ཐེག་དམན་དང་། ཐེག་ཆེན། བོན་བཅས་ཀྱི་ནང་དུ་གསལ་བའི་ཚད་མེད་བཞི།

སྐད་ཡིག་གཞན།

ངོ་སྤྲོད།

ཚད་མེད་བཞི་ནི།

  • བྱམས་པ་ཚད་མེད་པ། (ལེགས། མཻཏྲི། པཱ་ལི། མེཏྟ།)
  • སྙིང་རྗེ་ཚད་མེད་པ། (ལེགས། ཀ་རུ་ཎཱ། པཱ་ལི། ཀ་རུ་ཎཱ།)
  • དགའ་བ་ཚད་མེད་པ། (ལེགས། མུ་དི་ཏཱ། པཱ་ལི། མུ་དི་ཏཱ།)
  • བཏང་སྙོམས་ཚད་མེད་པ། (ལེགས། ཨུཔེཀྵ། ཨུཔེཀྐཁ།)

དེ་དག་ལ་ཚངས་པའི་གནས་བཞི་ཞེས་ཀྱང་བརྗོད་པ་དང་དེ་དག་ཐེག་པ་དམན་པ་དང་། ཐེག་པ་ཆེན་པོ། དེ་ག་ནང་བཞིན་གཡུང་དྲུང་བོན་གྱི་ནང་དུའང་གསལ་ཡོད། གྲུབ་མཐའ་དང་གཞུང་ལུགས་མི་འདྲ་བའི་ནང་དེ་དག་འགྲེལ་བརྗོད་ཅུང་ཟད་མི་འདྲ་བར་རྒྱག་ཡོད་པ་དང་སྲོལ་རྒྱུན་ལམ་ལུགས་འགའི་ནང་དེ་དག་ཉམས་ལེན་སྐབས་སུ་གོ་རིམ་འགྱུར་བ་བཏང་ཡོད། 

ཐེག་དམན་གྱི་གནས་བརྟན་སྡེ་པའི་ལུགས།

ཐེག་དམན་གྱི་ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་ནང་། གནས་བརྟན་སྡེ་པའི་ལུགས་ཀྱི་ཚད་མེད་བཞི་ནི་ཚངས་པའི་གནས་ཀྱི་མདོ་ (པཱ་ལི། བྲཧྨཱ་བི་ཧཱ་ར་སུཏྟ་) ལས་བྱུང་ཞིང་། དེ་ཡང་ཡན་ལག་མཆོག་གི་སྡེ་ (པཱ་ལི། ཨངྒུ་ཏྟ་ར་ནི་ཀཱ་ཡ་) ཞེས་པའི་ནང་གསལ་ཡོད། དེའི་ནང་སངས་རྒྱས་ཀྱིས་ཚད་མེད་བཞི་པོ་དེ་དག་རེ་རེ་བཞིན་དུ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་དང་བྲལ་ཞིང་དྲན་པ་དང་ཤེས་བཞིན་གྱིས་གྲོགས་བྱས་ཡོད་ཅེས་ངེས་བཤད་མཛད་ཡོད། དུས་རབས་དང་པོའི་ནང་ཨུ་པ་ཏིསྶ་ཡིས་མཛད་པའི་ “རྣམ་པར་ཐར་པའི་ལམ་” (པཱ་ལི། ཝི་མུཀྟི་མཱགྒ་) དང་། དུས་རབས་ལྔ་པའི་འགོ་སྟོད་ཙམ་ལ་སངས་རྒྱས་དབྱངས་ཀྱིས་མཛད་པའི་ “རྣམ་པར་སྦྱོང་བའི་ལམ་” (པཱ་ལི། ཝི་ཤུདྡྷི་མཱགྒ།) དེ་བཞིན་དུས་རབས་དགུ་པའི་ནང་མ་འགགས་པས་མཛད་པའི་” མངོན་པ་ཀུན་ལས་བཏུས་པ་” (པཱ་ལི། ཨབྷི་དྷམྨ་ཐ་སཾགྷ་) བཅས་ཀྱི་ནང་ཚད་མེད་བཞི་པོ་དེ་དག་གི་ཉམས་ལེན་ཡོངས་སུ་རྫོགས་པ་གསུངས་ཡོད། 

དེ་དག་ལ་ “ཚངས་པའི་གནས་” ཞེས་བརྗོད་ཀྱི་ཡོད། གང་ཡིན་ཞེ་ན། གཟུགས་ཁམས་ཀྱི་ཚངས་པའི་གནས་བཞི་ནི་ཚད་མེད་པའི་ཀུན་སློང་བཞི་དང་བསམ་གཏན་བཞི་དང་མཐུན་གྱི་ཡོད་པས་རེད། ཚངས་པའི་གནས་དང་པོའི་ཚངས་པའི་ལྷ་རྣམས་ལ་ནི་བྱམས་པ་ཚད་མེད་པ་དང་། ཚངས་གནས་གཉིས་པའི་ལྷ་རྣམས་ལ་ནི་སྙིང་རྗེ་ཚད་མེད་པ། ཚངས་གནས་གསུམ་པའི་ལྷ་རྣམས་ལ་ནི་དགའ་བ་ཚད་མེད་པ། དེ་བཞིན་ཚངས་གནས་བཞི་པའི་ལྷ་རྣམས་ལ་ནི་བཏང་སྙོམས་ཚད་མེད་པ་དང་ལྡན་པ་ཡིན། དེ་དང་མཚུངས་པར་བསམ་གཏན་དང་པོའི་ཉམས་ལེན་པ་རྣམས་ལ་ནི་བྱམས་པ་ཚད་མེད་པའི་ཏིང་ངེ་འཛིན་དང་། བསམ་གཏན་གཉིས་པའི་ཉམས་ལེན་པ་རྣམས་ལ་ནི་སྙིང་རྗེ་ཚད་མེད་པའི་ཏིང་ངེ་འཛིན་ལ་སོགས་པ་དང་ལྡན་པ་དེ་ལྟར་རིགས་འགྲེ་བར་བྱའོ། །བྲཧྨའམ་ཚངས་པ་ཞེས་པའི་ཚིག་གི་དོན་ནི་གཙང་མའམ་དག་པ། མཆོག་ཏུ་གྱུར་བ། བླ་ན་མེད་པའི་དོན་ལ་འཇུག་པ་སོང་ཙང་། ཚད་མེད་བཞི་པོ་དེ་དག་སྐྱེད་པའི་ཉམས་ལེན་པ་རྣམས་ནི་ཚངས་པའི་ལྷ་དང་འདྲ་བར་སེམས་ཀྱི་གནས་བབས་ཡང་དག་པ་དང་གཙང་མར་གནས་ཀྱི་ཡོད། དེར་མ་ཟད། ཚངས་གནས་ལ་ཚད་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་ནི་དེ་དག་གི་ཁོངས་སུ་གནས་སྐབས་ཐམས་ཅད་ཀྱི་ནང་སེམས་ཅན་ཐམས་ཅད་ཚུད་ཡོད་པ་དང་ཚད་མེད་བཞི་པོ་རེ་རེའི་ཀུན་སློང་གི་ནུས་པའི་ངར་ཤུགས་ལ་ཚད་མེད་པ་རེད། 

ཚད་མེད་བཞི་པོ་དེ་དག་གནས་བརྟན་སྡེ་པའི་སེམས་བྱུང་ལྔ་བཅུ་རྩ་གཉིས་ཀྱི་ཁོངས་སུ་ཡོད། སློབ་དཔོན་མ་འགགས་པའི་སེམས་བྱུང་དེ་དག་གི་འགྲེལ་ཚུལ་ལྟར་ན། བཞི་ལས་གཉིས་ནི་ཚད་མེད་པའི་སེམས་བྱུང་ཡིན་པར་ངེས་བཤད་མཛད་ཡོད། གང་ཡིན་ཞེ་ན། དེ་དག་གཉིས་ཀྱི་ཡུལ་ནི་མཐའ་མེད་པ་དང་ཚད་མེད་པའི་སེམས་ཅན་རྣམས་ཡིན་པས་རེད། དེ་ཡང་།

  • སྙིང་རྗེ་ནི། སེམས་ཅན་གཞན་སྡུག་བསྔལ་གྱིས་མནར་བའི་སྐབས་སུ་སོ་སོའི་སྙིང་འདར་བར་བྱེད་པའམ་དེ་དག་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སེམས་བྱུང་ཡིན་པ་དང་། དེ་ནི་སྡུག་བསྔལ་སེལ་འདོད་དང་བྲལ་འདོད་ཀྱི་ཡིད་སྨོན་དང་འདུན་སེམས་དེ་ཡིན་པ་རེད། དེའི་དགྲ་བོ་དངོས་ནི་གནོད་སེམས་ཀྱི་ཀུན་ནས་བསླངས་པའི་འཚེ་བའི་སེམས་དེ་ཡིན་པ་རེད། དེའི་ཤུགས་ཀྱི་དགྲ་བོ་ནི་སེམས་སྡུག་གམ་མྱ་ངན་ཏེ། སེམས་ཅན་དེ་དག་གི་སྡུག་བསྔལ་ལ་བརྟེན་ནས་སེམས་ཚོར་གྱི་དབང་དུ་ཤོར་བ་དེ་རེད། 
  • དགའ་བ་ནི། གཞན་གྱི་བདེ་སྐྱིད་དང་ལོངས་སྤྱོད་ལ་དགའ་བ་སྒོམ་པའི་སེམས་བྱུང་ཡིན་པ་རེད། དེའི་དགྲ་བོ་དངོས་ནི་ཕྲག་དོག་ཡིན་པ་དང་ཤུགས་ཀྱི་དགྲ་བོ་ནི་ཚད་མེད་པའི་བདེ་དགའ་སྟེ། ཕ་རོལ་གྱི་རྒྱུ་ནོར་ལོངས་སྤྱོད་ལ་ཧ་ཅང་སྤྲོ་ཤུགས་བསླེབས་ནས་རང་གི་སེམས་ཀྱི་གནས་བབས་ལ་དཀྲོག་རྐྱེན་ཐེབས་པ་དེ་རེད། 

ཚད་མེད་པའི་རྣམ་པའི་ལྡོག་ཕྱོགས་སུ་ཚད་མེད་གཞན་གཉིས་ཀྱི་གཞི་རྩའི་རྣམ་པ་དེ་དག་ནི་སེམས་དགེ་བའི་གནས་བབས་ཁོ་ནས་གྲོགས་བྱེད་པའི་སེམས་བྱུང་བཅུ་དགུའི་གྲངས་ཀྱི་ཁོངས་སུ་གཏོགས་ཡོད་པ་སྟེ།

  • བྱམས་པ་ནི། གཞན་བདེ་བ་དང་ལྡན་ན་བསམ་པའི་འདུན་སེམས་དང་ཡིད་སྨོན་དེ་ཡིན་ཞིང་། དེ་ནི་ཁོང་ཁྲོ་མེད་པའམ་ཞེ་སྡང་མེད་པའི་ཁོངས་སུ་གཏོགས་ཡོད། དེའི་དགྲ་བོ་དངོས་ནི་སྡང་བའམ་ཁོང་ཁྲོ་ཡིན་པ་དང་དེའི་ཤུགས་ཀྱི་དགྲ་བོ་ནི་ཞེན་པ་སྟེ་ཧ་ཅང་ཉེ་བར་འཛིན་པ་དེ་ཡིན།
  • བཏང་སྙོམས་ནི། ཡུལ་གྱི་ཕྱོགས་སུ་ཞི་ལྷིང་དང་ཆ་སྙོམ་པ་དང་ལྡན་པའི་སེམས་བྱུང་ཡིན་པ་དང་དེ་ནི་སེམས་སྙོམས་པའི་ཁོངས་སུ་གཏོགས་པར་བྱས་ཡོད། དེའི་དགྲ་བོ་དངོས་ནི་འདོད་ཆགས་སམ་ཆགས་སེམས་དང་ཤུགས་ཀྱི་དགྲ་བོ་ནི་གཏི་མུག་ཡིན་པ་རེད། 

སངས་རྒྱས་དབྱངས་ཀྱི་བཏང་སྙོམས་ཚད་མེད་ཀྱི་འགྲེལ་བརྗོད་ཀྱིས་སེམས་ཀྱི་གནས་བབས་འདིའི་ཐོག་ལ་མུ་མཐུད་ནས་གསལ་བཤད་བྱེད་ཀྱི་ཡོད། བཏང་སྙོམས་ཚད་མེད་ཀྱི་བྱེད་ལས་ནི་སེམས་ཅན་ཐམས་ཅད་འདྲ་མཉམ་དུ་བལྟ་བ་དེ་ཡིན། དེ་ཡང་གཞན་གྱི་ཕྱོགས་སུ་སེམས་ཆ་སྙོམས་དང་འདྲ་མཉམ་གྱི་ཀུན་སློང་ཞིག་གིས་མཚོན་པར་བྱས་ཡོད་པ་དང་། དེ་ནི་གཞན་ཕྱོགས་སུ་འདོད་ཆགས་དང་སྡང་འཛིན་ཞི་འཇམ་བཟོ་བར་བྱེད་པའི་རྣམ་པར་མངོན་གྱི་ཡོད། དེའི་རྒྱུ་ནི་སེམས་ཅན་རེ་རེ་ནི་རང་སོ་སོའི་ལས་ལ་འགན་འཁྲི་ཡོད་པར་རྟོགས་པ་དེ་རེད། 

ཚད་མེད་བཞི་ལ་སྒོམ་རྒྱག་པའི་སྐབས་སུ་དུས་གཅིག་ལ་སེམས་ཀྱི་གནས་བབས་རེ་རེ་སྐྱེད་དགོས་ཏེ། དེ་ཡང་ཐོག་མར་སོ་སོ་རང་ཉིད་ལ་ཁ་ཕྱོགས་ནས་དམིགས་དགོས་པ་དང་དེ་ནས་རང་གི་ཨ་མ་དང་། ཨ་ཕ། ནང་མི་ཁྱིམ་ཚང་། གྲོགས་གྲོགས་མོ། རྒྱུས་མེད་ཀྱི་མི། དགྲ་བོ་ལ་སོགས་པའི་རང་གི་རྒྱལ་ཁབ་ནང་ཡོད་པའི་མི་ཐམས་ཅད་དང་བཅས་ཏེ། རང་གི་ཚོར་བ་དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་བར་དུ་རྒྱ་སྐྱེད་གཏོང་དགོས་ཀྱི་ཡོད། དེ་ལྟར་ཚད་མེད་པའི་ཀུན་སློང་དང་པོ་ལ་བརྟེན་ནས་གོ་རིམ་འདི་ལྟར་བརྒྱུད་པའི་རྗེས་སུ་ཚད་མེད་རྗེས་མ་དེ་རང་རྒྱུད་ལ་བསྐྱེད་ནས་དེའང་གོང་ལྟར་རྒྱ་སྐྱེད་གཏོང་དགོས། ཀུན་སློང་ཡང་ན་བློའི་ཁྱེར་སོ་རྣམས་ནི།

  • སེམས་ཅན་དེ་དག་ཐམས་ཅད་རེ་རེ་བཞིན་དུ་བདེ་བ་དང་ལྡན་པ།
  • དེ་དག་སྡུག་བསྔལ་དང་འབྲལ་བ།
  • དེ་དག་གི་བདེ་ཐབས་དང་དགེ་བའི་རྩོལ་བ་ལ་དགའ་བ་བསྒོམ་པ་དང་ཐར་པའི་གོ་འཕང་ཐོབ་པའི་ཆེད་དུ་འབད་བརྩོན་བྱེད་པ།
  • སེམས་ཅན་དེ་དག་ལ་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པ་སྟེ། ཐ་ན་ཕན་འདོགས་པའི་སྐབས་སུའང་བཏང་སྙོམས་དང་ལྡན་པ་དགོས་ཤིང་། ཧ་ཅང་ཐལ་ཆེ་བ་ཆགས་རྒྱུ་མེད་ལ་གཏི་མུག་ཅན་ཆགས་རྒྱུ་མེད། གང་ཡིན་ཞེ་ན། མཐར་ཐུག་སེམས་ཅན་ཐམས་ཅད་རང་སོ་སོའི་རྩོལ་བ་ལ་བརྟེན་ནས་ཐར་པ་ཐོབ་དགོས་ཀྱི་ཡོད། 

བྱམས་པ་ཚད་མེད་སྐྱེད་པའི་སྔོན་འགྲོའི་ཚུལ་དུ་ཨུ་པ་ཏིསྶས་ཐོག་མར་ཁོང་ཁྲོ་དང་འཁོན་འཛིན་གྱི་ཉེས་དམིགས་ལ་བསམ་བློ་གཏོང་དགོས་ཞེས་འགྲེལ་བརྗོད་གནང་ཡོད། དེ་གཉིས་ནི་བྱམས་པ་ལ་འགོག་རྐྱེན་བྱེད་པའི་ཉོན་མོངས་ཅན་གྱི་སེམས་ཀྱི་གནས་བབས་ཡིན་པ་དང་དེ་དག་ལས་ཐར་བ་དང་བཟོད་པ་གོང་འཕེལ་དུ་གཏོང་བའི་ཐབས་ལ་སྒོམ་རྒྱག་དགོས་ཀྱི་ཡོད། དེ་ལྟར་ང་ཚོས་རང་གཞན་གཉིས་ཀར་བདེ་བ་དང་ལྡན་པའི་འདུན་སེམས་ཀྱི་བྱམས་པ་རང་རྒྱུད་ལ་སྐྱེད་ཀྱི་ཡོད། སངས་རྒྱས་དབྱངས་ཀྱིས་བྱམས་པའི་འདུན་སེམས་འདི་ལ་རང་གཞན་གཉིས་ཀ་སྡུག་བསྔལ་ལས་འབྲལ་བའི་འདུན་སེམས་དང་བཅས་རྒྱས་བཤད་མཛད་ཡོད་དེ། སེམས་ཅན་དེ་དག་བདེ་བ་དང་ལྡན་ཞིང་སྡུག་བསྔལ་མེད་པར་ཤོག་ཅེས་གསུངས་ཡོད། སངས་རྒྱས་དབྱངས་ཀྱིས་འདུན་སེམས་འདིའི་འགྲེལ་ཚུལ་དེ་ལས་རྒྱས་པ་ཞིག་ཀྱང་གནང་ཡོད་པ་དེའི་ནང་། བྱམས་པ་དང་བདེ་སྐྱིད་ལ་འགོག་རྐྱེན་བྱེད་པའི་སེམས་ཀྱི་གནས་བབས་མི་སྐྱིད་པའམ་སྡུག་བསྔལ་བ་གསུམ་གྱི་གྲངས་འདྲེན་གསུངས་ཡོད་པ་ནི། དེ་དག་སྡང་འཛིན་དང་འབྲལ་བར་ཤོག (དེ་ཡང་སྡང་སེམས་སྤོང་བའི་སྒོ་ནས་ཡིན་པ་རེད།) ཁྲོ་བ་དང་འབྲལ་བར་ཤོག (དེ་ཡང་བསུན་གཙེར་གྱི་ཚོར་བ་སྤོང་བའི་སྒོ་ནས་ཡིན་པ་རེད།) སེམས་འཚབ་དང་འབྲལ་བར་ཤོག (འཇིགས་སྐྲག་སྤོང་བའི་སྒོ་ནས་ཡིན་པ་རེད།) དེ་ལྟར་བདེ་སྐྱིད་ངང་གནས་དགོས་ཞེས་གསུངས། 

ཐེག་དམན་གྱི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་ལུགས། 

ཐེག་དམན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེའི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའི་ལུགས་སུ་སློབ་དཔོན་དབྱིག་གཉེན་གྱིས་དུས་རབས་ལྔ་པའམ་དྲུག་པའི་ནང་མཛད་པའི་ཆོས་མངོན་པའི་མཛོད་ཀྱི་རང་འགྲེལ་དེ་ཁོང་ཚོའི་ཚད་མེད་བཞིའི་འགྲེལ་ཚུལ་གྱི་འབྱུང་ཁུངས་ལྟ་བུར་ཐུན་མོང་དུ་བེད་སྤྱོད་བྱེད་ཀྱི་ཡོད། བོད་བརྒྱུད་ནང་བསྟན་གྱིས་ཀྱང་འདི་ནི་འབྱུང་ཁུངས་ནང་གི་གཅིག་ལ་བེད་སྤྱོད་བྱེད་ཀྱི་ཡོད། 

སློབ་དཔོན་དབྱིག་གཉེན་གྱིས་ཀུན་སློང་བཞི་པོ་དེ་དག་ཚད་མེད་པ་ཡིན་པའི་རྒྱུ་མཚན་སེམས་ཅན་གྲངས་ཚད་མེད་པར་དམིགས་པའི་ཕྱིར་ཞེས་གནས་བརྟན་སྡེ་པའི་འགྲེལ་བརྗོད་དེ་ཁས་ལེན་གྱི་ཡོད། ཁོང་ནི་སངས་རྒྱས་དབྱངས་དང་མ་འགགས་པ་གཉིས་ཀྱི་སྔོན་ནས་བྱོན་པ་དང་ཁོང་ཚོའི་གཤམ་གྱི་འགྲེལ་བ་དང་མཐུན་གྱི་ཡོད་པ་སྟེ།

  • བྱམས་པ་ནི་གནོད་སེམས་ཀྱི་ལྡོག་ཟླ་ཡིན་པ།
  • སྙིང་རྗེ་ནི་གདུག་རྩུབ་ཅན་དང་གནོད་སེམས་ཀྱི་ཆེད་དུ་ཡིན་པ།
  • དགའ་བ་ནི་མི་དགའ་བ།
  • བཏང་སྙོམས་ནི། ༡། སེམས་ཅན་རྣམས་ལ་འདོད་ཆགས་སྐྱེ་བའམ་ཡང་ན་འདོད་པའི་ཡོན་ཏན་ལ་ཆགས་པ་དང་། ༢། གནོད་སེམས།

མི་དགའ་བ་ཞེས་བྱ་བ་ནི་གཞན་གྱི་བདེ་སྐྱིད་དང་ལེགས་པའི་འགྲུབ་འབྲས་རྣམས་ལ་དགའ་བ་མི་སྒོམ་པའི་དོན་ཡིན་པ་དང་དེ་ནི་ཕྲག་དོག་གི་མཚན་ཉིད་ཀྱང་ཡིན་པ་རེད། སློབ་དཔོན་དབྱིག་གཉེན་གྱིས་བྱེ་བྲག་སྨྲ་བའི་ལུགས་ཀྱི་བཏང་སྙོམས་ཟེར་བ་དེ་འཁྲིག་སྤྱོད་ཀྱི་འདོད་པའི་འགལ་ཟླ་རུ་ཁས་མི་ལེན་ནའང་། དེའི་ཚབ་ཁོང་གིས་མདོ་སྡེ་པའི་ལུགས་ཀྱི་བཏང་སྙོམས་དེ་རང་གི་ཕ་མ་བུ་ཕྲུག་དང་གཉེན་ཉེ་ལ་འདོད་ཆོགས་ཡོད་པ་དེའི་འགལ་ཟླར་ཁས་ལེན་གྱི་ཡོད། བཏང་སྙོམས་ནི་གནོད་སེམས་ཀྱི་འགལ་ཟླའང་ཡིན་ཏེ། སེམས་ཅན་འགའ་ཞིག་ལ་གནོད་སེམས་བྱེད་པ་དེ་གཞན་ལ་འདོད་ཆགས་སྐྱེ་བའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་པའི་ཕྱིར་རོ།།

སློབ་དཔོན་དབྱིག་གཉེན་གྱིས་མུ་མཐུད་འགྲེལ་བ་ལྟར་ན།

  • བྱམས་པ་དང་སྙིང་རྗེ་གཉིས་ཀར་ཞེ་སྡང་མེད་པའི་རང་བཞིན་དང་ལྡན་པ་ཡིན། དེ་ནི་སློབ་དཔོན་མ་འགགས་པས་བྱམས་པ་དང་འདྲ་བ་ཡིན།
  • དགའ་བ་ལ་ནི་ཡིད་བདེ་བའི་རང་བཞིན་དང་ལྡན་པ་ཡིན།
  • བཏང་སྙོམས་ལ་ནི་མ་ཆགས་པའི་བདག་ཉིད་དང་ལྡན་པ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད།

བསམ་གཏན་བཞི་པོ་དེ་དག་ཐམས་ཅད་དང་དེ་བཞིན་ཚངས་གནས་བཞི་ཀ་ཁོང་ཁྲོ་དང་བྲལ་བ་རེད། དེ་དང་མཐུན་པར་བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད་གཉིས་ཀྱང་ཁོང་ཁྲོ་དང་བྲལ་བ་རེད། འོན་ཀྱང་། སློབ་དཔོན་དབྱིག་གཉེན་གྱིས་དགའ་བ་དེ་ཡིད་བདེ་བར་འགྲེལ་བའི་སྐབས་སུ་འདི་ལྟ་བུའི་ཆ་མཚུངས་དོ་མཉམ་དེ་ཚང་གི་མེད། དགའ་བ་དེ་ཚད་མེད་པའི་ཀུན་སློང་གསུམ་པ་ལྟར་བྱས་ན། དེ་ནི་བསམ་གཏན་གསུམ་པའི་རིམ་པ་དང་ཕན་ཚུན་འབྲེལ་ནས་ཡོད་པ་དང་དེ་ལྟ་བུའི་སེམས་ཀྱི་རིམ་པ་ནི་ཇི་ལྟར་ཚངས་གནས་གསུམ་པ་ནང་བཞིན་ཡིད་བདེ་བ་དང་བྲལ་བ་རེད། དེར་གནས་པའི་སེམས་ཅན་རྣམས་ལ་ནི་སེམས་ཞི་བའི་དགའ་བ་ཙམ་ཡོད། 

སློབ་དཔོན་དབྱིག་གཉེན་གྱིས་ད་དུང་ལུས་ཀྱི་བདེ་བ་དང་། སྡུག་བསྔལ། ཡིད་བདེ་མྱོང་མཁན་གྱི་སེམས་ཅན་རྣམས་ལ་བསམ་བཞིན་དུ་ཚད་མེད་བཞི་པོ་རེ་རེས་སྐྱེད་པའི་བསམ་བློའི་རྣམ་པ་དེ་དག་ཀྱང་འགྲེལ་བརྗོད་གནང་གི་ཡོད། དེ་ལྟ་བུའི་སེམས་ཅན་རྣམས་ནི་ད་ལྟ་འདོད་ཁམས་སུ་སྐྱེས་པ་ཁོ་ན་ཡིན་པ་རེད། ད་ལྟ་གཟུགས་ཁམས་སུ་སྐྱེས་པ་དང་གཟུགས་མེད་ཁམས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱིས་ནི་སྡུག་བསྔལ་མྱོང་གི་མེད། ཚངས་གནས་གཉིས་པ་དང་དེའི་ཡན་གྱི་སེམས་ཅན་རྣམས་ཀྱིས་ལུས་ཀྱི་བདེ་བ་མྱོང་གི་མེད། དེ་བཞིན་ཚངས་གནས་གསུམ་པ་དང་དེའི་ཡན་གྱི་སེམས་ཅན་རྣམས་ཀྱིས་ཡིད་ཀྱི་བདེ་བ་མྱོང་གི་མེད། 

  • བྱམས་པ་ལ་བརྟེན་ནས་སེམས་ཅན་དེ་དག་ལ་དམིགས་ཏེ། “སེམས་ཅན་དེ་དག་ལུས་ཀྱི་བདེ་བ་དང་ལྡན་པར་ཤོག་” ཅེས་སྙམ་གྱི་ཡོད།
  • སྙིང་རྗེ་ལ་བརྟེན་ནས་སེམས་ཅན་དེ་དག་ལ་དམིགས་ཏེ། “སེམས་ཅན་དེ་དག་སྡུག་བསྔལ་དང་འབྲལ་བར་ཤོག་” ཅེས་སྙམ་གྱི་ཡོད། 
  • དགའ་བ་ལ་བརྟེན་ནས་སེམས་ཅན་དེ་དག་ལ་དམིགས་ཏེ། “སེམས་ཅན་དེ་དག་ཡིད་བདེ་བ་དང་ལྡན་པར་ཤོག་” ཅེས་སྙམ་གྱི་ཡོད།
  • བཏང་སྙོམས་ལ་བརྟེན་ནས་སེམས་ཅན་དེ་དག་ལ་དམིགས་ཏེ། “སེམས་ཅན་རྣམས་ནི་མཉམ་པའོ། །” ཞེས་བསམ་གྱི་ཡོད། 

དགའ་བ་ཚད་མེད་ལ་ཆ་བཞག་ན། འདིར་སློབ་དཔོན་དབྱིག་གཉེན་གྱིས་གནས་བརྟན་སྡེ་པའི་འགྲེལ་ཚུལ་ལས་འཕོ་འགྱུར་གལ་གནད་ཅན་ཞིག་གཏོང་གནང་གི་ཡོད། དེ་ཡང་དགའ་བ་དེ་གཞན་ལ་སྔོན་ཚུད་ནས་བདེ་བ་གང་ཡོད་པ་ལ་དགའ་བ་སྒོམ་པའི་སེམས་ཀྱི་གནས་བབས་སྐྱིད་པོ་ཙམ་ཞིག་ལས་ལྡོག་སྟེ། དེའི་སྒང་ལ་གཞན་རྣམས་ལ་ཡིད་བདེ་བ་ (དགའ་བ) དང་ལྡན་པར་ཤོག་ཅེས་ཡིད་སྨོན་བྱེད་པའི་སེམས་ཀྱི་གནས་བབས་དེ་ཡིན་པ་རེད། 

སློབ་དཔོན་དབྱིག་གཉེན་གྱིས་ཚད་མེད་པའི་ཀུན་སློང་ཇི་ལྟར་སྐྱེད་པའི་ཚུལ་མདོར་བསྡུས་གསུང་གི་ཡོད། བྱམས་པ་ཚད་མེད་ལ་ཆ་བཞག་ན། སོ་སོ་རང་ཉིད་ལ་བདེ་བའི་ཉམས་མྱོང་ཏོག་ཙམ་ཡོད་པའམ། ཡང་ན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ། འཕགས་པ། དགྲ་བཅོམ་པ་རྣམས་ཀྱིས་དེ་ལས་བརྟན་ཆ་ཆེ་བའི་བདེ་བ་ཐོབ་ཡོད་པ་ནང་བཞིན་སེམས་ཅན་རྣམས་ལའང་དེ་ལྟ་བུའི་བདེ་བ་དང་ལྡན་པར་ཤོག་ཅེས་སྙམ་པ་དེ་རེད། འདི་ལྟར་བསམ་བློ་གཏོང་བ་ནི་ང་ཚོས་སེམས་ཅན་རྣམས་བདེ་བ་དང་ལྡན་པར་ཤོག་ཅེས་བསམ་པ་དེ་རེད། གལ་ཏེ་ང་ཚོའི་རྒྱུད་ལ་ཡོད་པའི་ཉོན་མོངས་པའི་དབང་གིས་འདི་ལྟར་བྱེད་ཐུབ་ཀྱི་མེད་ན། ང་ཚོས་འདི་རིམ་པ་བཞིན་དུ་བྱེད་ན་ཆོག དཔེར་ན། སོ་སོའི་གྲོགས་པོ་རྣམས་རང་དང་ཉེ་པོ་ཡོད་པའི་རིམ་པ་གསུམ་དུ་ཕྱེས་ཏེ། གཅིག་གིས་ཐོག་མར་སོ་སོ་དང་ཧ་ཅང་ཉེ་པོ་ཡོད་པར་དམིགས་པའི་སྒོ་ནས་དེ་དག་བདེ་དང་ལྡན་པར་ཤོག་ཅེས་དང་། དེ་ནས་རང་དང་ཉེ་ལོད་འབྲིང་ཙམ་ཡོད་པའི་གྲོགས་པོའི་ཕྱོགས་སུ་དམིགས་པའི་སྒོ་ནས་དེ་དག་བདེ་བ་དང་ལྡན་པར་ཤོག་ཅེས་དང་། མཐར་རང་དང་ཏོག་ཙམ་ལས་ཉེ་པོ་མེད་པའི་གྲོགས་པོ་དག་ལ་དམིགས་པའི་སྒོ་ནས་དེ་དག་བདེ་བ་དང་ལྡན་པར་ཤོག་ཅེས་ཡིད་སྨོན་བྱེད་པ་ལྟ་བུ་རེད། དེ་ལྟར་སྡེ་ཚན་གྱི་རིམ་པ་གསུམ་པོར་བྱམས་པའི་ཚོར་བ་མཉམ་པ་ཆགས་པའི་སྐབས། རང་ཉིད་ཀྱི་དམིགས་པ་དེ་རྒྱུས་མེད་ཀྱི་མི་དཀྱུས་མའི་འབྲེལ་བ་ཡོད་པ་རྣམས་ལ་གཏད་དགོས་པ་དང་། དེ་ནས་རང་ཉིད་འཁོན་འཛིན་ཏོག་ཙམ་ཡོད་པའི་མི་རྣམས་ལ་དམིགས་པ་གཏད་པ། དེ་ནས་འཁོན་འཛིན་འབྲིང་ཙམ་ཡོད་པའི་མི་རྣམས་ལ་དམིགས་པ། མཐར་འཁོན་འཛིན་ཧ་ཅང་ཆེན་པོ་ཡོད་སའི་མི་རྣམས་ལ་དམིགས་དགོས། དེ་ལྟར་རང་ཉིད་ལ་སོ་སོའི་སྙིང་ནས་བརྩེ་བའི་གྲོགས་པོར་ཡོད་པའི་བྱམས་པའི་ངར་ཤུགས་དེ་དང་གཅིག་མཚུངས་ཤིག་སོ་སོའི་དགྲ་བོ་ལའང་ཡོད་པའི་སྐབས། དེ་རིམ་པ་བཞིན་དུ་སོ་སོའི་ཁྱིམ་མཚེས་དང་། གྲོང་ཁྱེར། རྫོང་ཁག རྒྱལ་ཁབ། དེ་ནས་འཛམ་གླིང་ཁྱོན་ཡོངས་ལ་གནས་པའི་མི་རྣམས་ལ་རྒྱ་སྐྱེད་གཏོང་དགོས། 

གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས། མི་ཚང་མའི་རྒྱུད་ལ་ཡོད་པའི་ཡོན་ཏན་རྟོགས་ཐུབ་མཁན་རྣམས་ཀྱིས་བྱམས་པ་ཚད་མེད་དེ་མགྱོགས་པོར་གོང་འཕེལ་གཏོང་ཐུབ་ཅེས་འགྲེལ་བརྗོད་གནང་ཡོད། ཁོང་ཚོས་མི་ཞིག་གི་རྒྱུད་ལ་ཡོན་ཏན་ཡོད་པ་དང་མེད་པ་ནི་གང་ཟག་དེའི་སྔོན་གྱི་དགེ་མི་དགེའི་ལས་ཀྱི་འབྲས་བུ་སྨིན་པའི་རྐྱེན་གྱིས་ཡིན་པར་རྟོགས་ཀྱི་ཡོད། 

ཇི་ལྟར་བྱམས་པ་ཚད་མེད་པའི་རིམ་པ་དང་གཅིག་མཚུངས་བརྒྱུད་ནས་སྙིང་རྗེ་དང་དགའ་བ་ཚད་མེད་པ་སྐྱེད་ཀྱི་ཡོད། སྙིང་རྗེ་ཚད་མེད་ལྟ་བུར་མཚོན་ན། “སེམས་ཅན་རྣམས་ཀྱིས་སྡུག་བསྔལ་གྱི་རིགས་སྣ་ཚོགས་པ་མྱངས་ཡོད་པས། དེ་དག་སྡུག་བསྔལ་ལས་གང་མྱུར་བྲལ་ན་ཅི་མ་རུང་” སྙམ་པ་དེ་རེད། བྱམས་པ་ཚད་མེད་ལྟ་བུར་མཚོན་ན། “སེམས་ཅན་དེ་དག་བདེ་སྐྱིད་དང་ལྡན་པར་གྱུར་ན་ཅི་མ་རུང་” སྙམ་པ་དེ་རེད། སློབ་དཔོན་དབྱིག་གཉེན་གྱིས་བཏང་སྙོམས་ཚད་མེད་སྐྱེད་པའི་བསམ་བློའི་ཐད་ངེས་བཤད་མཛད་མེད་ནའང་། ཁོང་གིས་ང་ཚོ་དང་ནམ་རྒྱུན་གྱི་འབྲེལ་བ་དཀྱུས་མ་ཞིག་ཡོད་པའི་མི་རྣམས་ཀྱི་ཕྱོགས་སུ་བཏང་སྙོམས་ཚད་མེད་པ་དེ་རྒྱ་སྐྱེད་གཏོང་བའི་རིམ་པ་དེ་འགོ་ཚུགས་ཀྱི་ཡོད་ཅེས་མཛུབ་སྟོན་གནང་ཡོད། ཁོང་གིས་ད་དུང་འགྲོ་བ་མི་ཁོ་ནས་ཚད་མེད་པའི་ཀུན་སློང་བཞི་སྐྱེད་ཐུབ་ཅེས་ཀྱང་གསུངས་ཡོད། 

ཐེག་པ་ཆེན་པོའི་ལུགས།

ཐེག་པ་ཆེན་པོའི་ལུགས་སུ་ཚད་མེད་བཞི་ནི་གྲགས་ཆེ་བའི་མདོ་འགའ་ཞིག་གི་ནང་གསུངས་ཡོད། དཔེར་ན།

  • དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
  • ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལྟ་བུའོ།།

ཉི་ཧོང་ནང་པའི་སྲོལ་རྒྱུན་ནི་ཆི་རཻན་ (Nichiren) ལྟར་ན། ཚད་མེད་བཞི་པོ་དེ་དག་ལས་བྱམས་པ་དང་། སྙིང་རྗེ། དགའ་བ་བཅས་དམ་ཆོས་པདྨ་དཀར་པའི་མདོ་ཁོ་ནའི་ནང་གསུངས་ཡོད་པ་དང་། དེ་ཡང་གནས་བརྟན་སྡེ་པའི་ལུགས་སུ་གསུང་སྟངས་དང་འདྲ་བར་གསུངས་ཡོད་ཅེས་འགྲེལ་གྱི་ཡོད། དཔེར་ན། བྱམས་པ་ཚད་མེད་ནི་སེམས་ཅན་རྣམས་བདེ་བ་དང་ལྡན་པའི་སྐབས་སུ་དགའ་བ་སྒོམ་པའི་ཀུན་སློང་དེ་ཡིན་པ་རེད། ཡིན་ནའང་། བཏང་སྙོམས་ཚད་མེད་ནི་བདེ་བ་དང་སྡུག་བསྔལ། དགའ་བ་དང་གདུང་བ། དེ་བཞིན་རང་གི་གྲོགས་དང་ཐུག་པའམ་དགྲ་བོ་དང་ཐུག་པ་སོགས་གནས་སྟངས་ཚང་མའི་ཕྱོགས་སུ་སེམས་ཆ་སྙོམ་པའི་ཀུན་སློང་ཞིག་ཏུ་འགྲེལ་བརྗོད་བྱས་ཡོད། དེ་ནི་བག་ཕེབས་པ་དང་ཞི་བ་ཆ་ཚང་བའི་གནས་བབས་ཤིག་ཡིན་པ་རེད། གཞན་ཡང་། བཏང་སྙོམས་ཚད་མེད་ནི་བྱམས་པ་ཚད་མེད་དང་། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད་པ་དང་བྲལ་བའི་སེམས་ཀྱི་གནས་བབས་ཤིག་ཡིན། དེས་གཞན་རྣམས་བདེ་སྡུག་གང་ཡང་མིན་པའི་སྒོ་ནས་རྟོགས་ཀྱི་ཡོད་ནའང་། དེ་གཞན་ལ་བརྟེན་ནས་ཆགས་སྡང་གང་ཡང་མིན་པ་ཞིག་ཀྱང་ཡིན། དེ་ལྟ་བས་ན་བཏང་སྙོམས་ཚད་མེད་པ་འདི་བསམ་གཏན་བཞི་པ་དང་མཐུན་པ་སྟེ། དེའི་སྐབས་སུ་དེ་ནི་སྡུག་བསྔལ་གྱི་ཚོར་བ་དང་། ལུས་སེམས་ཀྱི་བདེ་བ། དེ་བཞིན་སེམས་ཞི་བདེའི་དགའ་བ་དང་བྲལ་བ་ཡིན་པ་རེད། 

ཐེག་པ་ཆེན་པོའི་མདོ་གཞན་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ཞེས་བྱ་བའི་ནང་། སྒོམ་རྒྱག་པའི་སྐབས་སུ་ཚད་མེད་བཞི་རང་རྒྱུད་ལ་སྐྱེད་པ་ལ་བརྟེན་ནས་སྐྱེ་བ་ཕྱི་མའི་འབྲས་བུའི་སྐོར་འགྲེལ་བརྗོད་མཛད་པ་ཞིག་ཡོད། དེ་དག་ནི་གོང་གི་དམ་ཆོས་པདྨ་དཀར་པོའི་མདོའི་ནང་འགྲེལ་བ་དང་མཐུན་པ་ལྟར་སྣང་སྟེ། 

  • བྱམས་པ་ཆེན་པོ་སྐྱེད་པ་ལ་བརྟེན་ནས་རང་ཉིད་གནོད་པ་དང་བྲལ་བའི་སྒོ་ནས་སླར་ཡང་སྐྱེ་བ།
  • སྙིང་རྗེ་ཆེན་པོ་སྐྱེད་པ་ལ་བརྟེན་ནས་རང་གི་དགེ་བའི་རྩ་བ་བརྟན་པོ་དང་བཅས་སྐྱེ་བ།
  • དགའ་བ་ཆེན་པོ་སྐྱེད་པ་ལ་བརྟེན་ནས་རང་ཉིད་ཡུན་བསྲིངས་པའི་ལུས་ཀྱི་བདེ་བ་དང་། གང་བདེན་པ་ཡིན་པར་ཡིད་ཆེས་བརྟན་པ། དེ་བཞིན་ཡིད་ཀྱི་དགའ་བ་མཆོག་དང་ལྡན་པར་སྐྱེ་བ།
  • བཏང་སྙོམས་ཆེན་པོ་སྐྱེད་པ་ལ་བརྟེན་ནས་རང་ཉིད་བདེ་བ་དང་སྡུག་བསྔལ་གང་གིས་ཀྱང་དཀྲོག་རྐྱེན་མེད་པར་སྐྱེ་བ་ཡིན།

སྐབས་འདིར་གང་བརྗོད་པའི་ཀུན་སློང་རྣམས་ནི་བྱམས་པ་ “ཆེན་པོ་” དང་སྙིང་རྗེ་  “ཆེན་པོ་” སོགས་ཡིན་པ་ལས། བྱམས་ “ཚད་མེད་” དང་སྙིང་རྗེ་ “ཚད་མེད་” སོགས་བརྗོད་མེད། “ཆེན་པོ་” དང་ “ཚད་མེད་” གཉིས་ཕན་ཚུན་འདྲ་མཚུངས་ཡིན་དང་མིན་ནི་གསལ་པོ་ཞིག་མེད། འོན་ཀྱང་། གོང་དུ་བཤད་པའི་འབྲས་བུ་རྣམས་སློབ་དཔོན་དབྱིག་གཉེན་ (སློབ་དཔོན་དབྱིག་གཉེན་གྱིས་དགའ་བ་ཚད་མེད་འགྲེལ་བ་མི་འདྲ་གནང་ཡོད་) གྱིས་ངེས་བཤད་མཛད་པའི་དགྲ་བོའི་སེམས་ཀྱི་གནས་བབས་དང་མཉམ་སྡེབ་བྱས་ན། ང་ཚོས་འབྲས་བུ་དེ་དག་ཕལ་ཆེར་གཤམ་དུ་གསལ་བ་ལྟར་རྟོགས་ཐུབ།

  • བྱམས་པས་དེའི་དགྲ་བོ་ལས་རྒྱལ་བར་བྱེད་པ་སྟེ། དེའི་དགྲ་ནི་ཞེ་སྡང་དང་གནོད་སེམས་རེད། དེར་བརྟེན་མྱོང་བ་རྒྱུ་མཐུན་གྱི་འབྲས་བུའི་སྐབས་སུ་གཞན་ལ་གནོད་འདོད་མེད་པ་དེའི་འབྲས་བུ་ནི་རང་གིས་རང་ལ་མི་གནོད་པ་དེ་རེད།
  • སྙིང་རྗེས་དེའི་དགྲ་བོ་ལས་རྒྱལ་བར་བྱེད་པ་སྟེ། དེའི་དགྲ་ནི་གདུག་རྩུབ་ཅན་དང་གནོད་སེམས་རེད། ཞེ་སྡང་དང་ཁོང་ཁྲོ་གཉིས་ནི་རང་ཉིད་མི་དགའ་སའི་མི་ཞིག་གི་ཁ་གཏད་དུ་གནོད་འཚེ་ལས་བྱེད་འདོད་ཡོད་པ་དེ་ཡིན་ཞིང་། དེས་སོ་སོ་རང་ཉིད་ཀྱི་དགེ་བའི་རྩ་བ་རྩ་མེད་བཟོ་ཡི་ཡོད། དེའི་རྗེས་སུ་དེ་དག་ལས་གང་འབྲས་བུ་སྨིན་པའི་ཐད་ལ་ཕྱིར་བཤོལ་ཆེན་པོ་དང་དུས་ཡུན་རིང་པོ་འགོར་བ་དང་དེ་དག་གི་འབྲས་བུ་རྦད་དེ་ཞན་པ་ཆགས་ཀྱི་རེད། དེ་ལྟ་བས་ན་གཞན་རྣམས་སྡུག་བསྔལ་གྱིས་མནར་བར་མི་འདོད་པར། དེ་ལས་ལྡོག་སྟེ། གཞན་རྣམས་སྡུག་བསྔལ་ལས་འབྲལ་བར་འདོད་པའི་དགེ་རྩ་དེ་དག་རང་སོ་སོའི་སེམས་རྒྱུད་དུ་ཧ་ཅང་བརྟན་པོར་འབྲས་བུ་སྨིན་གྱི་རེད།
  • གཞན་གྱི་ཡོན་ཏན་དང་། ཆོས་ཀྱི་ཐད་ལམ་ལྷོང་དང་ལེགས་གྲུབ། བདེ་བ་ལ་དགའ་བ་སྒོམ་པ་ལ་བརྟེན་ནས་དེའི་དགྲ་བོ་ལས་རྒྱལ་བར་བྱེད་པ་སྟེ། ཕྲག་དོག་དང་ཡང་ན་གཞན་གྱི་ཡོན་ཏན་བཟང་པོ་དངོས་ལ་དགའ་བ་མི་བསྒོམ་པ་སོགས་རེད། དེར་བརྟེན་བྱེད་པ་རྒྱུ་མཐུན་གྱི་འབྲས་བུའི་ཚུལ་དུ་གཞན་གྱི་ཡོན་ཏན་དངོས་རྣམས་ངོས་ལེན་དང་དེ་དག་ལ་དགའ་བ་སྒོམ་པས་གང་བདེན་པ་ཡིན་པར་ཡིད་ཆེས་བརྟན་པོ་སྐྱེ་བ་དང་། དེ་དང་ཆབས་ཅིག་གཞན་གྱི་བདེ་བ་ལ་དགའ་བ་སྒོམ་པ་དེས་སོ་སོ་རང་ཉིད་ཀྱི་ལུས་སེམས་ཀྱི་བདེ་བ་མྱོང་བའི་འབྲས་བུ་འབྱུང་གི་ཡོད། 
  • བཏང་སྙོམས་ཀྱིས་དེའི་དགྲ་བོ་ལས་རྒྱལ་བར་བྱེད་པ་སྟེ། འདོད་ཆགས་དང་སྡང་འཛིན་རེད། དེ་ལ་གཞན་ཐམས་ཅད་ལ་བཏང་སྙོམས་སམ་བར་མའི་ཚོར་བ་ཞིག་ཡོད། དེར་བརྟེན་བྱེད་པ་རྒྱུ་མཐུན་གྱི་འབྲས་བུའང་ཡིན་པ་དང་དེ་ནི་བདེ་སྡུག་གི་ཚོར་བས་དཀྲོག་རྐྱེན་བྱས་མེད། 

རྗེ་བཙུན་བྱམས་མགོན་དང་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྒྱ་གར་ཐེག་ཆེན་གྱི་གཞུང་། 

ཀུན་སློང་བཞི་པོ་ཚད་མེད་པ་ཆགས་པར་བསམ་གཏན་དང་ཤེས་རབ་དགོས་ཀྱི་ཡོད།

ཚད་མེད་བཞི་ནི་རྒྱ་གར་གྱི་ཐེག་པ་ཆེན་པོའི་གཞུང་ནང་དུའང་གསལ་ཡོད་དེ། དཔེར་ན། མ་འོངས་པའི་སངས་རྒྱས་བྱམས་པ་མགོན་པོའི་ཕ་རོལ་ཏུ་ཕྱིན་པའི་མདོའི་འགྲེལ་བ་མངོན་རྟོགས་རྒྱན་གྱི་ནང་། སངས་རྒྱས་ཀྱི་རྣམ་མཁྱེན་ཐོབ་པར་ཐེག་ཆེན་ལ་ཞུགས་པའི་སྒྲུབ་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་འཇུག་པའི་ཉམས་ལེན་དགུའི་ (འཇུག་སྒྲུབ་) ནང་གི་གཅིག་ཡིན་པར་གསལ་ཡོད། དེར་བརྟེན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་སུ་ཚད་མེད་བཞི་རང་རྒྱུད་ལ་སྐྱེད་དགོས་ཀྱི་ཡོད། 

རྗེ་བཙུན་བྱམས་པ་མགོན་པོ་ལྟར་ན། ཚད་མེད་བཞིའི་ཀུན་སློང་དེ་དག་འདོད་པའི་ཁམས་ཀྱི་ནང་ཡོད་པའི་སེམས་ལ་བརྟེན་ནས་ཐོབ་སྲིད་ནའང་། དེ་ལྟ་བུའི་སེམས་ལ་བརྟེན་ནས་ཀུན་སློང་རྒྱུད་ལ་སྐྱེད་པ་དེ་ཚད་མེད་པ་ཆགས་ཀྱི་མེད། ཚད་མེད་པ་ནི་དངོས་གཞིའི་བསམ་གཏན་གྱི་གནས་བབས་བཞི་པོ་གང་རུང་ཐོབ་པའི་སེམས་ཁོ་ན་ཡིན་པ་རེད། 

དུས་རབས་ ༡༤ པའི་འགོ་སྟོད་ཀྱི་ནང་དགེ་ལུགས་པའི་ཆོས་བརྒྱུད་སྲོལ་གཏོད་པ་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་མངོན་རྟོགས་རྒྱན་གྱི་འགྲེལ་བ་ལེགས་བཤད་གསེར་ཕྲེང་གི་ནང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་གཏན་དང་མཉམ་དུ་མ་ཟད། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མཉམ་དུའང་ཚད་མེད་བཞི་པོ་ངེས་པར་དུ་ཉམས་ལེན་བྱེད་དགོས་ཞེས་འགྲེལ་བརྗོད་གནང་ཡོད། ལྷག་པར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚད་མེད་པའི་ཀུན་སློང་བཞི་པོ་དེ་དག་བརྒྱུད་ནས་གཞན་ལ་ཕན་པའི་དོན་དུ་ལག་བསྟར་བྱེད་པ་ལ་བརྟེན་ནས་ཆོས་རྣམས་ཀྱི་གནས་ལུགས་རྟོགས་པ་དེ་ཆ་ཚང་བ་བེད་སྤྱོད་བྱ་དགོས་ཀྱི་ཡོད། ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་ལ་མངོན་ཞེན་ཡོད་པ་དེ་ནི་གཞན་ལ་ཕན་འདོགས་པའི་བར་ཆད་གཙོ་བོ་དེ་ཡིན་པ་སོང་ཙང་། ང་ཚོས་དམིགས་བསལ་ཚད་མེད་བཞི་པོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཉམ་དུ་གོང་འཕེལ་གཏོང་དགོས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ཀུན་སློང་བཞི་པོ་ནི་ཡིད་སྨོན་བྱེད་པའི་ལས་དང་། གང་ཞིག་འབྱུང་བར་སྨོན་པའི་ཡུལ། སྒོམ་རྒྱག་མཁན་བྱེད་པ་པོས་ཡིད་སྨོན་བྱེད་བཞིན་པ་བཅས་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་ལ་དམིགས་པ་མེད་པའི་སྒོ་ནས་རང་རྒྱུད་ལ་སྐྱེད་དགོས། དམིགས་པ་མེད་པ་ཞེས་པ་ནི་ཡིད་སྨོན་བྱེད་པའི་འཁོར་གསུམ་སྟེ། ཡིད་སྨོན་བྱེད་པའི་ལས། ཡུལ། བྱེད་པ་པོ་བཅས་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་དང་ཚད་མེད་པའི་ཀུན་སློང་ལ་གང་ཡོད་པའམ་ཡང་ན་དེ་གང་དང་འབྲེལ་བར་མི་དམིགས་པའི་དོན་ཡིན་པ་རེད། 

ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གྲོགས་མི་བྱེད་པའི་སྐབས། ཚད་མེད་བཞིའི་ཀུན་སློང་ཉམས་ལེན་བྱེད་པ་ལ་བརྟེན་ནས་གཟུགས་ཁམས་ཀྱི་སྡེ་བཞི་ནང་ནས་གཅིག་གི་ཚངས་པའི་ལྷར་སྐྱེ་བའི་རྒྱུ་ཙམ་ཞིག་བྱེད་ཀྱི་ཡོད། དེར་བརྟེན་དུས་རབས་ ༡༨ པའི་སྨད་ཀྱི་དགེ་ལུགས་པའི་སློབ་དཔོན་སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མའི་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་གྱི་རྣམ་གཞག་གི་ནང་། ཚངས་པའམ་ལེགས་སྦྱར་སྐད་དུ་བྲཧྨཱ་ཞེས་བྱ་བ་ནི་ཚངས་པའི་ལྷའམ་ཡང་ན་མྱང་འདས་ལ་གོ་བར་འགྲེལ་བརྗོད་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་དེ་གཉིས་ཀ་ཡང་དག་པ་དང་། མཆོག་ཏུ་གྱུར་བ། བླ་ན་མེད་པ་ཡིན་པ་དང་གནས་ཞེས་བྱ་བ་ནི་ལེགས་སྦྱར་སྐད་དུ་བི་ཧཱ་ར་ཞེས་བྱ་བ་རྒྱུ་ཞིག་ལའང་གོ་བས་སོ། །དེ་བས་འདིར་མྱང་འདས་སམ་ནིར་ཝཱཎ་ཟེར་བ་ནི་སངས་རྒྱས་ཀྱི་གོ་འཕང་དེ་ཡིན་པ་རེད། 

ཚད་མེད་པ་བཞི་སྐྱེད་པའི་རྐྱེན།

བྱམས་པ་མགོན་པོའི་ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་ལས་ལུང་དྲངས་ཏེ། རྗེ་ཙོང་ཁ་པ་ཆེན་པོས་དེའི་འགྲེལ་བ་གཅིག་པའི་ནང་། སྙིང་རྗེ་ཚད་མེད་པ་ལྟ་བུ་ཚད་མེད་བཞིའི་སྐྱེད་པའི་རྐྱེན་རྣམས་ཀྱི་སྐོར་འགྲེལ་བརྗོད་གནང་གི་ཡོད། འགྲེལ་བརྗོད་དེ་ནི་བྱམས་པ་མགོན་པོའི་གཞུང་གི་རྗེས་སུ་འབྲངས་པའི་སེམས་ཙམ་པའི་གྲུབ་མཐའི་རྣམ་གཞག་དང་མཐུན་གྱི་ཡོད། དེ་ཡང་།

  • རྒྱུའི་རྐྱེན་ནི། ཚད་མེད་བཞིའི་ས་བོན་ལྟ་བུ་ཡིན་པ་དང་དེའང་ཟག་མེད་ཀྱི་ས་བོན་ཏེ། ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་འདོགས་རུང་བ་ཡིན། ས་བོན་དེ་དག་གི་རང་བཞིན་གནས་རིགས་ཀྱི་རྣམ་པ་ཡིན། ཕྱོགས་གཞན་ཞིག་ནས་ཚད་མེད་བཞི་པོ་སྐྱེད་འཇུག་མཁན་གྱི་བག་ཆགས་རྣམས་ནི་སངས་རྒྱས་ཀྱི་རིགས་ཀྱི་ངོ་བོར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་རེད།
  • བདག་པོའི་རྐྱེན། ཚད་མེད་བཞི་སྐྱེད་པར་བྱེད་པར་བདག་པོའི་རྐྱེན་ནི་དགེ་བའི་བཤེས་གཉེན་ཞིག་གི་སེམས་སྐུལ་དང་ལམ་སྟོན་དེ་ཡིན་པ་རེད། བདག་པོའི་རྐྱེན་ནི་འབྲས་བུ་སྐྱེད་པར་འགན་ཤུགས་གཙོ་བོ་ལག་བསྟར་བྱེད་པའི་རྐྱེན་དེ་ཡིན་པ་སྟེ། དཔེར་ན། མིག་གི་རྣམ་ཤེས་སྐྱེད་པར་མིག་གི་དབང་པོ་ལྟ་བུ་རེད། 
  • དེ་མ་ཐག་རྐྱེན་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པ་དེ་ཡིན། དེ་ལྟ་བུའི་རྟོགས་པའི་དྲན་པ་ནི་ཚད་མེད་པའི་ཀུན་སློང་སྐྱེད་པར་དེ་མ་ཐག་སྔོན་དུ་འགྲོ་དགོས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ཚད་མེད་བཞི་སྐྱེད་པར་སངས་རྒྱས་ཀྱི་རིགས་ཀྱི་ས་བོན་ལ་དགོས་པའི་རྐྱེན་རྣམས་ནི་དགེ་བའི་བཤེས་གཉེན་ཞིག་གི་བཟང་ཕྱོགས་དགེ་བའི་ཤུགས་རྐྱེན་དང་ཆོས་ཐམས་ཅད་ཀྱི་རང་བཞིན་དང་དམིགས་བསལ་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡང་དག་པར་རྟོགས་པ་བཅས་རེད། གཞན་ཡང་། གོང་དུ་སྨྲོས་པ་ལྟར། ཚད་མེད་བཞི་སྐྱེད་པར་བྱེད་པའི་སེམས་ལ་བྱང་ཆུབ་ཀྱི་སེམས་དང་ཚད་མཐོའི་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་རིམ་པ་ཞིག་དགོས་ཀྱི་ཡོད།

འཕགས་པ་ཐོགས་མེད་ཀྱི་ཚད་མེད་བཞིའི་མཚན་ཉིད།

རྗེ་ཙོང་ཁ་པ་ཆེན་པོས་དེ་ལྟར་ཚད་མེད་བཞིའི་མཚན་ཉིད་དུས་རབས་ ༣ པའི་རྒྱ་གར་གྱི་མཁས་པ་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་ཆོས་མངོན་པ་ཀུན་ལས་བཏུས་པའི་ནང་གསུངས་པ་ལས་ལུང་དྲངས་ཡོད་དེ།

  • བྱམས་པ་ཚད་མེད་པ་ནི་ཏིང་ངེ་འཛིན་ནམ་ཤེས་རབ་ཡིན་པ་དང་དེ་ནི་བསམ་གཏན་བཞི་གང་རུང་ཞིག་ལ་བསྟེན་གྱི་ཡོད། དེ་ཡང་བསམ་བློའི་གནས་ (གནས་སྟངས་) ཤིག་ལ་འཇུག་པ་སྟེ། “སེམས་ཅན་རྣམས་བདེ་བ་དང་འཕྲད་པར་ཤོག་” ཅེས་པའི་བསམ་བློ་དེ་རེད། དེའི་ནང་སེམས་དང་སེམས་བྱུང་རྣམས་ཀྱང་ཚུད་ཡོད་པ་དང་དེ་དག་ནི་དེ་གཉིས་གང་རུང་དང་མཚུངས་ལྡན་ཡིན་པ་རེད། 

ཚད་མེད་གཞན་གསུམ་པོ་ལ་ནི་བྱམས་པ་ཚད་མེད་དང་གཅིག་མཚུངས་ཀྱི་མཚན་ཉིད་རྒྱས་པ་ཡོད་ནའང་། བསམ་བློ་མི་འདྲ་བ་རེད། དེ་ཡང་།

  • སྙིང་རྗེ་ཚད་མེད་ལ་ “སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་བར་ཤོག་” ཅེས་པའི་བསམ་བློ་དེ་ཡོད། གཞན་དང་གཞན་དུ་འཕགས་པ་ཐོགས་མེད་ཀྱིས་འདིར་སྡུག་བསྔལ་ཞེས་བྱ་བའི་ནང་། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་གསུམ་ཀ་ཡོད། 
  • དགའ་བ་ཚད་མེད་ལ་ “སེམས་ཅན་རྣམས་དུས་ནམ་ཡང་བདེ་བ་དང་མི་འབྲལ་བར་ཤོག་” ཅེས་པའི་བསམ་བློ་དེ་ཡོད། 
  • བཏང་སྙོམས་ཚད་མེད་ལ་ “སེམས་ཅན་རྣམས་ལ་ཕན་པར་ཤོག་” ཅེས་པའི་བསམ་བློ་དེ་ཡོད།

ཚད་མེད་བཞི་པོ་དེ་དག་བརྟན་པོ་ཡོང་བར་ཁྱད་ཆོས་བཞི་ཚང་དགོས་པ།

དེ་དག་བཞི་པོ་ལ་དེ་ལས་གོ་རྟོགས་གསལ་བ་ཞིག་རག་པའི་ཕྱིར། རྗེ་ཙོང་ཁ་པ་ཆེན་པོས་ཁོང་གི་འགྲེལ་བའི་ནང་རྗེ་བཙུན་བྱམས་པ་མགོན་པོའི་མདོ་སྡེ་རྒྱན་ལ་སླར་ཡང་ཁུངས་གཏུགས་ཡོད། སྐབས་འདིར་རྗེ་བཙུན་བྱམས་པ་མགོན་པོས་ཚད་མེད་བཞི་དེ་བརྟན་པོ་ཡོང་བར་ཁྱད་ཆོས་ངེས་ཅན་བཞི་ཚང་དགོས་པའི་གྲངས་འདྲེན་གསུངས་ཡོད་པ་སྟེ། དེ་དག་ནི། ༡། ཚད་མེད་བཞི་པོ་རང་རྒྱུད་ལ་སྐྱེད་མཁན་གྱི་སེམས་རྒྱུད་ལ་མི་མཐུན་པའི་རྐྱེན་ངེས་ཅན་ཡོད་པ་རྣམས་སྤོང་བ། ༢། རྐྱེན་དེ་དག་གི་རྒྱལ་འགལ་ཏུ་གྱུར་བའི་སེམས་ཀྱི་གནས་བབས་ངེས་ཅན་ཐོབ་པར་བྱེད་པ། ༣། དེ་དག་གི་ཡུལ་ལ་དམིགས་པའི་དམིགས་པ་གཏད་ཚུལ་ངེས་ཅན་ཡོད་པ། ༤། བྱ་བ་ངེས་ཅན་ཞིག་བྱེད་པ་བཅས་རེད། 

༡༽ ཉམས་ལེན་པ་ལ་ཀུན་སློང་བཞི་པོ་དང་བྲལ་བའི་མི་མཐུན་པའི་རྐྱེན་རྣམས་ནི། གནོད་སེམས་དང་། གདུག་རྩུབ་ཅན་ཡང་ན་གནོད་སེམས། དགའ་བ་མེད་པ། གནོད་སེམས་དང་འདོད་ཆགས་གཉིས་ཀ་བཅས་ཡིན་པ་རེད། འདིར་རྗེ་བཙུན་བྱམས་མགོན་གྱིས་སློབ་དཔོན་དབྱིག་གཉེན་ལ་མོས་མཐུན་གནང་གི་ཡོད། 

༢༽ གང་ཟག་གང་ཞིག་ལ་ཐོབ་པའི་གོ་འཕང་ངེས་ཅན་དེ་མི་མཐུན་པའི་རྐྱེན་གྱི་རྒྱལ་འགལ་ཏུ་འགྲོ་བ་ནི་དེ་དག་ལ་མེད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པ་རེད། 

༣༽ དེ་དག་གི་ཡུལ་ལ་དམིགས་པ་གཏད་ཚུལ་ངེས་ཅན་ནི་སེམས་ཅན་རྣམས་དང་། ཆོས་རྣམས། དམིགས་པ་མེད་པ་ལྟ་བུ་རེད། ཁྱད་ཆོས་འདི་ནི་གནས་ལུགས་རྟོགས་པའི་རྒྱས་སྤྲོས་ཤིག་ཡིན་པ་དང་གོང་དུ་སྨྲོས་པའི་ཚད་མེད་བཞི་པོ་སྐྱེད་པའི་དེ་མ་ཐག་རྐྱེན་ལྟ་བུར་དགོས་ཀྱི་ཡོད། གཞུང་གཅིག་པ་ཞིག་གི་ནང་བརྗོད་པ་གཞན་ཞིག་ལ་རྒྱལ་བ་བྱམས་པས། ཚད་མེད་བཞི་དམིགས་པའི་ཡུལ་ནི་བདེ་བ་མེད་པའི་སེམས་ཅན་རྣམས་དང་། སྡུག་བསྔལ་དང་ལྡན་པའི་སེམས་ཅན། བདེ་བ་སྔོན་ཚུད་ནས་ཡོད་པ། ཉེ་བ་དང་རིང་བའི་དབྱེ་བ་འབྱེད་པའི་རྐྱེན་གྱིས་འདོད་ཆགས་དང་ཞེ་སྡང་ཡོད་པའི་སེམས་ཅན་རྣམས་ཡིན་པ་རེད། 

༤༽ དེ་དག་བཞི་པོ་ཐུན་མོང་གིས་བྱ་བ་བྱེད་པའི་བྱེད་ལས་ངེས་ཅན་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་རེད། ཁྱད་ཆོས་ནི་རྒྱལ་བ་བྱམས་པས་མངོན་རྟོགས་རྒྱན་གྱི་ནང་ཚད་མེད་བཞི་འགྲེལ་བརྗོད་གནང་བ་མཐུན་གྱི་ཡོད། དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་འཇུག་པའི་ཉམས་ལེན་ཁག་ཡིན་པ་རེད། རྣམ་མཁྱེན་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐབས་ལ་མཁས་པའི་ཆོས་ལ་བརྟེན་ནས་གཞན་ཐམས་ཅད་སེམས་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཀྱི་ས་བོན་སྨིན་པར་བྱེད་པའི་རྐྱེན་མཁོ་སྤྲོད་ཡག་ཤོས་བྱེད་ཐུབ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱེད་པའི་མགོན་དུ་གྱུར་བ་ཡིན། 

ཚུལ་གསུམ་གྱི་སྒོ་ནས་ཚད་མེད་བཞིས་རང་གི་ཡུལ་ལ་དམིགས་པ་གཏད་པ།

རྗེ་ཙོང་ཁ་པ་ཆེན་པོས་དེ་ལྟར་དོན་གནད་གསུམ་པའི་ཐོག་ལ་རྒྱས་བཤད་གནང་བ་ནི། ཚུལ་ངེས་ཅན་ལ་བརྟེན་ནས་ཚད་མེད་བཞི་པོ་དེ་དག་གི་ཡུལ་ལ་དམིགས་ཚུལ་དང་། དེ་ཡང་རྒྱལ་བ་བྱམས་པ་དང་འཕགས་པ་ཐོགས་མེད་ཀྱི་སེམས་ཙམ་པའི་ལུགས་ལྟར་གསུང་གི་ཡོད། 

  • “ཚད་མེད་བཞིས་ཡུལ་སེམས་ཅན་རྣམས་ལ་དམིགས་པའི་སྐབས། དེ་དག་གིས་གང་ཟག་གི་རྫས་ཀྱི་ངོ་བོར་ཡོད་པ་” ལྟར་དུ་དམིགས་ཀྱི་ཡོད།
  • དེ་དག་ལ་ཆོས་ལྟ་བུར་དམིགས་པའི་སྐབས། རྫས་སུ་གྲུབ་པ་མེད་པ་ལྟ་བུར་དམིགས་ཀྱི་ཡོད་ནའང་། ཆོས་ཙམ་གྱི་རང་བཞིན་ཡོད་པར་དམིགས་ཀྱི་ཡོད། 
  • དེ་དག་ལ་དམིགས་པ་མེད་པའི་སྒོ་ནས་དམིགས་པའི་སྐབས། ཆོས་ཙམ་མིན་པ་ལྟར་དམིགས་ཀྱི་ཡོད་ནའང་། དེ་ནི་དེ་ལས་ལྡོག་སྟེ་དེ་དག་གཟུང་བའི་ཡུལ་དང་འཛིན་པ་ཡུལ་ཅན་ཤེས་པ་དང་འབྲེལ་བའི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་ཞིག་དང་བྲལ་བ་ལྟ་བུར་དམིགས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ཚད་མེད་བཞིའི་མ་དམིགས་པའི་མི་འདྲ་བའི་ཁྱད་པར་གང་ཟག་དང་དེ་དག་རྫས་ཐ་དད་པ་ལས་མི་འབྱུང་བར་རྟོགས་པའི་ཤེས་པའི་སྐད་ཅིག་དག་ལ་དམིགས་ཀྱི་ཡོད། དེ་ཡང་གཉིས་ཀ་དེ་དག་རྟོགས་མཁན་གྱི་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ལས་ཀྱི་ས་བོན་གཅིག་མཚུངས་ལས་འབྱུང་གི་ཡོད། 

རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དབུ་མ་དགོངས་པ་རབ་གསལ་ཞེས་བྱ་བ་སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་འཇུག་པའི་རྣམ་བཤད་ཀྱི་ནང་། ཁོང་གིས་ཚུལ་གསུམ་པོ་དེ་དག་གི་ནང་ཚད་མེད་པའི་ཀུན་སློང་གིས་རང་གི་ཡུལ་ལ་དམིགས་ཀྱི་ཡོད་པ་དེ་དབུ་མའི་ལུགས་ཀྱི་འགྲེལ་ཚུལ་ལྟར་གསུངས་ཡོད། དབུ་མ་པའི་འགྲེལ་ཚུལ་དེས་རྗེ་ཙོང་ཁ་པས་ལེགས་བཤད་གསེར་ཕྲེང་གི་ནང་གསུངས་པའི་དམིགས་པའི་ཚུལ་དང་པོ་གཉིས་ཀྱི་སེམས་ཙམ་པའི་ལུགས་ཀྱི་ཚིག་ཉུང་དོན་བསྡུས་དེ་གསལ་བར་བྱེད་ཀྱི་ཡོད། ཤེས་རབ་ཀྱི་རིམ་པ་མི་འདྲ་བ་ལ་གཞིགས་ཏེ་དམིགས་པའི་ཚུལ་གསུམ་ཀའི་འགྲེལ་བརྗོད་བྱེད་པའི་སྐབས། རྩེ་ཙོང་ཁ་པས་མངོན་རྟོགས་རྒྱན་གྱི་ནང་གི་རྒྱལ་བ་བྱམས་པས་ཚད་མེད་བཞི་པོ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་དམིགས་བསལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཉམ་དུ་གོང་འཕེལ་གཏོང་དགོས་པའི་དོན་གནད་དེ་རྒྱ་ཆེ་རུ་གཏོང་གནང་གི་ཡོད། ཁོང་གི་འགྲེལ་བརྗོད་དེ་འཕགས་པ་ཐོགས་མེད་ཀྱིས་མངོན་པ་ཀུན་བཏུས་ཀྱི་ནང་གསུངས་པའི་ཚད་མེད་བཞི་པོ་དེ་དག་ནི་ཏིང་ངེ་འཛིན་ནམ་ཡང་ན་ཤེས་རབ་ཀྱི་གནས་བབས་ཡིན་པ་དེའི་རྗེས་སུ་མཐུན་གྱི་ཡོད། ཁོང་གིས་འགྲེལ་བརྗོད་གནང་བཞིན་པའི་སློབ་དཔོན་ཟླ་བ་གྲགས་པའི་ཚིགས་སུ་བཅད་པ་དང་བསྟུན་ཏེ། རྗེ་ཙོང་ཁ་པ་ཆེན་པོས་དམིགས་པའི་ཚུལ་གསུམ་པོ་འདིར་སྙིང་རྗེ་ཁོ་ནར་གཞིགས་ནས་འགྲེལ་བ་གནང་གི་ཡོད་དེ། 

  • སྙིང་རྗེའི་ཡུལ་སེམས་ཅན་རྣམས་ལ་དམིགས་པ་དེ་ནི་སེམས་ཅན་རྣམས་ལ་འཇིག་ཚོགས་ལ་ལྟ་བ་ཉོན་མོངས་ཅན་ཞིག་ཡོད་པའི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་གྲོགས་བྱེད་ཀྱི་ཡོད། ཉོན་མོངས་འདི་ལ་བརྟེན་ནས་དོན་ངོ་མར་རང་གི་ཕུང་པོ་དེ་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་མེད་ནའང་། “བདག་” དང་ “བདག་གི་བ་” ཞེས་པའི་མྱོང་བའི་ཕུང་པོ་ལ་འཛིན་པ་སྐྱེ་ཡི་ཡོད། དེའི་འབྲས་བུར་དེ་དག་ལས་ཉོན་དབང་གིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་དང་སྡུག་བསྔལ་གྱི་རིགས་གསུམ་མྱོང་གི་ཡོད། སེམས་ཙམ་པའི་ལུགས་ཀྱི་དམིགས་པའི་ཚུལ་དང་པོའི་བཞེད་ཚུལ་ནི་དབུ་མའི་ལུགས་ཀྱི་འགྲེལ་བརྗོད་དང་མཐུན་གྱི་ཡོད། དེས་ཚུལ་དང་པོ་འདིའི་རྣམ་པ་གཞན་ཞིག་སྟོན་པ་ཙམ་རེད། དེ་ཡང་དེ་དང་མཉམ་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ད་དུང་ཡང་གང་ཟག་རྟག་པ་དང་། གཅིག་པུ། རང་དབང་བའི་སེམས་ཅན་དུ་རྟོགས་པའམ་ཡང་ན་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་སེམས་ཅན་རྟོགས་ཀྱི་ཡོད། 
  • སྙིང་རྗེའི་ཡུལ་ཆོས་ཙམ་ལ་དམིགས་པ་དེས་གང་ཟག་རྟག་གཅིག་རང་དབང་གི་སེམས་ཅན་དུ་རྟོགས་ཀྱི་མེད་ལ་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་སེམས་ཅན་དུའང་རྟོགས་ཀྱི་མེད། དེ་ལས་ལྡོག་སྟེ། དེ་ནི་གདགས་གཞི་ཕུང་པོའི་མི་རྟག་པའི་ཆོས་ཙམ་ལ་བཏགས་པའི་ཤེས་རབ་ཀྱིས་གྲོགས་བྱེད་ཀྱི་ཡོད། དམིགས་པའི་ཚུལ་འདིས་རང་གི་ཡུལ་ཆོས་ཙམ་ལ་དམིགས་ཀྱི་ཡོད་པའི་སེམས་ཙམ་པའི་བཞེད་ཚུལ་དེ་ཡིན་པ་རེད། དམིགས་པའི་ཚུལ་འདི་ནི་སེམས་ཅན་རྣམས་མི་རྟག་པའི་ཆོས་ཡིན་པར་དམིགས་པའི་སྒོ་ནས་དཔེས་མཚོན་པར་བྱས་ཡོད། འོན་ཀྱང་། དེ་ནི་དེ་ལས་རྦད་དེ་གཏིང་ཟབ་པ་རེད། དེ་ནི་གང་ཟག་སྐད་ཅིག་ནས་སྐད་ཅིག་ཏུ་འགྱུར་བ་འགྲོ་བ་ཙམ་མིན་པར། དེ་དག་སྐད་ཅིག་གི་ནང་འགྱུར་བ་འགྲོ་བའི་གདགས་གཞིའི་སྟེང་དུ་བཏགས་པ་དེའང་རེད། 
  • དམིགས་མེད་ཀྱི་ཡུལ་ལ་དམིགས་པའི་སྙིང་རྗེས་སེམས་ཅན་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པ་ལ་དམིགས་ཀྱི་ཡོད། དེ་ལྟ་བུའི་སྟོང་པའི་དོན་ནི་མིང་དང་དོན་གྱི་ཆ་ནས་བཏགས་དོན་བཙལ་ན། སེམས་ཅན་རྣམས་རང་ངོས་ནས་གྲུབ་པ་ཞིག་རྙེད་མི་ཐུབ་པ་དེ་རེད། དེ་ལྟ་བུའི་བཏགས་དོན་ནམ་ཞེན་ཡུལ་ནི་གྲུབ་མེད། རྒྱུ་མཚན་དེ་ལ་བརྟེན་ནས་འདི་ལྟ་བུའི་སྙིང་རྗེས་སེམས་ཅན་རྣམས་ལ་རྙེད་དུ་རུང་བའི་བཏགས་དོན་ལ་མ་དམིགས་པའི་སྒོ་ནས་སེམས་ཅན་རྣམས་ལ་དམིགས་ཀྱི་ཡོད། དམིགས་མེད་ཀྱི་དམིགས་པའི་ཚུལ་འདི་ནི་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཐུན་མོང་མ་ཡིན་པ་རེད། 

རྗེ་ཙོང་ཁ་པ་ཆེན་པོས་ལེགས་བཤད་གསེར་ཕྲེང་གི་ནང་མུ་མཐུད་དེ་དམིགས་པའི་རིམ་པ་དེ་དག་རེ་རེ་བཞིན་རང་རྒྱུད་ལ་སྐྱེད་མཁན་གྱི་ཉམས་ལེན་པའི་རིམ་པའི་ངོ་སྤྲོད་གཉིས་མཛུབ་སྟོན་གནང་གི་ཡོད། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལྟར་ན། སེམས་ཅན་རྣམས་ལ་དམིགས་པའི་ཚད་མེད་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོག་མར་བྱང་ཆུབ་ཀྱི་སེམས་བསྐྱེད་སྐབས་ཀྱི་ཉམས་ལེན་གྱི་རིམ་པ་ཡིན་པ་དང་། ཆོས་ལ་དམིགས་པ་ནི་དེ་དག་བྱང་ཆུབ་སེམས་དཔའི་སྡོམ་པ་དང་བཅས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྐབས་ཡིན། དམིགས་མེད་ནི་དེ་དག་གིས་ལམ་ལྔ་པོ་ཐོབ་པའི་སྐབས་ཡིན་ཞེས་གསུངས་ཡོད། དེ་ལྟ་ནའང་། དུས་རབས་ ༧ པའི་རྒྱ་གར་གྱི་སློབ་དཔོན་ཤཱཀྱ་བོ་དྡྷིའམ་ཤཱཀྱ་བྱང་ཆུབ་ལྟར་ན། སེམས་ཅན་ལ་དམིགས་པའི་ཚད་མེད་བཞི་ནི་སོ་སོ་སྐྱེ་བོའི་ཉམས་ལེན་གྱི་རིམ་པ་ཡིན་པ་དང་། དེ་ཡང་སོ་སྐྱེ་གང་ཟག་གི་བདག་མེད་རྟོག་མེད་ཀྱི་ཤེས་པ་དང་མི་ལྡན་པ་རྣམས་ཡིན་པ་རེད། ཚད་མེད་བཞི་པོ་ཆོས་ལ་དམིགས་པ་ནི་ཉན་རང་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་ཉམས་ལེན་གྱི་རིམ་པ་ཡིན། དེ་བཞིན་དམིགས་མེད་བཞི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཉམས་ལེན་གྱི་རིམ་པ་ཡིན་པ་རེད། 

དགའ་བ་ཚད་མེད་དང་བཏང་སྙོམས་ཚད་མེད་ཀྱི་མི་འདྲ་བའི་ཁྱད་པར་གཙོ་བོ་གཉིས།

དཔྱད་ཞིབ་འདི་ལས་དགའ་བ་ཚད་མེད་ལ་མི་འདྲ་བ་གཙོ་བོ་གཉིས་ཡོད་པ་དེ་མངོན་གསལ་དོད་པོ་ཆགས་ཀྱི་ཡོད། གནས་བརྟན་སྡེ་པ་དང་ནི་ཆི་རཻན་ (Nichiren) གྱི་ལུགས་ལྟར་ན། དེ་ནི་གཞན་གྱི་བདེ་བ་ལ་དགའ་བ་སྒོམ་པའི་སེམས་ཀྱི་གནས་བབས་ཤིག་ཡིན་པ་རེད། ཆོས་མངོན་པའི་ལུགས་གཉིས་དང་དེ་དག་དང་འབྲེལ་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་མི་འདྲ་བ་སྣ་ཚོགས་པའི་གཞུང་ལུགས་ཁག་གི་ནང་། དགའ་བ་སྒོམ་པ་ཙམ་ཡོད་ནའང་། དེ་ནི་དེ་ལས་འདས་པ་ཡིན། སློབ་དཔོན་དབྱིག་གཉེན་གྱིས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་འདོད་ཚུལ་གསུང་གི་ཡོད། དེ་ཡང་དགའ་བ་ཚད་མེད་ནི་གཙོ་བོ་གཞན་རྣམས་ལ་ཡིད་བདེ་བ་དང་ལྡན་པའི་ཡིད་སྨོན་བྱེད་པ་དང་འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་པའི་ལུགས་ལྟར། དེ་ནི་གཙོ་བོ་སེམས་ཅན་རྣམས་སྔོན་ཚུད་ནས་ཡོད་པའི་བདེ་བ་དང་ནམ་ཡང་མི་འབྲལ་བའི་ཡིད་སྨོན་ལ་འགྲེལ་བ་གནང་གི་ཡོད། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་སྣ་ཚོགས་པས་སློབ་དཔོན་དབྱིག་གཉེན་དང་འཕགས་པ་ཐོགས་མེད་གང་རུང་གི་ལུགས་ཀྱི་རྗེས་སུ་འབྲང་གི་ཡོད། དགའ་བ་ཚད་མེད་ཀྱིས་གཞན་ལ་བདེ་བ་དང་ལྡན་པའམ། ཡང་ན་བདེ་བ་དང་ལྡན་པ་དེ་དང་མི་འབྲལ་བ། དེ་བཞིན་གཞན་ལ་བདེ་བ་དེ་སྔོན་ཚུད་ནས་ཡོད་དང་མེད་བཅས་གཙོ་བོ་འགྲེལ་ཚུལ་མི་འདྲ་བའི་ཁྱད་པར་ཡོད་པ་རེད། 

རྒྱལ་བ་བྱམས་པའི་ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་ལྟར་ན། བཏང་སྙོམས་ཚད་མེད་ཀྱི་ཡུལ་ནི་སེམས་ཅན་རྣམས་ཡིན་པ་དང་སེམས་ཅན་དེ་དག་ཀྱང་ཉེ་རིང་གི་དབྱེ་འབྱེད་བྱེད་པའི་རྐྱེན་གྱིས་གཞན་ལ་འདོད་ཆགས་དང་ཞེ་སྡང་སྐྱེ་ཡི་ཡོད། ཡང་གཞུང་དེ་རང་གི་ནང་འཕགས་པ་ཐོགས་མེད་ཀྱིས་བཏང་སྙོམས་ཚད་མེད་ཀྱི་ཡུལ་ལ་ཉོན་མོངས་ཅན་གྱི་སེམས་དེ་ངེས་བཤད་གནང་ཡོད། འོན་ཀྱང་། ཉོན་མོངས་ཀྱི་དབང་དུ་ཤོར་བའི་སེམས་དེ་སྒོམ་རྒྱག་མཁན་གྱི་སེམས་ཙམ་མམ་ཡང་ན་གཞན་ཚང་མའི་སེམས་གང་རུང་ཡིན་སྲིད་པ་རེད། 

འཕགས་པ་ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་ནང་བཏང་སྙོམས་ཚད་མེད་ལ་གྲོགས་བྱེད་པའི་བསམ་བློ་ནི། “སེམས་ཅན་རྣམས་ལ་ཕན་པར་ཤོག་” ཅེས་པ་དེ་ཡིན་ཞིང་། ཚིག་རྐང་འདི་ལ་འགྲེལ་ཚུལ་གཉིས་ཡོད་པ་སོང་ཙང་། དེས་སྐབས་འདིར་བཏང་སྙོམས་ལ་རྣམ་པ་གཉིས་ཡོད་པ་ངེས་བརྟན་བཟོ་ཡི་ཡོད། གཅིག་ནི། “སེམས་ཅན་རྣམས་ལ་མཉམ་པར་ཕན་པར་ཤོག་” ཅེས་པ་དེ་ཡིན་པས། དེས་སྒོམ་རྒྱག་མཁན་གྱི་སེམས་ནང་གི་བཏང་སྙོམས་དེ་སྟོན་གྱི་ཡོད། གཞན་དེ་ནི། “སེམས་ཅན་རྣམས་སོ་སོ་རང་ཉིད་ཀྱི་བཏང་སྙོམས་རྒྱུད་ལ་སྐྱེད་པ་ལ་བརྟེན་ནས་ཕན་པར་ཤོག་” ཅེས་པ་དེ་རེད། 

དེར་བརྟེན་རྗེ་ཙོང་ཁ་པས་ལམ་རིམ་ཆེན་མོའི་ནང་། བཏང་སྙོམས་ཚད་མེད་རིགས་གཉིས་ངོས་འཛིན་གནང་ཡོད། རིགས་གཅིག་ནི་འདོད་ཆགས་དང་ཞེ་སྡང་དང་བྲལ་ཞིང་། དེ་ཡང་གཞན་ལ་དམིགས་པའི་ཆ་སྙོམ་པའི་སེམས་ལ་བརྟེན་ནས་རེད། འདི་ནི་གནས་བརྟན་སྡེ་པ་དང་། ཉི་ཧོང་གི་ནི་ཆི་རཻན། བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་འགྲེལ་ཚུལ་དང་མཐུན་གྱི་ཡོད། རིགས་གཞན་དེས་གཙོ་བོ་གཞན་རྣམས་བཏང་སྙོམས་དང་ལྡན་པའི་ཡིད་སྨོན་བྱེད་པ་དང་། དེ་ནི་འདོད་ཆགས་དང་ཞེ་སྡང་དང་བྲལ་བ་རེད། སླར་ཡང་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་མི་འདྲ་བའི་ནང་རིགས་དང་པོ་དེའམ་ཡང་ན་རིགས་གཞན་དེ་གཉིས་གང་རུང་བཤད་ཡོད། 

བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པའི་ཚད་མེད་བཞི།

བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་སྣ་ཚོགས་པའི་ནང་གི་གཞུང་ལུགས་མི་འདྲ་བ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ལམ་གྱི་གནས་སྐབས་སུ་ཚད་མེད་བཞིའི་སྒོམ་དེ་འཇོག་ཚུལ་ལོགས་སུ་ཡོད། འགའ་ཞིག་གིས་རྒྱལ་བ་བྱམས་པའི་མངོན་རྟོགས་རྒྱན་དང་མདོ་སྡེ་རྒྱན་གྱི་རྗེས་སུ་འབྲང་གི་ཡོད། ཁོང་ཚོས་ཚད་མེད་བཞིའི་སྒོམ་དེ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་སུ་འཇོག་གི་ཡོད་པ་དང་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་སེམས་ཅན་ཐམས་ཅད་སྨིན་པའི་ཆེད་དུ་ཉམས་ལེན་ནང་གི་གཅིག་ཡིན་པ་རེད། གཞན་རྣམས་ཀྱིས་དུས་རབས་ ༡༠ པའི་སྨད་ཙམ་དུ་བྱོན་པའི་རྒྱ་གར་གྱི་མཁས་གྲུབ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྗེས་སུ་འབྲང་གི་ཡོད། དེ་ཡང་། བྱང་ཆུབ་ལམ་གྱི་སྒྲོན་མེའི་དཀའ་འགྲེལ་དང་ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ་ཞེས་བྱ་བའི་ནང་། ཇོ་བོ་རྗེས་ཚད་མེད་བཞི་ནི་གཙོ་བོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེད་པའི་ཆེད་དུ་ཡིན་ཞེས་གསུངས་ཡོད། 

འདི་མ་གསུངས་གོང་ལ་གཞུང་དེ་གཉིས་ལས་སྔ་མ་བྱང་ཆུབ་ལམ་སྒྲོན་གྱི་ནང་ཇོ་བོ་རྗེས་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ལུང་རིང་པོ་ཞིག་དྲངས་ཡོད་པ་དེའི་ནང་གོང་དུ་དྲངས་པའི་ལུང་དེ་ཡོད་པ་རེད། ང་ཚོས་ ཇོ་བོ་རྗེས་མདོ་འདིའི་ནང་གསལ་བའི་བྱམས་པ་ཚད་མེད་ནས་འགོ་ཚུགས་པའི་ཚད་མེད་བཞིའི་གོ་རིམ་ལ་མོས་མཐུན་གནང་གི་ཡོད་པའི་ཚོད་དཔག་ཕལ་ཆེར་བྱེད་སྲིད། དེ་ལྟ་ནའང་། སྒོམ་འཇོག་ཚུལ་དང་འབྲེལ་བའི་ཇོ་བོ་རྗེའི་དོན་གནད་ཀྱི་རྗེས་སུ་འབྲང་བའི་བོད་ཀྱི་གཞུང་མང་དག་གིས་ཚད་མེད་བཞིའི་གོ་རིམ་ལ་འགྱུར་བ་བཏང་ནས་བཏང་སྙོམས་ཚད་མེད་དེ་སྔོན་དུ་བཞག་ཡོད། 

སྔ་འགྱུར་རྙིང་མའི་ལུགས་སུ་ཇོ་བོ་རྗེའི་སྒོམ་འཇོག་ཚུལ་དེ་བྱང་ཆུབ་ཀྱི་སེམས་ཀྱི་སྔོན་དུ་ཡིན་པ་དང་དེ་ནི་བཏང་སྙོམས་སྔོན་དུ་འཇོག་གི་ཡོད།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་སེམས་ཉིད་ངལ་གསོ།

སྔ་འགྱུར་རྙིང་མའི་ལུགས་ཀྱི་ནང་དུས་རབས་ ༡༤ པའི་མཁས་པ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའམ་ཀློང་ཆེན་དྲི་མེད་འོད་ཟེར་གྱིས་ཇོ་བོ་རྗེའི་འགྲེལ་བའི་རྗེས་སུ་འབྲང་གི་ཡོད། དེ་ཡང་སེམས་ཉིད་ངལ་གསོའི་ནང་། ཁོང་གིས་ཚད་མེད་བཞི་ནི་བྱང་ཆུབ་ཀྱི་སེམས་སྐྱེད་པའི་སྔོན་འགྲོའི་ཉམས་ལེན་ཡིན་པའི་སྐོར་ལ་འགྲེལ་བརྗོད་རྒྱས་པོ་གནང་ཡོད། ཁོང་གིས། སྤྱིར་བཏང་སྲོལ་རྒྱུན་གྱི་ཚད་མེད་བཞིའི་གོ་རིམ་ནི། བྱམས་པ་དང་། སྙིང་རྗེ། དགའ་བ། བཏང་སྙོམས་བཅས་ཡིན་ནའང་། ཉམས་ལེན་སྐབས་སུ་དེ་དག་ལ་གོ་རིམ་ངེས་པ་ཞིག་མེད། ལས་དང་པོ་བ་རྣམས་ཀྱི་ཆེད་དུ་དང་པོ་བཏང་སྙོམས་སྒོམ་རྒྱུ་དེ་རན་འཚམས་ཆེ་བ་ཡོད། དེ་མིན་ཚད་མེད་གཞན་གསུམ་པོ་ཕྱོགས་རིས་ཅན་དུ་གྱུར་ནས་གཞན་ཐམས་ཅད་ལ་མཉམ་པར་རྒྱ་སྐྱེད་གཏོང་གི་མ་རེད། དེ་ལྟར་ཡིན་ན། ཚད་མེད་བཞི་ལ་བརྟེན་ནས་འཁོར་བའི་འབྲས་བུ་ཁོ་ན་སྐྱེད་པར་བྱེད་དོ། །ཞེས་གསུངས། 

དེ་དག་གི་མཚན་ཉིད་ལ་ཆ་བཞག་ན།

  • བཏང་སྙོམས་ཚད་མེད། སེམས་ཅན་ཐམས་ཅད་ལ་གཅིག་ཏུ་མཉམ་པའི་སེམས།
  • བྱམས་པ་ཚད་མེད། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པའི་ཡིད་སྨོན།
  • སྙིང་རྗེ་ཚད་མེད། དེ་དག་སྡུག་བསྔལ་དང་འབྲལ་འདོད་ཀྱི་ཡིད་སྨོན།
  • དགའ་བ་ཚད་མེད། དེ་དག་བདེ་བ་དང་ནམ་ཡང་མི་འབྲལ་བའི་ཡིད་སྨོན་བཅས་རེད།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་མཚན་ཉིད་དེ་དག་གི་གྲངས་འདྲེན་གྱིས་འཕགས་པ་ཐོགས་མེད་ཀྱི་དགའ་བ་ཚད་མེད་པའི་གཟིགས་ཚུལ་དང་སློབ་དཔོན་དབྱིག་གཉེན་གྱི་བཏང་སྙོམས་ཚད་མེད་པའི་གཟིགས་ཚུལ་མཉམ་དུ་སྟོན་གྱི་ཡོད། འོན་ཀྱང་། ཀློང་ཆེན་པའི་ཚད་མེད་བཞིའི་རྒྱས་བཤད་དེས་རྒྱ་གར་ལུགས་ཀྱི་འགྲེལ་ཚུལ་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཞིག་གསལ་སྟོན་བྱེད་ཀྱི་ཡོད། དེ་ཡང་། 

  • བཏང་སྙོམས་ཚད་མེད་ནི་རིམ་པ་བཞིན་དུ་སྐྱེད་ཀྱི་ཡོད། དང་པོ། གཞན་ཐམས་ཅད་ཀྱི་ཕྱོགས་སུ་ཡོད་པའི་རང་རྒྱུད་ཀྱི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་ཉོན་མོངས་པ་དེ་དག་སྤོང་དགོས་པ་དང་སེམས་ཅན་འགའ་ཞིག་ལ་ཉེ་པོ་དང་འགའ་ཞིག་ལ་རིང་པོར་འཛིན་པའི་བསམ་བློའི་འདུ་ཤེས་གང་འདྲ་ཞིག་ཡོད་ནའང་དེ་དག་དང་བྲལ་བ་ཞིག་དགོས། དེ་ལ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་གསུང་འབུམ་ནང་དགེ་ལུགས་པའི་ཐ་སྙད་དུ་སྔ་མ་ལ་བཏང་སྙོམས་ཙམ་སྟེ། ཐེག་པ་ཆེ་ཆུང་ཐུན་མོང་གི་མཉམ་སྤྱོད་བྱེད་པའི་བཏང་སྙོམས་ཡིན་པ་རེད། གཉིས་པ་དེ་ནི་གཞན་གྱི་དོན་དངོས་སུ་སྒྲུབ་པའི་སྐབས་སུ་སྐྱེད་པའི་བཏང་སྙོམས་ཀྱི་རིགས་དེ་ཡིན། དགེ་ལུགས་པའི་ཐ་སྙད་ཀྱི་ནང་འདི་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་གཏང་སྙོམས་ཡིན་པ་རེད། ང་ཚོས་སེམས་ཅན་གཞན་རྣམས་སྐྱེ་བ་སྔོན་མ་སྣ་ཚོགས་པའི་ནང་སོ་སོའི་གྲོགས་པོ་དང་། དགྲ་བོ། དེ་བཞིན་རྒྱུས་མེད་ཀྱི་མི་ཞིག་ཇི་ལྟར་ཡིན་པར་བསམ་པའི་སྒོ་ནས་བཏང་སྙོམས་ཀྱི་རིགས་དེ་གཉིས་ཀ་སྐྱེད་ཀྱི་ཡོད། བཏང་སྙོམས་ཚད་མེད་པ་རིགས་དེ་གཉིས་ལ་གཞི་བྱས་ཏེ། སེམས་ཅན་ཐམས་ཅད་དེ་བཞིན་དུ་འདོད་ཆགས་དང་། ཞེ་སྡང་། གཏི་མུག དེ་བཞིན་ཉེ་རིང་གི་འདུ་ཤེས་དང་བྲལ་བའི་ཡིད་སྨོན་སྐྱེད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཀུན་མཁྱེན་ཀློང་ཆེན་པས་ཇི་ལྟར་རྗེ་ཙོང་ཁ་པས་གསུངས་པའི་བཏང་སྙོམས་ཀྱི་རིགས་གཉིས་ཀ་གསུངས་ཡོད་དེ། གཞན་ཐམས་ཅད་ཀྱི་ཕྱོགས་སུ་ཆ་སྙོམ་པའི་སེམས་དང་གཞན་ཐམས་ཅད་ལ་དེ་ལྟ་བུའི་ཀུན་སློང་ཞིག་སྐྱེད་པར་ཡིད་སྨོན་བྱེད་ཀྱི་ཡོད། དེ་ལྟར་རང་གཞན་གཉིས་ཀར་གཞིགས་ནས་ཀུན་སློང་དང་བསམ་བློའི་ཁྱེར་སོ་མཉམ་པ་ཞིག་རང་རྒྱུད་ལ་སྐྱེད་ཀྱི་ཡོད། 
  • བྱམས་པ་ཚད་མེད་ལ་བརྟེན་ནས་གཞན་ཐམས་ཅད་ལ་གནས་སྐབས་ཀྱི་བདེ་བ་བདེ་འགྲོའི་གནས་སུ་སྐྱེ་བ་དང་ལྡན་པ་དང་མཐར་ཐུག་གི་བདེ་བ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཡིད་སྨོན་བྱེད་ཀྱི་ཡོད། བྱམས་པ་འདི་ནི་ཨ་མས་རང་གི་བུ་ཕྲུག་གཅིག་ཁོ་ནར་བྱམས་བརྩེ་བྱེད་པ་ལས་ཀྱང་ཆེ་བ་ཡིན། འདིར་ཀུན་མཁྱེན་ཀློང་ཆེན་པས་བྱམས་པ་ཚད་མེད་ནི་གཞན་རྣམས་ལ་ལུས་ཀྱི་བདེ་བ་དང་ལྡན་པར་ཡིད་སྨོན་བྱེད་པ་ལས་ཀྱང་ལྷག་པར་གསུངས་ཡོད། དེ་ནི་ཇི་ལྟར་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་ལྟར་རེད། དེར་མ་ཟད། སློབ་དཔོན་དབྱིག་གཉེན་ལྟར་ན། གཞན་རྣམས་སེམས་ཀྱི་བདེ་བ་དང་ལྡན་པར་ཤོག་ཅེས་ཡིད་སྨོན་བྱེད་པའི་དགའ་བ་ཚད་མེད་ལས་ཀྱང་ལྷག་པར་གསུངས་ཡོད། 
  • སྙིང་རྗེ་ཚད་མེད་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བའི་ཡིད་སྨོན་བྱེད་པ་དང་དེ་ནི་རང་གི་ཕ་མ་སྡུག་བསྔལ་གྱི་མནར་བ་ལ་བཟོད་མི་ཐུབ་པ་ནང་བཞིན་དེ་དག་གི་སྡུག་བསྔལ་ལ་གཅིག་མཚུངས་སུ་བཟོད་མི་ཐུབ་པ་དེ་རེད། དེ་དག་སྡུག་བསྔལ་དང་འབྲལ་བའི་ཕྱིར་དུ་ཀུན་སློང་འདི་ནི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཐམས་ཅད་ཀྱི་འདས་མ་ད་གསུམ་གྱི་བསོད་ནམས་སམ་དགེ་བའི་ནུས་པ་དང་དེ་བཞིན་རང་གི་ལུས་དང་རྒྱུ་དངོས་དང་བཅས་པ་ལའང་འབུལ་གྱི་ཡོད། 
  • དགའ་བ་ཚད་མེད་ནི་གཞན་རྣམས་བདེ་བ་མཆོག་དང་ལྡན་པའི་ས་ལ་འགོད་མི་དགོས་པའི་གོ་རྟོགས་ལ་གཞི་བྱས་ཡོད། གང་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ལ་སྔོན་ཚུད་ནས་རང་སོ་སོའི་སངས་རྒྱས་ཀྱི་རིགས་ཀྱི་རྣམ་པའི་ཚུལ་དུ་བདེ་བ་ཡོད་པས་རེད། དེར་བརྟེན་ཚད་མེད་པའི་ཀུན་སློང་འདི་ནི་སེམས་ཅན་ཐམས་ཅད་རང་སོ་སོར་ཡོད་པའི་ལྷན་སྐྱེས་ཀྱི་བདེ་བ་དང་ནམ་ཡང་མི་འབྲལ་བའི་ཡིད་སྨོན་དེ་ཡིན་པ་རེད། མ་རིག་པས་སྒྲིབ་པའི་སྐབས་སུ་དེ་དག་གིས་རང་རྒྱུད་ཀྱི་ལྷན་སྐྱེས་བདེ་བ་དེ་རྟོགས་ཀྱི་མེད། 

རྫོགས་པ་ཆེན་པོའི་ཆོས་ལྟར་ན། ཀུན་མཁྱེན་ཀློང་ཆེན་པས་ཀྱང་ཚད་མེད་བཞི་པོ་དེ་དག་རེ་རེ་ལ་རྣམ་པ་གཉིས་ཡོད་པར་འགྲེལ་གནང་ཡོད། གཅིག་ནི་སེམས་དང་ལྡན་པའི་སེམས་ཅན་ཐམས་ཅད་ལ་དམིགས་པའི་དམིགས་བཅས་དང་། དེ་ནི་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་གློ་བུར་བའི་དྲི་མ་དང་འདྲེས་ནས་ཡོད། གཞན་དེ་ནི་རིག་པ་དང་བཅས་དེ་ལྟར་མི་དམིགས་པས་དམིགས་མེད་ཡིན། ཕྱི་མ་དེ་ནི་སེམས་ཙམ་པ་དང་དབུ་མ་པའི་ལུགས་རྗེ་ཙོང་ཁ་པས་དམིགས་མེད་ཅེས་འགྲེལ་ཚུལ་དང་ཁྱད་པར་ཆེན་པོ་ཡོད། ཚད་མེད་བཞི་པོའི་དམིགས་བཅས་ཀྱི་རྣམ་པ་རེ་རེ་བསྐྱེད་པའི་རྗེས་སུ་དེ་དག་རེ་རེའི་དམིགས་མེད་ཀྱི་རྣམ་པའང་སྐྱེད་ཐབས་བྱེད་ཀྱི་ཡོད། 

  • དམིགས་མེད་ཀྱི་བཏང་སྙོམས་ལ་བརྟེན་ནས་རིག་པའི་ཀློང་དུ་ངལ་གསོ་བ་སྟེ། དེ་ནི་ཡེ་གདོད་མ་ནས་ཉོན་མོངས་ཅན་གྱི་གློ་བུར་བའི་དྲི་མ་ཐམས་ཅད་དང་བྲལ་བ་ཡིན། དཔེར་ན། འདོད་ཆགས་དང་ཞེ་སྡང་། དེ་བཞིན་ཉེ་རིང་གི་བསམ་བློ་ལྟ་བུ་རེད།
  • དམིགས་མེད་ཀྱི་བྱམས་པ་ལ་བརྟེན་ནས་མཉམ་ཉིད་ཀྱི་རིག་པའི་ཀློང་དུ་ངལ་གསོ་བ་སྟེ། དེ་ནི་བྱམས་པ་དང་མཉམ་དུ་ཐམས་ཅད་ལ་མཉམ་པར་རྒྱ་སྐྱེད་ཀྱི་ཡོད། 
  • དམིགས་མེད་ཀྱི་སྙིང་རྗེ་ལ་བརྟེན་ནས་མཉམ་བཞག་གི་རིག་པའི་ཀློང་དུ་ངལ་གསོ་བ་སྟེ། དེ་ཡང་ཀློང་དང་སྙིང་རྗེ་དབྱེར་མེད་པའི་སྒོ་ནས་རྗེས་ཐོབ་ཀྱི་རིམ་པར་རྒྱ་སྐྱེད་ཀྱི་ཡོད། 
  • དམིགས་མེད་ཀྱི་དགའ་བ་ལ་བརྟེན་ནས་བདེ་བའི་རིག་པའི་སྐོང་དུ་ངལ་གསོ་བ་ཡིན། 

དེ་ལྟར་ཐོག་མར་བཏང་སྙོམས་ནས་འགོ་འཛུགས་བྱེད་པའི་གོ་རིམ་ལྟར་ཚད་མེད་བཞིའི་དམིགས་བཅས་དང་དམིགས་མེད་ཀྱི་རྣམ་པ་དེ་དག་ལ་བསྒོམ་པའི་རྗེས་སུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ད་དུང་མུ་མཐུད་ནས་དེ་དག་ལ་སྒོམ་དགོས་པའི་སྙིང་བསྡུས་གསུངས་ཡོད་ཀྱང་། ད་ལྟ་བྱམས་པ་ནས་འགོ་བཙུག་གི་ཡོད། སྲོལ་རྒྱུན་གྱི་ཚད་མེད་བཞིའི་གོ་རིམ་ལ་བརྟེན་ནས་དེ་ལྟར་ཉམས་སུ་ལེན་པ་དེས་འབྱུང་སྲིད་པའི་དམིགས་བཅས་ཀྱི་རྣམ་པར་ཞེན་འཛིན་དེ་ཉུང་དུ་གཏོང་བར་ཕན་གྱི་ཡོད། དེ་ཡང་།

  • དམིགས་བཅས་ཀྱི་བྱམས་པ་ལ་བརྟེན་གཞན་ཚང་མར་རང་གི་གྲོགས་ལྟར་འདོད་ཆགས་སྐྱེད་པའི་སྐབས། གཞན་ལ་རྨོངས་པའི་ལས་ཀྱི་རྙོག་འཛིངས་ལ་བརྟེན་ནས་འབྱུང་བའི་སྡུག་བསྔལ་དེ་ལས་ཐར་བའི་ཕྱིར་དམིགས་མེད་ཀྱི་སྙིང་རྗེ་སྒོམ་དགོས། 
  • དམིགས་བཅས་ཀྱི་སྙིང་རྗེ་ལ་བརྟེན་ནས་གཞན་རྣམས་བདེན་པར་གྲུབ་པ་ལྟ་བུར་ཧ་ཅང་འཛིན་པ་སྐྱེ་བའི་སྐབས། འཛིན་པ་དེ་ལས་འབྱུང་བའི་ཡིད་ཞུམ་པ་དང་ཐང་ཆད་པ་ལས་ཐར་བའི་ཕྱིར་དམིགས་མེད་ཀྱི་དགའ་བ་སྒོམ་དགོས། 
  • དམིགས་བཅས་ཀྱི་དགའ་བ་ལ་བརྟེན་ནས་རང་གི་སེམས་ཧ་ཅང་སྤྲོ་སེམས་ཅན་དང་རྒོད་པ་སྐྱེ་བའི་སྐབས། འགའ་ཞིག་ལ་ཉེ་བ་དང་འགའ་ཞིག་ལ་རིང་བའི་འདོད་ཆགས་དང་བྲལ་བའི་ཕྱིར་དམིགས་མེད་ཀྱི་བཏང་སྙོམས་སྒོམ་དགོས།
  • དམིགས་བཅས་ཀྱི་བཏང་སྙོམས་ལ་བརྟེན་ནས་རང་ཉིད་གཏི་མུག་ཅན་དང་ཧུར་བརྩོན་དང་མི་ལྡན་པ་ཆགས་པའི་སྐབས། སེམས་ཅན་ཐམས་ཅད་ལ་མཉམ་པར་རྒྱ་སྐྱེད་གཏོང་བའི་དམིགས་མེད་ཀྱི་བྱམས་པ་སྒོམ་དགོས། 

དུས་ནམ་ཞིག་ན་ཚད་མེད་བཞིའི་ཉམས་ལེན་དེ་བརྟན་པོ་ཆགས་སྐབས། དེ་དག་ལ་གོ་རིམ་ཅི་རིགས་པར་སྒོམ་ན་འགྲིགས། 

དེར་མ་ཟད། ཀུན་མཁྱེན་ཀློང་ཆེན་པས་ཚད་མེད་བཞི་བསྒོམ་རྒྱུ་དེ་ཉོན་མོངས་ལྔ་ཡེ་ཤེས་ཀྱི་རྨང་གཞིར་གྱུར་བའི་རྣམ་པའི་ནང་འཐིམ་པའི་ཉམས་ལེན་དང་འབྲེལ་བ་མཐུད་གནང་གི་ཡོད། དེ་ཡང་།

  • བྱམས་པས་ཞེ་སྡང་དང་ཁོང་ཁྲོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ནང་འཐིམ་པའི་རྐྱེན་བྱེད་ཀྱི་ཡོད།
  • སྙིང་རྗེས་འདོད་པ་དང་ཆགས་སེམས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ནང་འཐིམ་པའི་རྐྱེན་བྱེད་ཀྱི་ཡོད། 
  • དགའ་བས་ཕྲག་དོག་དང་མིག་སེར་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ནང་འཐིམ་པའི་རྐྱེན་བྱེད་ཀྱི་ཡོད།
  • བཏང་སྙོམས་ཀྱིས་ང་རྒྱལ་དང་ཁེངས་དྲེགས་མཉམ་པ་ཉིད་ཀྱི་ཡེ་ཤེས་ནང་འཐིམ་པ་དང་དེ་བཞིན་གཏི་མུག་དེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ནང་འཐིམ་པའི་རྐྱེན་བྱེད་ཀྱི་ཡོད། 

རྫ་དཔལ་སྤྲུལ་རིན་པོ་ཆེའི་ཀུན་བཟང་བླ་མའི་ཞལ་ལུང་།

དུས་རབས་ ༡༩ པའི་རྙིང་མའི་མཁས་གྲུབ་ཆེན་པོ་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི་ཀུན་བཟང་བླ་མའི་ཞལ་ལུང་ནང་དུའང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དགོངས་དོན་ལྟར་ཚད་མེད་བཞི་པོ་དེ་དག་བྱང་ཆུབ་ཀྱི་སེམས་སྐྱེད་པའི་སྔོན་འགྲོ་ལྟ་བུར་གསུངས་ཡོད། དེར་བརྟེན་ཁོང་གིས་ཚད་མེད་བཞི་དང་མཐུན་པར་བྱང་ཆུབ་ཀྱི་སེམས་སྐྱེད་པའི་ཆེད་ཐབས་ལམ་བཀོད་སྒྲིག་གནང་བ་དང་ཀུན་མཁྱེན་ཀློང་ཆེན་པའི་རྗེས་སུ་འབྲངས་ཏེ་བཏང་སྙོམས་ཚད་མེད་དང་པོར་བཞག་ནས་སྲོལ་རྒྱུན་གྱི་གོ་རིམ་འགྱུར་བ་བཏང་ཡོད། 

དེར་མ་ཟད། རྫ་དཔལ་སྤྲུལ་རིན་པོ་ཆེས་ཚད་མེད་བཞིའི་སྒོམ་དེ་བྱང་ཆུབ་ཀྱི་སེམས་སྐྱེད་པའི་རྒྱུ་འབྲས་མན་ངག་བདུན་གྱི་ཆ་ལག་ཕལ་ཆེ་བ་དང་མཉམ་དུ་ཕན་ཚུན་བསྲེ་གནང་གི་ཡོད་པ་དང་། དེ་ནི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཕོགས་མེད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་ས་ལས་བྱུང་བ་ཞིག་རེད། རྒྱུ་འབྲས་མན་ངག་བདུན་པོ་དེ་དག་ནི་བཏང་སྙོམས་དང་། མར་ཤེས་ཏེ་སེམས་ཅན་ཐམས་ཅད་སྐྱེ་བ་སྔ་མ་རང་གི་མ་བྱས་མྱོང་བ་དེ་ངོས་འཛིན་པ། དྲིན་དྲན་པ་སྟེ་མའི་བཀའ་དྲིན་དྲན་པ། དྲིན་གཟོ་བ་སྟེ། བཀའ་དྲིན་ལ་རྗེས་སུ་ཡི་རང་དང་དྲིན་ལན་འཇལ་འདོད་ཡོད་པ། ཡིད་འོང་གི་བྱམས་པ། སྙིང་རྗེ་ཆེན་པོ། ལྷག་བསམ། བྱང་ཆུབ་ཀྱི་སེམས་བཅས་རེད། 

དེ་ཡང་རྫ་དཔལ་སྤྲུལ་རིན་པོ་ཆེས།

  • བཏང་སྙོམས་ཚད་མེད་ནི། སེམས་ཅན་ཐམས་ཀྱི་ཕྱོགས་སུ་འདོད་ཆགས་ཞེ་སྡང་གཏི་མུག་དང་བྲལ་བའི་སེམས་ཀྱི་གནས་བབས་ཤིག་ཡིན་པ་དང་། ད་དུང་སེམས་ཅན་འགའ་ཞིག་ལ་ཉེ་བ་དང་འགའ་ཞིག་ལ་རིང་དུ་ལྟ་བ་དང་བྲལ་བ་ཡིན། དེ་ནི་སེམས་ཅན་ཐམས་ཅད་ཚེ་རབས་སྔོན་མ་ནས་བཟུང་སྟེ་རང་སོ་སོའི་གནས་སྟངས་ལ་འགྱུར་བ་བྱུང་ཡོད་པ་ལ་མ་ལྟོས་པར། སྐྱེ་བ་སྔོན་པ་ཞིག་གི་ནང་ཚང་མ་མཉམ་པར་རང་གི་ཨ་མ་བྱས་མྱོང་བ་དེ་ངོས་འཛིན་པ་ལ་གཞི་བྱས་ཡོད།
  • བྱམས་པ་ཚད་མེད་ནི། སེམས་ཅན་ཐམས་ཅད་ཇི་ལྟར་ཕ་མས་རང་གི་ཕྲུ་གུ་ཚོར་ངོས་འཛིན་པ་དང་གཅིག་མཚུངས་སུ་སྐྱེད་པ་སྟེ། དེ་ནི་ཡིད་དུ་འོང་བའི་བྱམས་པ་ལ་བརྟེན་ནས་སྐྱེད་ཀྱི་ཡོད། འདི་ནི་མི་ཞིག་ཐུག་པར་དགའ་བ་སྐྱེ་བ་དང་མི་དེ་ལ་རྐྱེན་ངན་སོགས་བྱུང་ན། མི་སྐྱིད་པ་ཆགས་པའི་བྱམས་པ་དེ་ཡིན་པ་རེད། ད་དུང་སོ་སོ་རང་ཉིད་ནང་བཞིན་གཞན་ཚང་མས་བདེ་བ་འདོད་ཀྱི་ཡོད་པ་དེའང་བསམ་བློ་གཏོང་དགོས། འདིར་ནན་བརྗོད་ནི་གཞན་ལ་བྱམས་བརྩེ་དང་སེམས་བཟང་བྱེད་དགོས་པ་དེ་རེད། དམིགས་བསལ་རང་གི་ཕ་མ་ལྟ་བུར་དྲིན་ལན་འཇལ་བའི་ཕྱིར་བྱམས་བརྩེས་སྐྱོང་དགོས། 
  • སྙིང་རྗེ་ཚད་མེད་ནི། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་སོ་སོ་རང་ཉིད་ཀྱི་ཨ་མ་སྡུག་བསྔལ་གྱིས་མནར་བ་ལྟར་མཐོང་བ་ལ་བརྟེན་ནས་གཞན་རྣམས་རང་གི་ཨ་མ་བྱས་མྱོང་བ་མཐོང་བ་ལས་རྗེས་སུ་དཔོག་གི་ཡོད། 
  • དགའ་བ་ཚད་མེད་ནི་གཞན་གྱི་བདེ་སྐྱིད་དང་ལོངས་སྤྱོད་ལ་དགའ་བ་སྒོམ་པའི་སེམས་ཀྱི་གནས་བབས་ཤིག་ཡིན་པ་དང་། ཕྲག་དོག་མེད་པའི་སྒོ་ནས་དེ་དག་གིས་ད་དུང་བདེ་བ་སྔར་ལས་མང་བ་མྱོང་བའི་ཡིད་སྨོན་བྱེད་པ་དེ་རེད། དགའ་བ་ཚད་མེད་ཀྱིས་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་ཀྱི་ཡོད། དེ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་བདེ་བ་དང་ལྡན་པར་ཤོག་ཅེས་ཡིད་སྨོན་བྱེད་པ་དེ་རེད། 

བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་སུ་དང་པོ་བཏང་སྙོམས་ཚད་མེད་པ་ལ་བརྟེན་ནས་ཚད་མེད་བཞི་འཇོག་ཚུལ་རྒྱལ་བ་བྱམས་པ་དང་འཕགས་པ་ཐོགས་མེད་ལ་ཁུངས་གཏུགས་པའི་དགེ་ལུགས་པའི་དཔེ་མཚོན་ཁག

འཇོག་པའི་རྒྱུ་མཚན།

དགེ་ལུགས་པའི་ལུགས་སུ་འདོན་ཆོག་གི་དཔེ་ཆ་འགའི་ནང་ཚད་མེད་བཞིའི་འགྲེལ་བརྗོད་སྐབས་སུ་བཏང་སྙོམས་ཚད་མེད་དེ་དང་པོར་འཇོག་གི་ཡོད། འོན་ཀྱང་། རྒྱལ་བ་བྱམས་པ་དང་འཕགས་པ་ཐོགས་མེད་ཀྱི་འགྲེལ་བ་ལྟར་ན། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་སུ་ཚད་མེད་བཞིའི་སྒོམ་གསུང་གི་ཡོད། དེ་དག་ལས་ཉམས་ལེན་གྲགས་ཆེ་ཤོས་བྱེད་པ་གཉིས་ནི། 

  • ཐུན་དྲུག་གི་རྣལ་འབྱོར་རྒྱས་པ། འདི་ནི་དུས་རབས་ ༡༧ པའི་ནང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད། 
  • བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་མྱུར་ལམ་གྱི་སྔོན་འགྲོའི་ངག་འདོན་གྱི་རིམ་པ་ཁྱེར་བདེ་བཀླག་ཆོག་བསྐལ་བཟང་མགྲིན་རྒྱན། སྦྱོར་ཆོས་ཞེས་བྱ་བ་དུས་རབས་ ༡༩ པའི་དུས་སྨད་ཙམ་ལ་དྭགས་པོ་བློ་བཟང་འཇམ་དཔལ་ལྷུན་གྲུབ་ཀྱིས་མཛད། 

ཐོག་མར་གཞུང་དེ་དག་གི་ནང་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ (སྐྱབས་འགྲོ་) ཤིག་བསྟེན་དགོས་པ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེད་པའི་ཆེད་སྤྱིར་བཏང་གི་ཚིགས་བཅད་དེ་ཡོང་གི་ཡོད་པ་སྟེ། “ངས་བྱང་ཆུབ་གི་གོ་འཕང་མ་ཐོབ་བར་དུ་སངས་རྒྱས་དང་། ཆོས། འཕགས་པའི་དགེ་འདུན་བཅས་ལ་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ (སྐྱབས་སུ་འགྲོ་བ་) བསྟེན་གྱི་ཡིན། ངས་སྦྱིན་པ་གཏོང་བ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཀྱི་མཐུས་འཁོར་བར་འཁྱམས་པའི་སེམས་ཅན་དེ་དག་ལ་ཕན་པའི་ཕྱིར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་” ཅེས་པ་ནི་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན། འདིའི་རྗེས་སུ་བྱང་ཆུབ་སྨོན་པའི་སེམས་སྐྱེད་པའི་ཚིགས་སུ་བཅད་པ་རྣམས་ཡོང་གི་ཡོད་པ་དང་དེ་ནས་འཇུག་སེམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་དགོས་ཀྱི་ཡོད། དེ་དག་གི་རྗེས་སུ་ཚད་མེད་བཞི་སྐྱེད་པར་བྱེད་པའི་ཚིགས་སུ་བཅད་པ་རྣམས་ཡོང་གི་ཡོད། 

དུས་རབས་ ༢༠ པའི་འདོ་སྟོད་ཙམ་ལ་ཕ་བོང་ཁ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོས་མཛད་པའི་རྣམ་གྲོལ་ལག་བཅངས་ཞེས་པའི་ནང་། དྭགས་པོ་འཇམ་དཔལ་ལྷུན་གྲུབ་ཀྱི་གཞུང་གི་ཐད་མཆན་འགྲེལ་གནང་བའི་སྐབས་སུ་འཇོག་ཚུལ་འདིའི་རྒྱུ་མཚན་འགྲེལ་བརྗོད་བྱས་ཡོད། ཚད་མེད་བཞི་པོ་དེ་དག་ནི་ཐེངས་མ་དང་པོ་བྱང་ཆུབ་ཀྱི་སེམས་སྐྱེད་པའི་ཉམས་ལེན་ཞིག་མིན་པར། དེ་ལས་ལྡོག་སྟེ། དེ་དག་ལ་སྒོམ་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་ཟིན་པ་དེ་སྲ་བརྟན་བཟོ་བའི་ཆེད་དུ་ཡིན་པ་རེད། ཉམས་ལེན་གྱི་ནང་ཐོག་མར་བྱང་ཆུབ་ཀྱི་སེམས་དེ་སླར་ཡང་ངེས་བརྟན་བཟོ་དགོས་པ་དང་ད་དུང་ཡང་སངས་རྒྱས་ཀྱི་གོ་འཕང་ཅིའི་ཕྱིར་ཐོབ་མེད་དམ་ཞེས་རང་གིས་རང་ལ་འདྲི་དགོས། དེའི་རྒྱུ་མཚན་ནི་ཚད་མེད་བཞིའི་ཀུན་སློང་ཆ་ཚང་བ་ཞིག་རང་རྒྱུད་ལ་བསྐྱེད་མེད་པས་རེད། འདིས་དེ་དག་བསྒོམ་པའི་རྐྱེན་བྱེད་ཀྱི་ཡོད། 

ཕ་བོང་ཁ་པས་ཟབ་ལམ་དགའ་ལྡན་ལྷ་བརྒྱ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་སྙན་བརྒྱུད་ཞལ་བཞེས་ལྷུག་པར་བཀོད་པའི་མན་ངག་རིན་ཆེན་གཏེར་གྱི་བང་མཛོད་ཅེས་པའི་ནང་། འཇོག་ཚུལ་འདི་ལ་རྒྱུ་མཚན་གཞན་ཞིག་འགྲེལ་བརྗོད་གནང་ཡོད། འདིའི་འགྲེལ་བའི་ནང་། ཕ་བོང་ཁ་པས་དགའ་ལྡན་ལྷ་བརྒྱ་མའི་སྔོན་འགྲོའི་ཉམས་ལེན་ལྟ་བུར་དྭགས་པོ་འཇམ་དཔལ་ལྷུན་གྲུབ་ཀྱི་གཞུང་ནས་ཚད་མེད་བཞིའི་བཞེད་ཚུལ་དེ་ཁ་སྣོན་བྱེད་ཀྱི་ཡོད། ཁོང་གིས་བྱང་ཆུབ་ཀྱི་སེམས་ཀྱི་ནུས་སྟོབས་དེ་མུ་མཐུད་ཡར་རྒྱས་གཏོང་བར་རོགས་བྱེད་པའི་སྒང་ལ་དེའི་བར་ཆད་རྣམས་ཀྱང་མེད་པ་བཟོ་བའི་སྒོ་ནས་བྱང་ཆུབ་ཀྱི་སེམས་དེ་གོང་འཕེལ་གཏོང་གི་ཡོད་ཅེས་འགྲེལ་བརྗོད་གནང་ཡོད། 

པཎ་ཆེན་སྐུ་ཕྲེང་བཞི་པའི་ཐུན་དྲུག་བླ་མའི་རྣལ་འབྱོར་རྒྱས་པ།

པཎ་ཆེན་སྐུ་ཕྲེང་བཞི་པའི་ཐུན་དྲུག་བླ་མའི་རྣལ་འབྱོར་རྒྱས་པའི་ནང་ཚད་མེད་བཞིའི་བཞེད་ཚུལ་ནི། 

  • བཏང་སྙོམས་ཚད་མེད་ནི། “སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་ (གི་ཚོར་བ) དང་བྲལ་བར་ཤོག་” ཅེས་པ་དེ་རེད།
  • བྱམས་པ་ཚད་མེད་ནི། “དེ་དག་ཁྱད་པར་འཕགས་པའི་བདེ་བ་དང་ལྡན་པར་ཤོག་” ཅེས་པ་དེ་རེད།
  • སྙིང་རྗེ་ཚད་མེད་ནི། “དེ་དག་བཟོད་མི་ཐུབ་པའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བར་ཤོག་” ཅེས་པ་དེ་རེད། 
  • དགའ་བ་ཚད་མེད་ནི། “དེ་དག་ཡང་དག་པ་ཐར་པའི་བདེ་བ་དང་ནམ་ཡང་མི་འབྲལ་བར་ཤོག་” ཅེས་པ་དེ་རེད། 

ཀུན་མཁྱེན་ཀློང་ཆེན་པ་དང་དཔལ་སྤྲུལ་རིན་པོ་ཆེའི་འགྲེལ་ཚུལ་དང་མི་འདྲ་བར་བཏང་སྙོམས་ཚད་མེད་ནི་སེམས་ཅན་ཐམས་ཅད་ལ་ལྡན་པའམ་ཡོད་པར་ཡིད་སྨོན་བྱེད་པའི་སེམས་ཀྱི་གནས་བབས་ཤིག་ཡིན་པ་ལས། གཞན་ཐམས་ཅད་ཀྱི་ཕྱོགས་སུ་ཆ་སྙོམ་པའི་སེམས་ཤིག་སྐྱེད་པ་དེ་མིན། འོན་ཀྱང་། སོ་སོ་རང་ཉིད་སེམས་ཅན་ཐམས་ཅད་ཀྱི་ཁོངས་སུ་ཚུད་ཀྱི་ཡོད་པ་སོང་ཙང་། སོ་སོ་རང་ལའང་བཏང་སྙོམས་དང་ལྡན་པའི་ཡིད་སྨོན་བྱེད་ཀྱི་ཡོད། དེར་བརྟེན་རྗེ་ཙོང་ཁ་པས་གསུངས་པའི་བཏང་སྙོམས་ཀྱི་རྣམ་པ་གཉིས་ཀ་འདིར་བསྐྱེད་ཡོད། 

“ཁྱད་པར་འཕགས་པའི་བདེ་བ་” ཞེས་པ་ནི་འཕགས་པ་རྣམས་ཀྱི་བདེ་བ་ལ་གོ་བ་ཡིན། འཕགས་པ་དེ་དག་ལ་སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་མངའ་བ་ཡིན། བྱམས་པ་ཚད་མེད་ཀྱིས་གཞན་རྣམས་ལ་བདེ་བའི་རིམ་པ་དེ་འདྲ་བ་ཞིག་དང་ལྡན་པར་ཤོག་ཅེས་ཡིད་སྨོན་བྱེད་ཀྱི་ཡོད་པ་དང་། དགའ་བ་ཚད་མེད་ཀྱིས་སེམས་ཅན་རྣམས་སངས་རྒྱས་ལྟར་ཡང་དག་པ་ཐར་པའི་བདེ་བ་དང་ནམ་ཡང་མི་འབྲལ་བར་ཤོག་ཅེས་ཡིད་སྨོན་བྱེད་ཀྱི་ཡོད། 

ཐུན་དྲུག་བླ་མའི་རྣལ་འབྱོར་བཤད་ཁྲིད་གནང་བའི་ཟིན་ཐོ་མདོར་བསྡུས་ཞེས་པའི་ནང་། ཕ་བོང་ཁས་བཏང་སྙོམས་ཚད་མེད་སྐྱེད་པ་དེས་འཇིགས་པ་ལས་ཐར་བའི་ཕྱིར་རིན་ཆེན་འབྱུང་གནས་ཀྱི་དམ་ཚིག་སྒྲུབ་པར་བྱེད་ཀྱི་ཡོད་ཅེས་གསུངས་ཡོད། སེམས་ཅན་རྣམས་འདོད་ཆགས་ལ་བརྟེན་ནས་དེ་དག་ལ་ཞེན་པ་སྐྱེ་ས་གཞན་ཞིག་ལ་འཇིགས་རྒྱུ་གང་ཡང་མེད་པའི་སྐབས། ཞེ་སྡང་ལ་བརྟེན་ནས་ཁས་ལེན་མི་བྱ་བ་དང་། གཏི་མུག་ལ་བརྟེན་ནས་སྣང་མེད་སྐྱུར་བ། ཡང་ན་གཞན་རྣམས་ཁོང་ཚོ་ལས་ཀྱང་བློ་ཐག་ཉེ་བར་ཆ་འཇོག་བྱེད་པ་དང་མི་དེས་ཁོང་ཚོར་འཇིགས་པ་ལས་ཐར་བའི་རང་དབང་སྤྲོད་ཡོད། སེམས་ཅན་ཐམས་ཅད་མི་དེ་ལ་འཇིགས་དགོས་རྒྱུ་གང་ཡང་མེད་པ་རེད། 

དྭགས་པོ་འཇམ་དཔལ་ལྷུན་གྲུབ་ཀྱི་སྔོན་འགྲོའི་ཉམས་ལེན་གྱི་ཆོ་གའི་གཞུང་།

དྭགས་པོ་འཇམ་དཔལ་ལྷུན་གྲུབ་ཀྱི་སྔོན་འགྲོའི་ཉམས་ལེན་གྱི་ཆོ་གའི་གཞུང་གི་ནང་དུའང་ཚད་མེད་བཞིའི་སྒོམ་དེ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་སུ་སོ་སོའི་བྱང་ཆུབ་ཀྱི་སེམས་དེ་གོང་འཕེལ་གཏོང་བའི་ཐབས་ལྟ་བུར་གསུངས་ཡོད། དེ་ཡང་བཏང་སྙོམས་ཚད་མེད་ནས་གོ་རིམ་འགོ་འཛུགས་བྱས་ཡོད། བཞེད་ཚུལ་འདི་ལ་གཞིགས་ན། 

  • བཏང་སྙོམས་ཚད་མེད་ནི། སེམས་ཅན་ཐམས་ཅད་བཏང་སྙོམས་དང་ལྡན་པ་དང་། ཉེ་རིང་ (ཚོར་བ་) ཆགས་སྡང་གཉིས་དང་བྲལ་བར་ཤོག་ཅེས་པ་དེ་རེད།
  • བྱམས་པ་ཚད་མེད་ནི། དེ་དག་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཤོག་ཅེས་པ་དེ་རེད།
  • སྙིང་རྗེ་ཚད་མེད་ནི། དེ་དག་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་ཤོག་ཅེས་པ་དེ་རེད།
  • དགའ་བ་ཚད་མེད་ནི། དེ་དག་མཐོ་རིས་ལྷ་མི་དང་ཐར་པའི་བདེ་བ་དང་ནམ་ཡང་མི་འབྲས་བར་ཤོག་ཅེས་པ་དེ་རེད། 

འདིར་དོ་སྣང་བྱ་འོས་པ་ཞིག་ནི་བྱམས་པ་ཚད་མེད་ནི་སེམས་ཅན་རྣམས་ལ་བདེ་བ་ཙམ་དང་ལྡན་པ་མ་ཟད། བདེ་བའི་རྒྱུ་དང་ལྡན་པར་ཤོག་ཅེས་པའི་ཡིད་སྨོན་དེ་རེད། སྙིང་རྗེ་ཚད་མེད་ལ་ཆ་བཞག་ན། སེམས་ཅན་རྣམས་སྡུག་བསྔལ་ཙམ་ལས་བྲལ་བ་མ་ཟད། སྡུག་བསྔལ་གྱི་རྒྱུ་དང་བཅས་པ་ལས་བྲལ་བར་ཤོག་ཅེས་པའི་ཡིད་སྨོན་དེ་རེད། ཁ་སྣོན་དེ་དག་ནི་དགེ་ལུགས་མིན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་དང་བོན་གྱི་གཞུང་དུའང་གསལ་བའི་ཚད་མེད་བཞིའི་སྐབས་དོན་གྱི་ནང་ཚད་ལྡན་གྱི་བཞེད་ཚུལ་དང་མཐུན་པ་ཞིག་རེད། 

དགའ་བ་ཚད་མེད་པ་ལ་ཆ་བཞག་ན། དྭགས་པོ་འཇམ་དཔལ་ལྷུན་གྲུབ་ཀྱིས་པཎ་ཆེན་སྐུ་ཕྲེང་བཞི་པས་གསུངས་པའི་སེམས་ཅན་རྣམས་ཐར་པའི་བདེ་བ་དང་མི་འབྲལ་བར་ཤོག་ཅེས་པའི་ཡིད་སྨོན་གྱི་སྟེང་དུ་སེམས་ཅན་རྣམས་མཐོ་རིས་ཀྱི་བདེ་བ་དང་མི་འབྲལ་བར་ཤོག་ཅེས་པ་དེ་ཁ་སྣོན་བྱས་ཡོད། དེ་ལྟར་ཁོང་གིས་དགའ་བ་ཚད་མེད་ཀྱི་ཁོངས་སུ་ལམ་རིམ་གྱི་ནང་གསལ་བའི་ཉམས་ལེན་པ་རྣམས་ཀྱི་འཕེལ་རིམ་གྱི་ཐེག་པ་གསུམ་ཀ་ཐོབ་པའི་བདེ་བ་ཐེ་བ་བྱས་ཡོད། ཆེས་ཐོག་མའི་ཀུན་སློང་གི་རིམ་པ་དང་ལྡན་པའམ་སྐྱེས་བུ་ཆུང་ངུས་མཐོ་རིས་ཐོབ་པར་དམིགས་ཀྱི་ཡོད། དམིགས་བསལ་མི་ལུས་རིན་ཆེན་ཐོབ་པར་དམིགས་ཀྱི་ཡོད། ཀུན་སློང་བར་མའམ་སྐྱེས་བུ་འབྲིང་གིས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་དམིགས་ཀྱི་ཡོད། ཚད་མཐོའི་ཀུན་སློང་གི་རིམ་པའམ་སྐྱེས་བུ་ཆེན་པོས་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དམིགས་ཀྱི་ཡོད། 

རྣམ་གྲོལ་ལག་བཅངས་ཀྱི་ནང་། ཕ་བོང་ཁས་དྭགས་པོ་འཇམ་དཔལ་ལྷུན་གྲུབ་ཀྱི་ཆོ་གའི་གཞུང་དང་མཐུན་པར་ཚད་མེད་བཞི་པོ་དེ་དག་རེ་རེ་ལ་ཚད་མེད་བཞིའི་ཀུན་སློང་ཡོད་པར་འགྲེལ་བརྗོད་བྱས་ཡོད། དེ་ཡང་དཔེར་ན། སྙིང་རྗེ་ཚད་མེད་ལྟ་བུར་མཚོན་ན། 

  • འདུན་པ་ཚད་མེད་པ་སྟེ། “སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་ཅི་མ་རུང་” སྙམ་པ་ལྟ་བུ་རེད།
  • སྨོན་པ་ཚད་མེད་པ་སྟེ། “དེ་དག་དང་འབྲལ་བར་ཤོག་” ཅེས་པ་ལྟ་བུ་རེད།
  • ལྷག་བསམ་ཚད་མེད་པ་སྟེ། “ངས་དེ་དག་དང་འབྲལ་བར་བྱེད་ཀྱི་ཡིན་” ཞེས་པ་ལྟ་བུ་རེད།
  • གསོལ་འདེབས་ཚད་མེད་པ་སྟེ། “དེ་ལྟར་འབྲལ་བར་བྱེད་ཐུབ་པ་ལ་བླ་མ་ཡི་དམ་གྱིས་བྱིན་གྱིས་རློམས་ཤིག་ཅེས་བདག་གིས་གསོལ་བ་འདེབས་སོ་” ཞེས་པ་ལྟ་བུ་རེད། 

དུས་རབས་ ༡༦ པའི་འགོ་སྟོད་ལ་ས་སྐྱའི་མཁས་པ་ཆེན་པོ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་སྣང་གསུམ་མཛེས་པར་བྱེད་པའི་རྒྱན་གྱི་ནང་གསུངས་པའི་བྱམས་པ་དང་སྙིང་རྗེའི་རྣམ་པ་བཞི་པོ་འདིར་དྭགས་པོ་འཇམ་དཔལ་ལྷུན་གྲུབ་ཀྱིས་རྒྱ་སྐྱེད་གཏོང་བཞིན་ཡོད། འོན་ཀྱང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་འགྲེལ་བའི་ནང་ལྷག་བསམ་གྱི་རྣམ་པ་དེ་ལ་བྱང་ཆུབ་སེམས་ཀྱི་རྣམ་པ་ཞེས་བརྗོད་ཡོད་པ་དང་དེ་ནི་སྨོན་པའི་རྣམ་པའི་སྔོན་དུ་བསླེབ་ཀྱི་ཡོད། གསོལ་འདེབས་ཀྱི་རྣམ་པ་ནི་བླ་མ་དང་དཀོན་མཆོག་གསུམ་པོ་གཉིས་ཀ་ལ་ཡིན་པ་རེད། 

བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་སུ་དང་པོ་བྱམས་པ་དང་བཅས་སྒོམ་འཇོག་ཚུལ་གྱི་དཔེ་མཚོན་ཁག

བོན་གྱི་ལུགས། 

བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་སུ་ཚད་མེད་བཞིའི་སྒོམ་འཇོག་ཚུལ་དང་སྲོལ་རྒྱུན་གྱི་ཚད་མེད་བཞི་ལས་བྱམས་པ་ནས་འགོ་འཛུགས་བྱེད་པའི་གོ་རིམ་ཐད་བོད་ནང་གི་དཔེ་མཚོན་སྔ་ཤོས་ཤིག་ནི་བོན་གྱི་ལུགས་དེ་ཡིན་པ་རེད། དེར་མ་ཟད། འདི་ནི་ཚད་མེད་བཞིའི་བཞེད་ཚུལ་སྔ་ཤོས་ཤིག་ཡིན་པ་དང་འདིའི་ནང་བདེ་བའི་རྒྱུ་དང་སྡུག་བསྔལ་གྱི་རྒྱུ་གསལ་པོར་གསུངས་ཡོད། འཕགས་པ་ཐོགས་མེད་ཀྱིས་ངེས་བཤད་གནང་བའི་ནང་དམིགས་པའི་ཚུལ་གསུམ་དང་ལྡན་པའི་ཤེས་རབ་ཀྱིས་ཚད་མེད་བཞི་ལ་ངེས་པར་དུ་གྲོགས་བྱེད་དགོས་ཞེས་པ་དེ་ནི་བདེ་བ་དང་སྡུག་བསྔལ་གྱི་རྒྱུའི་རྟོགས་པ་ལ་གོ་བ་ཡིན། ཡིན་ནའང་། རྒྱ་གར་གྱི་གཞུང་ལུགས་ཁག་གི་ནང་ཚད་མེད་བཞིའི་བཞེད་ཚུལ་སྐབས་སུ་རྒྱུ་དེ་དག་གསལ་པོའི་སྒོ་ནས་གསུངས་མེད་པ་ལྟ་བུར་སྣང་། 

མཛོད་ཕུག་ཅེས་བྱ་བ་བོན་གྱི་གཏེར་མའི་ཆོས་གཤེན་ཆེན་ཀླུ་དགས་དུས་རབས་ ༡༡ པའི་འགོ་སྟོད་ལ་གཏེར་ལས་བཏོན་པ་དེའི་ནང་ཚད་མེད་བཞི་ནི།

  • བྱམས་པ་ཆེན་པོ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཤོག་ཅེས་པའི་ཡིད་སྨོན་དེ་རེད།
  • སྙིང་རྗེ་ཆེན་པོ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་ཤོག་ཅེས་པའི་ཡིད་སྨོན་དེ་རེད།
  • དགའ་བ་ཆེན་པོ་ནི། སེམས་ཅན་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པའི་སྐབས་སུ་དེ་ལ་དགའ་བ་བསྒོམ་པའི་སེམས་ཀྱི་གནས་བབས་དེ་རེད། 
  • བཏང་སྙོམས་ཆེན་པོ་ནི། ཉེ་རིང་ལ་སོགས་པའི་གྲོགས་དང་། དགྲ། བར་མ་དང་བཅས་པ་ལ་མི་ལྟོས་པར། སེམས་ཅན་ཐམས་ཅད་ལ་ཕྱོགས་རིས་བྲལ་བའི་སྒོ་ནས་ཡིད་སྨོན་དེ་དག་རྒྱ་སྐྱེད་གཏོང་བའི་ཀུན་སློང་དེ་ཡིན་པ་རེད། 

དགའ་བ་ཆེན་པོ་དེ་གཞན་གྱི་བདེ་བ་ལ་དགའ་བ་བསྒོམ་པའི་སེམས་ཀྱི་གནས་བབས་སུ་བཞེད་པ་དེ་ཇི་ལྟར་གནས་བརྟན་སྡེ་པ་དང་། ནི་ཆི་རཻན། དེ་བཞིན་རྫ་དཔལ་སྤྲུལ་རིན་པོ་ཆེའི་འགྲེལ་བརྗོད་ལྟར་བོན་གྱིས་ཀྱང་མོས་མཐུན་བྱེད་ཀྱི་ཡོད། བོད་ཀྱི་སྲོལ་རྒྱུན་དང་གཞུང་ལུགས་མང་པོའི་ནང་བྱམས་པ་ཚད་ནང་གི་བདེ་བའི་རྒྱུ་དང་སྙིང་རྗེ་ཚད་མེད་ནང་གི་སྡུག་བསྔལ་གྱི་རྒྱུ་རྣམས་གསལ་ཡོད་ནའང་། བོན་ལུགས་སུ་དགའ་བ་ཚད་མེད་ཀྱི་ནང་བདེ་བའི་རྒྱུ་རྣམས་བཤད་པ་དེ་ཐུན་མོང་མ་ཡིན་པ་ཞིག་ཏུ་སྣང་། 

བོན་གྱི་ཚད་མེད་བཞིའི་བཞེད་ཚུལ་ལས་བཏང་སྙོམས་ཆེན་པོ་དེའང་ཐུན་མོང་མ་ཡིན་པ་ཞིག་ཏུ་སྣང་། བཞེད་ཚུལ་གཞན་གྱི་ནང་དུ་བཏང་སྙོམས་ཚད་མེད་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱོགས་སུ་ཆ་སྙོམ་པའི་སེམས་དང་ལྡན་པའི་ཀུན་སློང་ཞིག་ཡིན་པ་དང་། དེའི་ནང་དེ་རང་རྒྱུད་ལ་སྐྱེད་པ་དེ་ཀུན་སློང་བཞིའི་གོ་རིམ་གྱི་ཐ་མར་བསླེབ་ཀྱི་ཡོད། འདིར་ནན་བརྗོད་བྱེད་ས་དེ་ནི་དེ་དག་བསམ་གཏན་བཞིའི་གོ་རིམ་དང་མཐུན་པའི་སྒང་ལ་ཡིན་པ་ལྟར་སྣང་། དཔེར་ན། གནས་བརྟན་སྡེ་པའི་ལུགས་ལ་བཏང་སྙོམས་ནི་སེམས་ཅན་ཐམས་ཅད་ལ་ཞི་འཇམ་བག་ཕེབས་དང་ལྡན་པ་དེ་རེད། དེ་ཡང་ཕན་འདོགས་པའི་སྐབས་སུའང་དེ་ལྟར་དགོས་པའི་དོན་ཡིན་པ་དང་ཧ་ཅང་མགོ་རྙོག་ཅན་མི་ཆགས་པའམ་གཏི་མུག་ཅན་མི་ཆགས་པ་དེ་རེད། དེ་གང་ཡིན་ཞེ་ན། མཐར་ཐུག་ཚང་མས་སོ་སོ་རང་ཉིད་ཀྱི་བརྩོན་འགྲུས་ལ་བརྟེན་ནས་ཐར་པའི་གོ་འཕང་ཐོབ་དགོས་ཀྱི་ཡོད་པས་རེད། 

ནི་ཆི་རཻན་གྱི་ནང་བསམ་གཏན་བཞི་པ་དང་མཐུན་པ་དེ་ནི་རྦད་དེ་ཐག་ཉེ་བ་ཡོད། དེར་བཏང་སྙོམས་ཚད་མེད་ནི་གནས་སྟངས་ཚང་མའི་ནང་བདེ་བ་དང་སྡུག་བསྔལ་གྱི་ཕྱོགས་སུ་ཆ་སྙོམ་པའི་སེམས་ཡོངས་སུ་ཞི་བདེ་བག་ཕེབས་ཀྱི་གནས་བབས་ཤིག་ཡིན་པ་རེད། དཔེར་ན། ཉེ་བ་གྲོགས་དང་རིང་བ་དགྲ་བོ་སོགས་སུ་དང་ཐུག་ནའང་དེ་དག་གི་བདེ་སྡུག་ལ་ཆ་སྙོམ་པའི་སེམས་ཀྱི་གནས་བབས་དང་ལྡན་པ་ལྟ་བུ་རེད། དེ་ནི་བྱམས་པ་ཚད་མེད་དང་། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད་ཀྱི་ཀུན་སློང་དང་བྲལ་བའི་སེམས་ཀྱི་གནས་བབས་ཤིག་ཡིན་པ་རེད། 

ཕྱོགས་གཞན་ཞིག་ནས་བོན་གྱི་ལུགས་སུ་བཏང་སྙོམས་ཚད་མེད་ནི་ཚད་མེད་གཞན་གསུམ་པོ་དང་བྲལ་བ་ཞིག་མིན་པར། དེ་ལས་ལྡོག་སྟེ། དེ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་རྒྱ་སྐྱེད་གཏོང་གི་ཡོད། འོན་ཀྱང་། སྔ་འགྱུར་རྙིང་མའི་ལུགས་སུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང་རྫ་དཔལ་སྤྲུལ་རིན་པོ་ཆེའི་བཞེད་ཚུལ་ལྟར་ན། ཚད་མེད་གཞན་གསུམ་པོ་སེམས་ཅན་ཐམས་ཅད་ལ་མཉམ་པར་རྒྱ་སྐྱེད་གཏོང་བར། དགྲ་གཉེན་བར་མ་གསུམ་གྱི་བསམ་བློའི་འདུ་ཤེས་དང་བྲལ་བ་དང་ཕྱོགས་ལྷུང་དང་བྲལ་བའི་སེམས་ཀྱི་གནས་བབས་དེ་ནི་བྱམས་པ་ཚད་མེད་དང་། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད་བཅས་མ་བསྐྱེད་གོང་ནས་དགོས་པ་ལས། དེ་དག་བསྐྱེད་པའི་རྗེས་སུ་མི་དགོས་པ་རེད། 

བཀའ་བརྒྱུད་དང་ས་སྐྱའི་ལུགས་ཀྱི་བཞེད་ཚུལ།

བོད་བརྒྱུད་ནང་བསྟན་གྱི་ས་སྐྱ་པ་དང་བཀའ་བརྒྱུད་པའི་ནང་ཀརྨ་བཀའ་བརྒྱུད་དང་། འབྲི་གུང་། འབྲུག་པ་སོགས་སྣ་ཚོགས་པའི་ནང་། ཐུན་མོང་དུ་གྲགས་ཆེ་ཤོས་ཀྱི་ཚད་མེད་བཞིའི་བཞེད་ཚུལ་ནི། 

  • བྱམས་པ་ཚད་མེད། “སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་” ཅེས་པ་དེ་རེད།
  • སྙིང་རྗེ་ཚད་མེད། “སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་” ཅེས་པ་དེ་རེད།
  • དགའ་བ་ཚད་མེད། “སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག་” ཅེས་པ་དེ་རེད།
  • བཏང་སྙོམས་ཚད་མེད། “སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་ (གཉིས་སྣང་གི་ཚོར་བ་) དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག་” ཅེས་པ་དེ་རེད། 

དགའ་བ་ཚད་མེད་པའི་སྐབས་སུ་ “སྡུག་བསྔལ་མེད་པའི་བདེ་བ་དམ་པ་” ཞེས་པ་ནི་སངས་རྒྱས་ལྟར་ཡང་དག་པ་ཐར་པའི་བདེ་བ་ལ་གོ་བ་ཡིན། དེ་ནི་པཎ་ཆེན་སྐུ་ཕྲེང་བཞི་པས་ཐུན་དྲུག་བླ་མའི་རྣལ་འབྱོར་རྒྱས་པའི་ནང་གསུངས་པ་ལྟར་རེད། 

ཀརྨ་བཀའ་བརྒྱུད་ཀྱི་ལུགས་སུ་འདིའི་དཔེ་མཚོན་ཞིག་ནི། དཔལ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་སྒྲུབ་ཐབས་དཀྱིལ་འཁོར་གྱི་ཆོ་ག་གསང་ཆེན་མཆོག་གི་མྱུར་ལམ་གསལ་བའི་འདྲེན་པ་ཞེས་བྱ་བ་དུས་རབས་ ༡༦ པའི་འགོ་སྟོད་ལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་གྱིས་མཛད་པ་དེ་རེད། ས་སྐྱ་པའི་ལུགས་སུ་འདིའི་དཔེ་མཚོན་ཞིག་ནི། དཔལ་ཀྱེ་རྡོ་རྗེའི་མངོན་པར་རྟོགས་པ་འབྲིང་དུ་བྱ་བ་ཡན་ལག་དྲུག་པའི་མཛེས་རྒྱན་ཞེས་བྱ་བ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་ལྟ་བུ་རེད། 

དགེ་ལུགས་པའི་གཞུང་འགའ་ཞིག་གི་ནང་དུའང་བཞེད་ཚུལ་ཚད་ལྡན་དེ་དག་གསལ་ཡོད་དེ། དཔེར་ན། 

  • ཀུན་མཁྱེན་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ལྷ་ཚོགས་སྒྲུབ་སྐོར་ལས། རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཅེས་བྱ་བ་དུས་རབས་ ༡༨ པའི་ནང་༧གོང་ས་རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་མཛད་པ།
  • བཅོམ་ལྡན་འདས་གསང་བདག་འཁོར་ལོ་ཆེན་པོའི་མངོན་རྟོགས་དངོས་གྲུབ་ཀུན་གྱི་གཏེར་མཛོད།
  • རྗེ་བཙུན་སྒྲོལ་ལྗང་བླ་མེད་ལུགས་ཉེ་བརྒྱུད་འཕགས་པའི་ཞལ་ལུང་ཙིཏྟ་མ་ཎི་ལས། སྒྲུབ་ཐབས་རྐྱང་པའི་འདོན་སྒྲིགས་ཟུར་དུ་བཀོལ་བ།
  • བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་ཀྱི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས་མཛད་པ་ལྟ་བུའོ།།

དཔེ་མཚོན་དེ་དག་གི་ནང་བཏང་སྙོམས་དེ་གཞན་ཐམས་ཅད་ལ་ཆ་སྙོམ་པའི་ཀུན་སློང་ཞིག་དང་ལྡན་པ་མིན་པར། དེ་ནི་སེམས་ཅན་ཐམས་ཅད་བཏང་སྙོམས་དང་ལྡན་པའི་ཡིད་སྨོན་དེ་ཡིན་པ་རེད། མཚན་ཞབས་སེར་ཀོང་རིན་པོ་ཆེ་ངག་དབང་བློ་བཟང་ཐུབ་བསྟན་སྟོབས་འབྱོར་མཆོག་གི་འགྲེལ་ཚུལ་ལྟར་ན། གཞན་རྣམས་སངས་རྒྱས་ཀྱི་བདེ་བ་དམ་པ་དང་ནམ་ཡང་མི་འབྲལ་བའི་ཡིད་སྨོན་བྱེད་པའི་རྗེས་སུ་དེ་དག་གོ་འཕང་དེར་ཅིའི་ཕྱིར་བསླེབས་མེད་པའི་ཐོག་ལ་བསམ་བློ་གཏོང་དགོས་ཀྱི་ཡོད། དེ་ནི་དེ་དག་གིས་བཏང་སྙོམས་བསྐྱེད་མེད་པའི་རྒྱུ་མཚན་གྱིས་རེད། དེར་བརྟེན་ཀུན་སློང་འདི་རང་རྒྱུད་ལ་སྐྱེད་པའི་ཆེད་ཡིད་སྨོན་བྱེད་ཀྱི་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་བཏང་སྙོམས་དེ་ཚད་མེད་བཞིའི་གོ་རིམ་གྱི་མཐའ་མར་འཇོག་པ་ཡིན། 

དགེ་ལུགས་པའི་མི་འདྲ་བའི་ཁྱད་པར།

དགེ་ལུགས་པའི་ཆོས་བརྒྱུད་ནང་རང་ཉིད་གསང་སྔགས་ཀྱི་ཡི་དམ་ལྷ་རུ་མངོན་པར་བྱེད་པའི་ཆེད་སྒྲུབ་ཐབས་སྣ་ཚོགས་པའི་ནང་ཚད་མེད་བཞིའི་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་པའི་དབྱེ་བ་རྒྱ་ཆེན་པོ་ཞིག་གསལ་སྟོན་བྱེད་ཀྱི་ཡོད། 

དུས་ཀྱི་འཁོར་ལོ།

བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུམ་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཁས་སྒྲུབ་ཞལ་ལུང་ཞེས་བྱ་བ་༧གོང་ས་སྐུ་ཕྲེང་བདུན་པས་མཛད་པ་དེ་ཐུན་དྲུག་དང་འབྲེལ་བའི་དུས་འཁོར་བླ་མའི་རྣལ་འབྱོར་དཔག་བསམ་ཡོངས་འདུའི་སྙེ་མ་ཞེས་བྱ་བ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཛད་པ་དང་། ཡོངས་འཛིན་གླིང་རིན་པོ་ཆེ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་ཀྱིས་ཚིགས་བཅད་དུ་བཀོད་གནང་བ་དེའི་ནང་བསྐྱར་ཟློས་བྱས་ཡོད་པ་ནི། 

  • བྱམས་པ་ཚད་མེད། “སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་ཤོག་” ཅེས་པའི་ཡིད་སྨོན་དེ་རེད།
  • སྙིང་རྗེ་ཚད་མེད། “སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་ཤོག་” ཅེས་པ་དེ་རེད།
  • དགའ་བ་ཚད་མེད། “སེམས་ཅན་ཐམས་ཅད་རྟག་ཏུ་བདེ་བ་ལ་གནས་པའི་དགའ་བ་དང་ལྡན་པར་ཤོག་” ཅེས་པ་དེ་རེད། 
  • བཏང་སྙོམས་ཚད་མེད། “སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཏང་སྙོམས་དང་ལྡན་པར་ཤོག་” ཅེས་པ་དེ་རེད། 

འདིར་བྱམས་པ་ཚད་མེད་དང་སྙི་རྗེ་ཚད་མེད་ཀྱི་བསམ་བློ་ལ་བདེ་བའི་རྒྱུ་དང་སྡུག་བསྔལ་གྱི་རྒྱུའི་སྐོར་གང་ཡང་གསུངས་མེད། ངག་ཐོག་གི་འགྲེལ་བ་ལྟར་ན། དེ་དག་ཁོངས་སུ་གཏོགས་པ་ཡིན། 

དགའ་བ་ཚད་མེད་ལ་ཆ་བཞག་ན། “སེམས་ཅན་རྣམས་བདེ་བ་དང་ནམ་ཡང་མི་འབྲལ་བར་ཤོག་” ཅེས་པའི་འཕགས་པ་ཐོགས་མེད་ཀྱི་གོ་རིམ་རྗེས་སུ་མི་འབྲང་བར། ༧གོང་ས་སྐུ་ཕྲེང་བདུན་པས་ “སེམས་ཅན་དེ་དག་བདེ་བ་དང་ལྡན་པར་ཤོག་” ཅེས་སློབ་དཔོན་དབྱིག་གཉེན་གྱི་འགྲེལ་བརྗོད་ཀྱི་རྗེས་སུ་འབྲང་གི་ཡོད། “རྟག་ཏུ་” ཞེས་པའི་ཚིག་འདི་ཁ་སྣོན་དང་བཅས་༧གོང་ས་སྐུ་ཕྲེང་བདུན་པས་དགའ་བ་ཚད་མེད་ལ་བརྟེན་ནས་བདེ་བ་དང་ལྡན་པའི་ཡིད་སྨོན་བྱས་པ་དེ་ནི་མཐའ་མེད་པའི་སངས་རྒྱས་ཀྱི་ས་ལ་ཡོད་པའི་བདེ་བའི་ཡེ་ཤེས་དེ་ཡིན་པ་ཤུགས་ལ་སྟོན་གྱི་ཡོད། 

བཏང་སྙོམས་ཚད་མེད་ཀྱི་བཞེད་ཚུལ་དེའང་འདིར་སློབ་དཔོན་དབྱིག་གཉེན་གྱིས་ “སེམས་ཅན་རྣམས་མཉམ་པ་ཡིན་” ཞེས་བཏང་སྙོམས་འགྲེལ་བརྗོད་གནང་བ་དང་འདྲ་པོ་ཡོད། ད་དུང་ཀུན་མཁྱེན་ཀློང་ཆེན་པས་བཏང་སྙོམས་ཀྱིས་ང་རྒྱལ་དང་དང་ཁེངས་དྲེགས་གཉིས་མཉམ་ཉིད་ཡེ་ཤེས་ཀྱི་ནང་འཐིམ་པའི་རྐྱེན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བ་དང་འདྲ་མཚུངས་ཆགས་ཀྱི་ཡོད། དེ་ལྟ་བས་ན་བཏང་སྙོམས་ཀྱི་ཁོངས་སུ་གཞན་ཐམས་ཅད་ལ་མཉམ་པའི་བློ་ཞིག་དང་། ཆགས་སྡང་དང་བྲལ་བའི་བློ། དེ་བཞིན་དུ་སེམས་ཅན་རྣམས་རྙེད་དུ་རུང་བའི་བདེན་པར་གྲུབ་པས་སྟོང་པ་ནི་ཚང་མ་མཉམ་པ་ཡིན་པའི་རྟོགས་པ་བཅས་གཏོགས་ཡོད། 

འཁོར་ལོ་སྡོམ་པའི་ལུས་དཀྱིལ།

གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་ལུས་དཀྱིལ་གྱི་བདག་བསྐྱེད་མདོར་བསྡུས་ཞེས་བྱ་བ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱིས་མཛད་པ་དེའི་ནང་།

  • བྱམས་པ་ཚད་མེད། “སེམས་ཅན་ཐམས་ཅད་ཁྱད་པར་དུ་འཕགས་པའི་བདེ་བ་དང་ལྡན་པར་ཤོག་” ཅེས་པ་དེ་རེད།
  • སྙིང་རྗེ་ཚད་མེད། “སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་ཤོག་” ཅེས་པ་དེ་རེད།
  • དགའ་བ་ཚད་མེད། “སེམས་ཅན་ཐམས་ཅད་ལ་ཐོབ་པའི་བདེ་བ་དང་ནམ་ཡང་མི་འབྲལ་བར་ཤོག་” ཅེས་པ་དེ་རེད། 
  • བཏང་སྙོམས་ཚད་མེད། “སེམས་ཅན་ཐམས་ཅད་རྩ་ཉོན་དང་ཉེ་ཉོན་ཐམས་ཅད་དང་བྲལ་བར་ཤོག་” ཅེས་པ་དེ་རེད། 

ཇི་ལྟར་པཎ་ཆེན་སྐུ་ཕྲེང་བཞི་པས་ཐུན་དྲུག་བླ་མའི་རྣལ་འབྱོར་རྒྱས་པའི་ནང་བཀོལ་སྤྱོད་གནང་བ་ལྟར། ཁྲི་བྱང་རིན་པོ་ཆེས་ཀྱང་བྱམས་པ་ཚད་མེད་ལ་བཞེད་ཚུལ་དེ་དང་གཅིག་མཚུངས་སུ་བེད་སྤྱོད་བྱས་ཡོད། ཁྱད་པར་དུ་འཕགས་པའི་བདེ་བ་ཞེས་པ་ནི་འཕགས་པ་རྣམས་ཀྱི་བདེ་བའི་ཡེ་ཤེས་དེ་ལ་གོ་བ་ཡིན། བདེ་བ་འདིའི་རྒྱུའི་སྐོར་ལ་གང་ཡང་གསུངས་མེད། འོན་ཀྱང་། སྙིང་རྗེ་ཚད་མེད་ཀྱིས་ནམ་རྒྱུན་ཡོངས་གྲགས་ཆེ་ཤོས་ཀྱི་གོ་རིམ་བསྐྱར་ཟློས་བྱེད་པ་དང་གཞན་རྣམས་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་ཤོག་ཅེས་ཡིད་སྨོན་བྱེད་པ་དེའང་གསལ་པོའི་སྒོ་ནས་གསུང་གི་ཡོད། 

དགའ་བ་ཚད་མེད་ཀྱི་བཞེད་ཚུལ་ནི་རྒྱལ་བྱམས་པས་མདོ་སྡེ་རྒྱན་གྱི་ནང་། ཀུན་སློང་འདིའི་ཡུལ་ནི་སྔོན་ཚུད་ནས་བདེ་བ་དང་ལྡན་པའི་སེམས་ཅན་རྣམས་ཡིན་ཞེས་ངེས་བཤད་མཛད་པ་དང་འདྲ་མཚུངས་ཡོད། ངག་ཐོག་གི་འགྲེལ་བ་ལྟར་བྱས་ན། “ཐོབ་ཟིན་པའི་བདེ་བ་” ཞེས་པ་ནི་སངས་རྒྱས་ཀྱི་གོ་འཕང་ལ་ཡོད་པའི་བདེ་བ་ལ་གོ་བ་ཡིན། དེར་བརྟེན་ཁྲི་བྱང་རིན་པོ་ཆེའི་བཞེད་ཚུལ་དེ་པཎ་ཆེན་སྐུ་ཕྲེང་བཞི་པའི་ཐུན་དྲུག་བླ་མའི་རྣལ་འབྱོར་རྒྱས་པའི་ནང་དགའ་བ་ཚད་མེད་ཀྱིས་གཞན་རྣམས་ཡང་དག་པའི་ཐར་པའི་བདེ་བ་དང་མི་བྲལ་བར་ཤོག་ཅེས་ཡིད་སྨོན་བྱེད་པ་དང་མཐུན་གྱི་ཡོད། 

བཏང་སྙོམས་ཚད་མེད་ཀྱི་བཞེད་ཚུལ་དེ་ནི་སེམས་ཅན་རྣམས་ལ་ཆགས་སྡང་གི་ཉོན་མོངས་པའི་རྟོག་པ་དང་བྲལ་བའི་བཏང་སྙོམས་ལ་གནས་པར་ཤོག་ཅེས་སྤྱིར་བཏང་འཆར་ཅན་ཐོག་ཡིད་སྨོན་བྱེད་པ་ལྟ་བུ་སྣང་གི་ཡོད། དེ་ནི་རྒྱལ་བ་བྱམས་པས་མདོ་སྡེ་རྒྱན་གྱི་ནང་གསུངས་པའི་བཏང་སྙོམས་ཚད་མེད་ཀྱི་ཡུལ་ནི་ཉོན་མོངས་ཅན་གྱི་སེམས་ཡིན་ཞེས་པ་ལས་འབྱུང་གི་ཡོད་པ་ལྟར་སྣང་། དེ་ཡང་ད་དུང་འཕགས་པ་ཐོགས་མེད་ཀྱིས་མངོན་པ་ཀུན་བཏུས་ཀྱི་ནང་ “སེམས་འདི་རྩ་ཉོན་དང་ཉེ་ཉོན་གྱི་དབང་དུ་ནམ་ཡང་ཤོར་མི་འཇུག་པ་དང་ཟག་བཅས་འབྱུང་བར་བྱེད་པའི་རྐྱེན་ལ་གོ་སྐབས་ནམ་ཡང་མི་སྤྲོད་པ་” ཞེས་པའི་བཏང་སྙོམས་ཀྱི་བྱེད་ལས་གསུངས་པ་དང་མཐུན་པ་ལྟར་སྣང་། 

འཕགས་པ་ཐོགས་མེད་ཀྱིས་མངོན་པ་ཀུན་བཏུས་ནང་། བཏང་སྙོམས་ཀྱི་རིགས་གསུམ་གསུངས་ཡོད་པ་ནི། འདུ་བྱེད་ཀྱི་ཕུང་པོར་གཏོགས་པའི་འདུ་བྱེད་དང་། ཚོར་བ། ཚད་མེད་པའི་ཀུན་སློང་བཅས་རེད། གོང་དུ་སྨྲོས་པའི་བྱེད་ལས་ནི་བཏང་སྙོམས་དེ་འདུ་བྱེད་ལྟ་བུ་ཡིན་པ་དང་ཚད་མེད་པའི་བཏང་སྙོམས་དེ་མིན། འདུ་བྱེད་ཡིན་པའི་ཆ་ནས་བཏང་སྙོམས་དེ་ནི་བྱིང་བ་དང་རྒོད་པའི་དབང་འོག་ཏུ་མི་ཤོར་བའི་སྒོ་ནས་རང་གི་འདོད་དོན་ལྷུན་གྱིས་གྲུབ་པའི་སེམས་ཀྱི་གནས་བབས་འོས་ཤིང་འཚམ་པ་དེ་ཡིན་ཞེས་འཕགས་པ་ཐོགས་མེད་ཀྱིས་འགྲེལ་བརྗོད་གནང་ཡོད། 

རྡོ་རྗེ་འཇིགས་བྱེད་དང་རྟ་མགྲིན།

བཞེད་ཚུལ་མི་འདྲ་བ་གཞན་ཞིག་ནི། 

  • དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་སྐུ་ཕྲེང་དང་པོས་མཛད། 
  • བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་གྱི་ངག་འདོན་ནག་འགྲོས་བློ་དམན་ལས་དང་པོ་པ་ལ་ཁྱེར་བདེ་བར་བཀོད་པ་ཞེས་བྱ་བ་ཕ་བོང་ཁ་པས་མཛད།
  • སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་རྒྱས་པ་རྟ་མཆོག་རོལ་པའི་ཞལ་ལུང་ཞེས་བྱ་བ། 

བཞེད་ཚུལ་འདི་ལ་གཞིགས་ན།

  • བྱམས་པ་ཚད་མེད་ནི་། “སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་ཤོག་” ཅེས་པ་དེ་རེད།
  • སྙིང་རྗེ་ཚད་མེད་ནི། “སྡུག་བསྔལ་དང་བྲལ་བར་ཤོག་” ཅེས་པ་དེ་རེད།
  • དགའ་བ་ཚད་མེད་ནི། “བདེ་བ་དང་ནམ་ཡང་མི་འབྲལ་བར་ཤོག་” ཅེས་པ་དེ་རེད།
  • བཏང་སྙོམས་ཚད་མེད་ནི། “སེམས་ཅན་ཐམས་ཅད་འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པས་སེམས་མ་འཁྲུགས་པའམ། ཡང་ན་གཟུང་འཛིན་ལ་སེམས་མ་འཁྲུགས་པར་བཏང་སྙོམས་ལ་གནས་པར་ཤོག་” ཅེས་པ་དེ་རེད། 

འདིར་ངག་ཐོག་གི་འགྲེལ་བ་ལྟར་ན། དེ་ལ་དཔེར་ན། བྱམས་པ་ཚད་མེད་ཀྱི་ནང་བདེ་བའི་རྒྱུ་དང་སྙིང་རྗེ་ཚད་མེད་ཀྱི་ནང་སྡུག་བསྔལ་གྱི་རྒྱུ་དང་བཅས་པ་དགོས་ཀྱི་ཡོད། མངོན་གསལ་དོད་པོའི་སྒོ་ནས་གསུངས་མེད་ནའང་། དགའ་བ་ཚད་མེད་ལ་བརྟེན་ནས་བདེ་བ་ཞེས་པ་ནི་སངས་རྒྱས་ཀྱི་བདེ་བའི་ཡེ་ཤེས་དེ་ལ་གོ་བ་ཡིན། 

བཏང་སྙོམ་ཚད་མེད་ཀྱི་བཞེད་ཚུལ་ནི་འཁོར་ལོ་བདེ་མཆོག་ལུས་དཀྱིལ་གྱི་སྒྲུབ་ཐབས་ནང་གསལ་བ་ལྟར། འཕགས་པ་ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་ཀྱི་རྗེས་སུ་འབྲང་གི་ཡོད་པ་ལྟར་སྣང་། འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་རྟོག་པ་དང་གཟུང་བ་དང་འཛིན་པའི་སྐོར་དེ་བཏང་སྙོམས་ཀྱི་བྱེད་ལས་ཀྱི་ནང་བསླེབ་ཀྱི་ཡོད་པ་དང་དེ་ནི་ཟག་བཅས་འབྱུང་བའི་རྐྱེན་དུ་འགྲོ་མི་འཇུག་པ་ཞིག་རེད། འཇིག་རྟེན་ཆོས་བརྒྱད་ནི། བསྟོད་པ་དང་སྨད་པ། རྙེད་པ་དང་མ་རྙེད་པ། (ཐོབ་པ་དང་མ་ཐོབ་པ།) བདེ་བ་དང་མི་བདེ་བ། (གནས་སྟངས་ཡག་པོ་ཡོད་པ་དང་མེད་པ།) སྙན་པ་དང་མི་སྙན་པ་ (གནས་ཚུལ་བཟང་པོ་ཡོད་དང་མེད་) བཅས་རེད། དེ་དག་དང་འབྲེལ་བའི་རྟོག་པ་དང་ཟག་བཅས་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་ཆ་རེ་རེའི་དང་པོའི་སྤྲོ་སེམས་ལྡན་པའི་ཚོར་བ་དང་གཉིས་པའི་སྐབས་སེམས་ཞུམ་པ་དེ་རེད། གཟུང་འཛིན་ལ་ཟག་བཅས་དང་འབྲེལ་བའི་རྟོག་པས་སེམས་མ་འཁྲུགས་པ་ནི་སེམས་ཙམ་པའི་དམིགས་མེད་ཀྱི་ཚད་མེད་པའི་ཀུན་སློང་གི་རྣམ་པ་དང་འདྲ་མཚུངས་རེད། འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་པའི་ལྟ་བ་གཞི་ལ་བཞག་ནས་མངོན་པ་ཀུན་བཏུས་མཛད་ཡོད། 

སྙིང་རྗེ་ཚད་མེད་དང་པོ་འཇོག་ཚུལ།

གྲུབ་ཆེན་ལུ་ཡི་པའི་འཁོར་ལོ་སྡོམ་པའི་བརྒྱུད་པ།

དགེ་ལུགས་པའི་སྒྲུབ་ཐབས་ཁག་གི་ཁྲོད་དུ་གསལ་བའི་མི་འདྲ་བའི་ཁྱད་པར་གཞན་ཞིག་ནི་སྙིང་རྗེ་ཚད་མེད་དེ་དང་པོར་འཇོག་ཚུལ་དེ་རེད། དཔེར་ན། དཔལ་འཁོར་ལོ་སྡོམ་པ་ལུ་ཡི་པའི་ལུགས་ཀྱི་མངོན་རྟོགས་ཞེས་བྱ་བ་པཎ་ཆེན་སྐུ་ཕྲེང་བཞི་པས་མཛད་པ་དེའི་ནང་གསལ་བ་ལྟར་ན།

  • སྙིང་རྗེ་ཚད་མེད་ནི་། “སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་དང་བྲལ་བར་ཤོག་” ཅེས་དང་།
  • བྱམས་པ་ཚད་མེད་ནི། “སེམས་ཅན་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་པར་ཤོག་” ཅེས་དང་།
  • དགའ་བ་ཚད་མེད་ནི། “སེམས་ཅན་ཐམས་ཅད་བདེ་བ་ཐོབ་ཟིན་པ་རྣམས་བརྟན་པོར་འགྱུར་བར་ཤོག་” ཅེས་དང་།
  • བཏང་སྙོམས་ཚད་མེད་ནི་། “སེམས་ཅན་ཐམས་ཅད་ཀྱི་སེམས་དེ་བཞིན་ཉིད་ཀྱི་རོ་གཅིག་གི་ནང་གནས་པར་ཤོག་” ཅེས་གསུངས་ཡོད།

སྙིང་རྗེ་དེ་བྱམས་པའི་སྔོན་དུ་འཇོག་པ་དེ་གཏོང་ལེན་ཉམས་ལེན་གྱི་སྐབས་སུའང་འབྱུང་གི་ཡོད། ཉམས་ལེན་འདིའི་ནང་། བྱམས་པ་ལ་བརྟེན་ནས་གཞན་ལ་བདེ་བ་སྦྱིན་པའམ་གཏོང་བ་དང་སྙིང་རྗེ་ལ་བརྟེན་ནས་གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དེ་རེད། པཎ་ཆེན་སྐུ་ཕྲེང་བཞི་པས་མཛད་པའི་བླ་མ་མཆོད་པའི་ནང་གི་གཏོང་ལེན་གྱི་ཚིགས་སུ་བཅད་པ་ལྟ་བུར་མཚོན་ན། སྙིང་རྗེའི་སྒོ་ནས་གཞན་གྱི་སྡུག་བསྔལ་དང་དུ་ལེན་པ་དེ་བྱམས་པའི་སྒོ་ནས་གཞན་ལ་བདེ་བ་སྦྱིན་པའི་སྔ་རོལ་ཏུ་གསུངས་ཡོད། རྣམ་གྲོལ་ལག་བཅངས་ཀྱི་ནང་ཕ་བོང་ཁས་ཐོག་མར་གཞན་གྱི་སྡུག་བསྔལ་སྙིང་རྗེའི་སྒོ་ནས་དང་ལེན་མ་བྱས་པར། བྱམས་པའི་སྒོ་ནས་གཞན་ལ་སྦྱིན་པའི་བདེ་བ་དེ་གཞན་གྱིས་མྱོང་མི་ཐུབ་ཅེས་འགྲེལ་བརྗོད་གནང་ཡོད། སླར་ཡང་སྡུག་བསྔལ་དང་བདེ་བའི་རྒྱུ་རྣམས་མངོན་གསལ་དོད་པོའི་སྒོ་ནས་གསུངས་མེད་ནའང་། ཤུགས་ལ་མི་མངོན་པའི་ཚུལ་དུ་ཡོད་པ་རེད། 

དགའ་བ་ཚད་མེད་ལ་བརྟེན་ནས་གཞན་ལ་བདེ་བ་གང་ཐོབ་ཟིན་པ་རྣམས་བརྟན་པོར་གནས་པའི་ཡིད་སྨོན་འདི་ནི་དེ་དག་རྟག་ཏུ་སངས་རྒྱས་ཀྱི་བདེ་བའི་གནས་བབས་སུ་གནས་པར་ཤོག་ཅེས་པ་དེ་རེད། འདི་ནི་གོང་དུ་བཤད་པའི་དུས་འཁོར་དང་འཁོར་ལོ་སྡོམ་པའི་ལུས་དཀྱིལ་གྱི་སྒྲུབ་ཐབས་ནང་གསལ་བའི་དགའ་བ་ཚད་མེད་ཀྱི་ཡིད་སྨོན་དང་འདྲ་མཚུངས་རེད། 

གཞན་གྱི་སེམས་དེ་བཞིན་ཉིད་ཀྱི་རོ་གཅིག་པའི་ནང་གནས་པར་ཤོག་ཅེས་པའི་བཏང་སྙོམས་ཚད་མེད་ཀྱི་བཞེད་ཚུལ་དེ་ནི་དེ་དག་གི་སེམས་དེ་སེམས་ཅན་ཐམས་ཅད་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པས་སྟོང་པ་ཡིན་པ་མཉམ་པར་རྟོགས་པའི་ནང་གནས་པར་ཤོག་ཅེས་པ་དེ་རེད། བཞེད་ཚུལ་འདི་ནི་དུས་འཁོར་གྱི་སྒྲུབ་ཐབས་སུ་གསལ་བའི་གཞན་རྣམས་འདྲ་མཉམ་གྱི་བཏང་སྙོམས་དང་ལྡན་པར་ཤོག་ཅེས་པའི་ཀུན་སློང་དང་མཐུན་པ་རེད། 

མི་འཁྲུགས་པ།

ཡང་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་སྒྲུབ་དཀྱིལ་ཡོངས་སུ་རྫོགས་པའི་ཆོ་ག་མངོན་པར་དགའ་བའི་སྒོ་འབྱེད་ཅེས་བྱ་བ་པཎ་ཆེན་སྐུ་ཕྲེང་བཞི་པས་མཛད་པ་དེའི་ནང་།

  • སྙིང་རྗེ་ཚད་མེད་ནི། “སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་ཤོག་” ཅེས་དང་།
  • བྱམས་པ་ཚད་མེད་ནི། “སེམས་ཅན་ཐམས་ཅད་བདེ་བ་དང་ནམ་ཡང་མི་འབྲལ་བར་ཤོག་” ཅེས་དང་།
  • དགའ་བ་ཚད་མེད་ནི། “སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བདེ་བ་དང་བཅས་བདེ་བ་དང་ལྡན་པར་གྱུར་ཅིག་” ཅེས་དང་།
  • བཏང་སྙོམས་ཚད་མེད་ནི། “སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་མཚུངས་ཟླ་བྲལ་བའི་མྱང་འདས་དང་བཅས་མྱ་ངན་ལས་འདའ་བར་ཤོག་” ཅེས་གསུངས་ཡོད།

འདིར་བྱམས་པ་ཚད་མེད་ནི་ནམ་རྒྱུན་དགའ་བ་ཚད་མེད་འགྲེལ་བརྗོད་བྱེད་པ་ལྟར་བཞེད་ཡོད། ཡིན་ནའང་། དགའ་བ་ཚད་མེད་ནི་ད་དུང་ཡང་གཞན་ལ་བདེ་བའམ་སངས་རྒྱས་ཀྱི་བདེ་བ་དང་ལྡན་པར་ཤོག་ཅེས་པའི་ཡིད་སྨོན་དེ་ཡིན་པ་རེད། བཏང་སྙོམས་ཚད་མེད་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅེས་པའི་ཡིད་སྨོན་དེ་ཡིན་པ་དང་། དེ་ལ་བརྟེན་ནས་གཞན་ཐམས་ཅད་ལ་མཉམ་པར་ཕན་འདོགས་ཀྱི་ཡོད་པ་དང་དེ་ཡང་ཆོས་ཐམས་ཅད་དོན་ངོ་མར་རྙེད་དུ་རུང་བ་དང་བདེན་པར་གྲུབ་པ་ཞིག་མེད་པར་རྟོགས་པའི་སྒོ་ནས་ཕན་འདོགས་ཀྱི་ཡོད། 

ཕྱོགས་བསྡོམས།

དཔྱད་ཞིབ་འདི་ལ་གཞིགས་ན། ཚད་མེད་བཞིའི་སྐོར་ལ་གོ་རྟོགས་དང་། བཞེད་ཚུལ། ཉམས་ལེན་བཅས་མི་འདྲ་བའི་ཁྱད་པར་མང་དག་ཅིག་ཡོད་པ་གསལ་པོ་རེད། དེ་ལྟར་མི་འདྲ་བ་སྣ་ཚོགས་པ་ཡོད་པ་དེས་ཉམས་ལེན་རྒྱ་ཆེ་བ་སྟོན་པ་དང་། གལ་ཏེ་དེ་འདྲ་བའི་རྣམ་པ་སྣ་ཚོགས་པ་མང་པོ་ཡོད་པ་དེ་རྟོགས་ན། སྲོལ་རྒྱུན་ལམ་ལུགས་སོ་སོར་མི་འདྲ་བ་དེ་ཕན་ཚུན་འགལ་བ་ལྟར་དུ་མི་མཐོང་བར། དེ་ལས་ལྡོག་སྟེ། དེས་རང་སོ་སོའི་ཉམས་ལེན་གོང་ནས་གོང་དུ་འཕེལ་བའི་མཐུན་རྐྱེན་དུ་འགྱུར་སྲིད་པ་རེད། 

མདོར་བསྡུས་ནས་བཤད་ན། བྱམས་པ་ཚད་མེད་ཀྱི་ནང་སེམས་ཅན་ཐམས་ཅད།

  • སྤྱིར་བདེ་བ་དང་ལྡན་པ།
  • ལུས་ཀྱི་བདེ་བ་དང་ལྡན་པ།
  • སེམས་ཅན་གྱི་བདེ་བ་དང་ལྡན་པ། (སངས་མ་རྒྱས་པའི་གང་ཟག་གི་བདེ་བ།)
  • སེམས་ཅན་གྱི་བདེ་བ་དང་ནམ་ཡང་མི་འབྲལ་བ།
  • འཕགས་པའི་བདེ་བ་དང་ལྡན་པ།
  • མཐོ་རིས་གནས་སྐབས་ཀྱི་བདེ་བ་གང་རུང་ཞིག་དང་ལྡན་པ་དང་མཐར་ཐུག་སངས་རྒྱས་ཀྱི་བདེ་བ་དང་ལྡན་པ།
  • བདེ་བའི་རིགས་དེ་དག་གང་རུང་དང་དེ་དག་གི་རྒྱུ་དང་བཅས་པ་དང་ལྡན་པར་ཤོག་ཅེས་པའི་ཡིད་སྨོན་བཅས་ཡོད། 

སྙིང་རྗེ་ཚད་མེད་ཀྱི་ནང་སེམས་ཅན་ཐམས་ཅད།

  • སྡུག་བསྔལ་དང་བྲལ་བ། (སྡུག་བསྔལ་གསུམ།)
  • སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་ཤོག་ཅེས་པའི་ཡིད་སྨོན་བཅས་ཡོད། 

དགའ་བ་ཚད་མེད་ཀྱི་ནང་སེམས་ཐམས་ཅད་ཀྱི།

  • བདེ་ཐབས་དང་དགེ་བའི་རྩོལ་བ་དེ་བཞིན་ཐར་པར་འབད་པ།
  • རྒྱུ་ནོར་ལོངས་སྤྱོད།
  • སྤྱིར་བཏང་བདེ་བ། 
  • བདེ་བ་དང་བདེ་བའི་རྒྱུ་འཚོལ་བ་བཅས་ལ་དགའ་བ་བསྒོམ་པ་བཅས་ཡོད། 

དེའི་ནང་ད་དུང་སེམས་ཅན་ཐམས་ཅད།

  • ཡིད་བདེ་བ་དང་ལྡན་པ།
  • རྟག་ཏུ་བདེ་བར་གནས་པའི་དགའ་བ་དང་ལྡན་པ།
  • བདེ་བ་དང་ནམ་ཡང་མི་བྲལ་བ།
  • རང་སོ་སོའི་ལྷན་སྐྱེས་ཀྱི་བདེ་བ་དེ་སངས་རྒྱས་ཀྱི་རིགས་ཀྱི་ཆ་ཤས་སུ་རྟོགས་པ་དང་ནམ་ཡང་མི་བྲལ་བ།
  • མཐོ་རིས་དང་ཐར་པའི་གོ་འཕང་གི་བདེ་བ་དམ་པ་དང་ནམ་ཡང་མི་བྲལ་བ།
  • ཐར་པའི་བདེ་བ་དམ་པ་དང་ནམ་ཡང་མི་བྲལ་བ།
  • སངས་རྒྱས་ཀྱི་བདེ་བ་དམ་པ་དང་ནམ་ཡང་མི་བྲལ་བ།
  • སྡུག་བསྔལ་དང་བྲལ་བའི་བདེ་བ་དམ་པ་ (སངས་རྒྱས་ཀྱི་བདེ་བ་) དང་ནམ་ཡང་མི་བྲལ་བ།
  • ཐོབ་ཟིན་པའི་བདེ་བ་ (སངས་རྒྱས་ཀྱི་བདེ་བ་) དང་ནམ་ཡང་མི་བྲལ་བ།
  • ཐོབ་ཟིན་པའི་བདེ་བ་ (སངས་རྒྱས་ཀྱི་བདེ་བ་) ལ་བརྟན་པར་གནས་པར་ཤོག་ཅེས་པའི་ཡིད་སྨོན་རྣམས་ཀྱང་ཡོད། 

བཏང་སྙོམས་ཚད་མེད་ནི་སེམས་ཀྱི་གནས་བབས་ཤིག་ཡིན་པ་དང་དེའི་ནང་།

  • སེམས་ཅན་ཐམས་ཅད་ཀྱི་ཕྱོགས་སུ་སེམས་ཞི་བདེ་བག་ཕེབས་པ་སྟེ། ཕན་འདོགས་པའི་སྐབས་སུ་སེམས་ཆ་སྙོམ་པ་དང་། སེམས་ཧ་ཅང་རྨོངས་པ་མིན་པ་དང་གཏི་མུག་ཅན་མིན་པ། གང་ཡིན་ཞེ་ན། མཐར་ཐུག་ཚང་མས་རང་སོ་སོའི་བརྩོན་འགྲུས་ལ་བརྟེན་ནས་ཐར་པའི་གོ་འཕང་ཐོབ་དགོས་ཀྱི་ཡོད། 
  • བདེ་བ་དང་སྡུག་བསྔལ། དགའ་བ་དང་གདུང་བ། དཔེར་ན། གྲོགས་པོའམ་ཡང་ན་དགྲ་བོ་དང་ཐུག་འཕྲད་སྐབས་ལྟ་བུ་གནས་སྟངས་ཚང་མའི་ནང་སེམས་ཡོངས་སུ་ཞི་ཞིང་བག་ཕེབས་པ་དང་ཆ་སྙོམ་པ། དེ་བཞིན་བྱམས་པ་དང་། སྙིང་རྗེ། དགའ་བ་ཚད་མེད་བཅས་ཀྱི་ཀུན་སློང་དང་བྲལ་བ།
  • ཚད་མེད་པའི་བྱམས་པ་དང་། སྙིང་རྗེ། དགའ་བ་སེམས་ཅན་ཐམས་ཅད་ལ་མཉམ་པར་རྒྱ་སྐྱེད་གཏོང་བ། དེ་ཡང་དགྲ་གཉེན་བར་མ་གང་ལའང་མི་ལྟོས་པར་ཚང་མར་མཉམ་པར་རྒྱ་སྐྱེད་གཏོང་བ་དེ་རེད། 
  • གཞན་གྱི་ཕྱོགས་སུ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་དང་བྲལ་བ་དང་། དེ་ཡང་འགའ་ཞིག་ལ་ཉེ་བ་དང་འགའ་ཞིག་ལ་རིང་བའི་ཚོར་བ་མེད་པ། 
  • སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པར་རྟོགས་པ།
  • སེམས་ཅན་ཐམས་ཅད་འདྲ་མཉམ་ཐོག་ཕན་པར་ཤོག་ཅེས་པའི་ཡིད་སྨོན་བཅས་སོ།།

དེའི་ནང་ད་དུང་སེམས་ཅན་ཐམས་ཅད།

  • ཉེ་རིང་ཆགས་སྡང་དང་བྲལ་བར་ཤོག
  • ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་ཤོག
  • ཉེ་རིང་ཆགས་སྡང་གི་གཉིས་སྣང་གི་ཚོར་བ་དང་བྲལ་བའི་བཏང་སྙོམས་ལ་གནས་པར་ཤོག
  • འདྲ་མཉམ་གྱི་བཏང་སྙོམས་ (སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་དགོས་པ་དང་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པས་སྟོང་པ་དེ་ཚང་མར་གཅིག་མཚུངས་ཡིན་པའི་མཉམ་ཉིད་ཀྱི་ཡེ་ཤེས་) དང་ལྡན་པར་ཤོག
  • རྩ་ཉོན་དང་ཉེ་ཉོན་ཐམས་ཅད་ལས་བྲལ་བར་ཤོག
  • འཇིག་རྟེན་ཆོས་བརྒྱད་དམ་ཡང་ན་གཟུང་འཛིན་གྱི་ཆོས་ལ་རྟོག་པས་མ་འཁྲུགས་པར་བཏང་སྙོམས་ལ་གནས་པར་ཤོག
  • དེ་དག་གི་སེམས་དེ་བཞིན་ཉིད་ (སྟོང་ཉིད་) ཀྱི་རོ་གཅིག་པའི་ནང་གནས་པར་ཤོག 
  • དེ་དག་སངས་རྒྱས་ཀྱི་གོ་འཕང་མྱ་ངན་ལས་འདའ་བར་ཤོག་ཅེས་པའི་ཡིད་སྨོན་རྣམས་ཀྱང་ཡོད།

དེར་མ་ཟད། ཀུན་སློང་བཞི་པོ་དེ་དག་ཚད་མེད་པར་ཆགས་པའི་ཕྱིར་སྤྱིར་བཏང་དེ་དག་སེམས་ཅན་ཐམས་ཅད་ལ་དམིགས་དགོས་པ་དང་། དམིགས་བསལ་ད་ལྟ་འདོད་ཁམས་ཀྱི་འགྲོ་བ་རིགས་དྲུག་གང་རུང་ལ་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་དམིགས་དགོས། ཐེག་པ་ཆེན་པོའི་འགྲེལ་བ་འགའ་ཞིག་ལྟར་ན། ཀུན་སློང་བཞི་པོ་དེ་དག་ཚད་མེད་པ་ཆགས་པའི་ཕྱིར། དེ་དག་རྒྱ་ཆེ་ལ་ཕུགས་རྒྱང་རིང་བའི་བསམ་ཕྱོགས་དྲུག་ (ཕ་རོལ་ཏུ་ཕྱིན་པ་དྲུག་) གིས་ཀྱང་གྲོགས་བྱེད་དགོས་པ་དང་། དམིགས་བསལ་བསམ་གཏན་བཞི་པོ་གང་རུང་ཞིག་དང་ཤེས་རབ་གསུམ་པོ་གང་རུང་ཞིག་གིས་གྲོགས་བྱེད་དགོས་ཀྱི་ཡོད། 

ཚད་མེད་བཞིའི་གོ་རིམ་དེ་ཐོག་མར་བྱམས་པ་དང་། བཏང་སྙོམས། ཡང་ན་སྙིང་རྗེ་བཅས་གང་རུང་ནས་འགོ་འཛུགས་བྱེད་སྲིད། གཞན་ཡང་། སངས་རྒྱས་ཀྱི་གོ་འཕང་ལེགས་པར་ཐོབ་པའི་ཕྱིར། ཐེག་པ་ཆེན་པོའི་ཉམས་ལེན་གྱི་ནང་། དེ་དག་བཞི་པོ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་སུ་ཉམས་ལེན་བྱེད་པའམ། ཡང་ན་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་བསྐྱེད་ཟིན་པའི་རྗེས་སུ་དེ་གོང་ནས་གོང་དུ་སྤེལ་བའི་ཐབས་སུ་ཉམས་ལེན་བྱེད་སྲིད་པ་རེད།།

Top