞག་དགོས་ས་ནི། ༡) དབུགས་དང་། ༢) རྩེ་གཅིག་པའི་དྲན་པའི་འབྲས་བུར་ཚིམས་པའི་ཚོར་བ་དགའ་བ། ༣) བསམ་བློ་བཅས་ལ་དྲན་པ་འཇོག་དགོས། དེ་དག་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་བཞིན་ཡོད་པ་དང་། དེ་དག་གིས་ཤུགས་རྐྱེན་དང་ཕན་གནོད་བྱེད་པ་ཐམས་ཅད་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་ཡི་ཡོད་པ་ལ་ང་ཚོས་བརྟག་ཞིབ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་རྟོགས་ཀྱི་ཡོད། འདུས་བྱས་ཀྱི་ཆོས་ནང་རྐྱེན་གཞན་ལ་ཤུགས་རྐྱེན་སྤྲོད་པའི་རྐྱེན་རྣམས་དང་། དེ་དག་གིས་ཤུགས་རྐྱེན་སྤྲད་པའི་རྐྱེན། དེ་བཞིན་གཅིག་གིས་གཞན་ཞིག་ལ་ཤུགས་རྐྱེན་སྤྲོད་པའི་བྱེད་ལས་སམ་རྒྱུད་རིམ་བཅས་འཚུད་ཀྱི་ཡོད། དེ་དག་ཐམས་ཅད་ཀྱི་མི་རྟག་པའི་རང་བཞིན་དེ་རྟོགས་པའི་སྒོ་ནས་ང་ཚོས་དེ་དག་གི་སྡུག་བསྔལ་རང་བཞིན་ (ནམ་ཡང་མི་ཚིམས་པ་) ཡིན་པ་དེའང་རྟོགས་ཀྱི་ཡོད།
ང་ཚོས་དམིགས་པའི་ཡུལ་གྱི་དྲན་པ་ཉེར་བཞག་དང་ཞིབ་བརྟག་མུ་མཐུད་བྱེད་པ་བརྒྱུད་འདུས་བྱས་དང་འབྲེལ་བའི་ཁྱད་ཆོས་གཞན་བཞི་རྟོགས་པའི་སྐབས། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་དཔྱིས་ཕྱིན་པ་ཞིག་གཞི་ནས་རྟོགས་ཀྱི་ཡོད། མི་རྟག་པ་དང་སྡུག་བསྔལ་རྟོགས་པ་དེས་ཁྱད་ཆོས་གཞན་བཞི་ལས་དང་པོ་དེ་རྟོགས་པར་བྱེད་ཀྱི་ཡོད་པ་དང་དེ་ལྟར་དང་པོ་རྟོགས་པ་དེས་གཉིས་པ་རྟོགས་པར་བྱེད་པ་ལ་སོགས་པའོ།།
- བདག་མེད་པ། དྲན་པ་དང་རྟོགས་པ་ལ་བརྟེན་ནས་མི་རྟག་པ་དང་ཡིད་མ་ཚིམ་པའི་འདུས་བྱས་ཀྱི་ཆོས་ལ་དམིགས་པའི་སྒོ་ནས་ང་ཚོས་དེ་དག་ནི་ང་ཚོའི་སྟངས་འཛིན་ལས་འདས་པ་ཡིན་པ་རྟོགས་ཀྱི་ཡོད།
- སྟོང་པ་ཉིད། དྲན་པ་དང་རྟོགས་པ་ལ་བརྟེན་ནས་ང་ཚོའི་སྟངས་འཛིན་ལས་འདས་པའི་མི་རྟག་པ་དང་ཡིད་མ་ཚིམ་པའི་འདུས་བྱས་ཀྱི་ཆོས་ལ་དམིགས་པའི་སྒོ་ནས་ང་ཚོས་དེ་དག་ནི་ “བདག་” གམ་ “བདག་གི་” བ་ལས་སྟོང་པ་ཡིན་པ་དེ་རྟོགས་ཀྱི་ཡོད།
- དེ་བཞིན་ཉིད། དྲན་པ་དང་རྟོགས་པ་ལ་བརྟེན་ནས་ང་ཚོའི་སྟངས་འཛིན་ལས་འདས་ཤིང་། བདག་གམ་བདག་གི་བ་གང་རུང་གིས་སྟོང་པའི་མི་རྟག་པ་དང་ཡིད་མ་ཚིམ་པའི་འདུས་བྱས་ཀྱི་ཆོས་ལ་དམིགས་པའི་སྒོ་ནས་ང་ཚོས་དེ་དག་ནི་དེ་དང་འདྲ་བ་ཡིན་པ་དང་དེ་དག་གི་དེ་བཞིན་ཉིད་ཡིན་པར་རྟོགས་ཀྱི་ཡོད།
- དེ་རྐྱེན་ཉིད། དྲན་པ་དང་རྟོགས་པ་ལ་བརྟེན་ནས་ང་ཚོའི་སྟངས་འཛིན་ལས་འདས་ཤིང་། བདག་གམ་བདག་གིས་སྟོང་པ་དང་དེ་བཞིན་ཉིད་ཡིན་པའི་མི་རྟག་པ་དང་ཡིད་མ་ཚིམ་པའི་འདུས་བྱས་ཀྱི་ཆོས་ལ་དམིགས་པའི་སྒོ་ནས་ང་ཚོས་དེ་དག་ལ་དེ་དག་སྐྱེ་བའི་རྐྱེན་ལྟ་བུ་ལས་ཀྱི་རྒྱུ་དངོས་དང་ལྡན་པའི་གནས་བབས་དེ་རྟོགས་ཀྱི་ཡོད། དེ་ནི་ང་ཚོས་རྟེན་འབྱུང་གི་རྒྱུའི་འབྲེལ་བ་ལ་བརྟེན་ནས་དེའི་འབྲས་བུར་དེ་ལས་སྨིན་པའི་འཁོར་བར་སྐྱེ་བའི་འདུས་བྱས་ཀྱི་ཆོས་ཀྱི་འབྲས་བུའི་རྟེན་འབྱུང་གི་འབྲེལ་བ་དེ་རྟོགས་ཀྱི་ཡོད།
ཁྱད་ཆོས་དེ་དག་ཐམས་ཅད་དང་ལྡན་པའི་འདུས་བྱས་ཀྱི་ཆོས་རྣམས་མི་རྟག་པ་རྟོགས་པ་ཁོ་ན་ནི་དྲན་པ་ཉེར་བཞག་ལ་བརྟེན་ནས་མི་རྟག་པ་དཔྱིས་ཕྱིན་པ་རྟོགས་པ་དེ་རེད།
- ཐེག་དམན་ལུགས་ཀྱི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་ལུགས་ལྟར་ན། ང་ཚོས་དང་པོ་སྟོང་ཉིད་རྟོགས་པ་དང་དེ་ནས་བདག་མེད་པ་རྟོགས་ཀྱི་ཡོད། སྟོང་པ་ཉིད་ནི་གང་ཟག་ལ་གོ་བ་དང་དེ་ཡང་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གཅིག་གམ་དེ་ལས་མང་བས་སྟོང་པ་དེ་རེད། འདི་ནི་ང་ཚོས་རྗེས་དཔག་ཚད་མ་ལ་བརྟེན་ནས་སྒྲུབ་པའམ་ཁུངས་སྐྱེལ་བྱེད་ཀྱི་ཡོད། དེ་ནི་རྒྱུ་མཚན་རིགས་པའི་སྟོབས་ལ་བརྟེན་ནས་རེད། བདག་མེད་པ་ནི་ང་ཚོས་རྒྱུ་མཚན་རིགས་པའི་སྒོ་ནས་རྗེས་སུ་དཔོག་དགོས་པའི་མཇུག་སྡོམ་དེ་ཡིན་པ་སྟེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་གྲུབ་པས་སྟོང་པ་དེ་རེད།
གནས་བརྟན་སྡེ་པའི་ལུགས་ལྟར་བྱས་ན། འདུས་བྱས་ཐམས་ཅད་མི་རྟག་པའི་རྟོགས་པ་དཔྱིས་ཕྱིན་པ་ནི་རིམ་གྱིས་ལེན་པའི་སེམས་བྱུང་བཞི་རུ་མཇུག་བསྡུ་ཡི་ཡོད།
- དྲན་པ་དང་རྟོགས་པ་ལ་བརྟེན་ནས་རིམ་གྱིས་ཡལ་བར་དམིགས་པའི་སྒོ་ནས་ང་ཚོས་དེ་དག་ལ་འདོད་ཆགས་མེད་པ་དེ་རྟོགས་ཀྱི་ཡོད།
- དྲན་པ་དང་རྟོགས་པ་ལ་བརྟེན་ནས་ང་ཚོས་མྱོང་བའི་འདུས་བྱས་ཀྱི་ཆོས་རྣམས་ལ་འདོད་ཆགས་མེད་པར་དམིགས་པའི་སྒོ་ནས་ང་ཚོས་དེ་དག་གི་ཕྱོགས་སུ་བཏང་སྙོམས་ཀྱི་སེམས་རྟོགས་ཀྱི་ཡོད། ང་ཚོས་དེ་དག་ལ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་ལ་སོགས་པའི་ཉོན་མོངས་གཞན་གང་ཡང་མེད་པའི་སྒོ་ནས་དམིགས་པ་གཏད་ཀྱི་ཡོད།
- དེ་ནས་ང་ཚོར་ཐོབ་པའི་འགོག་པའི་བདེན་པ་སྟེ། བདག་ལ་འདོད་ཆགས་ཡོད་པ་དེ་འགོག་པ་དང་། ཉོན་མོངས་རྣམས་འགོག་པ། སྡུག་བསྔལ་ཐམས་ཅད་འགོག་པའི་བདེན་པ་དེ་ལ་དམིགས་དགོས། སྡུག་བསྔལ་ཀུན་འགོག་པ་ཞེས་པ་ནི། ༡) སྐྱེ་བ་དང་། རྒ་བ། ན་བ། འཆི་བ་བཅས་ཀྱི་འཇིགས་སྐྲག་ཐམས་ཅད་འགོག་པ་དང་། ༢) ན་ཟུག་དང་། སེམས་སྡུག མི་སྐྱིད་པ། ཡི་མུག་པ་ལྟ་བུ་སྡུག་བསྔལ་གྱི་རྟགས་མཚན་ཐམས་ཅད་འགོག་པ། ༣) ཡིད་དུ་འོང་བ་དང་ཐ་ན་ཡིད་དུ་མི་འོང་བའི་ཆོས་རྣམས་ལའང་རེ་བ་དང་འདོད་པ་ཐམས་ཅད་འགོག་པ། ༤) ཕུང་པོ་ལྔ་གང་རུང་ལ་བདག་གམ་བདག་གི་བ་འཛིན་པ་འགོག་པ་བཅས་རེད། འདི་ནི་ཐར་པའི་གོ་འཕང་ངམ་མྱ་ངན་ལས་འདས་པའོ།།
- མཐའ་མ་འདི་ནི་སྤོང་བ་སྟེ། ང་ཚོས་ “བདག་གི་” ཞེས་པར་རན་འཚམས་གང་བཟོས་པ་ཚང་མ་སྤོང་བ་དེ་རེད། ང་ཚོ་འཇིག་རྟེན་པ་ནང་ཚུད་པར་བྱེད་པའི་རྡོག་ཁྲེས་ཚང་མ་གློད་གཏོང་བྱེད་པ་དང་འཇིག་རྟེན་ལས་འདས་པ་སྟེ། ཡོངས་སུ་ཐར་བ་དང་རང་དབང་དང་ལྡན་པའི་ངང་གནས་པ་དེ་རེད།།