མི་ལུས་རིན་ཆེན་ལ་རྗེས་སུ་ཡི་རང་བྱེད་པ།

སྐད་ཡིག་གཞན།

མི་ལུས་རིན་ཆེན་མ་བསྒོམ་གོང་ལ་དེའི་སྐོར་ཐོས་པ་བྱེད་པ།

ང་ཚོས་སྒོམ་རྒྱག་ཐབས་བྱེད་པའི་སྐབས། གལ་ཏེ་ཞི་འཇམ་ལྷོད་ཡངས་མེད་པ་དང་སེམས་ལ་ཧ་ཅང་དཀྲོག་རྐྱེན་ཐེབས་ནས་གང་སར་གཡེང་བཞིན་ཡོད་ན། མར་བསྡད་ནས་ཉམས་ལེན་ཞིག་བྱེད་འགོ་བཙུག་གི་མ་རེད། གལ་ཏེ་ང་ཚོས་སྒོམ་མ་རྒྱག་གོང་ལ་ཏོག་ཙམ་ཞི་འཇམ་བཟོ་ཐབས་མ་བྱས་ན། ནམ་རྒྱུན་ང་ཚོའི་སྒོམ་ཐུན་ཡོངས་སུ་རྫོགས་པ་སེམས་འཁྲལ་དང་གཡེང་བས་ཁེངས་ཤིང་། ངེས་པར་དུ་བྱེད་དགོས་པའི་གནད་དོན་ཐད་ལ་བསམ་བློ་གཏོང་བཞིན་དུ་ “སྒོམ་ཐུན་འདི་མགྱོགས་པོ་ཚར་བ་བྱེད་ཀྱི་ཡིན། གང་ཡིན་ཞེ་ན། ང་རང་གཞན་དང་ཐུག་འཕྲད་ཀྱི་དུས་ཚོད་བཟོས་ཡོད། ཡང་ན་ངས་ཕྲུ་གུ་ཚོ་སློབ་གྲྭར་སྐྱེལ་དགོས། ངས་གང་མགྱོགས་ཁོང་ཚོ་གཉིད་ལས་སད་དགོས་” ཞེས་སོགས་དངངས་འཚབ་ཀྱི་རིགས་གང་འདྲ་ཡིན་ནའང་ཡོང་ཆོག་པས། དེ་དག་གི་ཐད་ལ་སེམས་གཡེང་ནས་སྒོམ་ཐུན་དེ་མཇུག་རྫོགས་པར་བྱེད་ཀྱི་ཡོད། བྱས་ཙང་། ཐོག་མར་ང་ཚོས་སེམས་ཞི་འཇམ་བཟོ་དགོས་པ་དང་དེ་ལ་ནམ་རྒྱུན་གྱི་ཐབས་ལམ་ནི་དབུགས་ལ་དམིགས་པ་གཏད་རྒྱུ་དེ་རེད། དེ་ནས་སྒོམ་གྱི་རྒྱུད་རིམ་དངོས་དེ་ནི་སྔོན་འགྲོའི་སྟ་གོན་གྱི་ཚུལ་དུ་སྔོན་ཚུད་ནས་གྲ་སྒྲིག་བྱས་པ་ལ་རག་ལུས་ཀྱི་རེད། དེ་ཡང་ཐོག་མར་ང་ཚོས་གང་གི་ཐོག་ལ་སྒོམ་རྒྱག་འདོད་ཡོད་པ་དེ་དག་ལ་ཐོས་བསམ་ངེས་པར་དུ་བྱས་པ་ཞིག་དགོས།

སྒོམ་ལ་རིགས་མི་འདྲ་བ་སྣ་ཚོགས་པ་ཡོད། སྒོམ་ཟེར་བའི་དོན་ནི་ཕན་བྱེད་དགེ་བའི་ལས་ཤིག་ལ་ང་ཚོའི་སེམས་འདི་འདྲིས་སུ་འཇུག་པའམ་གོམས་སུ་འཇུག་པ་དེ་རེད། དེ་ནི་ཕན་ཐོགས་ཅན་གྱི་བསམ་བློའི་ཁྱེར་སོ་དང་། ཚོར་བ། གོ་རྟོགས་སོགས་ལ་གོམས་པར་བྱ་རྒྱུ་དེ་རེད། དགེ་བའི་རྟོགས་པ་ཞིག་གོམས་གཤིས་སུ་འཇགས་པར། ང་ཚོས་ཐོག་མར་དེའི་སྐོར་ཐོས་དགོས་པ་དང་། དེའི་འགྲེལ་བཤད་མ་ནོར་བ་ཞིག་ལ་ཉན་དགོས་ཤིང་། གནས་ཚུལ་གང་ཡིན་པ་དེ་དཔྱིས་ཕྱིན་པར་རྟོགས་ནས་སྦྱོང་དགོས། དེ་ལྟར་བྱེད་པ་ལ་བརྟེན་ནས་ང་ཚོར་ཐོས་པ་ལས་བྱུང་བའི་ཤེས་རབ་དེ་ཐོབ་ཀྱི་ཡོད། དེ་ལ་བརྟེན་ནས་གང་ཐོས་པ་རྣམས་གནས་ཚུལ་མ་ནོར་བ་དང་ཡང་དག་པ་ཡིན་པ་དང་ང་ཚོས་མ་ནོར་བའི་སྒོ་ནས་ཐོས་ཡོད་པར་རྣམ་པར་འབྱེད་ཐུབ་ཀྱི་ཡོད། 

ང་ཚོས་འདིར་ལམ་རིམ་ནས་བྱུང་བའི་ནང་ཆོས་ཀྱི་གཞི་རྩ་ལྟ་བུ་ཞིག་ལ་དཔེ་མཚོན་བཞག་ནས་འཆད་རྒྱུ་ཡིན། དེ་ཡང་མི་ལུས་རིན་ཆེན་འདི་ང་ཚོའི་དཔེ་མཚོན་ལྟ་བུ་འཇོག་རྒྱུ་ཡིན།

མི་ལུས་རིན་ཆེན་ཟེར་བ་དེ་གང་རེད་དམ། 

མི་ལུས་རིན་ཆེན་ལ་སྒོམ་རྒྱག་པར། ང་ཚོས་ཐོག་མར་དེའི་མཚན་ཉིད་གང་ཡིན་ཤེས་དགོས་ཀྱི་ཡོད། མི་ལུས་རིན་ཆེན་གྱི་མཚན་ཉིད་གང་རེད་དམ། ངས་དེ་ལ་ང་ཚོར་འཕྲད་སྲིད་པའི་གནས་སྟངས་ཧ་ཅང་དཀའ་ངལ་ཅན་ལས་གནས་སྐབས་ཀྱི་ཐར་བའི་དལ་བས་ཁེངས་པ་ཞེས་བརྗོད་ཀྱི་ཡོད། ཡིན་ནའང་། དེ་ལྟར་མིན་པར། དེ་ལ་གོ་སྐབས་མང་པོའི་འབྱོར་བ་དང་ལྡན་པ་ཞིག་ཡིན། དལ་འབྱོར་དེ་ལ་དབྱེ་བ་བཅོ་བརྒྱད་ཡོད། དེ་དག་ནི་མི་ལུས་རིན་ཆེན་གྱི་མཚན་ཉིད་དེ་ཡིན་པ་རེད།

དལ་བ་ནི་གནས་སྟངས་དཀའ་སྡུག་ཅན་ཞིག་ལས་གནས་སྐབས་རིང་ཐར་བ་སྟེ། དེ་ལས་དལ་ལྷོད་དང་གུ་ཡངས་རག་པ་ལྟ་བུ་ཞིག་རེད། ང་ཚོ་དཀའ་ངལ་ཅན་གྱི་གནས་སྟངས་རྣམས་ལས་གཏན་དུ་ཐར་བ་ཞིག་ནི་མིན། འོན་ཀྱང་། ང་ཚོར་བསླབ་པ་སློབ་གཉེར་དང་ཉམས་ལེན་བྱེད་པའི་ཁོམ་པ་མེད་པའི་གནས་སྟངས་ཧ་ཅང་ཡ་ང་བ་འགའ་ཞིག་གི་ནང་ཚུད་པ་ལས་དལ་བ་ཞིག་ནི་ཐོབ་ཡོད། གནས་སྟངས་དེའི་རིགས་ནི་དམྱལ་བའི་གནས་སོགས་འཁོར་བའི་གནས་སྣ་ཚོགས་པས་འགྲེལ་བརྗོད་བྱས་ཡོད། ང་ཚོས་དེ་དག་ཚིག་དོན་ལྟར་ཁས་ལེན་བྱེད་མིན་ནི་གནད་དོན་གཞན་ཞིག་རེད། ཡིན་ནའང་། འཁོར་བའི་གནས་དེ་དག་གསལ་སྟོན་བྱེད་པར། དཔེར་ན། ང་ཚོས་ད་ལྟའི་ཨི་རཱག་དམག་གི་དུས་སྐབས་སུ་རྒྱལ་ས་བགྷ་དྷད་ (Baghdad) ལ་ཡོད་པ་དང་། བགྷ་དྷད་དེ་ང་ཚོའི་སྐྱེ་ཡུལ་དེ་མིན་པའམ་ཡང་ན་ང་ཚོ་ད་ལྟ་གནས་ས་དེ་མིན་པ་ནི་ཅི་འདྲའི་བསོད་བདེ་བསོད་ནམས་ཆེ་བ་ལ་ཞེས་བསམ་ཆོག་པ་ལྟ་བུ་རེད། 

ང་རང་ལྟ་བུར་མཚོན་ན། བྷར་ལིན་ལ་གནས་སྡོད་བྱེད་ཀྱི་ཡོད་པ་དང་ངའི་སློབ་མ་རྙིང་པ་འགའ་ཞིག་ནི་དམག་ཆེན་གཉིས་པའི་སྐབས་ཀྱི་ཕྲུ་གུ་ཡིན་པ་དང་། དེའི་ཚེ་ཁོང་ཚོ་འབར་རྫས་ཉེན་སྐྱོབ་གནས་ཁང་གི་ནང་འཚོ་བ་བསྐྱལ་མྱོང་བ་དང་། མི་ཉི་ཤུ་སུམ་ཅུ་དང་མཉམ་དུ་བཞའ་ཚན་ཅན་གྱི་ས་འོག་ཁང་པའི་ནང་ཉལ་དགོས་ཐུག་པ། དངོས་གནས་གཉིད་ཉལ་བ་མིན་པར་རྦད་དེ་འཇིགས་སྣང་སྐྱེས་པ་དང་། འབར་རྫས་ཀྱི་སྐད་སྒྲ་ཐོས་པ། གནམ་སྟེང་དུ་གནམ་གྲུའི་འཕུར་སྒྲ་ཐོས་པ་སོགས་ཟང་ཟིང་གི་དུས་སྐབས་ཉམས་སུ་མྱོང་མཁན་ཚོས་ང་ལ་བཤད་སོང་། དེ་ག་ནང་བཞིན་དམག་འཁྲུག་ཚར་བའི་རྗེས་སུ་གང་འདྲ་ཡོད་མེད་ཀྱི་མྱོང་བ་རྣམས་ཀྱང་ཁོང་ཚོས་དྲན་གྱི་འདུག གལ་ཏེ་ཁྱེད་ཀྱིས་གྲོང་ཁྱེར་དེ་དག་གི་འདྲ་པར་མཐོང་ཡོད་ན། དེ་དག་ནི་རྡུལ་ཕྲན་འབར་མདེལ་གྱིས་གཏོར་སྐྱོན་བཏང་རྗེས་ཀྱི་ཧི་རོ་ཤི་མའི་ས་ཆ་དང་འདྲ་པོ་ཡོད། དེ་དག་རྦད་དེ་མེས་བསྲེགས་པ་དང་འབར་མདེལ་གྱིས་གཏོར་བཤིག་བཏང་ཡོད། ངའི་བུད་མེད་སློབ་ཕྲུག་ཅིག་གིས། ཁོ་མོ་ལོ་ན་ཆུང་ཞིང་རང་གི་ནང་མི་དང་ལྷན་དུ་ཁང་པ་འཚང་ཀ་ཅན་ཞིག་གི་ནང་མི་ཉི་ཤུ་ཙམ་དང་མཉམ་དུ་ཕྱིར་འབུད་བཏང་བའི་མི་རྣམས་ཀྱི་སྡོད་སྒར་གཅིག་གི་ནང་གནས་དགོས་ཐུག་པའི་སྐོར་ང་ལ་བཤད་སོང་། མི་རྣམས་ཀྱིས་ཕན་ཚུན་ཁ་ལག་རྐུ་རེས་བྱེད་པ་དང་། གསང་གཅོད་བེད་སྤྱོད་མེད་པ་ཆགས་པ། ཆུ་མཁོ་སྤྲོད་ཀྱང་བཀག་སྡོམ་བྱས་ཡོད། དེ་ལྟ་བུའི་དངོས་ཡོད་གནས་སྟངས་དང་བྲལ་བ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་ཡིན་པར་བསམ་བློ་འཁོར་དཀའ་བ་ཞིག་རེད། 

བགྷ་དྷད་ལ་ཡོད་པའི་མི་རྣམས་ཀྱིས་དེ་འདྲ་ཞིག་ཉམས་སུ་མྱོང་བཞིན་ཡོད་པ་དང་བྷོས྄་ནི་ཡ་ (Bosnia) དང་ཝནྜ་(Rwanda) ལ་ཡོད་པའི་མི་རྣམས་ཀྱིས་ཀྱང་དེ་དང་གཅིག་མཚུངས་ཤིག་ཉམས་སུ་མྱངས་ཡོད། དེ་ནི་ང་ཚོའི་འཛམ་གླིང་ནང་དུས་ཚོད་ངེས་ཅན་གྱི་སྒོ་ནས་དང་སྟབས་མ་ལེགས་པར་འབྱུང་གི་ཡོད་པ་དང་། མ་འོངས་པའི་དུས་ངེས་ཅན་ཞིག་ལ་དེ་ནི་ང་ཚོ་ལའང་འབྱུང་གི་རེད། ང་ཚོར་དེ་ལས་གནས་སྐབས་རིང་དལ་བ་ཐོབ་ཡོད་པ་ནི་ཅི་འདྲའི་ངོ་མཚར་བ་ཞིག་རེད། ང་ཚོས་དཀའ་སྡུག་དེ་འདྲ་ཞིག་ཕལ་ཆེར་དགུ་པའི་བཅུ་གཅིག་ (9/11) ལ་ཨ་རིར་གོད་ཆག་བྱུང་བའི་ཉིན་མོར་མྱངས་ཡོད་ཀྱི་རེད། ཡིན་ནའང་། དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་དང་བསྡུར་མི་ཐུབ་པ་ཞིག་རེད། ང་ཚོས་སོ་སོའི་སྐྱེ་ཡུལ་དང་ཕ་ཡུལ་མེས་བསྲེགས་པ་དང་འབར་མདེལ་གྱིས་རྩ་མེད་གཏོང་བ་དེ་དག་ཉམས་སུ་མྱངས་མེད། དེ་ནི་ང་ཚོར་ཡོད་པའི་དལ་བ་དེ་རེད། ང་ཚོར་དལ་བ་དེ་འདྲ་ཞིག་ཐོབ་ཡོད་པ་ནི་ཧ་ཅང་ཡག་པོ་རེད། ང་ཚོས་གང་འདོད་པ་ནང་བཞིན་དེ་ལ་རྗེས་སྙེག་དང་འབད་བརྩོན་བྱ་རྒྱུའི་རང་དབང་ཆ་ཚང་ཡོད་པ་རེད། དཔེར་ན། བསླབ་པ་སློབ་གཉེར་དང་སྒོམ་སྒྲུབ་ཉམས་ལེན་གྱི་ཆེད་དུ་ང་ཚོར་གོ་སྐབས་ཧ་ཅང་མང་པོ་ཞིག་ཡོད་པ་རེད།

བརྙན་པར། ཏེ་ལོ་སྤྲུལ་སྐུ་རིན་པོ་ཆེ། “སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་ཀྱི་ནང་ནང་ཆོས་རྒྱུན་འཛིན།” 

མི་ལུས་རིན་ཆེན་གྱི་མཚན་ཉིད་ལ་བསམ་ཞིབ་བྱེད་པ།

ཐ་ན་ང་ཚོས་མི་ལུས་རིན་ཆེན་གྱི་མཚན་ཉིད་ཀྱི་སྐོར་ལ་ཐོས་ཡོད་ནའང་། དེའི་དོན་དག་གང་ཡིན་ཤེས་ཀྱི་མེད་སྲིད། འདི་ལ་བརྟེན་ནས་ཡུལ་རྟོགས་པའི་ཚུལ་ཏེ། བློ་རིག་གི་རྣམ་གཞག་དེ་བསླེབ་ཀྱི་ཡོད། ཐོས་པ་ལ་བརྟེན་ནས་ང་ཚོར་ཚིག་གི་གོ་བརྡ་ལྟ་བུ་ཞིག་རག་གི་ཡོད་ནའང་། དེ་དག་ལ་གོ་དོན་གཏིང་ཟབ་ཡོད་པར་རྟོགས་པའི་ངེས་པ་མེད། ང་ཚོས་གང་ཐོས་པའི་མི་ལུས་རིན་ཆེན་གྱི་མཚན་ཉིད་ནི་ཡང་དག་པ་ཡིན་པ་དང་དེ་དག་དང་མཉམ་དུ་མི་ལུས་རིན་ཆེན་ནི་དངོས་གནས་དྲང་གནས་རྩ་ཆེན་པོ་ཡིན་ཤག་བྱེད་སྲིད། འོན་ཀྱང་། དོན་ངོ་མར་ང་ཚོས་དེ་ཅིའི་ཕྱིར་ཡིན་ཤེས་ཀྱི་མེད། ང་ཚོའི་དགེ་བའི་བཤེས་གཉེན་གྱིས་དེ་འདྲ་གསུངས་པ་སོང་ཙང་། དེ་བདེན་པ་ཡིན་ཤག་བྱེད་ཀྱི་ཡོད། ང་ཚོས་སོ་སོའི་དགེ་བའི་བཤེས་གཉེན་ལ་གུས་ཞབས་ཡོད་པ་སོང་ཙང་། ཁོང་ཚོས་གང་གསུང་པ་ལ་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ནའང་། ང་ཚོས་ཡིན་ཤག་བྱེད་པའམ་ཚོད་དཔག་བྱེད་པ་ལ་བརྟེན་མི་ཐུབ་པར། ཡང་དག་པ་དང་བརྟན་པའི་གོ་རྟོགས་ཤིག་རྙེད་པར་བྱེད་དགོས། དེར་བརྟེན་གནས་ཚུལ་ཡང་དག་པ་དང་མ་ནོར་བ་འཐོབ་པར་བྱ་རྒྱུ་ནི་གོམ་པ་དང་པོ་ཁོ་ན་དེ་རེད། 

གོམ་པ་གཉིས་པ་ནི་ང་ཚོས་གང་ཐོས་པ་ལ་བསམ་བློ་གཏོང་དགོས། ཐོས་པའི་དོན་དག་ལ་བསམ་ཞིབ་བྱེད་དགོས་ཀྱི་ཡོད། དེ་ནི་མི་ལུས་རིན་ཆེན་གྱི་མཚན་ཉིད་ཐད་ལ་རིགས་པའི་སྒོ་ནས་བསམ་བློ་གཏོང་རྒྱུ་དང་དེ་རྩ་ཆེན་པོ་ཅིའི་ཕྱིར་ཡིན་པའི་རྒྱུ་མཚན་ལ་བསམ་མནོ་གཏོང་དགོས། དཔེར་ན། ང་རང་འགྲོ་བ་མི་ཞིག་ལ་སྐྱེས་ནས་ཞི་བདེའི་ཁོར་ཡུག་ཅིག་གི་ནང་གནས་བཞིན་ཡོད་པ་ལས། དམག་འཐབ་ས་ཁུལ་ཞིག་གི་ནང་གནས་ཀྱིན་མེད། འདི་ནི་རྩ་ཆེན་པོ་ཞིག་ཡིན་པ་བརྗོད་ཀྱི་ཡོད། དེ་རྩ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི་འདིས་ཆོས་ཉམས་ལེན་དང་ཆོས་ལ་གོ་རྟོགས་རྙེད་པའི་ཆེད་རང་ཉིད་ལ་དལ་བའམ་རང་དབང་དང་ཁོམ་པའི་དུས་སྐབས་ཤིག་སྦྱིན་གྱི་ཡོད་པས་རེད། གལ་ཏེ་ང་ཚོ་དམག་འཐབ་ས་ཁུལ་ཞིག་ཏུ་ཡོད་ན། འཇིགས་པ་དང་སྐྲག་སྣང་སྐྱེ་ངེས་རེད། འབར་མདེལ་ཉེན་སྐྱོབ་གནས་ཁང་དང་ཡང་ན་སྐྱབས་བཅོལ་བའི་སྡོད་སྒར་ལྟ་བུའི་ནང་གནས་སྡོད་བྱེད་པ་དང་། དེར་མི་ཚང་མས་ཕན་ཚུན་རྐུ་འཕྲོག་བྱེད་པ་དང་དེ་ནི་ཧ་ཅང་བཙོག་པ་ཡོད། དེ་འདྲ་ཞིག་གི་ནང་ངས་ཆོས་ལ་སློབ་སྦྱོང་བྱེད་པ་དང་ཉམས་ལེན་བྱེད་འགོ་ཇི་ལྟར་བཙུག་ཐུབ་པ་ཞིག་ཡོང་ངེས་རེད་དམ། 

ང་ཚོས་གནས་སྟངས་དེ་འདྲ་ལས་ཐར་བ་ནི་རྩ་ཆེན་པོ་ཅིའི་ཕྱིར་ཡིན་པའི་ཐད་ལ་ཡིད་ཆེས་དང་གོ་རྟོགས་རྙེད་པ་ཞིག་དགོས། དེ་ནི་ཆོས་ལ་སློབ་སྦྱོང་གི་ཐོས་བསམ་དང་ཉམས་ལེན་བྱེད་ཐུབ་པས་ན་རྩ་ཆེན་པོ་ཡིན་པ་རེད། ང་ཚོའི་བསྒྲུབ་བྱའི་ཆོས་ཏེ། གནས་སྟངས་འཇིགས་སུ་རུང་བ་ལས་ཐར་བ་དང་སློབ་སྦྱོང་དང་ཉམས་ལེན་གྱི་ཆེད་དུ་གོ་སྐབས་མང་པོ་ཡོད་པ་བཅས་རྒྱུ་མཚན་རིགས་པ་དེ་དག་གིས་ང་ཚོའི་མིའི་ལུས་རྟེན་འདི་རྩ་ཆེན་པོ་ཡིན་པར་ཁུངས་སྐྱེལ་བྱེད་ཀྱི་ཡོད་པ་དེ་ལ་དངོས་གནས་ངེས་ཤེས་རྙེད་པ་ཞིག་དགོས། 

ང་ཚོས་འདིའི་སྐོར་ལ་དངོས་གནས་བསམ་བློ་གཏོང་དགོས། འདི་ནི་བསམ་ཞིབ་བྱེད་པ་དང་བསམ་མནོ་གཏོང་བ་དང་བསམ་ཞིབ་བྱེད་པའི་རྒྱུད་རིམ་ཡོངས་སུ་རྫོགས་པ་དེ་རེད། གལ་ཏེ་ང་ཚོ་དམག་འཐབ་ས་ཁུལ་དེ་དག་ལས་གཅིག་གི་ནང་ཡོད་པའི་དབང་དུ་བཏང་ན། དེ་གང་འདྲ་ཞིག་ཆགས་ངེས་སམ། གལ་ཏེ་ཉིན་མ་ཁ་ཤས་རྗེས་ལ་ང་ཚོའི་གྲོང་ཁྱེར་ནང་དགྲ་བོའི་དམག་གིས་འབར་མདེལ་འཕང་རྒྱུ་ཡིན་པ་དང་། ཆུ་མེད་པ་ཆགས་རྒྱུ་ཡིན་པ། ང་ཚོ་བྱེ་ཐང་ནང་གནས་རྒྱུ་ཡིན་པ་དང་ཧ་ཅང་ཚ་བ་ཆེ་བ། ཆུ་ག་དུས་རག་རྒྱུ་ཡིན་པ་དེ་སུས་ཤེས་སམ། དེ་འདྲ་ཞིག་བྱུང་ན། གང་འདྲ་ཞིག་ཆགས་ངེས་རེད་དམ། དེ་ལྟར་འབྱུང་ངེས་ཡིན་ན། ང་ཚོས་ཁྲུས་གཞོང་ནང་ཆུ་བཀང་ནས་ཉར་འགོ་བཙུག་དགོས་ཤིང་། ད་ནས་བཟུང་སྟེ་བཀྲུ་རྒྱུའི་རིགས་ཚང་མ་དྲན་པ་བརྗེད་དགོས། ང་ཚོས་སྣོད་ཆས་རིགས་ཚང་མ་གང་ཐུབ་ཀྱིས་འགེང་དགོས། གང་ཡིན་ཞེ་ན། ང་ཚོར་ཡང་བསྐྱར་ཆུ་རག་མི་སྲིད་པ་རེད། དེར་མ་ཟད། ཕྱི་ལོགས་ལ་ཕྱིན་ཏེ་ཆུ་ཤེལ་དམ་ནང་ཡོད་པའི་རིགས་ཉོ་རྒྱུ་མར་ཞོག ང་ཚོར་མེ་མདའ་རྒྱག་ནས་གསོད་སྲིད་པ་རེད། 

དེ་འདྲ་ཞིག་བྱུང་ན་གང་འདྲ་ཆགས་ངེས་ཡིན་པར་བསམ་བློ་གཏོང་ཐབས་བྱེད་དགོས། ང་ཚོས་ཡང་ལཱའམ་བཞུ་མར་ག་ཚོད་ཉོ་དགོས་སམ། གང་ཡིན་ཞེ་ན། གློག་དེའང་མེད་པ་ཆགས་ངེས་རེད། ད་ལྟ་ཡང་ལཱ་ནི་སྔོན་ལས་ལྡབ་འགྱུར་ཉི་ཤུའི་རིན་གོང་མཐོ་རུ་ཕྱིན་ཡོད། ཕལ་ཆེར་ལྡབ་འགྱུར་བརྒྱའི་རིན་གོང་མཐོ་རུ་ཕྱིན་ཡོད། དེ་ཡང་གྲངས་འབོར་ཚད་བཀག་ཅིག་ལས་མེད། ས་མཚམས་ཀྱི་ཐིག་དང་དེའི་ནང་འཐབ་འཛིང་བྱེད་བཞིན་པར་བསམ་བློ་ཐོངས་དང་། མི་ཕྱུག་པོ་འགའ་ཞིག་གིས་ཡང་ལཱ་ཚང་མ་ཉོ་འདོད་ཡོད། གནས་སྟངས་དེ་འདྲའི་ནང་ང་ཚོར་ཚོར་བ་གང་འདྲ་ཞིག་སྐྱེ་ངེས་སམ། ང་ཚོས་དེ་ནི་སོ་སོ་རང་ཉིད་ལ་དངོས་སུ་འབྱུང་བཞིན་ཡོད་པ་ནང་བཞིན་དེ་དག་ཐམས་ཅད་ཉམས་སུ་མྱོང་བཞིན་ཡོད་པར་བསམ་བློ་གཏོང་གི་ཡོད།

ངས་དཔེ་མཚོན་འདི་ཧ་ཅང་སེམས་འགུལ་ཐེབས་ངེས་ཤིག་ཏུ་མཐོང་སོང་། ངས་ལས་ཀ་བྱས་དང་བྱེད་མུས་ཀྱི་ནང་པ་དང་ཁ་ཆེའི་དབར་གྱི་བགྲོ་གླེང་སྐོར་ལ་ངའི་དྲྭ་ཚིགས་ནང་རྩོམ་བྲིས་རྒྱུ་ཆ་ཧ་ཅང་མང་པོ་ཡོད། ང་ལ་མི་ཞིག་ནས་གློག་འཕྲིན་བརྒྱུད་དེ་ཡི་གེ་ཞིག་འབྱོར་སོང་། དེའི་ནང་མི་དེས་ཁོང་ཁ་ཆེའི་རྒྱལ་ཁབ་ཅིག་ནས་ཡིན་པ་དང་ད་ལྟ་ནང་པ་ཞིག་ཆགས་ཡོད་། དེ་བཞིན་ཁོའི་རྒྱལ་ཁབ་ཀྱི་ནང་ཁོང་ནི་ཕལ་ཆེར་ནང་པ་གཅིག་པུ་དེ་ཡིན་གྱི་རེད་ཅེས་བྲིས་འདུག ཁོས་འདི་ནི་ཧ་ཅང་ཉེན་ཁ་ཅན་ཞིག་འདུག གང་ཡིན་ཞེ་ན། ཁོའི་རྒྱལ་ཁབ་ནང་ཆོས་ལུགས་བརྗེ་སྒྱུར་དེ་ངོས་ལེན་བྱེད་ཀྱི་མེད་པ་རེད། འོན་ཀྱང་། ངའི་དྲྭ་ཚིགས་ནང་གི་རྩོ་བྲིས་རྒྱུ་ཆ་ཁག་ནི་ཧ་ཅང་སེམས་འགུལ་ཐེབས་པ་དང་ཡག་པོར་ཚོར་འདུག དམིགས་བསལ་ཁ་ཆེའི་ལྟ་ཚུལ་གྱི་ཐོག་ནས་ནང་ཆོས་ཇི་ལྟར་འགྲེལ་བརྗོད་བྱེད་ཚུལ་དེ་ཡིད་ལ་འཐད་པོ་བྱུང་འདུག ཁོང་གིས་རྩོམ་བྲིས་དེ་དག་ཨེ་རབ་སྐད་དུ་བསྒྱུར་རྒྱུར་རོགས་སྐྱོར་བྱས་སོང་། ང་རང་དགའ་པོ་བྱུང་བ་དང་ཁྱེད་རང་གང་དུ་གནས་སྡོད་བྱེད་ཀྱིན་ཡོད་ཅེས་དྲིས་པས། ཁོང་བགྷ་དྷད་ལ་གནས་སྡོད་བྱེད་ཀྱི་ཡོད་ཅེས་འཕྲིན་ཡིག་འབྱོར་བྱུང་།

འདི་ནི་ཕལ་ཆེར་ཨི་རཱག་གི་དམག་འཁྲུག་འགོ་མ་ཚུགས་པའི་བདུན་ཕྲག་གཉིས་གསུམ་གྱི་གོང་ལ་རེད། ང་རང་ཁོང་དང་མཉམ་དུ་གློག་འཕྲིན་བརྒྱུད་ནས་འབྲེལ་བ་ཡོད་པ་དང་ས་ཁུལ་དེར་འབར་མདེལ་འཕང་འགོ་མ་ཚུགས་པ་དང་དམག་འཁྲུག་ཁྱབ་བསྒྲགས་མ་བྱས་གོང་གི་ཆུ་ཚོད་གཉིས་ཙམ་གྱིས་སྔོན་ལ་ “སེམས་འཁྲལ་མ་བྱོས། ང་ཚོ་གནད་དོན་འདིའི་རིགས་ལ་གོམས་ཟིན་པ་རེད་” ཅེས་པའི་འཕྲིན་ཡིག་དེ་ང་ལ་བཏང་བྱུང་། དེ་ནི་ཁོང་གི་དུས་ཚོད་ལྟར་བྱས་ན། མཚན་དཀྱིལ་ལ་རེད། ཁོང་ཕལ་ཆེར་མཚན་གང་གཉིད་ཁུག་མེད་ངེས་རེད་ལ། དེའི་སྐབས་མི་ཚང་མ་དང་མཉམ་དུ་ “འབར་མདེལ་རྣམས་ག་དུས་ཟག་ཡོང་” བསམས་ནས་འཇིགས་སྐྲག་གིས་ཁེངས་ནས་བསྡད་ཡོད་ངེས་རེད། 

ཁྱེད་ཀྱི་ནང་དུ་འབར་མདེལ་ཉེན་སྐྱོབ་ཁང་མེད་སྲིད་པ་དང་དུས་ངེས་མེད་ཀྱི་ནང་ཉེན་བརྡའི་གློག་དུང་མེད་པ་ཆགས་རྒྱུ་ཡིན་པ་ཤེས་བཞིན་དུ་གཉིད་ཁུག་ཐབས་བྱེད་པ་ལ་བསམ་བློ་ཞིག་གཏོང་ཐུབ་ས་རེད་དམ། ཁྱེད་ཀྱིས་གང་བྱེད་རྩིས་ཡོད་དམ། ཉལ་ཁྲིའི་འོག་ཏུ་ཡིབ་རྒྱུ་ཡིན་ནམ། དེའི་སྐབས་ཁྱེད་ཀྱིས་གང་བྱེད་རྩིས་ཡོད་དམ། ཁྲུས་གཞོང་དེ་གང་ཡོད་དམ། གཅིག་བྱས་ན་ཆུ་འགེང་རྒྱུའི་སྣོད་ཆས་གཞན་ཞིག་ཡོད་སྲིད། ཧ་ཅང་ཡ་ང་བའི་གནས་སྟངས་ཤིག་རེད། ང་རང་ལ་མཚོན་ན། དེ་ནི་དངོས་ཡོད་གནས་ཚུལ་ཞིག་ཡིན་པ་ཆགས་ཀྱི་རེད། གང་ཡིན་ཞེ་ན། ས་ཆ་དེར་མི་ཞིག་དཀའ་སྡུག་དེ་དག་དངོས་སུ་མྱོང་བཞིན་ཡོད་པ་ངས་ཤེས་ཀྱི་ཡོད། ཁོང་ནི་དོན་ངོ་མར་ནག་ཉེས་མེད་པའི་སློབ་ཕྲུག་ཅིག་ཡིན་པ་རེད། ཁོང་གིས་ཡིག་རྒྱུགས་སྤྲོད་པ་དང་ལག་ཁྱེར་ཐོབ་ནས་མི་ཚེའི་ནང་མདུན་སྐྱོད་བྱེད་རྩིས་ཡོད་དམ།

ང་ཚོའི་སྒོམ་གྱི་ནང་དངོས་ཡོད་གནས་སྟངས་ཤིག་གི་སྐོར་ལ་བསམ་བློ་གཏོང་དགོས་ཀྱི་ཡོད། དེ་ལྟར་བྱུང་ན། གནས་སྟངས་དེ་ང་ཚོར་ཏོག་ཙམ་དངོས་ཡོད་བདེན་པ་ཡིན་པ་ཆགས་ཀྱི་ཡོད། ང་ཚོས་གནས་སྟངས་དེ་འདྲ་ལས་ཐར་བ་དང་། དེ་ལས་དལ་བ་ཞིག་རག་པ། དཀའ་སྡུག་གི་གནས་སྟངས་དེ་ད་ལྟ་མེད་པ་ནི་ཅི་འདྲའི་བསོད་ནམས་ཅན་རེད་ཅེས་བསམ་དགོས། མ་འོངས་པར་གང་འབྱུང་རྒྱུ་ཡིན་པ་སུས་ཀྱང་མི་ཤེས། ཡིན་ནའང་། ད་ལྟ་ང་ཚོར་དེ་དག་དང་འཕྲད་ཀྱི་མེད་པ་ནི་བསོད་བདེ་ཅན་རེད། གནས་སྟངས་དེ་འདྲ་ལས་ང་ཚོ་ཐར་བ་ནི་རང་གི་རྒྱབ་ཏུ་དཀའ་སྡུག་གི་རྡོག་ཁྲེས་མེད་པ་ཆགས་པ་ཞིག་རེད། དེ་ལྟར་ང་ཚོས་ “གལ་ཏེ་ང་རང་གནས་སྟངས་དེའི་ནང་ཡོད་ན། ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་ཐུབ་པའི་གོ་སྐབས་ཅི་འདྲ་ཞིག་ང་ལ་ཡོད་ཀྱི་རེད་དམ།” གལ་ཏེ་ང་ཚོ་ཧ་ཅང་ཚད་མཐོའི་ཉམས་ལེན་པ་ཞིག་ཡིན་ན། ང་ཚོས་ཕལ་ཆེར་ཉམས་ལེན་བྱེད་ཐུབ་ངེས་ཡིན་ནའང་། ལས་དང་པོ་བ་ལྟ་བུ་ཞིག་མིན་ལ། ཁང་པ་གཅིག་གི་ནང་མི་ཉི་ཤུ་དང་མཉམ་དུ་འཚང་ཀ་རྒྱག་པ་དང་ཚང་མ་འཇིགས་སྐྲག་སྐྱེས་པ་སོགས་ཀྱང་ཡིན་ངེས་མ་རེད། དེ་ལ་གོ་སྐབས་མེད་པ་ནི་ངེས་པ་རེད། 

ང་ཚོའི་མིའི་ལུས་རྟེན་ནི་རྩ་ཆེན་པོ་ཡིན་ཏེ། ཡ་ང་འཇིགས་རུང་གི་གནས་སྟངས་དེ་དག་དང་བྲལ་བའི་ཕྱིར་ཞེས་པའི་རྒྱུ་མཚན་རིགས་པ་འདི་ལ་ང་ཚོས་ཡིད་རྟོན་བྱེད་ཀྱི་ཡོད། འདི་ལྟར་རྒྱུ་མཚན་རིགས་པ་ལ་གཞི་བྱས་ཏེ་མིའི་ལུས་རྟེན་འདི་རྩ་ཆེན་པོ་ཡིན་པར་རྗེས་སུ་དཔག་པའི་གོ་རྟོགས་ཤིག་རྙེད་ཀྱི་ཡོད། མིའི་ལུས་རྟེན་འདི་རྩ་ཆེན་པོ་ཡིན་ཞེས་བསམ་པ་ཙམ་མིན་པར། དེ་རྩ་ཆེན་པོ་ཡིན་ཏེ། ཡ་ང་འཇིགས་རུང་གི་གནས་སྟངས་དེ་དག་དང་བྲལ་བའི་ཕྱིར་ཞེས་ང་ཚོས་རྟོགས་ཀྱི་ཡོད། རྒྱུ་མཚན་ལ་གཞིར་བཞག་ཐོག་བསམ་བློ་བཏང་ནས་མིའི་ལུས་རྟེན་འདི་རྩ་ཆེན་པོ་ཡིན་པའི་དོན་དག་དེ་གང་ཡིན་པའི་ཐད་ལ་འཕྱུགས་པ་མེད་པ་དང་ཐག་ཆོད་པོའི་བསམ་བློ་ཞིག་ད་གཟོད་ང་ཚོར་ཡོད། འཕྱུགས་པ་མེད་པ་དང་ཐག་ཆོད་པོ་ལ་བརྟེན་ནས་ང་ཚོའི་གོ་རྟོགས་དེ་ཡང་དག་པ་དང་ཚད་མའི་སྒོ་ནས་རྟོགས་ཚུལ་ཞིག་ཆགས་ཀྱི་ཡོད། 

མི་ལུས་རིན་ཆེན་ལ་བསམ་ཞིབ་བྱེད་པའི་གོམ་པ་འདིའི་མཇུག་སྡོམ་ནི་ངེད་གཉིས་ཀས་ཡང་དག་པར་རྟོགས་པ་དང་མི་ཚེ་དེ་ལྟ་བུ་ནི་རྩ་ཆེན་པོ་ཡིན་པའི་ཡིད་ཆེས་རྙེད་ཡོད། རྗེས་དཔག་ཚད་མའི་རྒྱུ་མཚན་ལ་གཞི་བྱས་ནས་ང་ཚོ་མཇུག་སྡོམ་འདི་ལ་བསླེབས་པ་རེད། 

དཔྱད་སྒོམ་དང་འཇོག་སྒོམ།

གོམ་པ་རྗེས་མ་འདི་ནི་ང་ཚོས་ནམ་རྒྱུན་ “སྒོམ་” ཞེས་བརྗོད་པ་དེའི་སྐོར་ལ་རེད། འདིར་ང་ཚོའི་གོ་རྟོགས་ལ་བརྟེན་ནས་རང་གིས་རང་ངེས་པ་དང་གོམས་ཤིང་འདྲིས་པར་བྱས་ནས་དེ་དག་རང་གི་མི་ཚེའི་ནང་མཉམ་སྡེབ་བྱེད་ཀྱི་ཡོད། སྒོམ་ལ་དབྱེ་བ་གཉིས་ཡོད། དང་པོ་ལ་ནམ་རྒྱུན་ང་ཚོས་ “དཔྱད་སྒོམ་” ཞེས་ཟེར་གྱི་ཡོད། དེ་ཡང་ཨིན་སྐད་ནང་ (analytical meditation) ཞེས་བསྒྱུར་ཡོད། འོན་ཀྱང་། ངོས་ནས་དེ་འགྱུར་འདང་ངེས་ཤིག་རེད་བསམ་གྱི་མི་འདུག དེའི་རྒྱུ་མཚན་གང་རེད་ཅེ་ན། བསམ་བློ་གཏོང་ཕྱོགས་ཀྱི་གོམ་པའམ་ཐབས་དེའང་དཔྱད་ཞིབ་བྱེད་པའི་གོ་དོན་ཞིག་ཡོད། ངོས་ནས་འདི་ཨིན་སྐད་ནང་ (discerning) ཞེས་པའི་ཚིག་དེ་མོས་འདེམས་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོས་ཡང་དག་པའི་གོ་རྟོགས་སྐྱེས་ནས་དེ་བདེན་པ་ཡིན་པར་ངེས་ཤེས་རྙེད་པའི་ཆོས་གང་ཞིག་ལ་ཧུར་བརྩོན་དང་གྲུང་ཤ་དོད་པོའི་སྒོ་ནས་རྣམ་པར་འབྱེད་ཐབས་བྱེད་ཀྱི་ཡོད། སྒོམ་གྱི་དབྱེ་བ་གཉིས་པ་དེ་ནི་འཇོག་སྒོམ་ཞེས་ཟེར་བ་དང་དེ་ལ་ངས་སྔོན་མ་ཨིན་སྐད་ནང་ (formal or fixating meditation) ཞེས་བསྒྱུར་ཡོད་ནའང་། ད་ལན་ (stabilizing meditation) ཞེས་སྒྱུར་གྱི་ཡོད། འདིར་ང་ཚོས་ཆོས་གང་ཞིག་ལ་སེམས་རྩེ་གཅིག་ཏུ་དམིགས་པའི་སྒོ་ནས་གང་རྣམ་པར་འབྱེད་པ་དེ་བརྟན་པོ་བཟོ་གི་ཡོད། 

དཔྱད་སྒོམ་ལ་བརྟེན་ནས་ང་ཚོས་སེམས་བྱུང་གཙོ་བོ་གཉིས་བེད་སྤྱོད་བྱེད་ཀྱི་ཡོད། དེ་གཉིས་ནི། རྟོག་པ་དང་དཔྱོད་པ་གཉིས་རེད། སྐབས་དོན་འགའི་ནང་། ང་ཚོས་དེ་གཉིས་ཨིན་སྐད་དུ་ (investigating) དང་ (scrutinizing) ཞེས་བསྒྱུར་ན་ཆོག དང་པོ་རྟོག་པའི་དཔེ་རུ་ང་ཚོས་ཤོག་ལྷེ་གཅིག་ཞུ་དག་གཏོང་བའི་སྐབས། མགྱོགས་པོར་བྲེལ་འཚུབ་ངང་ནས་བཀླགས་ཏེ། ནོར་བ་ཨེ་འདུག་བལྟ་བ་ལྟ་བུ་རེད། གལ་ཏེ་ང་ཚོས་ནོར་བ་ཡོད་པར་ཤེས་རྟོགས་བྱུང་ན། དེ་ནས་དཔྱད་པ་ལ་བརྟེན་ནས་ང་ཚོས་གནད་དོན་རེ་རེ་བཞིན་དུ་དག་བཅོས་ཆེད་ཤོག་ལྷེ་ལ་ཞིབ་བརྟག་བྱེད་པ་ལྟ་བུ་རེད། དཔྱད་སྒོམ་སྐབས་སུ་ང་ཚོས་རྟོག་དཔྱོད་ཀྱི་རྒྱུད་རིམ་གཅིག་པ་དེ་གཉིས་ཀྱི་རྗེས་སུ་འབྲང་གི་ཡོད། 

ང་ཚོས་མི་ལུས་རིན་ཆེན་ལ་བསམ་བློ་བཏང་བའི་སྐབས། དེ་རྩ་ཆེན་པོ་ཡིན་པའི་དོན་དག་གང་ཡིན་པ་དང་དེ་ཧ་ཅང་རྩ་ཆེན་པོ་ཅིའི་ཕྱིར་ཡིན་པར་ཤེས་ཐབས་བྱས་ཡོད། ད་ང་ཚོས་དེའི་མཚན་ཉིད་སྦྱངས་ནས་ཤེས་རྟོགས་བྱུང་བར་བརྟེན་ང་ཚོས་རགས་ཙམ་གྱི་རྟོག་པ་དང་ཞིབ་ཕྲར་དཔྱོད་པ་བྱེད་ཀྱི་ཡོད། དེ་ཡང་། “ང་ལ་མི་ལུས་རིན་ཆེན་དེ་དངོས་གནས་ཡོད་དམ། ང་ལ་མི་ལུས་རིན་ཆེན་དེ་ཇི་ལྟར་ཡོད་དམ། དེའི་ཁྱད་རྣམ་རྣམས་གང་དག་རེད་དམ། དེ་དག་ང་ལ་དངོས་གནས་འཇུག་གི་ཡོད་དམ་” ཞེས་རྟོག་དཔྱོད་བྱ་དགོས། དེ་ལྟར་ང་ཚོ་དམག་འཐབ་ས་ཁུལ་ལས་ཐར་བ་དང་། འཇིགས་སྐྲག་དང་བཀྲེས་སྐོམ། ཟུག་རྔུ་སོགས་ཀྱིས་རྨེག་མེད་དུ་འཇོམས་པ་ལས་ཐར་བ་ལ་རགས་པའི་སྒོ་ནས་རྟོག་པ་དང་ཞིབ་ཅིང་ཕྲ་བའི་སྒོ་ནས་དཔྱོད་ཀྱི་ཡོད། ང་ཚོས་དུས་སྐབས་ཤིག་ལ་ཟུག་རྔུ་དང་འཇིགས་སྐྲག་ཚོར་ཡོད་ནའང་། དེ་ཅི་འདྲའི་སྡུག་ཅག་ཡོད་སྲིད་པའི་ཚད་དེ་གང་དུ་ཡོད་དམ། རྒྱུད་རིམ་འདིའི་མཐའ་མཇུག་ལ་ང་ཚོ་ནི་ཧ་ཅང་ཡ་ང་ལ་འཇིགས་སུ་རུང་བའི་གནས་སྟངས་ལས་དངོས་གནས་ཐར་བ་ཤེས་ཀྱི་ཡོད། 

དེ་ནི་གོམ་པ་དང་པོ་དེ་རེད། དེའི་རྗེས་སུ་སླར་ཡང་རྒྱུ་མཚན་རིགས་པ་བརྒྱུད་ནས་འགྲོ་དགོས་ཤིང་། དེ་ནི་གོ་རྟོགས་རྙེད་པའི་ཆེད་དུ་མིན་པར། ད་ལྟ་སླར་ཡང་རྗེས་དཔག་ཚད་མའི་གོ་རྟོགས་ཤིག་སྐྱེད་ཐུབ་པའི་ཆེད་དུ་ཡིན། དམག་འཐབ་ས་ཁུལ་ལས་ཐར་བའི་རང་དབང་དེ་ང་ཚོར་ཡོད་པར་ཤེས་ནས་ད་ལྟ་ང་ཚོ་རྒྱུ་མཚན་རིགས་པ་བརྒྱུད་ནས་འགྲོ་གི་ཡོད་དེ། “གལ་ཏེ་མི་ཞིག་དམག་འཐབ་ས་ཁུལ་ལས་ཐར་བ་ཡིན་ན། སོ་སོའི་མིའི་ལུས་རྟེན་དེ་རྩ་ཆེན་པོ་ཡིན་པ་རེད། ང་རང་དམག་འཐབ་ས་ཁུལ་ལས་ཐར་བ་རེད། དེར་བརྟེན་ངའི་མིའི་ལུས་རྟེན་འདི་རྩ་ཆེན་པོ་རེད་” ཅེས་པ་ལྟ་བུ་རེད། འདི་ནི་ང་ཚོའི་སེམས་ནང་ངག་ཐོག་གི་རྒྱུད་རིམ་ཞིག་ཡིན་ངེས་རེད། ཡིན་ནའང་། དེ་ནི་དེའི་ཆ་ཤས་ཙམ་རེད། 

ང་ཚོའི་དཔྱད་སྒོམ་བྱེད་པའི་སྐབས་སུ་གང་ལ་དམིགས་ཀྱི་ཡོད་པ་ནི་ངག་ཐོག་མིན་པ་དེ་རེད། ང་ཚོའི་མིའི་ལུས་རྟེན་འདི་རྩ་ཆེན་པོ་ཡིན་པར་ཧུར་བརྩོན་དང་ལྡན་པའི་སྒོ་ནས་ཞིབ་དཔྱོད་བྱེད་འདོད་ཡོད། ང་ཚོས་བདེན་དོན་འདི་ལ་ངོས་འཛིན་བྱེད་པ་དང་། གོ་རྟོགས་རྙེད་པ། རྣམ་པར་འབྱེད་པ་བཅས་བྱེད་ཀྱི་ཡོད། འདི་ནི་སྒོམ་བྱུང་གི་ཤེས་རབ་དེ་རེད། 

ང་ཚོས་དེ་ལྟར་ཧུར་བརྩོན་ལྡན་པའི་སྒོ་ནས་ཞིབ་དཔྱོད་བྱས་པའི་རྗེས་ལ་འཇོག་སྒོམ་ལ་བརྟེན་ནས་མི་ལུས་འདི་ལ་རྩ་ཆེན་ཡིན་པའི་གོ་རྟོགས་དང་ཡིད་ཆེས་ཡོད་པའི་སྒོ་ནས་དམིགས་ཀྱི་ཡོད། ཡིན་ནའང་། དེ་རྩ་ཆེན་པོ་ཅིའི་ཕྱིར་ཡིན་པར་ཧུར་བརྩོན་དང་མི་ལྡན་པའི་སྒོ་ནས་རྒྱུ་མཚན་དང་ཞིབ་ཕྲའི་གནད་དོན་རྣམས་ལ་ཞིབ་དཔྱོད་བྱེད་ཀྱི་མེད། དེ་ནི་ང་ཚོའི་མིའི་ལུས་རྟེན་འདི་རྩ་ཆེན་པོ་རེད་ཅེས་ཚོར་བ་ཙམ་ཞིག་དང་ཚོར་བ་དེ་རང་རྒྱུད་ལ་འཐིམ་བཅུག་ནས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་ཚོར་དགོས། དེ་ནི་འཇོག་སྒོམ་རེད། རྟོགས་པ་དེ་རང་རྒྱུད་ལ་འཐིམ་པ་དང་ང་ཚོའི་མི་ཚེའི་ནང་ཁྱད་པར་ཞིག་བཟོ་ཐུབ་པར་དུས་ཚོད་ཏོག་ཙམ་འགོར་རྒྱུ་ངེས་པ་རེད། 

ངས་དུས་རྟག་ཏུ་མི་རྣམས་ལ་འཛུབ་སྟོན་བྱེད་པ་ཞིག་ནི་གོ་རིམ་ལ་ངེས་པ་མེད་པ་སྟེ། ང་ཚོས་སྒོམ་རྒྱག་པའི་སྐབས་སུ་སྒོམ་དེ་ཇེ་ལེགས་ནས་ཇེ་ལེགས་འགྲོ་རྒྱུ་ཡིན་པ་དེ་འདྲ་མ་རེད། འཁོར་བ་ནི་བདེ་སྡུག་དང་དགའ་སྐྱོའི་འཕེལ་འགྲིབ་འགྲོ་བ་དེས་མཚོན་པར་བྱས་ཡོད། ང་ཚོ་འཁོར་བ་ལས་ཐར་ནས་ཐར་པའི་གོ་འཕང་ཐོབ་སྟེ། དགྲ་བཅོམ་པའམ་དགྲ་བཅོམ་མ་ཞིག་མ་ཐོབ་ཀྱི་བར་དུ་བཟང་ངན་ལེགས་སྡུག་གི་གནས་སྟངས་སྣ་ཚོགས་མྱོང་རྒྱུ་རེད། དེ་ནི་ལམ་ཐག་ཧ་ཅང་རིང་པོ་ཞིག་རེད། འོན་ཀྱང་། ང་ཚོས་དེ་མ་ཐོབ་གོང་ལ་མི་ཚེའི་ནང་གནས་སྟངས་ཡོངས་སུ་རྫོགས་པ་བཟང་པོ་དང་ངན་པ་བདེ་བ་དང་སྡུག་བསྔལ་སྣ་ཚོགས་མྱོང་དགོས་ཀྱི་ཡོད། སྐབས་འགར་ང་ཚོས་སྒོམ་རྒྱག་འདོད་ཀྱི་ཚོར་བ་སྐྱེ་བ་དང་སྐབས་འགར་སྒོམ་རྒྱག་འདོད་མེད། སྐབས་འགར་གནས་སྟངས་ཡག་པོ་དང་ལམ་ལྷོང་ལྡན་པ་ཡོང་བ་དང་སྐབས་འགར་དེ་འདྲ་ཡོང་གི་མེད། 

དེ་ནི་ཇི་ལྟར་སྐུ་ན་གཞོན་པའི་སེར་ཀོང་རིན་པོ་ཆེ་ནས་ “དམིགས་བསལ་གང་ཡང་མེད་” ཅེས་གསུང་ངེས་ཡིན་པ་ལྟར་རེད། གནས་སྟངས་དེའི་རིགས་ལ་དམིགས་བསལ་གང་ཡང་མེད་པ་དང་ཧོན་འཐོར་དགོས་རྒྱུ་ཅི་ཡང་མེད་པ་རེད། བློ་ཕམ་དང་སེམས་སྡུག་བྱེད་དགོས་པའི་རྒྱུ་མཚན་མེད་པ་རེད། དེ་རིང་སྒོམ་རྒྱག་འདོད་མེད་པའམ་ཡང་ན་སྒོམ་ཡག་པོ་ཞིག་རྒྱག་ཐུབ་མེད་པ་ནི་རང་བཞིན་ཆོས་ཉིད་ཅིག་རེད། སྐབས་རེར་ཡག་པོ་ཡོང་བ་དང་སྐབས་རེར་ཡག་པོ་ཡོང་གི་མེད། དེ་ལ་ང་ཚོས་རེ་བ་གང་བྱེད་དམ། འདི་ནི་འཁོར་བ་རེད། ང་ཚོས་གོ་ཆ་ལྟ་བུའི་བརྩོན་འགྲུས་ཟེར་བ་དེ་ལག་ལེན་དུ་བསྟར་ཐབས་བྱས་ཏེ། གང་ལྟར་ཡང་། སྒོམ་རྒྱག་དགོས་ཀྱི་ཡོད། 

རྟོག་བཅས་དང་རྟོག་མེད་ཀྱི་རྟོགས་པ། 

ད་ང་ཚོས་འདིར་དཔྱད་སྒོམ་དང་འཇོག་སྒོམ་གྱི་སྐོར་ཤོད་བཞིན་པའི་སྐབས། རིམ་པ་འདིའི་སྐབས་ལ་དེ་གཉིས་ལ་རྟོག་བཅས་ཡིན་པ་དང་དེ་གཉིས་ཀ་མི་ལུས་རིན་ཆེན་གྱི་དོན་དག་གང་ཡིན་པའི་བསམ་བློ་ཞིག་ལ་བརྟེན་ནས་ཉམས་ལེན་བྱེད་ཀྱི་ཡོད་པ་དེ་ཤེས་དགོས། དེ་ཡང་ང་ཚོའི་བསམ་བློའི་འཆར་སྒོའི་ནང་ཆོས་གང་ཞིག་གིས་དེ་མཚོན་པར་བྱེད་ཀྱི་ཡོད། ང་ཚོས་དེ་ “མི་ལུས་རིན་ཆེན་” ཞེས་པའི་ཚིག་གིས་མཚོན་པར་བྱེད་པའམ། ཡང་ན་དེའི་ཚོར་བ་ལ་བརྟེན་ནས་མཚོན་པར་བྱེད་པ་གང་རུང་ཡིན་པ་རེད། ལས་སླ་པོའི་སྒོ་ནས་བཤད་ན། རྟོག་བཅས་ཀྱི་སྒོ་ནས་ཆོས་གང་ཞིག་རྟོགས་པ་ཞེས་པའི་དོན་ནི་ཆོས་དེའི་དོན་སྤྱི་ཞིག་ལ་བརྟེན་ནས་རྟོགས་པ་སྟེ། དེ་ནི་ངག་ཐོག་གི་དོན་སྤྱི་དང་། ཚོར་བ། སེམས་ཀྱི་འཆར་སྣང་ལྟ་བུ་གང་རུང་ཡིན་པ་རེད། ཐུན་མིན་གྱི་ཐབས་ཚུལ་སྒོ་ནས་ཞུས་ན། དེ་ནི་ཆོས་གང་ཞིག་ང་ཚོས་རན་འཚམས་བཟོ་བའི་སྤྱིའམ་དོན་སྤྱིའི་བརྒྱུད་ནས་རྟོགས་པ་ཞིག་རེད།

ད་ང་ཚོས་ “རྟོག་བཅས་དང་རྟོག་མེད་ཀྱི་འགྲེལ་ཚུལ་འདི་ང་ཚོ་ནུབ་ཕྱོགས་པའི་ཤེས་སྟོབས་ཀྱི་རྟོགས་པ་དང་སྙམ་སེམས་པའི་རྟོགས་པ་ལ་རན་འཚམས་ཇི་ལྟར་ཆགས་ཀྱི་ཡོད་དམ་” ཞེས་དྲི་བ་གཏོང་སྲིད། དོན་ངོ་མར། དེ་རན་འཚམས་ཆགས་ཀྱི་ཡོད། ང་ཚོས་ཤེས་སྟོབས་ཀྱི་རྟོགས་པ་ཞེས་བརྗོད་ངེས་པ་དེ་ནི་ཆོས་གང་ཞིག་ལ་ངག་ཐོག་གི་དོན་སྤྱི་ཞིག་ལ་བརྟེན་ནས་དམིགས་ངེས་པ་དང་། སྙམ་སེམས་པའི་རྟོགས་པ་ནི་ཆོས་གང་ཞིག་ལ་དེ་མཚོན་པར་བྱེད་པའི་བསམ་བློའམ་སྣང་བརྙན་ཞིག་ལ་བརྟེན་ནས་དམིགས་ངེས་ཡིན་པ་ལས། དེའི་ངག་གི་དོན་སྤྱི་ལ་བརྟེན་ནས་མིན། འོན་ཀྱང་། དོན་དག་གཙོ་བོ་ནི། དེ་གཉིས་ཀ་རྟོག་བཅས་ཡིན་པ་དང་འཕྱུགས་པ་དང་འཕྱུགས་མེད་གང་རུང་ཡིན་ཆོག དེ་བཞིན་ཤེས་སྟོབས་ཀྱི་རྟོགས་པ་དེ་འཕྱུགས་མེད་ཡིན་ཆོག་ལ་འཕྱུགས་པ་ཞིག་ཀྱང་ཡིན་ཆོག ཆོས་གང་ཞིག་གི་ཚོར་བ་ནི་ཡང་དག་པ་དང་འཕྱུགས་མེད་ཀྱི་ཚོར་བ་ཞིག་ཡིན་ཆོག་པའམ་ཡང་ན་དེ་ནི་མཐའ་གཅིག་ཏུ་ཆ་རྒྱུས་མེད་པ་དང་ཁྱད་མཚར་ཞིག་ཀྱང་ཡིན་ཆོག

འདིར་གནད་འགག་ཅན་དེ་གང་རེད་ཅེ་ན། རྟོག་བཅས་ཀྱི་ཤེས་པའི་རིགས་དེ་གཉིས་ཀ་ཚིག་གི་དོན་གང་ཡིན་པའི་གོ་རྟོགས་ཡང་དག་པ་དང་ཐག་ཆོད་པོ་ཞིག་གམ། ཡང་ན་ཚོར་བའམ་སྣང་བརྙན་གང་ཡིན་པའི་གོ་རྟོགས་ཡང་དག་པ་ཞིག་གིས་གྲོགས་བྱེད་དགོས་ཀྱི་ཡོད། དེའི་སྟེང་ལ། གོ་རྟོགས་དེ་རང་རྒྱུད་ལ་ངེས་ཐུབ་པའི་ཕྱིར། ང་ཚོས་ཡིད་ཆེས་བརྟན་པོ་ལ་བརྟེན་ནས་དེ་ལ་དམིགས་པ་གཏད་དགོས་ཀྱི་ཡོད། གལ་ཏེ་ང་ཚོས་འདི་ནི་བདེན་པ་རེད་ཅེས་དོན་དམ་པའི་ཡིད་ཆེས་ལ་བརྟེན་ནས་དེ་ལ་དམིགས་པ་གཏད་ཐུབ་ན། དེ་ལ་ང་ཚོས་སེམས་གཏིང་ནས་རྟོགས་པ་རྙེད་པ་ཞེས་བརྗོད་ངེས་རེད། དེ་ལ་ང་ཚོ་ནུབ་ཕྱོགས་པའི་ཐ་སྙད་ལྟར་ན། བློ་ཁོག་གི་གོ་རྟོགས་ཞེས་བརྗོད་ཀྱི་ཡོད། སེམས་གཏིང་ནས་རྟོགས་པ་རྙེད་པ་དེ་མི་ལུས་རིན་ཆེན་འདི་ལ་རྗེས་སུ་ཡི་རང་བྱེད་པ་ལྟ་བུ་དགེ་བའི་སེམས་ཚོར་གྱིས་གྲོགས་བྱེད་པའི་སྐབས། ང་ཚོའི་རྟོགས་པ་ལ་བརྟེན་ནས་སེམས་ཚོར་གྱི་སྒོ་ནས་སེམས་འགུལ་ཐེབས་ཡོད་ཅེས་བརྗོད་ཀྱི་ཡོད། དེ་ཁོ་ནས་འགྱུར་བ་ཐེབས་པ་ཞིག་ཡོང་གི་ཡོད། 

ཆོས་གང་ཞིག་ལ་རྟོག་བཅས་ཀྱི་རིམ་པ་གཉིས་ཡོད། དང་པོ་ནི་ང་ཚོས་རྒྱུ་མཚན་རིགས་པ་ལ་བརྟེན་ནས་མིའི་ལུས་རྟེན་འདིའི་རྩ་ཆེ་བའི་རང་བཞིན་ལ་དམིགས་པ་གཏད་དགོས་ཀྱི་ཡོད། འོན་ཀྱང་། ང་ཚོས་དེ་སྐྱེད་པར་རྒྱུ་མཚན་རིགས་པ་མི་དགོས་པའི་རྟོགས་པ་འདི་ལ་ཧ་ཅང་གོམས་འདྲིས་ཆགས་ཀྱི་ཡོད། ང་ཚོས་ངག་དང་ཚོར་བའི་བསམ་བློ་སོ་སོའི་སེམས་ནང་ལམ་སེང་འཁོར་བར་བྱས་ནས་དེ་ལ་དམིགས་པ་གཏད་ཆོག གང་ལྟར་ང་ཚོའི་སྒོམ་ནི་ད་དུང་ཡང་རྟོག་པ་དང་བཅས་པ་རེད། 

གལ་ཏེ་ང་ཚོ་རྟོག་བཅས་ཀྱི་རྟོགས་པ་ནས་རྟོག་མེད་དུ་འགྲོ་འདོད་ཡོད་ན། རྟོག་མེད་ཀྱི་དོན་དེ་ཤེས་དགོས། གང་ཡིན་ཞེ་ན། མི་མང་པོ་ཞིག་གིས་རྟོག་པ་དེ་ཤེས་སྟོབས་དང་འདྲ་མཉམ་བཟོ་གི་ཡོད་པས། དེ་འདྲ་ཞིག་རྩ་ནས་མ་རེད། ངས་གོང་དུ་ཞུས་པ་ལྟར། ང་ཚོར་ཆོས་གང་ཞིག་མཚོན་པར་བྱེད་པའི་ཚོར་བ་ཞིག་ཡོད་ཆོག རྟོགས་པ་དེ་ངག་མིན་པ་ཙམ་གྱིས་དེ་རྟོག་མེད་ཡིན་པའི་དོན་མ་རེད། རྟོག་མེད་ཀྱི་རྟོགས་པ་དེ་ནི་ཆོས་གང་ཞིག་ལ་དམིགས་ཀྱི་ཡོད་ནའང་། དེ་ནི་ཆོས་དེའི་བསམ་བློའམ་དོན་སྤྱིའི་རྒྱུད་ལམ་ཞིག་ནས་དམིགས་ཀྱི་མེད། དེ་ནི་མངོན་སུམ་ཞིག་རེད། 

ང་ཚོས་དེ་མངོན་སུམ་ཞིག་ཡིན་པ་ཇི་ལྟར་ཤེས་སམ། འདི་ལ་ཁྱད་པར་ནི་ང་ཚོའི་རྟོགས་པ་དེ་ག་ཚོད་ཀྱིས་གསལ་པོ་ཡོད་པ་དེ་རེད། ང་ཚོ་འགྲོ་བ་མིའི་ལུས་རྟེན་འདི་རྩ་ཆེ་བའི་རང་བཞིན་གྱི་ཚོར་བ་དང་ཞིབ་དཔྱོད་ག་ཚོད་ཀྱིས་གསལ་པོ་ཡོད་དམ། དེ་ལ་རྣམ་པར་འབྱེད་པར། ང་ཚོས་གསལ་པོ་ཞེས་པའི་དོན་གང་ཡིན་པ་དང་གསལ་པོ་མིན་པའི་དོན་དེ་གང་ཡིན་རྟོགས་དགོས་ཀྱི་ཡོད། ང་ཚོས་དེ་སོ་སོའི་ཉམས་མྱོང་གི་ནང་ངོས་འཛིན་ཐུབ་པ་དགོས། རྒྱུ་མཚན་དེ་ལ་བརྟེན་ནས་སེམས་བྱུང་དང་བློ་རིག་ལ་སློབ་སྦྱོང་བྱ་རྒྱུ་དེ་ང་ཚོ་ལམ་དུ་འགྲིམ་པའི་སྐབས་སུ་ཡར་རྒྱས་ཡོང་བར་ཧ་ཅང་འབྲེལ་བ་ཅན་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ང་ཚོའི་ཉིན་རེའི་མི་ཚེའི་ཉམས་མྱོང་རྟོགས་པར་འབྲེལ་བ་ཆགས་ཀྱི་ཡོད། ཐུགས་རྗེ་ཆེ།།

Top