མི་ཚེར་གདོང་ལེན་བྱེད་པར། ནང་ཆོས་ཀྱི་ཐབས་ལམ་ཁག

དེ་རིང་དགོང་དྲོར་ང་རང་ཚོའི་ཉིན་རེའི་མི་ཚེའི་ནང་ཕན་ཐོགས་ཡོང་བར། ནང་ཆོས་ཀྱི་ཐབས་ལམ་ཁག་བེད་སྤྱོད་བྱེད་ཚུལ་སྐོར་སྐད་ཆ་ཤོད་ཀྱི་ཡིན། ང་ཚོས་ནང་ཆོས་ཀྱི་ཐབས་ལམ་མམ། ཡང་ན་ནང་པའི་ཆོས་ཀྱི་སྐོར་ལ་སྐད་ཆ་བཤད་པའི་སྐབས། ལེགས་སྦྱར་སྐད་དུ་དེ་ལ་ “དྷརྨ་” ཞེས་ཟེར་བ་དང། བོད་སྐད་དུ་ “ཆོས་” ཟེར་བ་ཡིན། གལ་སྲིད་ང་ཚོས་ “ཆོས་” ཀྱི་མཚན་ཉིད་དངོས་གང་ཡིན་པར་བལྟས་ན། དེའི་དོན་ནི། “གང་ཞིག་གིས་ང་ཚོ་འཛིན་པར་བྱེད་པ་” ལ་གོ་དགོས། བྱས་ཙང་། ཆོས་ནི་ང་ཚོ་སྡུག་བསྔལ་དང་དཀའ་རྙོག་རིགས་ལས་འཛིན་པའམ་དེ་དག་དང་མི་འཕྲད་པར་འགོག་པར་བྱེད་མཁན་དེ་རེད།

འཕགས་པའི་བདེན་པ་བཞི།

སངས་རྒྱས་ཀྱི་གསུངས་པའི་ཡོངས་གྲགས་ཀྱི་ཆོས་དང་པོ་དེ་ནི། “འཕགས་པའི་བདེན་པ་བཞི་” རེད། དེའི་དོན་གང་རེད་ཟེར་ན། བདེན་པའི་དོན་བཞི་ཡོད་པས་རྟོགས་པ་ཚད་མཐོ་པོ་རྙེད་པའི་གང་ཟག་དང་དངོས་པོའི་གནས་ལུགས་རྟོགས་པའི་གང་ཟག་གིས་དེ་དག་བདེན་པ་ཡིན་པ་ཤེས་ཀྱི་ཡོད་པའི་དོན་ཡིན། དེ་དག་བཞི་པོ་ནི།

  • ང་ཚོ་ཚང་མར་འཕྲད་པའི་དཀའ་ངལ་དངོས། ༼སྡུག་བསྔལ་བདེན་པ།༽
  • དཀའ་ངལ་དེ་དག་གི་རྒྱུ་དངོས། ༼ཀུན་འབྱུང་བདེན་པ།༽
  • གལ་སྲིད་དཀའ་ངལ་དེ་དག་དངོས་སུ་འགོག་ཐབས་ཤིག་ཡོད་པ་དང། ང་ཚོར་དཀའ་སྡུག་དེ་དག་མེད་པ་ཡིན་ན་གང་འདྲ་ཡོད་རེད། ༼འགོག་པའི་བདེན་པ།༽
  • ང་ཚོའི་དཀའ་སྡུགག་ཐམས་ཅད་འགོག་པའི་ཆེད་དུ་གོ་བ་ལེན་སྟངས་དང་། བྱ་སྤྱོད་སྤེལ་སྟངས་ལ་སོགས་པའི་ཐབས་ལམ་ཁག་བཅས་ཡིན། ༼ལམ་གྱི་བདེན་པ།༽

ང་ཚོའི་དཀའ་ངལ་དངོས། ༼སྡུག་བསྔལ་བདེན་པ།༽

ནང་ཆོས་ནང་དཀའ་ངལ་གྱི་རིགས་དང་དེ་དག་ལ་གདོང་ལེན་བྱེད་ཚུལ་སྐོར་མང་པོ་གསུང་རྒྱུ་ཡོད། དོན་དངོས་ཐོག་སངས་རྒྱས་ཀྱིས་གསུངས་པའི་ཆོས་མཐའ་དག་གི་དམིགས་ཡུལ་ནི་ང་ཚོས་མི་ཚེའི་ནང་འཕྲད་པའི་དཀའ་ངལ་ཁག་ལས་ཐར་བའི་ཆེད་དུ་དམིགས་ཡོད། ཐབས་ལམ་དེ་ཚོ་རྒྱུ་མཚན་ཡང་དག་དང་ལྡན་ཅིང་ཁ་ཡོད་ལག་ཡོད་ཅིག་ཡིན་པ་རེད། དེ་ཡང་ང་ཚོར་དཀའ་ངལ་གྱི་རིགས་ག་འདྲ་ཞིག་ཡོད་པ་དེ་དག་ཐམས་ཅད་རྒྱུ་ལ་བརྟེན་ནས་འབྱུང་གི་ཡོད་ཅེས་ཟེར་གྱི་ཡོད། དེ་འདྲ་སོང་ཙང་། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་དག་གང་ཡིན་པ་དྲང་པོ་དྲང་གཞག་ཐོག་ནས་གཏིང་རིང་པོར་རང་གི་སེམས་ནང་བལྟ་དགོས་ཀྱི་ཡོད། ང་ཚོ་མི་མང་པོ་ཞིག་ལ་བརྒྱུད་རིམ་དེ་ལས་སླ་པོ་ཞིག་མེད། དེར་མ་ཟད། ང་ཚོའི་མི་ཚེའི་ནང་འཕྲད་བཞིན་པའི་དཀའ་ངལ་གྱི་གནས་དེ་དག་ལ་བལྟ་རྒྱུ་དེ་གང་ལ་གང་འཚམ་གྱི་སྡུག་བསྔལ་བ་ཞིག་ཡོད་པས། མི་མང་པོ་ཞིག་གིས་ཁས་ལེན་མི་བྱེད་པ་དང་། ཁོང་ཚོས་རང་ཉིད་ལ་དཀའ་ངལ་ཡོད་པ་ངོས་ལེན་བྱེད་འདོད་མེད་པ་རེད། དཔེར་ན། འབྲེལ་ལམ་བཟང་པོ་མེད་པ་ལྟ་བུ་རེད། གང་ལྟར་ཡང་། མཐར་རང་ཉིད་ཀྱིས་སྡུག་བསྔལ་མྱོང་གི་ཡོད། འོན་ཀྱང་ང་ཚོས། “ང་སྐྱིད་པོ་མི་འདུག་” ཅེས་འི་རིམ་པའི་སྒང་ལ་བཞག་པ་ཙམ་གྱི་འགྲིག་ཐབས་མེད། ང་ཚོས་དཀའ་ངལ་དེ་དངོས་གནས་གང་ཡིན་པའི་ཐོག་རྩད་གཅོད་ཀྱིས་གཏིང་རིང་ཙམ་བལྟ་ཐུབ་པ་བྱེད་དགོས།

ང་ཚོའི་དཀའ་ངལ་གྱི་རྒྱུ་དངོས། ༼ཀུན་འབྱུང་བདེན་པ།༽

དེ་ནས་ང་ཚོས་དཀའ་ངལ་རྣམས་ཀྱི་རྒྱུ་གང་ཡིན་པ་ལ་ལྟ་ཞིབ་བྱས་ནས་ཧ་གོ་བར་བྱེད་དགོས། དཀའ་ངལ་དེ་དག་རྒྱུ་མེད་རྐྱེན་མེད་ལས་བྱུང་བའམ་རང་ངོས་ནས་གྲུབ་པ་ཞིག་མ་རེད། རྒྱུ་ཞིག་ཡོད་པ་ངེས་པ་དང་། འདོད་བློ་མི་ཚིམ་པའམ་སྡུག་བསྔལ་གྱི་གནས་སྟངས་ཤིག་བྱུང་བར་རྐྱེན་གྱི་རིམ་པ་སྣ་ཚོགས་ལྡན་ཡོད་པ་བཤད་མི་དགོས་པ་རེད། དཔེ་ཆ་བཞག་ན། འབྲེལ་ལམ་ཞིག་གི་ནང་ཕན་ཚུན་གཤིས་སྤྱོད་མི་མཐུན་པའི་རྩོད་རྙོག་ཡོད་ན། དེའི་སྟེང་དུ་ཁ་སྣོན་གྱི་མགོ་རྙོག་ཚ་རུ་གཏོང་མཁན་དཔལ་འབྱོར་གྱི་རྒྱུ་རྐྱེན་ཁག་འདྲ་མིན་ཡོད་སྲིད། དཔེར་ན། དངུལ་འདང་ངེས་མེད་པ་ལ་སོགས་པ་དང་། ཕྲུ་གུ་དང་མཉམ་དུ་འཕྲད་པའི་དཀའ་ངལ་གྱི་རིགས་སམ། ཡང་ན། སྤུན་མཆེད་གཞན་དང་མཉམ་དུ་འཕྲད་པའི་དཀའ་ངལ་གྱི་རིགས་སོགས་ཡོད་པ་ལྟ་བུ་རེད། དཀའ་ངལ་ཞིག་ཡོང་བར་རྐྱེན་བྱེད་མཁན་གྱི་གནས་སྟངས་རྣམ་པ་སྣ་ཚོགས་ཡོད་ཆོག་པ་ཡིན། འོན་ཀྱང་སངས་རྒྱས་ཀྱིས། ང་ཚོར་འཕྲད་པའི་དཀའ་ངལ་དེ་དག་ལ་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་བལྟས་ཏེ། དཀལ་ངལ་བཟོ་མཁན་གྱི་རྒྱུ་རྐྱེན་མཐར་ཐུག་གང་ཡིན་པར་རྩད་གཅོད་བྱེད་དགོས་པར་གསུངས་ཡོད། དེ་འདྲ་ཡིན་དུས། ང་ཚོའི་དཀའ་ངལ་རྣམས་ཀྱི་རྒྱུ་རྐྱེན་མཐར་ཐུག་དེ་ནི་དངོས་པོའི་གནས་ལུགས་ལ་རྨོངས་པ་དེ་ཡིན་པ་རེད།

ང་ཚོར་མ་སྐྱིད་པ་ཡོད། ང་ཚོར་སྡུག་བསྔལ་ཡོད། དེ་དག་རྒྱུ་ཞིག་ལ་བརྟེན་ནས་ཡོང་གི་ཡོད་པ་བཤད་མི་དགོས་པ་རེད། དཔེར་ན། ང་ཚོས་ཁོང་ཁྲོ་ཆེན་པོའི་སྒོ་ནས་གནོད་བྱེད་མི་དགེ་བའི་བྱ་སྤྱོད་རིགས་སྤེལ་སྲིད་པ་རེད། མི་སུ་འདྲ་ཞིག་ཡིན་རུང་ཁོང་ཁྲོ་ཟ་བའི་སྐབས་སྐྱིད་པོ་ཞིག་མེད། དེ་འདྲ་མ་རེད་དམ། བྱས་ཙང་། འདིར་ང་ཚོས་ངོས་འཛིན་བྱེད་དགོས་པ་ཞིག་ནི། ཁོང་ཁྲོས་ང་ཚོ་སེམས་མ་སྐྱིད་པ་བཟོ་གི་ཡོད་པས། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ཁོང་ཁྲོ་མེད་པ་བཟོ་དགོས།

ང་ཚོ་སེམས་མ་སྐྱིད་པ་བཟོ་མཁན་གྱི་དཀའ་ངལ་ནི་རྒྱུན་དུ་སེམས་ཁྲལ་བྱེད་པ་ལ་བརྟེན་ནས་ཡིན་སྲིད། སེམས་ཁྲལ་ནི་སེམས་ཀྱི་གནས་བབས་ཧ་ཅང་མི་སྡུག་པ་ཞིག་རེད། མི་སུ་འདྲ་ཞིག་ཡིན་ཀྱང་སེམས་ཁྲལ་བྱེད་པའི་སྐབས་སྐྱིད་པོ་མེད་པ་རེད། རེད་དམ་མ་རེད། འཕགས་ཡུལ་གྱི་ནང་པའི་མཁས་པ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགའ་ཅི་ཞིག་ཡོད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན། ཞེས། གལ་ཏེ་ཁྱེད་རང་དཀའ་ངལ་ཅན་གྱི་གནས་སྟངས་ཤིག་གི་ནང་དུ་ཡོད་པ་དང་། དེར་ཁྱེད་ནས་འགྱུར་བ་གཏོང་ཐུབ་པ་ཞིག་ཡོད་ན། དེ་ལ་སེམས་ཁྲལ་བྱེད་དགོས་དོན་མེད། དེ་འགྱུར་བ་གཏོང་དགོས། སེམས་ཁྲེལ་བྱས་པས་ཕན་ཐོགས་གང་ཡང་མེད། བྱས་ཙང་། ང་ཚོར་ཕན་ཐོགས་མེད་པའི་སེམས་ཁྲལ་ལ་རྨོངས་པ་དེ་ཡོད་པར་བརྟེན་ང་ཚོས་མུ་མཐུད་ནས་སེམས་ཁྲལ་བྱེད་ཀྱི་ཡོད། དོན་གྱི་སྙིང་པོ་ནི་སེམས་ཁྲལ་བྱས་ན་ཕན་ཐོགས་གང་ཡང་མེད།

དེ་ནས་ང་ཚོར་དཀའ་ངལ་གྱི་རིམ་པ་གཞན་ཞིག་ཡོད། དེ་ནི་འདོད་པ་ཁེངས་རྒྱུ་མེད་པའི་དཀའ་ངལ་དེ་རེད། བཤད་མི་དགོས་པ་ལྟར། ང་ཚོས་སྐྱིད་པོ་མྱོང་བའི་དུས་ཚོད་ཡོད། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ། སྐྱིད་པོ་དེ་གཏན་དུ་གནས་ཀྱི་མེད་པ་དང་། ང་ཚོར་ག་དུས་ཡིན་ནའང་དེ་ལས་མང་བ་འདོད་ཀྱི་ཡོད་པས། ང་ཚོ་ནམ་ཡང་འདོད་པ་ཁེངས་ཀྱི་མེད། ང་ཚོས་རང་གི་ཟས་དགའ་ཤོས་དེ་ཐེངས་གཅིག་ཟས་པ་ཙམ་གྱི་འདོད་བློ་ཁེངས་ཀྱི་མེད། འདོད་པ་ཁེངས་ཀྱི་ཡོད་དམ། ང་ཚོས་དེ་ཡང་ནས་ཡང་དུ་ཟ་འདོད་བྱེད་ཀྱི་ཡོད། ཡང་གལ་སྲིད་ང་ཚོས་ཟ་མ་དེ་ཐེངས་གཅིག་ལ་མང་དྲགས་པ་ཟས་ན། ཐོག་མར་ཟ་བའི་སྐབས་སུ་ང་ཚོར་ཡོད་པའི་སྐྱིད་པའི་ཚོར་སྣང་དེ་ག་ལེར་གྲོད་ཁོག་ན་ཟུག་གཏོང་བའི་གནས་སྟངས་སུ་འགྱུར་འགྲོ་གི་རེད། བྱས་ཙང་། ང་ཚོས་དེ་འདྲའི་བདེ་སྐྱིད་ཐད་ཏོག་ཙམ་མགོ་འཐོམས་བསྡད་ཀྱི་ཡོད། གང་ཡིན་པ་དེ་སྐྱིད་པོའི་ངང་ལོངས་སུ་སྤྱོད་རྒྱུ་དང་། བདེ་སྐྱིད་དེ་གཏན་གནས་མི་ཐུབ་པ། དེ་ག་ནང་བཞིན་དེས་ནམ་ཡང་འདོད་པ་ཁེངས་པ་ཞིག་མི་ཡོང་བ་དེ་མ་རྟོགས་པར། དེའི་ཚབ་ལ་ང་ཚོས་དེ་ལ་འཛིན་པ་སྐྱེ་གི་ཡོད། དེ་ནས་དེ་འདྲའི་བདེ་སྐྱིད་ཀྱི་ཚོར་སྣང་དེ་མེད་པ་ཆགས་དུས། ང་ཚོ་སེམས་ཧ་ཅང་མ་སྐྱིད་པ་ཡོང་གི་ཡོད།

དེ་ནི་མཛའ་ཞིང་བརྩེ་བའི་གྲོགས་པོ་ཞིག་གམ། ཡང་ན་སོ་སོ་དགའ་སའི་སྤུན་ཉེ་ཞིག་དང་མཉམ་དུ་ཡོད་པ་དང་། ཁོང་ཚོས་ང་ཚོ་གཡུགས་ནས་འགྲོ་བ་ནང་བཞིན་རེད། བཤད་མི་དགོས་པ་ལྟར། ནམ་ཞིག་ཁོང་ཚོ་ང་ཚོ་དང་ཁ་བྲལ་ནས་འགྲོ་ངེས་རེད། བྱས་ཙང་། ང་ཚོས་ཁོང་ཚོ་དང་མཉམ་དུ་ཡོད་པའི་དུས་ཚོད་དེ་སྐྱིད་པོའི་ངང་ལོངས་སུ་སྤྱོད་དགོས། མཚམས་རེར་ང་ཚོས་དཔེ་མཚོན་སྙིང་རྗེ་པོ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་པ་ནི། ང་ཚོས་ཧ་ཅང་དགའ་སའི་མི་ཁྱད་དུ་འཕགས་པ་ཞིག་སོ་སོའི་མི་ཚེའི་ནང་དུ་སླེབས་ན། དེ་ནི་བདག་མེད་ཀྱི་བྱ་ཞིག་ང་ཚོའི་སྒེའུ་ཁུང་གི་འགྲམ་དུ་བབས་པ་འདྲ་པོ་ཡོད། བདག་མེད་ཀྱི་བྱ་དེ་ང་ཚོའི་སྒེའུ་ཁུང་འགྲམ་དུ་བབས་སྐབས། ང་ཚོས་བྱ་དེ་དང་མཉམ་དུ་ཡོད་པའི་སྤྲོ་སྣང་དང་མཛེས་སྡུག་མྱོང་ཐུབ། འོན་ཀྱང་བཤད་མི་དགོས་པ་ལྟར། ཏོག་ཙམ་རྗེས་ལ་བྱ་དེ་འཕུར་ནས་འགྲོ་གི་རེད། གང་ཡིན་ཟེར་ན། བྱ་དེ་ལ་རང་དབང་ཡོད། གལ་སྲིད་ང་ཚོས་སེམས་པ་བཟང་པོ་དང་རྒྱུད་འཇམ་པོ་བྱས་ན། བྱ་དེ་སླར་ཡང་ཡོང་སྲིད་པ་རེད། གལ་སྲིད་ང་ཚོས་བྱ་དེ་བཟུང་ནས་ལྕགས་ཁྲ་ཞིག་གི་ནང་དུ་བླུགས་པ་ཡིན་ན། བྱ་དེ་ཤིན་དུ་མ་སྐྱིད་པ་ཆགས་ནས་ཤི་ཡང་སྲིད་པ་རེད། དེ་དང་འདྲ་བར། མི་དེ་ཚོ་ཡང་ཚོའི་མི་ཚེའི་ནང་བདག་མེད་ཀྱི་བྱ་ཡིད་དུ་འོང་བ་དེ་ནང་བཞིན་སླེབས་པ་རེད། ང་ཚོས་བྱེད་ཐུབ་པ་ཡག་ཤོས་དེ་ནི། ཁོང་ཚོ་དང་མཉམ་དུ་ཡོད་པའི་དུས་ཚོད་དེའི་སྐབས་སུ་སྐྱིད་པོའི་ངང་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས། ཁོང་ཚོས་རྒྱུ་མཚན་ག་རེ་ལ་བརྟེན་ནས་ཕྱིན་པའམ། དུས་ཡུན་ཇི་ཙམ་རིང་པོར་ཁ་བྲལ་ནས་ཕྱིན་པ་ལ་མ་ལྟོས་པར། གནས་སྟངས་དེ་འདྲ་ཡོང་གི་ཡོད། གལ་སྲིད་ང་ཚོས་དེའི་ཐད་ལ་ལྷོད་པོ་དང་ལྷིང་འཇགས་པོ་བྱེད་པ་ལས། “ང་ནམ་ཡང་གཡུགས་ནས་མ་འགྲོ། ཁྱེད་མེད་ན་ང་གནས་མི་ཐུབ་” ཟེར་བ་ལྟ་བུས་དགོས་འདུན་མ་བཏོན་པ་ཡིན་ན། ཁོང་ཚོ་ཚུར་ཡོང་སྲིད་པ་རེད། དེ་ལྟར་མ་བྱས་ན། ང་ཚོས་ཁོང་ཚོ་ལ་འཛིན་པ་སྐྱེས་པ་དང་དགོས་འདུན་བཏོན་པ་དེས་ཁོང་ཚོ་ལ་རྗེས་འདེད་ཀྱིས་ཐག་རིང་དུ་གཏོང་གི་རེད།

ང་ཚོའི་མི་ཚེའི་ནང་གི་བདེ་སྐྱིད་དང་དགའ་བ་དཀྱུས་མའམ་བདེ་བ་ཉི་ཚེ་བའི་རང་བཞིན་ལ་རྨོངས་པའི་སྐབས། ང་ཚོར་དཀའ་ངལ་ཡོད་པ་ནི་བཤད་མི་དགོས་པ་རེད། ང་ཚོས་རང་ཉིད་ལ་ཡོད་པའི་བདེ་སྐྱིད་ཀྱི་དུས་ཚོད་དེ་ཚོར་ལོངས་སུ་སྤྱོད་མི་ཐུབ། གང་ཡིན་ཟེར་ན། ང་ཚོས་དེ་དག་དང་ཁ་བྲལ་གྱི་རེད་བསམ་པའི་ཞེད་སྣང་དང་སེམས་ཁྲལ་བྱེད་ཀྱི་ཡོད། ང་ཚོའི་བྱེད་སྟངས་དེ་ཁྱིས་ཟས་ཕོར་པ་གང་ཟ་བཞིན་པ་དང་འདྲ་པོ་ཡོད། ཁྱི་དེས་ཟས་ཟ་བཞིན་ཡོད་ཀྱང་། ད་དུང་རང་གི་ཟས་གཞན་གྱིས་མི་འཕྲོག་པའི་ཆེད་དུ་རང་གི་ཉེ་འཁོར་དུ་ལྟ་བ་དང་མཉམ་དུ་ངར་སྒྲ་སྒྲོགས་ནས་ངེས་བརྟན་བཟོ་གི་ཡོད། ང་ཚོ་སྐབས་རེ་ཁྱི་དེ་འདྲ་པོ་བྱེད་ཀྱི་ཡོད། དེ་འདྲ་མ་རེད་དམ། གང་ཡོད་པ་དེ་ཡོད་དུས་ལོངས་སྤྱོད་བྱས་ཏེ། དེ་རྫོགས་ན་རྫོགས་པ་རང་ཡིན་པ་ཁས་ལེན་ཐུབ་པ་བྱེད་དགོས། འོན་ཀྱང་དེ་གོ་བ་ནང་བཞིན་ལས་སླ་པོ་ཞིག་རྩ་ནས་མེད། གཅིག་བྱས་ན། དེ་གོ་ཡང་ལས་སླ་པོ་མེད་སྲིད། དེ་ལ་སྦྱོང་བརྡར་དགོས། མི་ཚེའི་ནང་བྱ་དངོས་ཁག་ལ་ལྟ་ཚུལ་མི་འདྲ་བ་ཡོད་པར་གོམས་འདྲིས་ཐེབས་པ་བྱེད་དགོས།

ང་ཚོའི་དཀའ་ངལ་རྣམས་དངོས་སུ་འགོག་པ། ༼འགོག་པའི་བདེན་པ།༽

སངས་རྒྱས་ཀྱིས་ང་ཚོའི་དཀའ་ངལ་དང་སྡུག་བསྔལ་རྣམས་གཏན་དུ་མེད་པ་བཟོ་ཐུབ་སྲིད་པ་དང་། དེ་ལྟར་ཡོང་བའི་ལམ་ནི་དེ་དག་གི་རྒྱུ་རྣམས་མེད་པ་བཟོ་དགོས་པ་གསུངས་ཡོད། དེ་ནི་དངོས་གནས་རྒྱུ་མཚན་རིགས་པ་དང་ལྡན་པའི་ཐབས་ཚུལ་ཞིག་རེད། གལ་སྲིད་ཁྱེད་ཀྱིས་བུད་རྫས་མེད་པ་བཟོས་ན། མེ་ཡོང་ཐབས་མེད་པ་རེད། དཀའ་ངལ་དེ་དག་ཀྱང་སླར་ནམ་ཡང་མི་འབྱུང་བའི་ཚུལ་དུ་མེད་པ་བཟོ་ཐུབ་ཅེས་སངས་རྒྱས་ཀྱིས་གསུངས་ཡོད།

ང་ཚོ་དཀའ་ངལ་དེ་དག་ནས་འཕྲལ་སེལ་གྱི་རང་དབང་ཐོབ་སྟེ་བློ་ཡིད་ཚིམ་པ་ཙམ་ཞིག་འདོད་ཀྱི་མེད། རེད་དམ་མ་རེད། དེ་ནི་གཉིད་ཁུག་པ་དང་འདྲ་པོ་ཡོད། དཔེར་ན། ཁྱེད་རང་གཉིད་ཁུག་པའི་སྐབས། ཁྱེད་ལ་འབྲེལ་ལམ་ཁག་པོ་ཡོད་པའི་དཀའ་ངལ་དེ་འཕྲད་ཀྱི་མེད། བྱས་ཙང་། དེ་ནི་དཀའ་ངལ་སེལ་ཐབས་ཤིག་མ་རེད། གང་ཡིན་ཟེར་ན། ཁྱེད་རང་གཉིད་སད་པའི་རྗེས་སུ་དཀའ་ངལ་དེ་ད་དུང་ཡོད་པ་རེད། དེ་ནི་ཁྱེད་རང་ས་ཆ་གང་རུང་ཞིག་ལ་གུང་སེང་དུ་བསྐྱོད་པ་དང་འདྲ་པོ་རེད། འོན་ཀྱང་ཁྱེད་རང་ནང་དུ་ཕྱིར་ལོག་དགོས་ཀྱི་ཡོད། ནང་དུ་འབྱོར་དུས་དཀའ་ངལ་དེ་ད་དུང་ཡོད་པ་རེད། བྱས་ཙང་། གུང་སེང་འགྲོ་བ་དེ་ཡང་དཀའ་ངེལ་སེལ་བའི་ཐབས་ལམ་ཡག་ཤོས་དང་། གཏན་གནས་ཐུབ་པའི་ཐབས་ཤིག་མ་རེད།

དེར་མ་ཟད། སངས་རྒྱས་ཀྱིས་ང་རང་ཚོ་ཁ་བཙུམས་ནས་དཀའ་ངལ་རྣམས་ངོས་ལེན་བྱེད་དགོས་པ་དང་། དེ་དག་མཉམ་དུ་འཚོ་དགོས་གསུངས་ཀྱི་མེད། གང་ཡིན་ཟེར་ན། དེ་ཡང་དཀའ་ངལ་སེལ་ཐབས་ཡག་པོ་ཞིག་མ་རེད། རེད་དམ། རྒྱུ་མཚན་ནི་ང་ཚོ་སྐྱབས་མེད་མགོན་མེད་ལྟ་བུ་ཚོར་ནས། ང་ཚོས་གང་ཡང་བྱེད་མི་ཐུབ་པ་སོང་ཙང་། ང་ཚོས་བློས་གཏོང་བྱས་པ་དང་། ཐ་ན་ཐབས་ཤེས་ཙམ་ཡང་མི་བྱེད་པ་ཡོང་གི་ཡོད། དེར་བརྟེན་ང་ཚོས་དཀའ་ངལ་རྣམས་ལས་ཐར་ཡག་གི་ཐབས་ཤེས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ཡར་རྒྱས་རྒྱ་ཆེན་པོ་དེ་ཙམ་གཏོང་གི་མེད་ནའང་། ཉུང་མཐར་ཡང་རང་ཉིད་ཀྱིས་ཐབས་ཤེས་དང་འབད་བརྩོན་བྱས་ཡོད་པའི་ཚོར་སྣང་དེ་ཡོང་གི་རེད།

ང་ཚོའི་དཀའ་ངལ་རྣམས་འགོག་པའི་ཐབས་ལམ། ༼ལམ་གྱི་བདེན་པ།༽

གལ་སྲིད་དཀའ་ངལ་དེ་དག་འགོག་པའི་འགོག་པ་དངོས་ཤིག་དང་། དེ་དག་དངོས་སུ་མེད་པ་བཟོ་ཐུབ་པ་བྱེད་པའི་འདོད་པ་དེ་ང་ཚོར་ཡོད་ན། དེའི་ཆེད་དུ་སངས་རྒྱས་ཀྱིས་གསུངས་པའི་བདེན་དོན་བཞི་པ་དེ་ཡོད་པ་རེད། དེ་ནི་ང་ཚོས་ཐབས་ལམ་ཞིག་ལག་བསྟར་བྱས་ནས་ཡང་དག་པའི་གོ་རྟོགས་ལ་བརྟེན་ནས་སྡུག་བསྔལ་གྱི་མཐར་ཐུག་པའི་རྒྱུ་རྨོངས་པ་དེ་མེད་པ་བཟོ་དགོས་པ་དེ་རེད། འོན་ཀྱང་། གལ་སྲིད་ང་ཚོས་དེ་དག་རྟག་ཏུ་དྲན་གསོ་བྱེད་མི་ཐུབ་པ་ཡིན་ན། གོ་རྟོགས་ཡག་པོ་ཞིག་ཡོད་པ་ཙམ་གྱིས་འདང་གི་མེད། དེ་འདྲ་ཡིན་ཙང་། ང་ཚོས་རྩེ་གཅིག་པའི་ཏིང་ངེ་འཛིན་སྐྱེད་པར་བྱེད་དགོས་ཀྱི་ཡོད། འོན་ཀྱང་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་གོ་རྟོགས་དེ་དྲན་གསོ་བྱེད་ཐུབ་པའི་ཆེད་ང་ཚོས་རང་ཁྲིམས་སྲུང་ཐུབ་པ་བྱེད་དགོས་པས། ཚུལ་ཁྲིམས་དགོས་ཀྱི་ཡོད། བྱས་ཙང་། ང་ཚོའི་དཀའ་ངལ་རྣམས་འགོག་པའི་ཆེད་དུ་སྤྱིར་བཏང་ནང་ཆོས་ཀྱི་ཐབས་ལམ་བེད་སྤྱོད་བྱེད་པ་དེ་ཚོ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཡང་དག་པའི་གོ་རྟོགས་ (སྐབས་རེ་དེ་ལ་ “ཤེས་རབ་” ཀྱང་ཟེར།)བཅས་ཀྱི་རྗེས་སུ་འབྲངས་ནས་འགྲོ་དགོས་ཀྱི་ཡོད།

དེའི་སྟེང་དུ། ང་ཚོར་དཀའ་ངལ་རྣམས་ཀྱི་རྒྱུ་རྐྱེན་ཆེ་ཤོས་གཅིག་ནི་རང་འདོད་དོན་གཉེར་གྱི་བློ་དེ་རེད། ང་ཚོའི་རང་འདོད་དོན་གཉེར་གྱི་བློ་མང་པོ་ཞིག་ནི་དངོས་པོའི་གནས་ལུགས་ལ་རྨོངས་པའི་བློ་ཡོད་པ་ལ་བརྟེན་ནས་ཡོང་གི་ཡོད། གང་ཡིན་ཟེར་ན། ང་ཚོས་རང་ཉིད་འཛམ་གླིང་འདིའི་ནང་དུ་འཚོ་གནས་བྱེད་མཁན་གཅིག་པུ་དེ་ཡིན་པའི་བསམ་ཚུལ་འཛིན་པ་དང་། གལ་སྲིད་ང་ཚོས་མི་གཞན་ཡང་འཚོ་གནས་བྱེད་ཀྱི་ཡོད་པ་ཁས་ལེན་རུང་། རང་ཉིད་འཇིག་རྟེན་འདིའི་ནང་གལ་ཆེ་ཤོས་ཡིན་པ་དང། ང་ཚོ་འཇིག་རྟེན་ནང་གི་གལ་ཆེ་ཤོས་ཡིན་པའི་མཐོང་ཚུལ་གསལ་པོར་འཛིན་གྱི་ཡོད། གོ་བ་ལོག་སྒྲུབ་དེ་འདྲ་ཡོད་པ་ལ་བརྟེན་ནས། ང་ཚོས། “ང་ལ་ག་དུས་ཡིན་ཀྱང་རང་གི་འདོད་པ་ནང་བཞིན་དགོས་པ་དང། ང་ལ་ག་དུས་ཡིན་ཀྱང་གང་འདོད་པ་དེ་རག་དགོས།” ཞེས་བསམ་གྱི་ཡོད་པ་དང་། གལ་སྲིད་ང་ཚོར་རང་གི་འདོད་པ་ནང་བཞིན་མ་བྱུང་ན། ང་ཚོ་ཧ་ཅང་སེམས་མ་སྐྱིད་པ་ཡོང་གི་ཡོད།

དེ་ནི་དངོས་པོའི་གནས་ལུགས་ལ་ཧ་ཅང་རྨོངས་པའི་ལྟ་ཚུལ་ཞིག་རེད། གང་ཡིན་ཟེར་ན། དེའི་གོ་བ་ལེན་སྟངས་ཐོག་ནས་བཤད་ན་རང་ཉིད་དམིགས་བསལ་གང་ཡང་མིན་པ་རེད། ང་ཚོ་ཚང་མ་བདེ་བ་འདོད་མཁན་དང་། སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་པ་དང། མི་ཚང་མར་སོ་སོས་གང་འདོད་པ་དེ་ཐོབ་འདོད་ཡོད་པ་ལས་གང་འདོད་པ་དེ་མ་ཐོབ་ན་བསམ་པའི་རེ་བ་སུ་གཅིག་ལའང་མེད་པའི་ཐོག་ནས་བསམས་ན། ང་ཚོ་ཚང་མ་གཅིག་པ་རེད། གང་ལྟར་ཡང་། ང་ཚོ་ཚང་མ་མཉམ་དུ་འཚོ་གནས་བྱེད་དགོས། གང་ཡིན་ཟེར་ན། ང་ཚོ་དངོས་སུ་མཉམ་དུ་འཚོ་གནས་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་དཀའ་ངལ་ལས་ཐར་བའམ། ཡང་ན་དཀའ་ངལ་ལ་སྔོན་འགོག་ཀྱི་ཐབས་ལམ་སྟེང་དུ་བྱམས་པ་དང་། སྙིང་རྗེ། གཞན་དོན་དུ་བསམ་བློ་གཏོང་བ། དེ་བཞིན་གཞན་ཕན་གྱི་ལྟ་བ་བཅས་ཁ་སྣོན་རྒྱག་དགོས། ང་ཚོར་གཞན་གྱིས་རོགས་པ་བྱས་ན་དགའ་པོ་བྱེད་པ་ནང་བཞིན་མི་གཞན་གྱིས་ཀྱང་ང་ཚོས་རོགས་རམ་བྱས་ན་དགའ་པོ་བྱེད་ཀྱི་རེད།

ཉོན་མོངས་ལ་གདོང་ལེན་བྱེད་ཚུལ།

མི་ཚང་མ་སྐྱེས་བུ་དམ་པ་ཞིག་གམ། ཡང་ན་བྱང་ཆུབ་སེམས་དཔའ་ཞིག་མ་རེད་ཟེར་བ་དེ་ནི་དངོས་གནས་བདེན་པ་རེད། མི་ཚང་མ་གནས་སྟངས་རིམ་པ་གཅིག་གི་སྒང་ལའམ། ཡང་ན་གནས་སྟངས་གཞན་ཞིག་གི་སྒང་ལ་རྨོངས་ནས་ཡོད། དེ་ལྟར་རྨོངས་པའི་རྒྱུ་མཚན་གྱིས་ང་ཚོས་ཉོན་མོངས་པའི་ཤུགས་རྐྱེན་འོག་བྱ་སྤྱོད་སྤེལ་གྱི་ཡོད། དཔེར་ན། གལ་སྲིད་ངས་རང་ཉིད་འཛམ་གླིང་གི་དཀྱིལ་ཡིན་པ་དང་རང་ཉིད་གལ་ཆེ་ཤོས་ཡིན་པར་བསམ་གྱི་ཡོད་ན། དེ་ནས་དེ་དང་མཉམ་དུ་འགྲོགས་བྱེད་མཁན་ནི་ཚོར་བ་དེ་ཡང་ཉེན་སྲུང་མེད་པའི་རང་བཞིན་ཞིག་རེད། རེད་དམ་མ་རེད། ཁྱེད་རང་རྨོངས་པའི་སྐབས་སུ་ཉེན་སྲུང་མེད་པ་ཆགས་ནས། ཁྱེད་ཀྱི་སེམས་ནང་ “ཡ། ང་རང་གལ་ཆེ་ཤོས་ཡིན་དགོས་ཀྱང་། མི་ཚོས་རྒྱུན་དུ་ང་ལ་དེ་ལྟར་བརྩི་མཐོང་བྱེད་ཀྱི་མི་འདུག་” ཅེས་བསམ་བློ་འཁོར་གྱི་ཡོད། བྱས་ཙང་། དེར་ཉེན་སྲུང་དང་བརྟན་ཆ་མེད་པའི་རང་བཞིན་ཞིག་ཡོད་པ་རེད།

ང་ཚོར་ཉེན་སྲུང་མེད་པའི་སྐབས་ཐབས་བྱུས་གང་དང་གང་བེད་སྤྱོད་བྱེད་ཐུབ་བམ། ཡང་ན་སོ་སོ་རང་ཉིད་ཉེན་སྲུང་ཡོད་པ་ཚོར་བར་ཐབས་ཇུས་གང་ལ་ཐབས་ཤེས་བྱེད་ཐུབ་བམ་ཟེར་ན། ཐབས་ཇུས་དེ་དག་གི་ནང་ནས་གཅིག་ནི། “གལ་སྲིད་ངའི་འགྲམ་ལ་འདང་ངེས་ཀྱི་དངོས་པོ་ཡོད་ན། གང་ལྟར་དེས་ང་ལ་ཉེན་སྲུང་ཡོད་པའི་ཚོར་སྣང་ཞིག་སྤྲོད་ཀྱི་རེད། གལ་སྲིད་ང་ལ་དངུལ་འདང་ངེས་སམ། ཡང་ན་གཞན་ལས་དོ་སྣང་འདང་ངེས་ཤིག་དང། ཡང་མིན་ན་བརྩེ་བ་འདང་ངེས་ཞིག་ཐོབ་པ་ཡིན་ན། དེས་གང་ལྟར་ང་རང་སྐྱིད་པོ་བཟོ་གི་རེད།” ཅེས་བསམ་པ་དེ་རེད། འོན་ཀྱང་ང་ཚོས་མཐོང་བ་ནང་བཞིན་དེ་འདྲ་བའི་བདེ་སྐྱིད་ཀྱི་རང་བཞིན་ནི། ང་ཚོར་ནམ་ཡང་འདང་ངེས་མེད་པ་དང་། ང་ཚོ་ནམ་ཡང་འདོད་པ་མི་ཁེངས་པ། ག་དུས་ཡིན་ནའང་དེ་ལས་མང་བ་འདོད་པ་ཞིག་ཡོད། 

དེར་བསམ་བློ་ཞིག་གཏོང་དང་། དེ་ལ་རྒྱུ་མཚན་དང་གོ་རྒྱུ་ཞིག་ཡོད་པ་རེད། སོ་སོའི་དགའ་སའི་མི་དེས་རང་ཉིད་ལ། “ང་ཁྱེད་ལ་དགའ་གི་འདུག་” ཅེས་ཐེངས་མ་གཅིག་རང་ལབ་པར་འདོད་པ་ཡིན་ནམ། གལ་སྲིད་ཁོང་ཚོས་ཐེངས་གཅིག་ལས་མ་ལབ་ན། དེ་འགྲིག་པ་རེད། ཡང་བསྐྱར་ནམ་ཡང་ལབ་དགོས་ཀྱི་མེད་པ་ཡིན་ནམ། འོན་ཀྱང་ང་ཚོར་ཉེན་སྲུང་ཡོད་པ་ཞིག་ནམ་ཡང་ཚོར་གྱི་མེད། ང་ཚོས་ག་དུས་ཡིན་ཀྱང་དེ་ཡང་བསྐྱར་ཡང་བསྐྱར་གོ་འདོད་ཡོད། དེ་འདྲ་མ་རེད་དམ། དེ་ནས་ང་ཚོས། “ཡ། ཁྱེད་ཀྱིས་ང་ལ་དེ་ཡང་བསྐྱར་ལབ་མི་དགོས་པར། ངས་དེ་ཤེས་ཀྱི་ཡོད།” ཅེས་ཟེར་བའི་མཚམས་སུ་ནམ་ཡང་སླེབས་ཀྱི་མེད། བྱས་ཙང་། ང་ཚོས་འདོད་རྔམ་གྱི་སྐོར་སྐད་ཆ་བཤད་དུས། ཕྱིའི་དངོས་པོ་དང་རྒྱུ་ནོར་ལོངས་སྤྱོད་གཅིག་པུ་ལ་འདོད་རྔམ་བྱེད་ཀྱི་མེད་པའི་དོན་མ་ཡིན་པར། ང་ཚོས་བརྩེ་བ་ལའང་འདོད་རྔམ་བྱེད་པ་དང་། དམིགས་བསལ་ང་ཚོ་མང་ཆེ་བ་ནི་གཞན་གྱིས་རང་ལ་དོ་སྣང་ཡོང་བའི་ཆེད་འདོད་རྔམ་བྱེད་ཀྱི་ཡོད། དེ་ང་ཚོས་ཕྲུ་གུ་ཆུང་ཆུང་ཞིག་གི་བྱེད་སྟངས་ལ་བལྟས་ནས་མཐོང་ཐུབ་པ་ཞིག་རེད། དེ་འདྲ་ཡིན་ཙང་། དེ་ནི་ཐབས་ཚུལ་གཅིག་རེད། དེ་ཡང་གལ་སྲིད་རང་གི་ཉེ་འཁོར་ལ་འདང་ངེས་ཐུབ་པའི་དགོས་མཁོ་ཚང་ཡོད་ན། དེས་ང་ཚོ་ཉེན་སྲུང་དང་ལྡན་པ་བཟོ་གི་ཡོད་པའི་བསམ་བློ་དེ་རེད། དེ་ནི་ནམ་ཡང་ཡོང་ཐབས་མེད་པ་ཞིག་རེད།

འགྲོ་སྟངས་ལམ་ལུགས་གཞན་ཞིག་ནི། ཁོང་ཁྲོ་དང་ཞེ་སྡང་རེད། དེ་ཡང་། “གལ་སྲིད་ངས་རང་ཉིད་ལ་འཇིགས་སྐུལ་བྱེད་ཀྱི་འདུག་བསམས་པའི་གནད་དོན་ཁ་ཤས་མེད་པ་བཟོས་ཐུབ་ན། དེས་ང་ལ་ཉེན་སྲུང་དང་ལྡན་པའི་ཚོར་སྣང་སྤྲོད་ཀྱི་རེད།” བསམ་ལྟ་བུ་རེད། འོན་ཀྱང་ང་ཚོ་ནམ་ཡང་འཇིག་ཉེན་མེད་པ་མི་ཚོར་བར། ག་དུས་ཡིན་ནའང་ཉེན་ཚབས་ཡོད་པ་ཚོར་གྱི་ཡོད། གཞན་གྱིས་རང་ཉིད་ཀྱི་མི་འདོད་པའི་ལས་བྱས་ནས་གནོད་པ་སྐྱེལ་ཡོང་དྭོགས་ཏེ་ང་ཚོས་རྒྱུན་དུ་ཉེན་ཟོན་བྱས་ནས་སྡོད་ཀྱི་ཡོད། དེ་ནས་ང་ཚོ་རླུང་ལངས་པ་དང་ཁོང་ཚོ་ཕྱིར་འབུད་གཏོང་བ་སོགས་བྱེད་ཀྱི་ཡོད། སྐབས་རེ་དེ་འདྲ་བྱེད་པས་རང་གིས་རང་ཕམ་པར་བྱེད་པའི་གནས་སྟངས་ཆགས་སྲིད་པ་ཡིན། ངའི་སེམས་ནང་ཤར་བའི་དེའི་དཔེ་མཚོན་ཞིག་ནི། ང་རང་ཚོ་ཕན་ཚུན་དབར་གྱི་འབྲེལ་ལམ་ལྟ་བུ་རེད། དེའི་ནང་ང་ཚོས་རང་གི་བརྩེ་གྲོགས་གཞན་དེས་ང་ཚོར་དོ་སྣང་དེ་ཙམ་མེད་པ་དང་། ང་ཚོ་མཉམ་དུ་དུས་ཚོད་དེ་ཙམ་མང་པོ་མི་སྐྱེལ་བ་ཚོར་ནས། ཁོང་ཚོ་ལ་སྐད་ལོག་རྒྱག་གི་ཡོད། ང་ཚོ་རླུང་ལངས་ནས་སྐད་ཤུགས་ཆེན་པོས། “ཁྱེད་རང་ང་ལ་དོ་སྣང་ཆེ་ཙམ་བྱེད་དགོས། ཁྱེད་རང་ང་དང་མཉམ་དུ་དུས་ཚོད་མང་ཙམ་སྐྱེལ་དགོས།” ཞེས་སོགས་བཤད་ཀྱི་ཡོད། དེའི་འབྲས་བུ་གང་རེད་དམ་ཟེར་ན། རྒྱུན་དུ་ཁོང་ཚོ་ང་ཚོ་དང་ཐག་རིང་དུ་འགྲོ་གི་ཡོད། ཡང་ན་ཁོང་ཚོས་ང་ཚོར་ཕན་གྲོགས་ཆེན་པོ་ཞིག་བྱས་ནས་ང་ཚོ་དང་མཉམ་དུ་ཏོག་ཙམ་སྡོད་ཀྱི་ཡོད། ཡིན་ནའང་ཁོང་ཚོས་དེ་ལྟར་བྱེད་པ་དེ་བདེ་པོ་མེད་པ་ཁྱེད་ཀྱིས་ཚོར་ཐུབ། གཞན་ལ་ཁོང་ཁྲོ་བཏོན་པ་དེས་ང་ཚོར་དགའ་པོ་མང་བ་བྱེད་ཡོང་ཞེས་བསམ་བློ་དེ་ག་འདྲ་བྱས་ནས་འཁོར་ཐུབ་ཀྱི་ཡོད་དམ། དེ་ནི་ཁུངས་མེད་ལུང་མེད་རང་རེད། མ་རེད་དམ། འགྲོ་སྟངས་ལམ་ལུགས་དེ་ཚོ་མང་པོ་ཞིག་ང་ཚོས་བེད་སྤྱོད་བྱས་ནས་རང་ཉིད་ཉེན་སྲུང་ཆེ་བ་དང་བརྟན་ཆན་ལྡན་པ་ཡོང་ཐུབ་པའི་རེ་བ་བྱས་ཀྱང་། དོན་དངོས་ཐོག་དེས་གནས་སྟངས་ཇེ་སྡུག་ཏུ་གཏོང་གི་ཡོད།

ཡང་ང་ཚོས་བེད་སྤྱོད་བྱེད་པའི་འགྲོ་སྟངས་ལམ་ལུགས་གཞན་ཞིག་ནི། རང་གཞན་གཉིས་ཀྱི་བར་ལ་བཅད་མཚམས་བཟོས་ནས་འབྲེལ་ཐག་བཅད་པ་དེ་རེད། དེ་ནི་གཏི་མུག་གམ་བྱིས་བློའི་རང་བཞིན་ལ་གཞིར་བྱས་ཡོད་པ་དང་། བསམ་བློའི་ནང་། གལ་སྲིད་ང་ཚོས་དཀའ་ངལ་རྣམས་ལ་གདོང་ལེན་མ་བྱས་པར། དཀའ་ངལ་དེ་མེད་པའམ། ཡང་ན་དེ་རང་ངོས་ནས་མེད་པ་ཆགས་འགྲོ་བར་བསམ་གྱི་ཡོད། དེ་ཡང་། “ང་རང་དེའི་སྐོར་ཉན་འདོད་མེད།” ཅེས་ཟེར་བའི་བློའི་འཁྱེར་སོ་ཡོད་པ་ལ་བརྟེན་ནས་ཁྱེད་ཀྱིས་བཅད་མཚམས་བཟོས་ཏེ་འབྲེལ་ཐག་གཅོད་ཀྱི་ཡོད། དེ་འདྲའི་བྱིས་བློའི་རང་བཞིན་གྱི་བྱེད་སྟངས་ཀྱིས་ཕན་ཐོགས་གང་ཡང་མེད། དཀའ་ངལ་ཡོད་བཞིན་པ་དེ་དག་ལ་ང་ཚོས་སྣང་མེད་བཏང་ནས་དེ་ཡོད་པ་ངོས་ལེན་མ་བྱས་ན་མེད་པ་ཆགས་འགྲོ་གི་མེད།

བྱས་ཙང་། ཉོན་མོངས་དེ་དག་ལ་གཞི་བཞག་ནས། ང་ཚོས་གནོད་བྱེད་མི་དགེ་བའི་བྱ་སྤྱོད་སྣ་ཚོགས་སྤེལ་གྱི་ཡོད། ང་ཚོས་སྐད་ལོག་རྒྱག་པ་དང་། ང་ཚོས་ཐ་ན་གཞན་ལ་རྡུང་རྡེག་ཀྱང་གཏོང་སྲིད་པ་རེད། གལ་སྲིད་ཁྱེད་ཀྱིས། “ང་ཐབས་སྐྱོ་བ་ལ། ང་ལ་གང་ཡང་མེད།” ཅེས་ཚོར་བ་ཡིན་ན། དེ་ནས་ཁྱེད་ཀྱིས་རྐུ་མ་བརྐུས་ནས་དེས་རང་ཉིད་ལ་ཕན་ཐོགས་ཀྱི་རེད་བསམ་སྲིད། ཡང་ང་རང་རྒྱ་གར་དུ་ལོ་མང་པོའི་རིང་བསྡད་པའི་སྐབས་ཀྱི་དཔེ་ཞིག་ངའི་སེམས་ནང་འཁོར་སོང་། རྒྱ་གར་ནི་འབུ་སྲིན་མང་པོ་ཡོད་པའི་ས་ཆ་ཞིག་རེད། འབུ་སྲིན་ཆེས་ཧ་ཅང་མང་པོ་ཡོད་པ་མ་ཟད། ཁྱེད་ཀྱི་བློ་ཡུལ་དུ་འཆར་ཐུབ་པའི་འབུ་སྲིན་གྱི་རིགས་ཚང་མ་ཡོད། ཁྱེད་ཀྱིས་དེ་དག་ཚང་མ་གསོད་མི་ཐུབ་ལ། དེའི་ཐད་ལ་ཁྱེད་ལ་རྒྱལ་ཁ་ཐོབ་མི་སྲིད་པ་ཞིག་རེད། ཐབས་ལམ་གཅིག་པུ་དེ་ནི་དེ་དག་དང་མཉམ་གནས་ཐུབ་པར་སྦྱོང་དགོས། གལ་སྲིད་ཁྱེད་ཀྱི་ཉལ་ཁང་ནང་ལ་འབུ་སྲིན་འདྲ་མིན་རིགས་འཁོར་འདོད་མེད་ན། ཁྱེད་ཀྱིས་དུག་སྦྲང་འགོག་བྱེད་ཀྱི་དྲྭ་གུར་ནང་ཉལ་གྱི་རེད། ཁྱེད་ཀྱི་མཐའ་འཁོར་དུ་དྲྭ་བས་བསྐོར་ནས་རང་ཉིད་སྲུང་སྐྱོབ་ལྡན་པའི་དྲྭ་བའི་ནང་ཡོད་པ་རེད། དེ་ནི་ཞི་བདེའི་ཐབས་ཤེས་བཟང་པོ་ཞིག་རེད། དེ་མིན་ཁྱི་ར་རྒྱག་པ་ནང་བཞིན་ནང་དུ་ཡོད་པའི་དུག་སྦྲང་ཚང་མ་དེད་ནས་བསྡད་ན་རྫོགས་རྒྱུ་མེད་པ་ཞིག་རེད་ལ། སོ་སོ་རང་ཉིད་ཀྱང་མཚན་གང་གཉིད་ཁུག་ཐབས་མེད། གང་ཡིན་ཟེར་ན། ཁང་པའི་སྒོའི་འོག་དང་། སྒེའུ་ཁུང་ཡག་པོ་མ་རྒྱག་པ་སོགས་ལ་བརྟེན་ནས། ག་དུས་ཡིན་ཀྱང་དུག་སྦྲང་དེ་ལས་མང་བ་འཛུལ་ཡོང་གི་ཡོད། འོན་ཀྱང་། “ངས་དེ་ཚོ་མེད་པ་བཟོ་དགོས་ཀྱི་འདུག་” ཅེས་བསམ་པའི་གནོད་བྱེད་སྤྱོད་ལམ་གྱི་སྐུལ་སློང་དེ་ངང་ངམ་ཤུགས་ཀྱིས་སྐྱེ་གི་ཡོད།

གནོད་བྱེད་མི་དགེ་བའི་སྤྱོད་ལམ་ལ་རྣམ་པ་འདྲ་མིན་ཡོད། དཔེར་ན། རྫུན་བཤད་པ་དང་། ཚིག་རྩུབ་སྨྲ་བ། ལོག་གཡེམ་བྱེད་པ། བཙན་གཡེམ་བྱེད་པ་སོགས་དེ་དག་ཚང་མ་ཚུད་ཡོད། ང་ཚོས་གནོད་བྱེད་ཀྱི་བྱ་སྤྱོད་སྤེལ་བའི་སྐབས། དེས་གཞི་རྩའི་ཆ་ནས་སྡུག་བསྔལ་བཟོ་གི་ཡོད། དེས་གཞན་ལ་སྡུག་བསྔལ་བཟོ་བ་ཙམ་དུ་མ་ཟད། དམིགས་བསལ་སོ་སོ་རང་ཉིད་ལའང་སྡུག་བསྔལ་བཟོ་གི་ཡོད། ཁྱེད་ཀྱིས་དེའི་སྐོར་བསམ་བློ་གཏོང་བ་ཡིན་ན། ནང་ཆོས་ནས་སྲོག་གཅོད་རྒྱུ་མེད་པའི་སྐོར་ལ་ཧ་ཅང་ནན་བཤད་བྱེད་ཀྱི་ཡོད། དེ་འདྲ་རེད་དམ་མ་རེད། སྐབས་འདིར་གནད་དོན་གཙོ་བོ་ནི། དཔེར་ན། དུག་སྦྲང་ལྟ་བུ་གལ་སྲིད་ཁྱེད་རང་མི་དགའ་ས་གང་ཡང་རུང་བ་ཞིག་སྲོག་གཅོད་པའི་གོམས་འདྲིས་ཐེབས་པ་ཡིན་ན། དེ་ནི་ཁྱེད་ཀྱི་རང་འགུལ་གྱི་ཡ་ལན་ཐོག་མ་དེ་ཆགས་ཀྱི་རེད། མ་རེད་དམ། དེ་ནི་སྲོག་གཅོད་གཅིག་པུའི་སྐོར་མ་རེད། གལ་སྲིད་ང་ཚོས་མི་དགའ་བའི་གནས་ཤིག་ཡོད་ན། དེ་ལ་སེམས་ཀྱི་གནས་བབས་ཞི་འཇམ་པོའི་ཐོག་ནས་གདོང་ལེན་བྱེད་རྒྱུའི་ཚབ་ལ། ང་ཚོས་ཧ་ཅང་དྲག་པོའི་ལམ་ནས་འགོག་ཐབས་བྱེད་ཀྱི་རེད། དེ་ཡང་ངག་གི་སྒོ་ནས་སམ། ལུས་ཀྱི་སྒོ་ནས། ཡང་ན་སེམས་ཚོར་གྱི་སྒོ་ནས་དེ་ལྟར་བྱེད་སྲིད་པ་རེད།

ཡང་སྐབས་རེ་བཤད་མི་དགོས་པ་ལྟར། སྲོག་གཅོད་དགོས་ཐུག་པ་ཆགས་སྲིད། དཔེ་ཆ་བཞག་ན། ལོ་ཏོག་ཟ་མཁན་གྱི་འབུ་སྲིན་རིགས་དང་། ན་ཚ་འཁྱེར་ཡོང་མཁན་གྱི་འབུ་སྲིན་རིགས་ལ་སོགས་པ་ལྟ་བུ་ཡོད་སྲིད། ནང་ཆོས་ནི་རྨོངས་ཞེན་ཅན་བྱེད་དགོས་པའི་སྐོར་མ་རེད། འོན་ཀྱང་ཁྱེད་ཀྱིས་དེའི་ཐད་ལ་ཅོལ་ཆུང་བྱེད་རྒྱུ་མེད། ཁོང་ཁྲོ་དང་སྡང་འཛིན་མེད་པའི་ཐོག་བྱེད་ཐབས་ལ་བརྩོན་དགོས། དཔེར་ན། “ང་འདར་ཚད་ཀྱི་ན་ཚ་འཁྱེར་ཡོང་མཁན་གྱི་དུག་སྦྲང་དེ་ཚོར་དགའ་གི་མེད།” ཟེར་བ་ལྟ་བུ་དང་། ཡང་ཁྱེད་ཀྱིས་དེའི་འཇུག་འབྲས་ངན་པ་གང་ཡོང་བ་དེ་དག་ལ་གང་ཡང་མི་ཤེས་པ་ལྟ་བུ་བྱེད་རྒྱུ་མེད། དཔེ་སྟབས་བདེ་ཞིག་བཞག་ན། གལ་སྲིད་ང་ཚོས་འབུ་དུག་རིགས་ང་ཚོའི་ཚལ་དང་ཤིང་ཏོག་རིགས་ཚང་མར་བེད་སྤྱོད་བྱས་ན། ང་ཚོས་ཀྱང་དེ་ཚོ་ཟ་གི་ཡོད་པས། ང་ཚོར་ནད་པ་ཆགས་སྲིད་པ་རེད། བྱས་ཙང་། དེ་དག་ལ་ཟུར་ཕོག་དང་ཞོར་སྐྱོན་མང་པོ་ཡོད། འདིར་བཤད་ཡག་གི་དོན་དག་དེ་ནི། ང་ཚོས་ཐོག་མར་འགོ་འཛུགས་བྱེད་སའི་མཚམས་དེར་སླར་ལོག་ན། ང་ཚོའི་ཐབས་ལམ་ཁག་ནི་བྱམས་པ་དང་སྙིང་རྗེས་ཁ་གསབ་བྱས་པའི་ཚུལ་ཁྲིམས་དང་། རྩེ་གཅིག་པའི་ཏིང་ངེ་འཛིན། ཡང་དག་པའི་གོ་རྟོགས་སམ་ཤེས་རབ་བཅས་རེད།

བཟང་སྤྱོད་ཀྱི་རང་ཁྲིམས་སྲུང་བ། ༼ཚུལ་ཁྲིམས།༽

ང་ཚོས་སྔོན་འགོག་གི་ཐབས་ལམ་དེ་དག་བེད་སྤྱོད་བྱས་ནས་མི་ཚེའི་ནང་དཀའ་ངལ་རིགས་མི་འཕྲད་པ་ཇི་ལྟར་བྱེད་དགོས་སམ་ཟེར་ན། ང་ཚོས་ཐོག་མར་བྱེད་དགོས་པའི་རིམ་པ་དང་པོ་དེ་ནི། བཟང་སྤྱོད་ཀྱི་རང་ཁྲིམས་ལག་བསྟར་བྱེད་དགོས། དེ་ནི་གནོད་བྱེད་ཀྱི་བྱ་སྤྱོད་སྤོང་དགོས་རྒྱུ་དེ་རེད། གནོད་བྱེད་ཀྱི་ལས་རྣམས་ནི་ཁོང་ཁྲོ་དང་། འདོད་རྔམ། ཆགས་སེམས། ཕྲ་དོག །གཏི་མུག་བྱིས་བློའི་རང་བཞིན། ཁེངས་དྲེགས་ལ་སོགས་པ་རེད། ཉོན་མོངས་དེ་དག་གི་ཤུགས་རྐྱེན་འོག་སོང་ནས་ང་ཚོས་བྱ་སྤྱོད་འདྲ་མིན་སྤེལ་གྱི་ཡོད། དེའི་གོ་དོན་ནི། ང་ཚོས་གནོད་བྱེད་ཀྱི་ལས་རྩོམ་པར་འདོད་པའི་སྐབས། “མིན། ང་དེ་ལྟར་བྱེད་འདོད་མེད།” ཅེས་ཐག་གཅོད་གསལ་པོ་བྱེད་པ་ལ་ཟེར།

ཁྱེད་ཀྱིས་ནོར་འཁྲུལ་འགའ་ཤས་བཟོས་པ་ལ་བརྟེན་ནས་ངས་ཁྱེད་ལ་སྐད་ལོག་རྒྱག་འདོད་པ་ཚོར་བའི་སྐབས། སྐད་ལོག་རྒྱག་པ་དེས་གནས་སྟངས་སྡུག་ཏུ་གཏོང་གི་ཡོད་པ་ངས་ཤེས་ཀྱི་ཡོད། ངས་ཁྱེད་ཀྱིས་བཟོས་པའི་ནོར་འཁྲུལ་ཡོ་བསྲང་བྱས་པའམ། ཡང་ན་ནོར་འཁྲུལ་གང་བཟོས་ཡོད་པ་ལ་གདོང་ལེན་བྱེད་དགོས་སྲིད་པ་ལས། སྐད་ལོག་རྒྱག་ན་དེ་ཇེ་སྡུག་ཏུ་གཏོང་གི་རེད། རེད་དམ་མ་རེད། ལྷག་པར་དུ་ཁྱེད་ལ་གཞན་གྱིས་མིང་ངན་འབོད་པ་དང་དམོད་མོ་བོར་བ་སོགས་བྱས་ན། དེས་ཀྱང་གནས་སྟངས་གང་ཡོད་པ་དེ་ལ་ཕན་ཐོགས་མེད་པ་ངེས་པ་རེད། བྱས་ཙང་། ང་ཚོས་བྱ་སྤྱོད་ངན་པ་མ་སྤེལ་གོང་ནས་དེ་འདྲའི་བྱ་བ་རྩོམ་རན་པའི་སྐབས་དེ་མ་ཐག་ཏུ་དེ་ལ་དོ་སྣང་སླེབས་ཐུབ་པ་བྱས་ཏེ་བཟང་སྤྱོད་ལྡན་པའི་རང་ཁྲིམས་སྲུང་ཐུབ་པ་བྱེད་རྒྱུ་དང་། དེར་ལྟར་ངང་ངམ་ཤུགས་ཀྱིས་བྱ་སྤྱོད་སྤེལ་བའི་སྐུལ་སློང་ཞིག་ཡོད་པ་སོང་ཙང། ང་ཚོས་དེ་དབྱེ་འབྱེད་བྱས་ནས། “དེས་ཕན་ཐོགས་གང་ཡང་བྱེད་མི་ཡོང།” ཞེས་དྲན་སྐུལ་ཐོག་སེམས་ཀྱི་སྐུལ་སློང་གི་དབང་འོག་ཏུ་མ་སོང་བར་རང་ཚོད་ཟིན་ཐུབ་པ་བྱེད་དགོས།

འདིར་ང་ཚོས་རང་གི་ཁོང་ཁྲོ་ནང་དུ་ཉར་ནས་དེས་ཁྱེད་རང་རིམ་པས་འཇོམས་པ་དང། ཁྱེད་ཀྱིས་ཁོང་ཁྲོ་དེ་ཕྱིར་མ་བཏོན་པར་ནང་དུ་བཟུང་ནས་སྡོད་དགོས་ཟེར་གྱི་མེད། ཐབས་ཤེས་དེ་འདྲ་མ་རེད། གལ་སྲིད་ང་ཚོས་དཀའ་ངལ་དེ་སྔར་གདོང་ལེན་བྱེད་ཐུབ་མེད་ན། དེ་ནང་དུ་ཕུང་གསོག་ཐེབས་ཀྱི་རེད། དེ་མི་གཞན་གྱི་ཐོག་ཏུ་འདོན་མི་རུང་། གྱང་ལ་ཁུ་ཚུར་རྡེག་ན་རང་ཉིད་ན་ཟུག་གཏོང་རྒྱུ་ལས་མེད་པས། དེ་ནི་གླེན་པའི་བྱེད་སྟངས་རེད། དེ་འདྲ་ཡིན་པ་སོང་ཙང་། དེ་ཐབས་ལམ་གཞན་བརྒྱུད་ནས་ཕྱིར་འདོན་དགོས། རེད་དམ་མ་རེད། སྔས་མགོ་ལ་ཁུ་ཚུར་རྡེག་པའམ། ཡང་ན་ཁྱེད་ཀྱི་ནང་གི་ཞ་ལ་ཚང་མ་ཁྲུས་པ་ལྟ་བུ་ “ཨ་མའི་ཤེས་རབ་” ཟེར་བའི་ཐབས་ལམ་དེ་འདྲ་པོ་བེད་སྤྱོད་བྱས་ནས་ཁོང་ཁྲོ་དང་སུན་སྣང་ཞི་ཐབས་བྱེད་དགོས། དོན་དངོས་ཐོག་ནང་ལས་ཧུར་པོ་བྱེད་པ་དང་། ཐག་རིང་དུ་རྒྱུག་ཤར་གློད་པ། ཡང་ན་ལུས་སྦྱོང་ཁང་ལ་ལུས་རྩལ་ཤུགས་ཆེ་སྦྱངས་ན་སུན་སྣང་ཅན་གྱི་ཁོང་ཁྲོའི་ནུས་པ་རྣམས་མེད་པ་བཟོ་རྒྱུར་ཕན་ཐོགས་ཡོད།

དྲན་པ་དང་ཏིང་ངེ་འཛིན།

གལ་སྲིད་ང་ཚོ་དེ་འདྲའི་བྱ་སྤྱོད་ཀྱི་ལམ་ལ་གོམས་འདྲིས་ཤུགས་ཆེ་རུ་སོང་ནས། ང་ཚོས་གནོད་བྱེད་ཀྱི་བྱ་སྤྱོད་རིགས་སྤེལ་བར་འདོད་པའི་སྐབས་རང་ཉིད་ཀྱིས་ལས་དེ་ལྟར་མི་བྱ་བའི་བཀག་འགོག་བྱེད་པ་ཡིན་ན། འདིའི་སྐབས་སུ་ང་ཚོས་གང་བེད་སྤྱོད་བྱེད་ཀྱི་ཡོད་དམ་ཟེར་ན། ང་ཚོས་ “ཆོས་རྣམ་པར་འབྱེད་པའི་རིག་པ་ (ཤེས་རབ་)” ཟེར་བ་དེ་བེད་སྤྱོད་བྱེད་ཀྱི་ཡོད། དེ་ཡང་ང་ཚོས་གང་ཞིག་གིས་ཕན་ཐོགས་ཡོད་པ་དང་གང་ཞིག་གིས་གནོད་ཀྱི་ཡོད་པའི་ལེགས་ཉེས་ཀྱི་རྣམ་པར་འབྱེད་པ་ལ་གཞི་བཅོལ་ནས་ཁོང་ཁྲོ་ནང་དུ་ཉར་བ་ཙམ་མ་ཡིན་པར། ང་ཚོ་ཞི་འཇམ་དུ་གནས་ཐུབ་པ་ཡིན། བྱས་ཙང་། ང་ཚོས་འདིར་གཙོ་བོ་གང་ལ་རྒྱུད་སྦྱོང་དང་གོང་འཕེལ་གཏོང་གི་ཡོད་ཟེར་ན། དེ་ནི་རྒྱུན་དུ་དབྱིན་སྐད་དུ་བསྒྱུར་བའི་ “mindfulness” (དྲན་པ་) སྟེ། དེའི་དོན་ནི་ “དྲན་གསོ་བྱེད་པའི་” དོན་རེད། དེ་ནི་སྒྲིག་ལམ་སྲུང་ཐུབ་པ་བྱེད་པའི་སེམས་ཀྱི་འབྱར་རྩི་ལྟ་བུ་རེད། དཔེར་ན། རང་གིས་གང་བྱེད་འདོད་ཡོད་པ་དང་། མི་ཚེའི་ནང་རང་གིས་གང་འདོད་པ། རང་གི་མི་ཚེའི་ནང་བྱ་སྤྱོད་ཇི་ལྟར་སྤེལ་འདོད་པ་སོགས་སེམས་ནང་བརྟན་པོ་བཟུང་ནས་མི་བརྗེད་པ་དེ་དྲན་པ་རེད། དེ་ནི་ “ཧུར་བརྩོན་དང་གྲུང་ཤ་དོད་པོའི་སྒོ་ནས་དྲན་གསོ་བྱེད་པ་” དང་ཚིག་དོན་གཅིག་པ་རེད།

བྱས་ཙང་། ང་ཚོས་ག་རེ་འབད་བརྩོན་བྱེད་ཀྱི་ཡོད་པ་ནི་ཏོག་ཙམ་སད་རྟོགས་ཆེ་བ་ཡོང་ཐབས་བྱ་རྒྱུ་དེ་རེད། “སངས་རྒྱས་” ཟེར་བའི་ཐ་སྙད་དེ་ཡང་དོན་ངོ་མར་ “ཡོངས་སུ་སངས་པའམ་སད་པའི་གང་ཟག་” ཅིག་ལ་གོ་བ་ཡིན། ང་ཚོས་མྱོང་བའི་སེམས་ཚོར་རྣམས་སད་ཐབས་བྱེད་པ་དང་། ཡང་ན་བྱ་སྤྱོད་འདི་འདྲ་བ་དང་དེ་འདྲ་བ་ཞིག་སྤེལ་བར་བྱེད་པའི་སེམས་ནང་ངང་ངམ་ཤུགས་ཀྱིས་སྐུལ་ཤུགས་ཡོང་གི་ཡོད་པ་རྣམས་གང་དང་གང་ཡིན་པ། དེ་དག་གི་བྲན་གཡོག་ཏུ་མི་སོང་བར། གོ་རྟོགས་ལྡན་པའི་སྒོ་ནས་ང་ཚོས་རང་གིས་བྱ་སྤྱོད་ལ་འདམ་ཀ་བྱེད་པའི་ནུས་པ་ཡོད་པ་ཤེས་དགོས། གལ་སྲིད་ང་རང་སེམས་ཁམས་མི་བདེ་བའམ་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་སྒང་ལ་ཡོད་ན། དེ་འགྱུར་བ་འགྲོ་ཐུབ་པ་དང་། རང་ཉིད་ཀྱིས་དེ་འགྱུར་བ་གཏོང་ཐབས་ཅིག་བྱེད་ཐུབ་པ་ཡིན།

སྐབས་རེ་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་ཡོད་པ་དེ་སེལ་བའི་ཐབས་ལམ་དེ་ལས་སླ་པོ་ཡོད། ཐབས་ལམ་ལས་སླ་ཤོས་ནང་གི་གཅིག་ནི། “འགྱུར་ལྡོག་སུན་སྣང་ཅན་གྱི་ཕྲུ་གུ་མ་འབྱར་དེ་གཉིད་ཁུག་ཏུ་འཇུག་དགོས།” ང་ཚོས་བྱིས་པ་མ་འབྱར་ཞིག་མ་ཉལ་ནས་རྒྱུན་རིང་པོར་ལྷག་སྟེ། མཐར་ “ཝཱ་ཝཱ་” ཞེས་རྟག་ཏུ་ངུ་འབོད་བྱེད་ཀྱི་ཡོད་པ་ནང་བཞིན་ཚོར་གྱི་ཡོད། རྒྱུན་དུ་ང་ཚོ་སེམས་ཁམས་ཀྱི་ཉམས་འགྱུར་ཡག་པོ་མེད་པའི་སྐབས་དེ་འདྲ་པོ་ཡོད། བྱས་ཙང་། མར་ཉལ་ནས་གཉིད་ཐུང་ཞིག་ཁུག་དགོས། གཉིད་སད་པའི་རྗེས་སུ་ནམ་རྒྱུན་ཚོར་སྣང་བཟང་བ་ཡོང་གི་ཡོད།

ཡང་ན་གལ་སྲིད་ཁྱེད་མི་གཞན་ཞིག་དང་འགལ་ཟླའི་དབང་གིས་མི་མཐུན་པ་བྱུང་ནས་གནས་སྟངས་དེ་ཚབས་ཆེན་པོ་ཆགས་ཡོད་ན། དེ་ནས་གནས་སྟངས་དེ་འདྲའི་ནང་ཁྱེད་ཀྱིས་ཤེས་གསལ་ལྟར། མི་གཞན་དེས་ཁྱེད་ལ་ཉན་འཇོག་རྩ་ནས་བྱེད་ཀྱི་མེད་པ་དང་། ཁྱེད་ཀྱིས་ཀྱང་གཞན་དེ་ལ་ཉན་འཇོག་བྱེད་ཐུབ་ཀྱི་མེད། དེ་འདྲ་སོང་ཙང་། ཕན་ཚུན་ལབ་གླེང་མཚམས་འཇོག་བྱས་ན་ཡག་ག་ཡོད། དཔེར་ན། “ང་ཚོ་གཉིས་ཀ་སེམས་ཞི་འཇམ་ཡོད་དུས་རྗེས་ལ་དེའི་སྐོར་སྐད་ཆ་ཤོད་ཆོག་” ཞེས་ལབ་ནས། ཏོག་ཙམ་ཕྱི་ལོགས་ལ་འཆམ་འཆམ་ལ་འགྲོ་བའམ། ཡང་ན་ཐབས་ཤེས་བཙལ་ནས་སེམས་ཞི་ཐབས་བྱེད་དགོས།

འདི་ཚོ་ནི་ཐབས་ཤེས་ལས་སླ་པོ་ཤ་སྟག་རེད། ནང་ཆོས་ནང་དེ་ལས་ཀྱང་གཏིང་ཟབ་པའི་ཐབས་ཤེས་འདྲ་མིན་སློབ་སྟོན་བྱས་ཡོད། འོན་ཀྱང་འདི་ནི་གོམ་པ་དང་པོ་འདྲ་པོ་རེད། ང་ཚོས་ཐོག་མར་འགོ་འཛུགས་བྱེད་དུས་དངོས་སུ་ང་ཚོས་ལག་བསྟར་བྱེད་ཐུབ་པའི་ཐབས་ཤེས་ཁག་བེད་སྤྱོད་བྱེད་དགོས། འོན་ཀྱང་རྩ་བའི་དོན་དག་དེ་ཧ་ཅང་གལ་ཆེན་པོ་རེད། རྩ་བའི་དོན་དེ་ནི་དཀའ་ངལ་གྱི་རྒྱུ་རྐྱེན་གང་ཡིན་པ་བལྟ་རྒྱུ་དང་། དཀའ་ངལ་དེ་ལས་ཐར་ཡག་གི་འབད་བརྩོན་བྱེད་དགོས་ཀྱི་ཡོད། དཀའ་ངལ་མྱོང་མཁན་རང་ཡིན་བསམས་ནས་སྡོད་རྒྱུ་མེད་པར། རང་གི་མི་ཚེའི་ནང་གང་འབྱུང་བཞིན་ཡོད་པ་དེ་དག་ལ་སྟངས་འཛིན་བྱེད་ཐུབ་པ་དགོས།

གལ་སྲིད་ང་ཚོས་དྲན་པ་གོང་འཕེལ་གཏོང་བ་བརྒྱུད་རང་གི་བྱ་སྤྱོད་གང་ཞིག་གིས་ཕན་ཐོགས་ཡོད་པ་དང་གང་ཞིག་གི་གནོད་ཀྱི་ཡོད་པའི་ཐད་གོ་རྟོགས་རྙེད་ཐུབ་པ་དང་། གལ་སྲིད་ང་ཚོས་གནས་ཚུལ་གང་ཞིག་འབྱུང་བཞིན་པར་དོ་སྣང་བྱེད་ཐུབ་པ་དང་། རང་ཉིད་ཀྱིས་དེར་ཇི་ལྟར་བྱ་སྤྱོད་སྤེལ་བ་དང་བཟོ་བཅོས་གཏོང་དགོས་མིན་དྲན་གསོ་གཏོང་དགོས་པ་དང། ཡང་གལ་སྲིད་ང་ཚོས་དེ་ལྟར་བྱེད་ཀྱི་མེད་ན་ཡོ་བསྲང་བྱེད་དགོས་པ་དང། དེ་ག་ནང་བཞིན་ང་ཚོས་རང་གི་ལུས་ཀྱི་བྱ་སྤྱོད་སྤེལ་སྟངས་དང་། ངག་གི་སྐད་ཆ་ཤོད་སྟངས་ཤེས་པ་ཡིན་ན། དེ་ནས་ང་ཚོས་རང་གི་སེམས་ནང་གང་བསམས་པ་ནང་བཞིན་བྱེད་ཐུབ་པའི་ནུས་པ་བསྐྲུན་ཚར་བ་རེད།

བྱས་ཙང་། ང་ཚོའི་སེམས་ནང་སེམས་ཁྲལ་གྱི་བསམ་བློའི་རྒྱུན་ཞིག་འགོ་འཛུགས་པའམ། ཡང་ན་ “ང་དེ་འདྲའི་ཡ་ང་བ་ལ། ང་ལ་སུས་ཀྱང་དགའ་པོ་བྱེད་མཁན་མི་འདུག་” ཅེས་དེ་འདྲ་བའི་བསམ་བློའི་རྒྱུན་ཡོད་པའི་སྐབས། ང་ཚོས་དེའི་ལན་དུ། “ཡ། ང་རང་འདི་འདྲ་བའི་རང་གིས་རང་ལ་ཡ་ང་སྙིང་རྗེ་དང་། སེམས་ཁྲལ་ལ་སོགས་པའི་བསམ་བློའི་འགྲུལ་བཞུད་དེ་འདྲ་བྱེད་འདོད་མེད། དེས་རང་ཉིད་སེམས་མི་སྐྱིད་པ་བཟོ་གི་རེད།” ཅེས་རང་ལ་དྲན་གསོ་བཏང་ནས། རང་གི་དམིགས་གཏད་བྱེད་ཡུལ་དེ་བཟང་ཕྱོགས་སུ་སླར་གཏད་ཐུབ་པ་དགོས། མར་བསྡད་ནས་སེམས་ཁྲལ་ཁོ་ན་བྱེད་པ་ལས་རང་གི་ལུས་སེམས་ཀྱི་ཐོག་ནས་དེ་ལས་བཟང་བའི་ལས་མང་པོ་ང་ཚོས་བྱེད་ཐུབ། ང་ཚོས་སེམས་ཁྲལ་བྱས་ནས་སྡོད་པའི་སྐབས་ལྟ་བུ། ཐམས་ཅད་དེ་འདྲའི་ཞེད་སྣང་ཚ་པོ་ཡོད་པའི་གནས་སྟངས་ཀྱི་མཐོང་ཚུལ་འཛིན་རྒྱུ་ཕར་བཞག་ནས། ང་ཚོས་བཟང་ཕྱོགས་ཀྱི་བསམ་བློ་མང་པོ་གཏོང་ཐུབ། གང་ཡིན་ཟེར་ན། ཁྱེད་ཀྱིས་ཤེས་གསལ་ལྟར། ང་ཚོས་འདིར་རྩེ་གཅིག་པའི་ཏིང་ངེ་འཛིན་གོང་འཕེལ་གཏོང་ཐབས་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་སེམས་རྣམ་གཡེང་གི་གཞན་དབང་དུ་སོང་ན། སླར་ཡང་ཚུར་དོ་སྣང་བྱེད་ཐུབ་ཀྱི་ཡོད།

དཔེ་ཆ་བཞག་ན། ང་ཚོས་མི་གཞན་ཞིག་དང་མཉམ་དུ་སྐད་ཆ་ཤོད་བཞིན་པའི་སྐབས་སེམས་རྣམ་གཡེང་དབང་དུ་ཤོར་འགོ་འཛུགས་ཀྱི་ཡོད། དེའི་སྐབས་ཡིན་གཅིག་མིན་གཅིག་སེམས་ཁྲལ་ཡིན་མི་དགོས་པར། གནད་དོན་གཞན་ལའང་རྣམ་གཡེང་ཤོར་སྲིད་པ་རེད། དཔེར་ན། “ཁོང་ཚོས་ག་དུས་སྐད་ཆ་ཤོད་མཚམས་འཇོག་གམ།” ཡང་ན་ “ང་རང་དགོང་མོའི་ཁ་ལག་ག་རེ་ཟ་དགོས་སམ།” ཞེས་བསམ་པ་སོགས་ག་རེ་ཡིན་ནའང་ཡོང་སྲིད་པ་རེད། དེ་ལ་བརྟེན་ནས་ང་ཚོས་མི་གཞན་དེ་ལ་དོ་སྣང་བྱེད་མཚམས་འཇོག་པའམ། ཡང་ན་རང་གི་སེམས་ནང་། “ཁོང་ཚོས་གང་ལབ་པ་དེ་ཆོ་མེད་པ་དང་གླེན་པའི་སྐད་ཆ་རང་རེད།” ཅེས་རང་ཉིད་ཀྱི་སེམས་ནང་དེ་ལྟར་འགྲེལ་བཤད་རྒྱག་བསྡད་ཀྱི་ཡོད། དེའི་རིགས་ཡོང་དུས་ང་ཚོས་རང་གི་དོ་སྣང་མི་བརླག་པར་བྱས་ནས་ཁོང་ཚོས་གང་ལབ་པ་དེ་ལ་དོ་སྣང་སྤྲད་ནས་ཉན་དགོས་ཀྱི་ཡོད།

དེ་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་དངོས་སུ་ལག་བསྟར་བྱེད་པ་ཞིག་རེད། ཡིན་ནའང་དེ་ལྟར་ཡོང་བར་རང་ཉིད་བཅུན་ཐུབ་པའི་ཚུལ་ཁྲིམས་དགོས། ང་ཚོས་ཚུལ་ཁྲིམས་དེ་ཡང་། ཐོག་མར་ལུས་དང་ངག་གི་སྤྱོད་ལམ་གྱི་ཐོག་ནས་གོང་འཕེལ་གཏོང་དགོས། དེ་ལྟ་བུའི་ཐབས་རྩལ་དེ་ཁྱེད་ཀྱིས་གོང་འཕེལ་གཏོང་བའི་སྐབས། དེས་རང་གི་དོ་སྣང་དམིགས་པའི་ཐོག་ཚུར་སྤྲོད་ཐུབ་པ་དང་། ནོར་འཁྲུལ་གྱི་རིགས་གང་རུང་བཅོས་ཐུབ་པའི་རྩལ་དང་ལྡན་པ་ཆགས་ནས། ཁྱེད་ཀྱིས་དེ་གནས་སྟངས་འདྲ་མིན་གྱི་ནང་བེད་སྤྱོད་བྱེད་ཆོག་པ་ཡིན། དེ་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད། དཔེ་ཆ་བཞག་ན། ཁྱེད་ཀྱིས་རང་ཉིད་ཀྱི་ལུས་ཀྱི་སྟངས་ཀ་གང་འདྲ་ཉར་ཡོད་མེད་ལ་དྲན་པ་བསྟེན་རྒྱུ་འགོ་བཙུག་གི་ཡོད། གལ་སྲིད་ཁྱེད་ཀྱི་དཔུང་པ་གཉིས་མཁྲེགས་པོ་དང་དམ་པོས་དོ་སྣང་བྱེད་པ་དང་། ཁྱེད་ཀྱི་འཇིང་པ་དམ་པོ་དང་མི་བདེ་བ་བྱུང་བའི་སྐབས་སུ། གལ་སྲིད་ཁྱེད་ཀྱིས་དྲན་ཤེས་ལྡན་པའི་ཐོག་ནས་དེ་འདྲ་ཡོད་པ་དོ་སྣང་བྱུང་ན། ཁྱེད་ཀྱིས་དཔུང་པ་མར་ཏག་ཏག་བཞག་ནས་ལྷོད་ལྷོད་བྱེད་དགོས། དེ་ནི་གཙོ་བོ་དོ་སྣང་དང་དྲན་པའི་ཐད་ལ་གང་བྱེད་དགོས་མིན་ཤེས་པ་ལ་རག་ལུས་ཡོད། ཡང་ན་ཁྱེད་རང་ཧ་ཅང་སྤྲོ་སེམས་ཀྱིས་འཁོལ་ནས་ཚ་གི་ཚི་གི་ཆགས་པའི་གནས་སྟངས་ཤིག་གི་ནང་། ཁྱེད་ཀྱིས་མི་གཞན་ཞིག་ལ་སྐད་ཤུགས་ཆེན་པོ་དང་བཙན་ཤུགས་ཆེན་པོས་སྐད་ཆ་ཇེ་མང་ནས་ཇེ་མང་བཤད་པ་ཡིན་ན། དེ་ནི་གནས་སྟངས་དེར་ཧ་ཅང་གི་རན་པོ་མེད་པ་རེད། ཁྱེད་ཀྱིས་དེ་ལ་དོ་སྣང་བྱུང་བ་དང་འགྱུར་བཅོས་གཏོང་དགོས། རང་གི་དཔུང་པ་མར་ལྷོད་དུ་བཏང་བ་ནང་བཞིན་སྔོན་ལ་རང་ཉིད་ཀྱི་སེམས་ཞི་འཇམ་བཟོ་དགོས། འོན་ཀྱང་ཁྱེད་ཀྱིས་ནུས་པའི་རིམ་པ་ཞིག་གམ་སེམས་ཚོར་གྱི་རིམ་པའི་ཐོག་ནས་དེ་ལྟར་བྱེད་དགོས།

འདི་ནི་ཆོས་ཀྱི་ཐབས་ལམ་འདི་དག་མི་ཚེའི་ནང་ཁྱེད་ཀྱིས་ལག་བསྟར་གང་འདྲ་བྱེད་དགོས་མིན་གྱི་གསང་བའི་ཐབས་ཆ་ཚང་བ་དེ་རེད། དེ་དག་དྲན་པ་བྱས་ནས་སྒྲིག་ལམ་འདང་ངེས་ལྡན་པའི་ཐོག་ནས་ལག་ལེན་དུ་བསྟར་ཐུབ་པ་བྱེད་དགོས། ཁྱེད་ཀྱིས་དེ་ལྟར་བྱེད་དགོས་དོན་ནི། རང་ཉིད་ཡག་པོ་བྱེད་འདོད་ཡོད་པའམ། ཡང་ན་རང་གི་དགེ་རྒན་དགའ་པོ་ཡོང་བའི་བསམ་བློ་དེ་འདྲ་གང་ཡང་མ་ཡིན་པར། ཁྱེད་ཀྱིས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི། རང་ཉིད་ལ་དཀའ་ངལ་དང་སྡུག་བསྔལ་གྱིི་རིགས་སྤོང་འདོད་ཡོད་པས་རེད། གང་ཡིན་ཟེར་ན། གལ་སྲིད་ཁྱེད་ཀྱིས་དེའི་ཐད་ལ་གང་ཡང་མ་བྱས་ན། ཁྱེད་ཀྱིས་རང་ཉིད་ཡ་ང་བའི་གནས་སུ་ལྷུང་བར་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོད། དེ་ལྟར་ཆགས་ན་སྐྱིད་པོ་མེད། སྐྱིད་པོ་ཞིག་ཡོད་དམ། བྱས་ཙང་། ང་ཚོས་རང་ཉིད་ཀྱི་སྒྲིག་ལམ་ལམ་ཚུལ་ཁྲིམས་དེ་སེམས་ནང་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། ཐ་ན་སོ་སོའི་ཚོར་བ་ལ་གདོང་ལེན་བྱེད་སྟངས་ཐད་ལའང་ལག་བསྟར་བྱེད་དགོས། ཚོར་བ་དང་འབྲེལ་བའི་ཐོག་ནས་བཤད་ན། དེ་ནི་གལ་ཆེ་བ་དང་དཀའ་ངལ་ཆེ་བ་ཡོད་པ་བཤད་མི་དགོས་པ་རེད། འོན་ཀྱང་ངས་བཤད་ཟིན་པ་ལྟར། གལ་སྲིད་ཁྱེད་རང་ཚད་ལས་བརྒལ་བའི་སྤྲོ་སེམས་ཀྱིས་ཚ་གི་ཚི་གི་ཆགས་ན། ཁྱེད་ཀྱིས་སེམས་ལྷོད་དུ་གཏོང་ཐུབ།

ཡང་དག་པའི་གོ་རྟོགས། ༼ཤེས་རབ།༽

ཁྱེད་ཀྱི་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་ཐབས་ཤེས་གོང་འཕེལ་གཏོང་བའམ། ཉུང་མཐར་ཡང་གནས་རིམ་ངེས་ཅན་བར་དུ་དེ་ལྟར་གོང་འཕེལ་གཏོང་ཐུབ་པ་ཡིན་ན། དེ་ནས་ཁྱེད་ཀྱིས་དངོས་སུ་དམིགས་པ་རྩེ་གཅིག་ཏུ་གཏད་འདོད་པ་དེ་ནི་གནས་ཚུལ་གང་འཕྲད་བཞིན་པ་དེ་ལ་ཡང་དག་པའི་གོ་རྟོགས་དང་ལྡན་པ་བྱེད་རྒྱུ་དེ་རེད། ང་ཚོར་དངོས་པོའི་གནས་ལུགས་ཐད་ལ་རྨོངས་པ་སྣ་ཚོགས་ཡོད། དཔེར་ན། ང་ཚོ་ཇི་ལྟར་འཚོ་གནས་བྱེད་པའི་སྐོར་དང་། མི་གཞན་རྣམས་ཇི་ལྟར་འཚོ་གནས་བྱེད་པའི་སྐོར། འཛམ་གླིང་འདི་ཇི་ལྟར་གནས་ཡོད་པའི་སྐོར་ལྟ་བུ་རེད། རྨོངས་པ་དེ་ལ་བརྟེན་ནས་གང་དངོས་ཡོད་དང་བདེན་པ་མིན་པའི་ཐད་ང་ཚོར་རྟོག་པའི་འཆར་སྣང་སྣ་ཚོགས་ཡོད་པ་རེད། རེད་དམ་མ་རེད། ང་ཚོས། “ང་ཡག་པོ་མེད། ང་འཇོན་ཐང་མེད་མཁན་དང་ཕམ་ཁ་ཤོར་མཁན་ཞིག་ཡིན་” པའི་འཆར་སྣང་འཛིན་ཆོག་ལ། ཡང་ན་ང་ཚོས། “ང་འཛམ་གླིང་འདིའི་ནང་ཆེས་ཁྱད་དུ་འཕགས་པའི་མི་ཡིན།” ཞེས་འཆར་སྣང་འཛིན་ཆོག།།དེ་ག་ནང་བཞིན་ང་ཚོས། “ང་ཡ་ང་བ་དང་ཐབས་སྐྱོ་བ་ལ། མི་སུ་གཅིག་གིས་ཀྱང་ང་ལ་དགའ་པོ་བྱེད་ཀྱི་མི་འདུག” །ཅེས་ཀྱང་འཆར་སྣང་དུ་འཛིན་ཆོག་པ་ཡིན། འོན་ཀྱང་གལ་སྲིད་ང་ཚོས་རང་གི་མི་ཚེའི་ནང་གི་མི་ཚང་མར་དཔྱད་པ་བྱས་ན། དེ་ནས་རང་གི་ཨ་མས་ང་ལ་དགའ་པོ་ནམ་ཡང་བྱས་མེད་པ་དང་། ངའི་ཁྱི་ཡིས་ང་ལ་དགའ་པོ་ནམ་ཡང་བྱས་མེད་པ། སུ་གང་ཞིག་གིས་ཀྱང་ང་ལ་དགའ་པོ་བྱས་མེད་པའི་དོན་འདྲ་པོ་ཆགས་ཀྱི་ཡོད། དེ་འདྲ་རྩ་བ་ནས་བདེན་པ་མ་རེད།

དེ་འདྲ་ཡིན་པ་སོང་ཙང་། ང་ཚོས་རྣམ་རྟོག་གི་འཆར་སྒོ་འདི་ཚོ་བསྐྲུན་ཏེ། དེ་དག་བདེན་པ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ཧ་ཅང་གི་འཇིགས་སུ་རུང་བ་ཞིག་རེད། དཔེར་ན། ང་ཚོ་ལས་དོན་ཆེད་འབྱོར་ཡག་ཕྱི་དྲགས་ན་འགྲིག་པ་དང་། ཡང་ན་ཐུག་འཕྲད་དུས་ཚོད་ལ་མི་འགྲོ་བ་ཡིན་ན། དེ་ནི་ཁྱད་པར་གང་ཡང་མེད་པའི་ཡིད་ཆེས་བྱས་ནས། “ཁྱེད་ལ་ཚོར་བ་མེད་པ་རེད་དམ།” ཞེས་དང་། དེ་ནས་ང་ཚོས་གཞན་ལ་བསམ་ཤེས་གང་ཡང་མེད་པ་ཆགས་ཀྱི་ཡོད། འོན་ཀྱང་རང་ཉིད་ལ་ཚོར་བ་ཡོད་པ་ནང་བཞིན་མི་ཚང་མར་ཚོར་བ་ཡོད། མི་སུ་གཅིག་ཀྱང་གཞན་གྱིས་ཡ་མེད་དང་སྣང་ཆུང་གཏོང་བར་འདོད་ཀྱི་མེད། མི་སུ་ཞིག་གཅིག་ཀྱང་ཐུག་འཕྲད་དུས་ཆོད་བཟོས་རྗེས་མི་གཞན་དེས་ཁ་པར་མི་གཏོང་བའམ། ཡང་ན་ཕྱི་པོ་སླེབས་པ་སོགས་འདོད་ཀྱི་མེད། མི་སུ་གཅིག་ཀྱང་དེ་ལ་དགའ་པོ་བྱེད་ཀྱི་མེད། བྱས་ཙང་། ང་ཚོའི་ངོས་ནས་གང་བྱེད་དགོས་སམ་ཟེར་ན། ང་ཚོས་རྩེ་གཅིག་པའི་ཏིང་ངེ་འཛིན་བེད་སྤྱོད་བྱས་ཏེ་རྟོག་པའི་འཆར་སྒོ་དེ་དག་མེད་པ་བཟོས་ནས། ཆོ་མེད་པའི་འཆར་སྣང་དེ་ཚོ་ཚང་མ་མཚམས་འཇོག་བྱེད་དགོས་ཀྱི་ཡོད། དཔེ་ཆ་བཞག་ན། ང་ཚོའི་བསམ་ཤེས་མེད་པའི་བྱ་སྤྱོད་དེས་གཞན་ལ་མི་གནོད། གང་ཡིན་ཟེར་ན། དེ་ནི་ང་ཚོའི་དཀའ་ངལ་རྣམས་ཀྱི་མཐར་ཐུག་གི་འབྱུང་རྩ་དེ་རེད། “ང་ནི་འཛམ་གླིང་གི་ལྟེ་བ་དེ་ཡིན། ག་དུས་ཡིན་ཀྱང་ངའི་འདོད་པ་ལྟར་བྱེད་དགོས། ང་མི་གལ་ཆེ་ཤོས་དེ་རེད།” ཟེར་བ་ལྟ་བུ་ནི། རྣམ་རྟོག་གི་འཁྲུལ་སྣང་ཞིག་ཡིན་པ་གསལ་པོ་རེད། མི་སུ་གཅིག་ཀྱང་གལ་ཆེ་ཤོས་མ་རེད། འོན་ཀྱང་ང་ཚོའི་རྣམ་རྟོག་གི་འཆར་སྒོ་ལ་གཞི་བཞག་ན་དེ་བདེན་པར་སྣང་བ་དང་། ང་ཚོ་རང་འདོད་དོན་གཉེར་ཅན་ཡིན་པ་སྟོན་གྱི་ཡོད། གལ་སྲིད་ང་ཚོ་རང་འདོད་དོན་གཉེར་ལས་ཐར་འདོད་ཡོད་ན། རྟོག་འཆར་དེ་མེད་པ་བཟོས་ནས་དེའི་འཆར་སྣང་མཚམས་འཇོག་བྱེད་དགོས། གལ་སྲིད་ཁྱེད་ཀྱིས་རང་ཉིད་འཛམ་གླིང་གི་ལྟེ་བ་དང་གལ་ཆེ་ཤོས་སུ་མཐོང་བ་དང་། རང་ཉིད་གཅིག་པུ་གནས་ཡོད་པར་ (དེའི་རྒྱུ་མཚན་ནི། ངས་མིག་གཉིས་བཙུམས་པའི་སྐབས་སེམས་ནང་སྒྲ་སྐད་འདི་ཡོད་པ་ལས། ངས་གཞན་སུ་གཅིག་ཀྱང་མཐོང་གི་མེད། བྱས་ཙང་། ང་རང་གཅིག་པུ་འཚོ་གནས་བྱེད་མཁན་དེ་ཡིན་པ་འདྲ་པོ་སྣང་གི་ཡོད།) ངོས་འཛིན་བྱས་པའི་དབང་དུ་བཏང་ན་ཡང་། ང་ཚོས་འདི་ནི་འཁྲུལ་སྣང་ཞིག་ཡིན་པ་དྲན་དགོས་ཤིང། དེ་ལ་ཡིད་ཆེས་མི་བྱེད་པའི་འབད་བརྩོན་བྱས་ཏེ། “དེ་ནི་དེ་འདྲ་ཞིག་མ་རེད། དེ་ནི་དེ་འདྲ་སྣང་གི་ཡོད་རེད།” ཅེས་དྲན་སྐུལ་གཏོང་དགོས་པ་ཡིན།

དེ་འདྲའི་ཡང་དག་པའི་གོ་རྟོགས་རྒྱུན་དུ་གནས་པ་ནི་ལམ་དངོས་སམ་ལམ་གྱི་བདེན་པ་དེ་ཡིན། དེ་ནི་ང་ཚོའི་དཀའ་ངལ་རྣམས་དངོས་སུ་འགོག་ཐབས་ཀྱི་ལམ་ཡིན་ཞེས་སངས་རྒྱས་ཀྱིས་གསུངས་ཡོད། གལ་སྲིད་ང་ཚོར་དེ་འདྲའི་ཡང་དག་པའི་གོ་རྟོགས་རྟག་ཏུ་ཡོད་ན། ང་ཚོར་རྨོངས་པའི་རིགས་གང་ཡང་མེད་ངེས་རེད། གལ་སྲིད་ང་ཚོར་རྨོངས་པ་མེད་ན། ང་ཚོར་ཁོང་ཁྲོ་མེད་ལ། ཆགས་སེམས་དང་འདོད་རྔམ་ལ་སོགས་པ་གང་ཡང་མེད་ངེས་རེད། གལ་སྲིད་ང་ཚོར་དེ་འདྲ་བའི་ཉོན་མོངས་གང་ཡང་མེད་ན། ང་ཚོས་གནོད་བྱེད་ཀྱི་བྱ་སྤྱོ་ངན་པ་སྤེལ་གྱི་མ་རེད། དེ་ལྟར་གལ་སྲིད་ང་ཚོས་གནོད་བྱེད་ཀྱི་བྱ་སྤྱོད་མ་སྤེལ་ན། ང་ཚོས་རང་གཞན་གཉིས་ཀར་དཀའ་ངལ་འདྲ་མིན་བཟོ་གི་མ་རེད། དེ་ནི་མི་ཚེའི་ནང་གི་དཀའ་རྙོག་ཁག་ལ་གདོང་ལེན་བྱེད་ཚུལ་གྱི་ནང་པའི་གཞི་རྩའི་ཐབས་ལམ་རེད།

གལ་སྲིད་ང་ཚོར་འབྲེལ་ལམ་སྐྱིད་པ་དང་བཟང་བ་ཞིག་དགོས་ན། ང་ཚོས་ངོས་འཛིན་བྱེད་དགོས་པའི་གནད་དོན་ཁག་ནི།

  • ང་རང་འགྲོ་བ་མི་ཞིག་ཡིན། ཁྱེད་ཀྱང་འགྲོ་བ་མི་ཞིག་རེད། ང་ཚོ་ཚང་མར་ཚོར་བ་ལ་སོགས་པ་གཅིག་པ་ཡོད།
  • མི་ཚང་མ་ལ་ལེགས་པའི་ཆ་དང་ཉེས་པའི་ཆ་རེར་ཡོད་པ་རེད། ང་ལ་དེ་གཉིས་ཀ་ཡོད་པས། ཁྱེད་ལའང་ཡོད།
  • མི་སུ་ཞིག་ཡིན་ཀྱང་ཅང་ཤེས་རྟ་དཀར་བཞོན་ཞིང་ཡིད་དུ་འོང་བའི་རྒྱལ་སྲས་ཤིག་གམ། ཡང་ན་སྲས་མོ་ཞིག་མ་རེད་བཅས་པའི་གནད་དོན་རྣམས་ངོས་འཛིན་བྱེད་དགོས།

དེ་འདྲ་བའི་གཟུགས་བརྙན་དེ་ཁྱེད་ཀྱི་སྒྲུང་གི་ནང་དུ་ཡོད་དམ། ང་ཚོས་ག་དུས་ཡིན་ཀྱང་ཟླ་གྲོགས་སྐྱོན་བྲལ་ཡང་དག་ཞིག་འཚོལ་གྱི་ཡོད། ཅང་ཤེས་རྟ་དཀར་ཐོག་བཞོན་མཁན་གྱི་མི་དེ་འཚོལ་གྱི་ཡོད། འོན་ཀྱང་དེ་ནི་ལྷ་སྒྲུང་ཞིག་རེད། དེ་དངོས་སུ་མེད། འོན་ཀྱང་ང་ཚོས་འཆར་སྣང་དེ་འཛིན་གྱི་ཡོད། ལྷ་སྒྲུང་དེ་ལ་ཡིད་ཆེས་བྱས་པར་བརྟེན། ང་ཚོས་རྒྱལ་སྲས་ཡང་ན་སྲས་མོ་རེད་བསམ་གྱི་ཡོད། ཁོང་ཚོ་དེ་འདྲ་མེད་ན། ང་ཚོས་ཁོང་ཚོར་ཁོང་ཁྲོ་ཟ་གི་ཡོད་པ་དང་། སྐབས་རེ་ཁོ་ཚོར་ཐ་ན་ངོས་ལེན་བྱེད་ཀྱི་མེད། དེ་ནས་ང་ཚོས་རང་གི་ཟླ་གྲོགས་སུ་ཡོང་སྲིད་པའི་མི་གཞན་ཞིག་ང་ཚོས་ཐུག་འཕྲད་དང་། ཁོ་པ་ཡང་ན་ཁོ་མོ་རྒྱལ་སྲས་ཡང་ན་སྲས་མོ་དེ་ཡིན་པའི་འཆར་སྣང་འཛིན་གྱི་ཡོད། འོན་ཀྱང་ང་ཚོས་རྒྱལ་སྲས་ཡང་ན་སྲས་མོ་དེ་ནམ་ཡང་རྙེད་ཀྱི་མ་རེད། གང་ཡིན་ཟེར་ན། དེ་འདྲ་དངོས་གནས་རྩ་བ་ནས་མེད།

གལ་སྲིད་ང་ཚོར་འབྲེལ་ལམ་བཟང་པོ་ཞིག་འདོད་ན། ང་ཚོས་དངོས་པོའི་གནས་ལུགས་ལ་ཁས་ལེན་བྱེད་དགོས་ཀྱི་ཡོད། དངོས་པོའི་གནས་ལུགས་ནི་ངས་གོང་དུ་ཞུས་པ་ནང་བཞིན། མི་ཚང་མར་ལེགས་པའི་ཆ་དང་ཉེས་པའི་ཆ་ཡོད་པ་རེད། ང་ཚོས་གང་འདྲ་བྱས་ཀྱང་མཉམ་དུ་འཚོ་གནས་ཐུབ་པ་བྱེད་དགོས་པ་དང་། མི་སུ་གཅིག་ཀྱང་འཇིག་བརྟེན་གྱི་ལྟེ་བ་དང་གཙོ་བོ་དེ་མ་རེད། ཆོས་གང་རུང་ངམ་ཡང་ན་འགྲོ་བ་མིའི་བདེ་སྡུག་དང་འབྲེལ་བའི་ལྟ་གྲུབ་རིགས་དེ་དག་གི་ནང་གསལ་བའི་སྤྱི་ཡོངས་ཀྱི་ཆོས་དང་བསླབ་བྱ་ནི། སེམས་པ་བཟང་པོ་དང་། གཞན་ལ་བསམ་ཤེས་ལྡན་པ། བྱམས་བརྩེ་ལྡན་པ་སོགས་བྱེད་དགོས་པ་མ་ཟད། དེ་བཞིན་བཟོད་པ་དང་ལྡན་ཞིང་། གཏོང་ཕོད་ཆེ་བ། བཟོད་གསོལ་ལྡན་པ་བཅས་དགོས་པ་གསུང་གི་ཡོད། ཆོས་ལུགས་ཡོད་དོ་ཅོག་དང་འགྲོ་བ་མིའི་བདེ་སྡུག་དང་འབྲེལ་བའི་ལྟ་གྲུབ་ཚང་མས་སློབ་སྟོན་གཅིག་པ་བྱེད་ཀྱི་ཡོད་པ་ནང་བཞིན། ནང་ཆོས་ཀྱིས་ཀྱང་དེ་ལྟར་བྱེད་ཀྱི་ཡོད།

རྩ་དོན་དེ་དག་ང་ཚོའི་ལས་ཀའི་འབྲེལ་ལམ་ནང་ལ་ཡང་གཅིག་པ་ལག་བསྟར་བྱེད་ཀྱི་ཡོད། གལ་སྲིད་ཁྱེད་ཀྱིས་ལས་ཁུངས་ནང་རང་དང་མཉམ་དུ་ལས་ཀ་བྱེད་མཁན་ལ་སེམས་པ་བཟང་པོ་བྱས་ན། (ཡང་ན་ཁྱེད་ཀྱིས་གཞན་ལས་མིར་གླ་གི་ཡོད་པ་དང་། ལས་བྱེད་པ་རྣམས་ལ་སེམས་པ་བཟང་པོ་བྱེད་ཀྱི་ཡོད་ན།) ཚོང་ལས་ཆ་ཚང་ཚགས་ཚུད་པོའི་ངང་འགྲོ་གི་རེད། གལ་སྲིད་ཁྱེད་ཚོང་ཁང་ཞིག་གི་ནང་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཁྱེད་ཀྱིས་འཛད་སྤྱོད་པའམ་ཚོང་ཤག་རྣམས་ལ་སེམས་པ་བཟང་པོ་དང་་དགའ་པོའི་ཐོག་ནས་བསྟུན་མཁས་པོ་བྱེད་ན། ཁོར་ཡུག་ཆ་ཚང་དེ་བས་སྐྱིད་པ་ཡོད། མ་རེད་དམ། ཡང་གལ་སྲིད་མི་ཞིག་རང་གི་ཚོང་ལས་སོགས་གང་བྱས་ཀྱང་དྲང་པོ་དྲང་གཞག་དང། གཞན་ལ་མགོ་སྐོར་མི་གཏོང་བ་ལ་སོགས་པ་ལྟ་བུ་ཡོད་ན། ཐམས་ཅད་ཚགས་ཚུད་པ་དང་རྦད་དེ་བཟང་བ་ཡོད། དེས་ང་ཚོས་ཁེ་སང་བཟོས་ནས་འཚོ་བའི་ཡོང་འབབ་བཟོ་ཐབས་བྱེད་མི་རུང་ཟེར་གྱི་མེད། འོན་ཀྱང་དེའི་གནད་དོན་གཙོ་བོ་ནི་དེ་དག་ལ་འདོད་རྔམ་བྱེད་མི་རུང་བ་དེ་ཡིན།

ཡང་གཞན་གྱིས་ང་ཚོར་མགོ་སྐོར་བཏང་ན། གང་ཡིན་ཟེར་ན། མི་ཚང་མས་གོང་དུ་བརྗོད་པ་ནང་བཞིན་དྲང་པོ་དྲང་གཞག་བྱེད་ཀྱི་མེད། དེར་བརྟེན་ཁྱེད་ཀྱིས་རེ་བ་ག་རེ་བྱེད་ཀྱི་ཡོད་དམ། ནང་པའི་ལྟ་ཚུལ་ངོས་ནས་བཤད་ན། ང་ཚོས་མི་དེ་ཚོ་སྡུག་ཅག་རེད་ཅེས་མི་ཟེར་བར། ཁོང་ཚོ་རྨོངས་པ་རེད་ཟེར་གྱི་ཡོད། ཁོང་ཚོས་རང་ཉིད་ཀྱི་བྱ་སྤྱོད་དེ་ལྟར་སྤེལ་བ་དེས་རང་ལ་དཀའ་ངལ་མང་དུ་གཏོང་གི་ཡོད་པ་མགོ་ཚོད་ཀྱི་མེད། མི་སུ་གང་གིས་ཀྱང་ཁོང་ཚོར་དགའ་པོ་མི་བྱེད་པ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ཚོ་ནི་སྙིང་རྗེ་བྱ་ཡུལ་ཞིག་ཡིན་པ་ལས་ཁོང་ཁྲོ་ཟ་ཡུལ་ཞིག་མ་རེད། གལ་སྲིད་ང་ཚོས་ཁོང་ཚོ་སྙིང་རྗེ་བྱ་ཡུལ་དུ་བལྟས་ནས་ཁོང་ཚོར་བཟོད་སྒོམ་བྱེད་ཐུབ་པ་ཡིན་ན། ཁོང་ཚོས་ང་ཚོར་མགོ་སྐོར་བཏང་བའི་སྐབས་ང་ཚོར་སེམས་ཚོར་གྱི་ཆ་ནས་སྡུག་བསྔལ་མྱོང་གི་མ་རེད། རྗེས་ལ་ཡང་བསྐྱར་མགོ་སྐོར་མི་ཐེབས་པའི་ཆེད་དུ་གཟབ་གཟབ་བྱེད་ཀྱི་རེད། འོན་ཀྱང་ཁྱེད་ཀྱིས་མི་ཚོར་རེ་བ་གང་བྱེད་རྒྱུ་ལྷག་ཡོད། མི་མང་པོ་ཞིག་ནི་དེ་དང་འདྲ་པོ་ཡོད། བྱས་ཙང་། དེ་ནི་དངོས་པོའི་གནས་ལུགས་དེ་རེད། འཆར་སྣང་ལ་མི་ཚང་མ་དྲང་པོ་ཡིན་པ་མཐོང་གི་ཡོད། མི་ཚང་མ་དྲང་པོ་མེད། མི་ཚང་པ་དྲང་པོ་ཡོད་ན་དེ་ནི་ཧ་ཅང་གི་ཡག་པོ་ཞིག་རེད། འོན་ཀྱང་ཚང་མ་དེ་ལྟར་མེད། མ་མཐར་ཡང་ང་ཚོས་དྲང་པོ་ཡོང་ཐབས་ལ་འབད་བརྩོན་བྱེད་ཆོག་པ་ཡིན།

ནང་པ་མིན་པ་ཚོས་ཐབས་ལམ་དེ་དག་བེད་སྤྱོད་བྱེད་ན་འགྲིག་གམ།

ད་ལྟ་ང་ཚོས་ཐབས་ལམ་དེ་དག་བེད་སྤྱོད་གཏོང་ཆེད་ནང་ཆོས་ཀྱི་ཁྲིམས་དམ་པོ་ཡོད་པའི་སྒོམ་གྱི་ལམ་དང་ཆོ་ག་ཁག་ལག་ལེན་བསྟར་དགོས་སམ་ཟེར་ན། དོན་ངོ་མར་དེ་ལྟར་མི་དགོས། དེ་དག་བེད་སྤྱོད་གཏོང་བའི་ཆེད་དུ་ང་ཚོས་སྒྲིག་ཁྲིམས་དམ་པོ་ཡོད་པ་དང་ཚད་ལྡན་ཆོས་ཀྱི་ལམ་གཞིར་བཟུང་ནས་འགྲོ་དགོས་ཀྱི་མེད། ྋགོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྟག་ཏུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་འགྲོ་བ་མིའི་རིན་ཐང་སྐོར་བཀའ་སློབ་གནང་གི་ཡོད། དེ་ཡང་སེམས་པ་བཟང་པོ་དགོས་པ་དང་། དྲན་པ་བརྟན་པོ་དགོས་པ། བྱིས་བློའི་རང་བཞིན་གྱི་ཅོལ་ཆུང་མིན་པ། རྣམ་ཏོག་གི་འཆར་སྒོ་མི་སྐྲུན་པ་སོགས་དགོས། འདི་དག་ནི་མི་སུ་འདྲ་ཞིག་གིས་ཀྱང་ལག་ལེན་བསྟར་ཆོག་པའི་སྤྱིར་བཏང་གི་ལམ་སྟོན་ཁག་རེད།

དེ་ནས་ང་ཚོས་སྒོམ་གྱི་སྐོར་ལ་སྐད་ཆ་བཤད་པའི་སྐབས། ང་ཚོས་བསམ་བློ་དེ་འདྲ་གཏོང་སྟངས་སྐོར་གྱི་ཐབས་ལམ་ཞིག་ལ་གོམས་འདྲིས་ཡོང་བའི་སྐོར་སྐད་ཆ་བཤད་ཀྱི་ཡོད། དེ་ནི་མར་བསྡད་ནས་དེ་འདྲའི་བསམ་བློ་གཏོང་སྟངས་ལ་འབད་བརྩོན་བྱས་ཏེ། ང་ཚོའི་སེམས་གཡེངས་ན་དེ་སླར་ཡང་ཚུར་བསྡུ་ཐབས་བྱེད་ཀྱི་ཡོད། ཁྱེད་ཀྱིས་དེ་སྒོམ་ནང་མར་བསྡད་ནས་སངས་རྒྱས་ཤིག་ལ་དམིགས་པ་གཏད་པའམ། ཡང་ན་ཁྱེད་ཀྱི་རང་གི་དབུགས་ལ་དོ་སྣང་བྱས་ནས་སྒྲུབ་ཐུབ། དེར་མ་ཟད། ཁྱེད་ཀྱིས་དེབ་ཅིག་ཀློག་པའི་སྐབས་སུ་དང་། ཁ་ལག་བཟོ་བའི་སྐབས། ཡང་ན་ཁྱེད་ཀྱིས་ལས་ཀ་གང་འདྲ་ཞིག་བྱེད་པའི་སྐབས་སུའང་དེ་ལྟར་བྱེད་ཐུབ། དཔེར་ན། ཁྱེད་ཀྱིས་ཁ་ལག་བཟོ་བའི་སྐབས་ལ། ཁ་ལག་བཟོ་རྒྱུ་རང་ལ་བློ་རྩེ་གཅིག་སྒྲིམ་བྱེད་དགོས། ཁྱེད་ཀྱི་སེམས་བསམ་བློ་རྙོག་འཛིངས་ཅན་དེ་འདྲའི་རིགས་ལ་གཡེངས་བ་ཡིན་ན། དེ་སླར་ཡང་ཁ་ལག་བཟོ་ཡག་ཐོག་ཚུར་བསྡུ་ཐུབ་པ་བྱེད་དགོས། དེ་རྒྱུན་སྲོལ་ནང་ཆོས་ཀྱི་སྒོམ་གྱི་ཉམས་ལེན་ཞིག་ཡིན་དགོས་ཀྱི་མེད། ཕན་ཐོགས་ཆེ་བ་ཡོད་པའི་བསམ་བློ་གཏོང་སྟངས་དང་བྱ་སྤྱོད་སྤེལ་སྟངས་ལ་སོགས་པའི་རིགས་དེ་དག་ལ་ནང་ཆོས་ཀྱི་ཆོ་ག་གང་རུང་ངམ་ཡང་ན་རྒྱུན་སྲོལ་ནང་ཆོས་ཀྱི་སྒྲིག་བཀོད་མི་དགོས་པའི་ཐོག་ནས་ང་ཚོས་གོམས་འདྲིས་བྱེད་ཆོག་པའི་ཐབས་ལམ་མང་པོ་ཡོད།

དེ་འདྲ་སོང་ཙང། འདི་ནི་ང་ཚོས་ཆོས་ལག་བསྟར་བྱེད་ཚུལ་དང། ང་ཚོར་དཀའ་ངལ་རིགས་མི་འཕྲད་པའི་སྔོན་འགོག་གི་ཐབས་ལམ་ཁག་རེད། ཁྱེད་རང་ཚོར་དྲི་བ་ག་རེ་ཡོད་དམ།

བརྙན་པར། མི་འགྱུར་རིན་པོ་ཆེ། “ཉིན་རེའི་མི་ཚེའི་ནང་གི་སྒོམ།”

དྲི་བ།

ཕྱི་ནང་གཉིས་ཀའི་ཐོག་ནས་གང་འབྱུང་བཞིན་པ་ལ་དོ་སྣང་བྱེད་པ།

དཀའ་ངལ་གྱི་རིགས་མི་འཕྲད་པའི་ཆེད་དུ། ང་ཚོས་རྟག་པར་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་དམིགས་པ་གཏད་དགོས་སམ།

ཕྱོགས་གཅིག་ནས་བཤད་ན། དེ་ལྟར་བྱེད་དགོས། འོན་ཀྱང་དེ་གནད་དོན་གྱི་པར་རིས་ཆ་ཚང་བ་ཞིག་ནི་མ་རེད། དཔེར་ན། གཞན་ལ་སྐད་ལོག་རྒྱག་པ་དང་གཞུ་རྡེག་བྱེད་པའི་སྐབས་ང་ཚོས་རྩེ་གཅིག་པའི་དམིགས་པ་གཏད་དགོས་པ་ཡོང་ཆོག་པ་ཡིན། བྱས་ཙང་། དེ་ནི་གནད་དོན་གྱི་པར་རིས་ཆ་ཚང་བ་མ་རེད། ཡང་ང་ཚོས་གྲུང་པོ་དང་སད་རྟོགས་ལྡན་པ་དགོས་ཀྱི་ཡོད། དེས་ག་རེ་ཟེར་གྱི་ཡོད་དམ་ཞེ་ན། དེ་ནི་རང་གི་སེམས་ནང་ལོགས་ལ་གང་འབྱུང་བཞིན་ཡོད་པ་དེ་དག་ལ་དོ་སྣང་བྱེད་པ་ལ་གོ་བ་ཡིན། དཔེར་ན། ང་ཚོའི་བསམ་བློ་གཏོང་ཕྱོགས་དང་། ང་ཚོའི་ཚོར་བ་མྱོང་ཚུལ་ལ་སོགས་པ་ལྟ་བུ་རེད། དེ་དང་དུས་མཚུངས་ང་ཚོས་རང་གི་ཉེ་འཁོར་དུ་ཡོད་པའི་མི་སོགས་གནས་ཚུལ་གང་འབྱུང་བཞིན་ཡོད་པ་དེ་དག་ལ་དོ་སྣང་བྱེད་དགོས། མི་ཞིག་ནང་ལ་སླེབས་ན། དཔེར་ན། ང་ཚོའི་ནང་མི་ཞིག་གམ། ཡང་ན་སོ་སོའི་དགའ་སའི་མི་ཞིག་གམ། མི་སུ་འདྲ་ཞིག་སླེབས་རུང་། ཁོང་ཚོ་ཧ་ཅང་ཐང་ཆད་ཡོད་སྲིད། ཁྱེད་ཀྱིས་དེ་ལ་གྲུང་པོ་བྱེད་དགོས། དུས་ཚོད་དེའི་སྐབས་ལ་ཁོང་ཚོར་གལ་གནད་ཆེ་བའི་གནད་དོན་ཞིག་གི་སྐོར་ལ་གླེང་མོལ་འགོ་འཛུགས་བྱས་ན་རན་པོ་མེད། གང་ཡིན་ཟེར་ན། ཁོང་ཚོ་ཐང་ཆད་ནས་བསྡད་ཡོད། བྱས་ཙང་། ཁྱེད་ཀྱི་རང་གི་ཉེ་འཁོར་དུ་གང་འབྱུང་བཞིན་པའི་ཐད་རྟག་ཏུ་གྲུང་པོ་དགོས་པ་དང་། དམིགས་པ་རྩེ་གཅིག་ཏུ་གཏད་དགོས་པ། དེ་ག་ནང་བཞིན་རང་གི་ཉེ་འཁོར་དུ་གང་འབྱུང་བཞིན་པ་ལ་བློ་རྩེ་གཅིག་ཏུ་གཏད་ཐུབ་པ་དགོས། རང་ཉིད་ཀྱི་གནས་སྟངས་གང་ཡིན་པ་ཤེས་པ་ཙམ་མིན་པར། གཞན་གྱི་གནས་སྟངས་གང་ཡིན་པ་དེ་ཡང་ཤེས་དགོས་ཀྱི་ཡོད།

བྱས་ཙང་། ང་ཚོས་རང་ཉིད་ཀྱི་ཐོག་ལ་དོ་སྣང་བྱེད་པ་ལས་དང་གཞན་ལ་དོ་སྣང་མི་བྱེད་པ་དང་། ཡང་ན་གཞན་ལ་དོ་སྣང་བྱེད་པ་ལས་རང་ཉིད་ཀྱི་ཐོག་དོ་སྣང་མི་བྱེད་པའི་མཐའ་གང་རུང་ནང་ལྷུང་གི་མ་རེད། དེ་ནི་སྤོང་དགོས་པའི་མཐའ་གཉིས་ཡིན་པ་རེད། མི་མང་པོ་ཞིག་ལ་ “མིན་” ཞེས་ལབ་མི་ཐུབ་པའི་སྐྱོན་གྱི་རྟགས་མཚན་ཞིག་ཡོད། བྱས་ཙང་། ཁོང་ཚོས་རྟག་ཏུ་མི་གཞན་དང་། ཁོང་ཚོའི་ནང་མི། ཡང་ན་སུ་ཞིག་ཡིན་ཀྱང་དེ་ཚོའི་དོན་དག་གྲུབ་ནས། རང་ཉིད་རྗེས་ལ་ཡོངས་སུ་ཐང་ཆད་པ་དང་ནུས་ཤུགས་རྫོགས་ནས་ཧ་ཅང་བློ་ཕམ་བྱུང་བའམ། ཡང་ན་ཁོང་ཚོར་སྡང་འཛིན་ཅན་དུ་གྱུར་གྱི་ཡོད། དེར་བརྟེན་ང་རང་ཚོ་སོ་སོས་ག་འདྲ་ཚོར་གྱི་ཡོད་པའི་ཐད་ལའང་དོ་སྣང་སྤྲོད་རྒྱུ་དང་། ང་ཚོ་རང་ཉིད་ཀྱི་དགོས་མཁོ་ཁག་ཡང་སྐོང་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གལ་སྲིད་ང་ཚོར་ངལ་གསོ་དགོས་ན། ང་ཚོས་ངལ་གསོ་རྒྱག་དགོས། ང་ཚོས། “མིན། དགོངས་དག་ཞུ་རྒྱུ་ཡིན། ངས་འདི་བྱེད་ཐུབ་ས་མ་རེད། འདི་མང་དྲགས་འདུག །ངས་ཐུབ་ས་མ་རེད།” ཅེས་ “མིན་” ཞེས་ལབ་དགོས་པའི་སྐབས་སུ་མིན་ལབ་དགོས། ང་ཚོས་ “མིན་” ཞེས་ལབ་པའི་སྐབས་ཁོང་ཚོར་གདམ་ཀ་གཞན་ཁ་ཤས་སྤྲོད་ཐུབ་ན་སྤྲོད་དགོས། དཔེར་ན། “གཅིག་བྱས་ན་མི་གཞན་པ་འདིས་ཁྱེད་ལ་རོགས་རམ་བྱེད་ཐུབ་ཀྱི་རེད།” ཟེར་བ་ལྟ་བུ་ཁྱེད་ཀྱིས་བསམ་འཆར་འདོན་དགོས།

མདོར་བསྡུས་ན། ཕྱི་ནང་གཉིས་ཀར་གང་འབྱུང་བཞིན་པ་དེ་དག་ལ་སད་རྟོགས་ལྡན་པ་དང་གྲུང་ཤ་དོད་པོས་དོ་སྣང་སྤྲོད་དགོས། དེ་ནས་ཡང་དག་པའི་གོ་རྟོགས་དང་། བྱམས་པ། སྙིང་རྗེ་སོགས་ལག་བསྟར་བྱེད་དགོས།

ཁོང་ཁྲོ་ལ་གདོང་ལེན་བྱེད་ཚུལ།

ཁྱེད་ཀྱིས་ཞ་ལར་གད་ཕྱིས་རྒྱག་པ་དེ་ཁོང་ཁྲོ་དང་གཞན་གནོད་བྱེད་ཉོན་མོངས་ཅན་གྱི་སེམས་ཚོར་རྣམས་ལ་གདོང་ལེན་བྱེད་པའི་ཐབས་ལམ་ཡིན་སྐོར་གསུངས་སོང་། འོན་ཀྱང་ཁྱེད་ཀྱིས་ནང་ཆོས་ནང་དུ་ཐབས་ལམ་དེ་ལས་གཏིང་ཟབ་པ་གཞན་མང་པོ་ཡོད་པ་ཡང་མཛུབ་སྟོན་གནང་སོང་། ཉུང་མཐར་ཡང་ཐབས་ལམ་དེ་དག་གང་དུ་འཚོལ་དགོས་པའི་བརྡ་ཙམ་ཞིག་སྟོན་རོགས་གནང་།

རེད། ཏོག་ཙམ་གཏིང་ཟབ་ཏུ་སོང་ན། ང་ཚོས་མི་ཞིག་ལ་ཁོང་ཁྲོ་ཟ་བའི་སྐབས་དེ་ལ་གདོང་ལེན་བྱེད་པ་ནི་བཟོད་པ་གོང་འཕེལ་གཏོང་བའི་རིམ་པ་གཅིག་རེད། འོ་ན། ང་ཚོས་བཟོད་པ་ཇི་ལྟར་གོང་འཕེལ་གཏོང་དགོས་སམ་ཞེ་ན། དེར་ཐབས་ལམ་ཤིན་ཏུ་མང་པོ་ཡོད། དཔེར་ན། ཐབས་ལམ་དེ་དག་གི་ནང་ནས་གཅིག་ལ། “འབེན་ལྟ་བུའི་བཟོད་པ་” ཟེར་གྱི་ཡོད། དེ་ནི། “གལ་སྲིད་ངས་འབེན་ཞིག་མ་བཞག་ན། སུས་གཞུས་ཀྱང་དེ་ལ་ཕོག་ཐབས་མེད།” དཔེར་ན། ངས་ཁྱེད་ལ་ལས་དོན་ཞིག་གི་ཐོག་རོགས་པ་བྱེད་རོགས་ཞེས་རེ་སྐུལ་བྱས་པ་ནང་བཞིན། ཁྱེད་ཀྱིས་ལས་ཀ་དེ་ནོར་ནས་བྱས་ཡོད་པ་རེད། དེ་ལ་བརྟེན་ནས་ངས་ཁྱེད་ལ་ཁོང་ཁྲོ་ཟ་བའི་བསམ་ཕྱོགས་ཤིག་ཡོད། ཡང་ཁྱེད་ཀྱིས་ལས་ཀ་དེ་རྩ་བ་ནས་བྱས་མེད་པ་རེད། བྱས་ཙང་། དེ་སུའི་ནོར་འཁྲུལ་རེད་དམ། དོན་དངོས་ཐོག་དེ་སོ་སོའི་ནོར་འཁྲུལ་རེད། གང་ཡིན་ཟེར་ན། རང་ཉིད་ཧ་ཅང་ལེ་ལོའི་དབང་གིས་སོ་སོའི་ངོས་ནས་མ་བྱས་པར། གཞན་ལ་རེ་སྐུལ་ཞུས་པ་རེད། དེ་འདྲ་སོང་ཙང་། ངས་ཁྱེད་ལ་རེ་བ་བྱེད་རྒྱུ་ག་རེ་ལྷག་ཡོད་དམ། ཁྱེད་ཀྱིས་མི་གཞན་ལ་ལས་ཀ་ཞིག་བྱེད་རོགས་ཞེས་རེ་འདུན་བྱས་ན། ཁྱེད་ཀྱིས་དེ་ལ་རེ་བ་བྱེད་རྒྱུ་ག་རེ་ཡོད་དམ། དཔེར་ན། ཁྱེད་ཀྱིས་བྱིས་པ་ལོ་གཉིས་བྱས་པ་ཞིག་ལ་ཇ་ཚ་པོ་ཕོར་པ་གང་འཁྱེར་ཤོག་ལབ་ནས་ཁོང་ཚོས་ཇ་འཁྱེར་ཡོང་དུས་དེ་གཤོས་པ་རེད། ཁོང་ཚོས་ཇ་གཤོ་རྒྱུ་ཡིན་པ་བཤད་མི་དགོས་པ་ཞིག་རེད། དེ་དང་འདྲ་བར། ང་ཚོས་གཞན་ལ་ང་ཚོའི་ཆེད་དུ་ལས་ཀ་ཞིག་བྱེད་རོགས་ཞེས་རེ་སྐུལ་བྱེད་པའི་སྐབས་སུའང་ང་ཚོས་རེ་བ་བྱེད་རྒྱུ་གང་ཡོད་དམ།

དེར་བརྟེན་ངས་རང་ཉིད་ཀྱི་ལེ་ལོའི་དབང་གིས་དཀའ་ངལ་དེ་བཟོས་ཡོད་པ་ཤེས་ཀྱི་ཡོད་པས། མི་གཞན་དེ་ལ་ཁོང་ཁྲོ་ཟ་གི་མ་རེད། ངས་ཁྱེད་ལ་ངའི་ཆེད་དུ་ལས་དོན་ཞིག་སྒྲུབ་པའི་རེ་བ་འདོན་སྐབས། དེའི་རྒྱུ་མཚན་ནི་ལས་ཀ་དེ་བྱེད་རྒྱུར་རང་ཉིད་ཧ་ཅང་ལེ་ལོ་ཡིན་པ་ངས་ཤེས་ཀྱི་ཡོད། དེ་ཡང་ཧ་ཅང་ལེ་ལོ་ཡིན་པའམ། ཡང་ན། ང་ལ་དུས་ཚོད་མེད་པ་སོགས་ག་རེ་ཡིན་ནའང་ཡོང་སྲིད་པ་རེད། འོན་ཀྱང་བཤད་དགོས་པའི་དོན་དག་དེ་ནི། གལ་སྲིད་ངས་མི་གཞན་ཞིག་ལ་རེ་སྐུལ་ཞུ་བཞིན་ཡོད་ན། ཁོང་ཚོས་དེ་ཡང་དག་པ་ཞིག་བྱེད་ཀྱི་རེད་ཅེས་རེ་བ་བྱ་རྒྱུ་མེད། ཡང་ན་རང་ཉིད་ཀྱིས་བྱེད་པ་ནང་བཞིན་ཡོང་བའི་རེ་བ་བྱེད་མི་རུང་། དེ་ལྟར་བྱས་ན། མཐར་དེ་ཡང་མ་ནོར་བ་ཞིག་དང་ཡང་དག་པ་ཞིག་མི་ཡོང་བ་སྲིད་པ་རེད། རང་ཉིད་ཀྱིས་ཀྱང་ནོར་འཁྲུལ་བཟོ་གི་ཡོད། གལ་སྲིད་རང་ཉིད་ཀྱིས་ལས་དེ་རང་གིས་བྱས་ནས་ནོར་འཁྲུལ་ཞིག་བཟོས་ན། རང་ཉིད་ལ་ཁོང་ཁྲོ་ཟ་དགོས་པའི་རྒྱུ་མཚན་མེད། “ང་རང་སྐྱོན་དང་བྲལ་བ་མ་རེད་ལ། མི་སུ་ཞིག་ཡིན་ཀྱང་སྐྱོན་དང་བྲལ་བ་མེད། བྱས་ཙང་། སོ་སོས་ནོར་འཁྲུལ་མང་པོ་བཟོ་གི་ཡོད་པ་བཤད་མི་དགོས་པ་རེད།” དེར་བརྟེན་ཁྱེད་ཀྱིས་དངོས་པོའི་གནས་ལུགས་དེ་ཁས་ལེན་བྱེད་དགོས། “ང་འགྲོ་བ་མི་ཞིག་ཡིན། འགྲོ་བ་མིས་ནོར་འཁྲུལ་མང་པོ་བཟོ་གི་རེད། ངས་ནོར་འཁྲུལ་ཞིག་བཟོས་སོང་།” གལ་སྲིད་ངས་དེ་བཅོས་བསྒྱུར་དང་ཡོ་བསྲང་བྱེད་ཐུབ་པ་ཡིན་ན། ངས་དེ་ཡོ་བསྲང་བྱེད་ཀྱི་རེད། ངས་རང་ཉིད་ལ་ཁོང་ཁྲོ་ཟ་གི་མིན། རང་ཉིད་ལ་ཁོང་ཁྲོ་ཟས་ན་ཕན་ཐོགས་གང་ཡང་མེད། དེ་ལས་ངས་ཐུབ་ན་ནོར་འཁྲུལ་ཡོ་བསྲང་བྱེད་དགོས། གལ་སྲིད་ངས་མི་ཐུབ་ན། དེ་རང་རེད། དེ་བཞག་ནས་མ་འོངས་པར་ནོར་འཁྲུལ་དེ་བསྐྱར་ཟློས་མི་ཡོང་བའི་ཐབས་ཤེས་བྱེད་དགོས་ཞེས་དེ་ལྟ་བུའི་བསམ་ཕྱོགས་འཛིན་དགོས།

དེ་ལས་ཀྱང་གཏིང་ཟབ་པའི་ཁོང་ཁྲོར་གདོང་ལེན་བྱེད་ཚུལ་ནི། ང་རང་ཚོ་སོ་སོ་རང་ཉིད་ཀྱི་དངོས་པོའི་གནས་ལུགས་དེ་རྟོགས་པར་བྱེད་རྒྱུ་དེ་རེད། ད་ལྟ་ངས་རིམ་པ་སྟབས་བདེའི་ཐོག་ཤོད་ཀྱི་ཡོད། ཐ་ན་རིམ་པ་སྟབས་བདེ་དེའི་ཐོག་ནས་བཤད་ཀྱང་ཕན་ཐོགས་ཡོད་པ་རེད། “ང་རང་འཛམ་གླིང་གི་ལྟེ་བ་དེ་མ་རེད། ངས་རྒྱུ་མཚན་གང་ལ་བརྟེན་ནས་རྟག་ཏུ་རང་གི་འདོད་པ་ལྟར་བྱེད་དགོས་སམ། དེའི་རྒྱུ་མཚན་གང་ཡིན་ནམ། རྟག་ཏུ་རང་གི་འདོད་པ་ལྟར་བྱེད་དགོས་པ་ལས་གཞན་གྱི་འདོད་པ་ལྟར་མི་བྱེད་པའི་ང་ལ་དམིགས་བསལ་གང་ཡོད་དམ།” བསམ་བློ་དེ་འདྲ་བཏང་ནས་ཁྱེད་ཀྱིས་མཁྲེགས་བཟུང་བྱས་པའི་འཛམ་གླིང་ནང་གལ་ཆེ་ཤོས་ཀྱི་ “ང་” རྡོག་རྡོག་ཅིག་ཡོད་པའི་ལྟ་ཚུལ་དེ་མེད་པ་བཟོ་ཡག་འགོ་བཙུག་གི་རེད། དེ་ནས་བཤད་མི་དགོས་པ་ལྟར། ཁྱེད་ཀྱི་དེ་ཤུགས་ཇེ་ཆུང་ནང་ཇེ་ཆུང་དུ་གཏོང་ཐུབ། ཁྱེད་ལ་མཁྲེགས་བཟུང་བྱས་པའི་ “ང་” རྡོག་རྡོག་གི་ལྟ་ཚུལ་དང་ཐམས་ཅད་རང་གི་འདོད་པ་ལྟར་རྟག་ཏུ་བྱེད་དགོས་པའི་བསམ་བློ་ཡོད་པའི་སྐབས། དེ་ནས་ཁྱེད་ཀྱི་འདོད་པ་ལྟར་མ་བྱུང་ན་ཁྱེད་ཁོང་ཁྲོ་ཟ་གི་ཡོད་པ་བཤད་མི་དགོས་པ་ཞིག་རེད། དེ་འདྲ་རེད་དམ་མ་རེད།

ནང་ཆོས་ནང་ང་ཚོ་ཇི་ལྟར་གནས་པའམ་གྲུབ་པ་དང་གཞན་ཚང་མ་ཇི་ལྟར་གནས་པའམ་གྲུབ་པའི་སྐོར་ལ་ཧ་ཅང་མང་པོ་ཤོད་རྒྱུ་ཡོད། ང་ཚོ་གནས་ཡོད་པ་དང་གྲུབ་ནས་ཡོད་པ་རེད། འོན་ཀྱང་ང་ཚོ་ཡིན་པ་མི་སྲིད་པའི་འཆར་སྣང་གི་རྣམ་པ་དེ་དག་ནང་གནས་མེད། དཔེ་ཆ་བཞག་ན། “ང་” ཆུང་ཆུང་ཞེས་པ་དེ་ངའི་མགོ་བོའི་ནང་བསྡད་ནས་སྐད་ཆ་བཤད་ཀྱི་ཡོད། དེ་ནི་ངའི་མགོ་བོའི་ནང་ཡོད་པའི་སྒྲ་སྐད་ཀྱི་རྩོམ་པ་པོ་དེ་རེད། སྐད་ཆ་དང་རྙོག་དྲ་བཤད་མཁན་གྱི་ “ང་” ཆུང་ཆུང་ཞིག་ང་ཚོའི་ནང་དུ་ཡོད་པ་ལྟ་བུ་ཚོར་ནས། དེས་“ད་ངས་གང་བྱེད་དགོས་སམ། ཨོའོ། ངས་དེ་བྱེད་ཀྱི་ཡིན།” ཞེས་བཤད་ནས་ཁྱེད་ཀྱིས་རང་གི་ལུས་པོ་འཕྲུལ་ཆས་ཤིག་དང་འདྲ་བར་གཡོ་འགུལ་བྱེད་ཀྱི་ཡོད། འོན་ཀྱང་དེ་ནི་འཁྲུལ་སྣང་རེད། ཁྱེད་ཀྱིས་ “ང་” ཆུང་ཆུང་ཟེར་བ་ཞིག་ང་ཚོའི་ནང་ལོགས་ནས་རྙེད་མི་ཐུབ། ཁྱེད་ཀྱིས་ཐུབ་བམ། འོན་ཀྱང་གང་ལྟར་ཡང་ང་གནས་ཡོད། ངས་སྐད་ཆ་བཤད་པ་དང་། ངས་བྱ་བ་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་རྣམ་རྟོག་གི་འཆར་སྒོ་དེ་དག་ལ་ཡིད་ཆེས་མེད་པའི་ཐོག་ནས་ལས་དོན་སྒྲུབ་དགོས། གང་ཡིན་ཟེར་ན། དེ་དག་དངོས་པོའི་གནས་ལུགས་དང་མཐུན་གྱི་ཡོད་པ་འདྲ་པོ་ཡོད། དེ་འདྲ་པོ་སྣང་གི་ཡོད། སྒྲ་སྐད་འདི་མུ་མཐུད་ནས་གནས་ཀྱི་ཡོད་པས། ནང་ལོགས་ལ་གཅིག་ཡོད་ནས་སྐད་ཆ་བཤད་ཀྱི་ཡོད་ཤག་རེད།

དེ་འདྲ་སོང་ཙང་། ནང་ཆོས་ནང་ང་ཚོས་མིང་འབོད་པའི་ “སེམས་ཁམས་རིག་པ་” ཞེས་པའི་རིག་གནས་ཀྱི་སྐོར་ལ་མང་པོ་བཤད་རྒྱུ་ཡོད།

ང་ཚོའི་ལུས་པོ་ཡར་རྒྱས་གཏོང་བ།

ང་ལ་དྲི་བ་གཉིས་ཡོད། དྲི་བ་དང་པོ་དེ་ནི། གཅིག་བྱས་ན་ཁྱེད་ཀྱིས་ང་ཚོར་ལུས་པོ་ཡར་རྒྱས་གཏོང་ཚུལ་སྐོར་ཏོག་ཙམ་གསུང་རོགས། ཁྱེད་ཀྱི་གསུངས་ཡག་ལ། ང་ཚོས་ལུས་པོ་ལྷོད་ལྷོད་བྱེད་དགོས་པ་གསུངས་སོང་། འོན་ཀྱང་གཅིག་བྱས་ན་ང་ཚོས་དེ་ལས་ཏོག་ཙམ་མང་བ་བྱེད་དགོས་སྲིད། དྲི་བ་གཉིས་པ་ནི། རྟོག་པའི་འཆར་སྒོ་དེ་དག་ཐམས་ཅད་ཀྱི་འབྱུང་ཁུངས་གང་ཡིན་ནམ། དཔེ་ཆ་བཞག་ན། ང་ཚོའི་ཀླད་པའི་ནང་སྐད་ཆ་ཤོད་མཁན་གྱི་མི་འདི་ལྟ་བུ། དེ་རྒྱུ་མཚན་གང་ལ་བརྟེན་ནས་བྱུང་གི་ཡོད་དམ།

ལུས་ཀྱི་འཕྲོད་བསྟེན་ཆེད་ང་ཚོས་བེད་སྤྱོད་གཏོང་ཐུབ་པའི་སྒྲིག་ཁྲིམས་ལམ་ལུགས་མང་པོ་ཡོད་པ་བཤད་མི་དགོས་པ་ཞིག་རེད། དཔེར་ན། བོད་ཀྱི་སྲོལ་རྒྱུན་ནང་ཡོད་པའི་ནང་ཆོས་ཀྱི་སྨན་དཔྱད་ཀྱང་ཡོད་པ་རེད། དེའི་བརྒྱུད་ནས་ཁྱེད་ཀྱིས་ཤེས་ཐུབ་པ་ཞིག་ནི། ལུས་པོའི་ནང་གི་ནུས་པ་འདྲ་མིན་ཁག་ཆ་སྙོམ་བཟོ་རྒྱུ་དང་འབྲེལ་བ་ཤུགས་ཆེན་པོ་ཡོད། སྤྱིར་བཏང་ང་ཚོའི་ནུས་པ་དང་འཕྲོད་བསྟེན་ནི་ང་ཚོའི་ཟས་དང་སྤྱོད་ལམ་གྱིས་ཤུགས་རྐྱེན་ཆེན་པོ་སྤྲད་ཀྱི་ཡོད། སྤྱོད་ལམ་ལ་ཆ་བཞག་ན། ཕྱི་ལོགས་ལ་གནམ་གཤིས་ཧ་ཅང་གྲང་མོ་ཡོད་ཀྱང་ཁྱེད་ཀྱིས་གོས་དྲོ་པོ་མ་གྱོན་པར་ཕྱིན་པར་བརྟེན་ན་བ་ལྟ་བུ་རེད། ང་ཚོས་སྤྱོད་ལམ་དེ་འདྲའི་རིགས་སྐོར་བཤད་ཀྱི་ཡོད། ཡང་ན། ལས་ཀ་ཚད་ལས་བརྒལ་བ་བྱས་པ་ལྟ་བུའི་སྤྱོད་ལམ་གྱིས་ཁྱེད་རང་ནད་པ་བཟོ་གི་རེད།

ང་ཚོས་རང་གི་ལུས་པོའི་གནས་བབས་སྐོར་ལ་མུ་མཐུད་དོ་སྣང་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ཁྱེད་ཀྱི་ནང་ལོགས་ལ་ག་ཚོད་ཀྱིས་ཞི་འཇམ་ཆགས་ན། དེ་ཚོད་ཀྱིས་གྲུང་ཤ་དོད་པ་ཆགས་ཐུབ་པ་དང་། དེ་ཡང་རང་གི་སེམས་ཀྱི་གནས་སྟངས་སྐོར་ཙམ་མ་ཟད། ཁྱེད་ཀྱི་ལུས་པོའི་ནང་གི་ནུས་པའི་གནས་སྟངས་སྐོར་ལའང་དོ་སྣང་དང་གྲུང་ཤ་དོད་པ་ཡོང་གི་རེད། དཔེར་ན། ཁྱེད་ཀྱིས་རང་གི་ནུས་པ་དེ་ཧ་ཅང་གི་ཚ་གི་ཚི་གེ་ཆགས་ཡོད་པ་དོ་སྣང་བྱུང་ན། ཁྱེད་ཀྱིས་དེ་རང་གི་ལུས་ཀྱི་འཕར་རྩ་ཧ་ཅང་མྱུར་པོ་ཡོད་པ་སོགས་ལས་ཤེས་ཚོར་ཐུབ། ཁྱེད་ཀྱིས་ཆེས་གཞི་རྩའི་ལས་དོན་མང་པོ་སྒྲུབ་ཐུབ། ཐ་ན་རང་གི་ཟས་སྤྱོད་ལ་རན་འཚམས་བཟོ་བ་ཚུན་ཆད་ཡོད། དཔེར་ན། ང་ཚོས་ཚིག་ཇའམ་ཀོ་ཧྥི་དང་ཇ་གར་པོ་འཐུང་ཡག་མཚམས་འཇོག་བྱེད་ཐུབ་པ་དང་། ང་ཚོས་ཚིལ་མང་པོ་ཡོད་པའི་ཟས་རིགས་དང་། ཕྱུར་ར་སོགས་ཟས་ལྗིད་པོའི་རིགས་གང་ཡང་རུང་བ་ཟས་ནས་དེས་ལུས་ཀྱི་ནུས་པར་ཁུར་ཆེན་འགེལ་ཆོག །དེ་བཞིན་རླུང་ཡོད་ས་དང་ཡང་ན་ཧ་ཅང་གྲང་ངར་ཆེ་སར་མི་སྡོད་པར། ལུས་པོ་དྲོ་པོ་ཉར་དགོས། དེ་བཞིན་ “བྷི་ཛིརརརརརརརརར་” ཞེས་སྒྲ་སྐད་སྦྱིན་མཁན་གྱི་ཧ་ཅང་ཤུགས་ཚད་མཐོ་བའི་འཕྲུལ་ཆས་ཀྱི་འགྲམ་ལ་སྡོད་རྒྱུ་མེད་པ་ལྟ་བུ་རེད། དེས་རང་གི་ནུས་པར་དཀྲོག་རྐྱེན་དེ་བས་མང་བ་བཟོ་གི་རེད། གནས་སྟངས་ཞི་འཇམ་ནང་དུ་སྡོད་དགོས། བྱས་ཙང་། ཉམས་ལེན་གྱི་རིམ་པ་དེ་འདྲ་ཡོད་པ་རེད།

བོད་ཀྱི་སྲོལ་རྒྱུན་དེ་རང་གི་ནང་དུ་ལུས་སྦྱོང་ངམ། ཡང་ན་དེ་འདྲ་བའི་ཁྱེད་ཀྱིས་འདོད་པའི་ལུས་ཡར་རྒྱས་གཏོང་ཚུལ་དེ་རྒྱ་ནག་ཡང་ན་ཉི་ཧོང་གི་ནང་པའི་སྲོལ་རྒྱུན་དུ་ཡོད་པའི་དྲག་རྩལ་སྦྱོང་བརྡར་ལྟ་བུ་མེད། ཡིན་ནའང་ཏཱ་ཡེ་ཇི་དང་ཆིས་ཀུང་ལ་སོགས་པའི་དྲག་རྩལ་གྱི་རིགས་འདྲ་མིན་ཡོད་པ་རྣམས་ཀྱིས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་ནི་ངེས་པ་རེད། དེ་དག་ནི་ཁྱེད་ཀྱི་ལུས་ཀྱི་གཡོ་འགུལ་ལ་དྲན་པ་ཉེར་བཞག་བརྒྱུད་རྩེ་གཅིག་པའི་ཏིང་ངེ་འཛིན་གོང་འཕེལ་ཡོང་བའི་ཐབས་ལམ་ཁག་རེད། བོད་མི་ཚོས་ལུས་སྦྱོང་བྱེད་པ་ནི་དེ་དག་ལས་ཕྲ་བ་ཡོད་པ་རེད། དེ་ཡང་ཐབས་ལམ་འདྲ་མིན་གྱི་སྒོ་ནས་ནུས་པའི་མ་ལག་ཁག་ལ་སྦྱོང་བརྡར་སྤྲོད་པ་ལས་དྲག་རྩལ་གྱི་ལམ་ལ་བསྟེན་མེད། དེ་གཉིས་བྱེད་སྟངས་ཏོག་ཙམ་མི་འདྲ་བ་ཞིག་ཡོད་པ་དང་། ཡོ་གའམ་རྣལ་འབྱོར་གྱི་ཕྱོགས་ལ་མང་བ་ཡོད། བྱས་ཙང་། དེ་ནི་ཁྱེད་ཀྱིས་ལུས་པོར་ཡར་རྒྱས་དང་སྦྱོང་བརྡར་ཇི་ལྟར་སྤྲོད་དགོས་པ་དེ་རེད།

ང་ཚོའི་སེམས་ནང་ཡོད་པའི་སྒྲ་སྐད་ཀྱི་འབྱུང་ཁུངས།

ང་ཚོའི་སེམས་ནང་གི་སྒྲ་སྐད་ཀྱི་འབྱུང་ཁུངས་ལ་མཚོན་ན། དེ་ནི་སེམས་ཀྱི་རང་བཞིན་དང་འབྲེལ་བ་ཆགས་ཀྱི་ཡོད་པས། ཏོག་ཙམ་རྙོག་འཛིངས་ཅན་ཞིག་ཡོད། ནང་ཆོས་ནང་ང་ཚོས་སེམས་ཀྱི་སྐོར་སྐད་ཆ་བཤད་སྐབས། ང་ཚོས་དངོས་པོ་ཞིག་གི་སྐོར་སྐད་ཆ་བཤད་ཀྱི་མེད། ང་ཚོས་སེམས་ཀྱི་བྱེད་ལས་སྐོར་ལ་སྐད་ཆ་བཤད་པ་དང་། སེམས་ཀྱི་བྱེད་ལས་དེའི་ནང་། བསམ་བློ་གཏོང་སྟངས་དང་། མིག་གིས་མཐོང་སྟངས། ཚོར་བ་མྱོང་སྟངས་བཅས་ཚུད་ཡོད། དེ་ཧ་ཅང་གི་རྒྱ་ཆེན་པོ་རེད། བྱེད་ལས་དེའི་ནང་ག་རེ་འབྱུང་བཞིན་ཡོད་དམ་ཞེ་ན། དེར་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་ (hologram, ཧོ་ལོ་གྷྲམ་) འདྲ་པོ་འཆར་གྱི་ཡོད། དཔེ་ཆ་བཞག་ན། ང་ཚོས་དངོས་པོ་གང་རུང་ཞིག་མཐོང་བའི་སྐབས། འོད་མིག་གི་དྲ་སྐྱིར་ཕོག་ནས་དབང་རྩའི་ཕུང་གྲུབ་ནང་གློག་གི་ངར་ཤུགས་དང་རྫས་ཀྱི་རྣམ་འགྱུར་ལ་རྐྱེན་སློང་བྱེད་པ་དང་། དེའི་འཇུག་འབྲས་ལ་བརྟེན་ནས་དངོས་པོ་ཞིག་དང་འདྲ་བའི་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་འདྲ་པོ་ཤར་གྱི་ཡོད། འོན་ཀྱང་དེ་ནི་དངོས་སུ་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་ཞིག་རེད། དེ་ནི་གློག་གི་ངར་ཤུགས་དང་རྫས་ཀྱི་རྣམ་འགྱུར་དེ་དག་ནས་ཡོང་གི་ཡོད།

འོན་ཀྱང་ཆ་ཚད་གསུམ་པའི་གཟུགས་བརྙན་ཧོ་ལོ་གྷྲམ་ནི་མིག་ཤེས་ཀྱི་མཐོང་བྱ་ཙམ་མིན་པར། དེ་དག་ཚིག་ལྟ་བུ་སྒྲ་སྐད་ཀྱང་ཡིན་ཆོག། ང་ཚོས་ཚིག་གྲུབ་ཆ་ཚང་བ་ཞིག་དུས་གཅིག་ལ་གོ་གི་མེད། ཁྱེད་ཀྱིས་དེའི་ཆ་ཤས་སམ་དུམ་བུ་རེ་རེ་བྱས་ནས་དུས་གཅིག་ལ་གོ་གི་ཡོད། ཡིན་ནའང་ཚིག་གྲུབ་ཆ་ཚང་གི་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་དེ་ཡོད་པ་དང་། ཁྱེད་ཀྱིས་དེའི་གོ་དོན་ཤེས་ཀྱི་ཡོད། དེ་ག་ནང་བཞིན་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་དེ་སེམས་ཚོར་གྱི་རྣམ་པ་དང་། བསམ་བློའི་རྣམ་པ། ཚིག་སྦྱོར་གྱི་རྣམ་པའི་སྒོ་ནས་སྒྲ་སྐད་ཀྱི་ནང་དུའང་ཡོད་པ་རེད། དེ་དག་རང་བཞིན་གྱིས་འབྱུང་གི་ཡོད་པ་དང་། དེ་ཡང་རྟོག་པ་དང་འབྲེལ་ནས་ཡོད། བྱས་ཙང་། དེ་ནི་མཐོང་བ་དང་། བསམ་བློ་གཏོང་བ། ཡང་ན་ཚོར་བ་མྱོང་བ་རྣམས་གང་ཡིན་པ་དེ་རེད། དེ་གང་ཡིན་པ་དེ་ག་རང་རེད། སེམས་ཀྱི་བྱེད་ལས་དེ་ “ང་” ཞེས་དེ་ལ་ལྟ་མཁན་ནམ། དེར་སྟངས་འཛིན་བྱེད་མཁན། དེ་ལྟར་ཡོང་བ་བྱེད་མཁན་ཞིག་དེ་ནང་ལོགས་སུ་མེད་པའི་ཐོག་མུ་མཐུད་ནས་འགྲོ་བཞིན་ཡོད། དེ་རང་བཞིན་ངང་ཡོང་གི་ཡོད། བྱས་ཙང་། སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་གྱི་ཆ་ཤས་ཤིག་ནི་ “ང་” ཞེས་པའི་བསམ་བློ་དེ་ཚོ་རེད། དཔེར་ན། “སྒྲ་སྐད་དེ་ང་རེད།” ཟེར་བ་ལྟ་བུ་རེད། སུས་བསམ་བློ་གཏོང་གི་ཡོད་དམ། ངས་བསམ་བློ་གཏོང་གི་ཡོད། བསམ་བློ་གཏོང་མཁན་དེ་ཁྱེད་རང་མ་རེད། ངས་བསམ་བློ་གཏོང་གི་ཡོད། འོན་ཀྱང་དེ་ནི་ཧོ་ལོ་གྷྲམ་དེ་དག་གི་བརྒྱུད་རིམ་ཆ་ཚང་གི་ཆ་ཤས་ཙམ་རེད།

ང་ཚོའི་སེམས་ནང་ཡོད་པའི་སྒྲ་སྐད་འདིའི་འབྱུང་ཁུངས་གང་རེད་དམ། དེ་ནི་སེམས་ཀྱི་བྱེད་ལས་ཀྱི་ཁྱད་ཆོས་ནང་ནས་གཅིག་རེད། དེ་ནི་སེམས་ཀྱི་བྱེད་ལས་ཚང་མའི་ལས་ཀ་བྱེད་ཚུལ་དེ་ཡིན་དགོས་པའི་ངེས་པ་མེད། སྒྲ་སྐད་དེ་དུས་རྟག་ཏུ་འདོན་གྱི་མེད། ང་རང་གི་དྭོགས་པར། ས་འབུ་ལྟ་བུར་མཚོན་ན་སྒྲ་སྐད་ཅིག་ཡོད་པའི་སྒོ་ནས་བསམ་བློ་གཏོང་གི་ཡོད་ས་རེད། ས་འབུ་ལ་ཀླད་པ་དང་སེམས་ཡོད་ངེས་པ་དང་། དེས་དངོས་པོ་མཐོང་གི་ཡོད་ལ་ལས་ཀའང་བྱེད་ཀྱི་ཡོད་པ་བཤད་མི་དགོས་པ་ཞིག་རེད།

ང་ཚོས་དེའི་སྐོར་ལ་བསམ་བློ་གཏོང་བའི་སྐབས་དེ་ནི་ཧ་ཅང་གི་དོ་སྣང་སྐྱེ་འོས་པ་ཞིག་ཆགས་ཀྱི་ཡོད། སྒྲ་གདངས་ཤིག་གི་སྒྲ་སྐད་ཀྱི་ཧོ་ལོ་གྷྲམ་ནི་འབྲེལ་ལམ་གྱི་རྣམ་པ་ཞིག་རེད། དེ་མ་རེད་དམ། དེ་ནི་བསམ་བློ་ཞིག་སེམས་ཀྱི་སྒྲ་སྐད་ཀྱི་མིང་ཚིག་ནང་བརྗོད་པའམ། འབྲེལ་བ་བྱེད་པའི་རྟོག་འཆར་གྱི་རིགས་ཤིག་རེད། དོ་སྣང་སྐྱེ་འོས་པའི་དྲི་བ་ནི། སྐྱེས་དུས་ནས་འོན་པ་དང་ལྐུགས་པ་ཡིན་མཁན་གྱི་མི་ཞིག་ལ་སྒྲ་སྐད་ཀྱི་གོ་རྟོགས་དང་བསམ་བློ་རྩ་བ་ནས་མེད་ན། ཁོང་ཚོའི་སེམས་ཀྱི་ནང་སྒྲ་སྐད་ཅིག་ཡོད་དམ། ཡང་ན་ཁོང་ཚོས་ལག་བརྡའི་སྐད་ཡིག་ནང་བསམ་བློ་གཏོང་གི་ཡོད་དམ། དེ་ནི་དངོས་གནས་དོ་སྣང་སྐྱེ་འོས་པའི་དྲི་བ་ཞིག་རེད། ངས་དེ་ལ་ལན་ཞིག་ནམ་ཡང་རྙེད་མ་སོང་།

བྱས་ཙང་། དེ་སྒྲ་གདངས་ཤིག་ཡིན་ནའང་འདྲ། ལག་བརྡའི་སྐད་ཡིག་ཞིག་ཡིན་ནའང་འདྲ། གང་ཡིན་ཀྱང་རུང་སྟེ། ས་འབུ་ལྟ་བུ་དེས་བསམ་བློ་གང་འདྲ་གཏོང་གི་ཡོད་དམ། སྐབས་འདིར་འཁྲུལ་སྣང་དེ་གང་རེད་ཟེར་ན། “ང་” ཟེར་བ་ཞིག་རྒྱབ་ལ་ལོགས་སུ་ཡོད་པ་དང་། དེས་སྐད་ཆ་བཤད་པ་དང་། སྟངས་འཛིན་ལྷན་ཁང་ལ་སྡོད་པ། གནས་ཚུལ་རྣམ་བརྙན་ཡོལ་སྟེང་དུ་མིག་གཉིས་བརྒྱུད་ནས་ཡོང་བ། ཁོང་ཚོར་སྒྲ་སྐྱེད་ཁ་པར་ཡོད་ཅིང་། ཁོང་ཚོས་སྐད་ཆ་ཤོད་བཞིན་ཡོད། དེ་ནས་ཁོང་ཚོས་མཐེབ་གཅུས་གནོན་ནས་རྐང་ལག་འགུལ་བ་བྱེད་ཀྱི་ཡོད། དེ་ནི་རྦད་དེ་འཁྲུལ་སྣང་ཞིག་རེད། འོན་ཀྱང་སྟངས་འཛིན་ལྷན་ཁང་ལ་སྡོད་པའི་ “ང་” འདྲ་པོ་དེ་ནི། “ཨོའོ། མི་ཚོས་ང་ལ་གང་བསམ་གྱི་ཡོད་དམ།” ཞེས་དང་། “ད་ངས་གང་བྱེད་དགོས་སམ།” ཞེས་ཟེར་བའི་ཡུལ་ཆགས་ཀྱི་ཡོད། དེར་བརྟེན་སྟངས་འཛིན་བྱེད་སར་ཡོད་པའི་ “ང་” དེ་ལ་ང་ཚོས་སེམས་ཁྲལ་བྱེད་ཀྱི་ཡོད།

ང་ཚོས་ “ང་” ཟེར་བ་འདི་འཁྲུལ་སྣང་འདྲ་པོ་ཡིན་པར་རྟོགས་པའི་སྐབས། དེ་ནས་སེམས་ཁྲལ་བྱེད་དགོས་དོན་གང་ཡང་མེད། ང་ཚོས་སྐད་ཆ་ཤོད་ཀྱི་ཡོད་ལ་ལས་ཀ་བྱེད་ཀྱི་ཡོད། དེ་ནི་ང་ཡིན་པ་བཤད་མི་དགོས་པ་རེད། ངས་སྐད་ཆ་བཤད་པ་དང་། ངས་ལས་ཀ་བྱེད་ཀྱི་ཡོད། གལ་སྲིད་མི་ཚོས་དེ་ལ་མི་དགའ་ན། ཁོང་ཚོས་དགའ་པོ་མ་བྱས་པ་རང་རེད། དེ་ལ་ཧ་ལས་རྒྱུ་མེད། སངས་རྒྱས་ཀྱི་མི་ཚང་མ་དགའ་དགོས་པ་བཟོས་གནང་མེད། མི་ཚང་མས་སངས་རྒྱས་ལའང་དགའ་པོ་བྱས་མེད། བྱས་ཙང་། ངས་རང་ཉིད་ལ་རེ་བ་གང་བྱེད་དགོས་སམ། ང་ཚོས་གོ་རྟོགས་དང་། བྱམས་བརྩེ། སྙིང་རྗེ་བེད་སྤྱོད་བྱས་ནས་བྱ་སྤྱོད་སྤེལ་དགོས། དེ་རང་རེད། “ཁོང་ཚོས་ང་ལ་བསམ་ཚུལ་གང་ཡོད་དམ།” ཞེས་པའི་ཐད་ལ་སེམས་ཁྲལ་བྱེད་དགོས་དོན་མེད། འོན་ཀྱང་དེ་གོ་བ་ནང་བཞིན་སྒྲུབ་ལས་སླ་པོ་མེད།

གཞན་དག་ཁོང་ཁྲོ་ཟ་དུས་རང་ཉིད་སྟངས་འཛིན་བྱེད་པ།

མི་གཞན་ཞིག་ང་ཚོ་ལ་ཁོང་ཁྲོ་ལངས་ཡོད་ན། ང་ཚོས་རང་ཉིད་སྟངས་འཛིན་གང་འདྲ་བྱེད་དགོས་སམ།

གཞི་རྩའི་ཆ་ནས་དེའི་སྐབས། ང་ཚོས་ཁོང་ཚོའི་བྱེད་སྟངས་དེ་ཕྲུ་གུ་ཆུང་ཆུང་ཞིག་དང་འདྲ་བར་བལྟ་དགོས། ང་ཚོས་ལོ་གཉིས་ལ་སླེབས་པའི་བྱིས་པ་ཞིག་ལ་ “ཉལ་བའི་དུས་ལ་སླེབས་འདུག་” ཟེར་དུས་ཁོང་ཁྲོ་ལངས་བའི་སྐབས། བྱིས་པ་དེས་ “ང་ཁྱེད་ལ་དགའ་གི་མི་འདུག།ཁྱེད་དཔེ་མི་སྲིད་པའི་སྡུག་ཅག་རེད།” ཅེས་ཟེར་ནས། དེ་ནས་ཟ་ངེ་ཟིང་ངེ་ཆེན་པོ་བཟོ་གི་ཡོད། དེ་ལ་ང་ཚོ་ཁོང་ཁྲོ་ཟ་གི་ཡོད་དམ་ཟེར་ན། མི་འགའ་ཤས་ཁོང་ཁྲོ་ཟ་གི་ཡོད། འོན་ཀྱང་དེ་ནི་བྱིས་པ་ལོ་གཉིས་ལ་སླེབས་པ་ཞིག་ལས་གཞན་མ་རེད། དེ་ལ་ཁྱེད་ཀྱིས་རེ་བ་གང་བྱེད་ཐུབ་བམ། ཁྱེད་ཀྱིས་འཁྱོར་འགྲོས་བྱིས་པ་དེ་ཞི་འཇམ་བཟོ་བའི་ཐབས་ཤེས་བྱེད་དགོས། ཁྱེད་ཀྱིས་བྱིས་པ་ལོ་གཉིས་ལ་སླེབས་པ་ཞིག་ལ་སྐད་ཆ་བཤད་པ་ནང་བཞིན་འཇམ་པོ་བྱེད་དགོས། དེའི་སྐོར་བསམ་བློ་ཞིག་ཐོངས་དང་། བྱིས་པ་ལོ་གཉིས་ཡིན་པ་ཞིག་ལ་ཁྱེད་ཀྱིས་གདོང་ལེན་གང་འདྲ་བྱེད་སྲིད་དམ། ནམ་རྒྱུན་བྱིས་པ་ལོ་གཉིས་ལ་སླེབས་པ་ཞིག་གིས་སྤྱོད་ངན་བྱས་ན། ཁྱེད་ཀྱིས་བྱིས་པ་ཡར་པང་དུ་བླངས་ནས་བརྩེ་བ་སྤྲད་ན། བྱིས་པ་དེ་ཚོ་ཞི་འཇམ་ཆགས་ཀྱི་ཡོད། དེ་འདྲ་མ་རེད་དམ། དེ་ལས་ལྡོག་ཏེ། ཁོང་ཚོར་ངར་སྐད་བརྒྱབ་ན་དེ་ལས་མང་བ་ངུ་འབོད་བྱེད་འཇུག་གི་རེད། བྱས་ཙང་། མི་ཚོ་དེ་དང་འདྲ་སྟེ། ཕྲུ་གུ་མ་འབྱར་ཆེན་པོ་དང་འདྲ་བ་རེད།།

Top