དེང་དུས་མི་ཚེའི་ནང་ནང་ཆོས་སྐོར་གྱི་དྲི་བ་ཁག

མཐའ་གཅིག་ཏུ་ཚོད་འཛིན་དང་མཐའ་གཅིག་ཏུ་སེམས་འཁུར་བྲལ་བའི་དབར་གྱི་དབུ་མའི་ལམ།

ང་རང་གིས་ཤེས་ཚོད་ལྟར་བྱས་ན། མཐའ་གཉིས་ཡོད་པ་སྟེ། གཅིག་ནི་མཐའ་གཅིག་ཏུ་ཚང་མར་ཚོད་འཛིན་གྱི་མཐའ་དང་། གཞན་དེ་ནི་གང་ཡང་མི་བྱེད་པར་ཚོར་མེད་ངང་རྐུབ་བཙུགས་ནས་བསྡད་དེ། “དེ་ནི་ཁྱད་པར་གང་ཡང་མེད།” ཅེས་བརྗོད་ཀྱི་ཡོད། བྱས་ཙང་། མཐའ་གཞན་དག་དེ་ནི། གང་ཡང་མི་བྱེད་པ་དང་ག་རེ་ཡོང་ནའང་དེ་ལ་ངོས་ལེན་བྱེད་པ་ཙམ་དེ་ཡིན། འོ་ན་ནང་ཆོས་ཀྱིས་ལམ་དབུ་མ་སྟེ། མཐའ་གཅིག་ཏུ་ཚོད་འཛིན་དང་གང་ཡང་མི་བྱེད་པའི་ཚོར་མེད་ཀྱི་མཐའ་དེ་གཉིས་ཀྱི་བར་དེ་འགྲེལ་བརྗོད་ཇི་ལྟར་བྱེད་དམ། 

དབུ་མའི་ལམ་ནི་ང་ཚོས་གང་ཐུབ་པ་དེ་བྱེད་པ་དེ་རེད། འོན་ཀྱང་དེ་ལ་ཡོང་རྒྱུའི་ཤུགས་རྐྱེན་ལ་ཚད་བརྒལ་གྱི་ཚོད་དཔག་མི་བྱེད་པ་དེ་རེད། ངས་ཁྱེད་རྣམས་ལ་དཔེ་མཚོན་ཞིག་ཞུ་རྒྱུ་ཡིན། ང་རང་ལ་དྲྭ་ཚིགས་སམ་དྲྭ་ལྗོངས་ཤིག་ཡོད། ངས་དྲྭ་ཚིགས་དེ་འགོ་འཛུགས་བྱས་དགོས་དོན་གང་རེད་དམ། དེ་ལ་རྒྱུ་མཚན་འགའ་ཤས་ཡོད། གཅིག་ནི་ང་རང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གི་དགེ་བའི་བཤེས་གཉེན། དེ་ག་ནང་བཞིན་མི་རབས་སྔ་མའི་ནང་གི་རང་གི་བསླབ་པ་སློབ་གཉེར་ཡོངས་སུ་རྫོགས་པ་བོད་ནས་ཐོབ་པའི་བླ་ཆེན་འགའ་ཞིག་དང་མཉམ་དུ་སློབ་སྦྱོང་བྱ་རྒྱུའི་ཧང་སངས་དགོས་པའི་གོ་སྐབས་དང་སྐལ་བ་བཟང་པོ་ཐོབ་སོང་། ང་རང་བོད་མི་ཚོ་དང་མཉམ་དུ་རྒྱ་གར་ལ་ལོ་ངོ་ཉི་ཤུ་རྩ་དགུའི་རིང་བསྡད་པ་དང་། ངས་གང་སྦྱངས་པ་ཚང་མ་ཚད་ལྡན་དང་སྲོལ་རྒྱུན་ངོ་མ་ཞིག་ཡིན་ཙང་། ངས་ཐམས་ཅད་ཡིག་ཐོག་ཏུ་ཕབ་ཡིན། ངས་འཛམ་གླིང་ཡུལ་གྲུ་གང་སར་འགྲིམས་ཡིན། ཐོག་མར་ངའི་དགེ་བའི་བཤེས་གཉེན་གྱི་གསུང་བསྒྱུར་གྱི་ཚུལ་དུ་ཕྱིན་པ་དང་། ཁོང་འདས་གྲོངས་སུ་གྱུར་བའི་རྗེས་སུ་ང་རང་འཛམ་གླིང་ཡུལ་གྲུ་གང་སར་མགྲོན་འབོད་བྱས་སོང་། ངས་དཔེ་དེབ་ཧ་ཅང་མང་པོ་དང་རྒྱུ་ཆ་གཞན་དག་ཁག་བསྒྱུར་ཡིན། མཐའ་མཇུག་དེར་ང་རང་ལག་ཏུ་ཤོག་ལྷེ་སྟོང་ཕྲག་སུམ་ཅུ་ཙམ་གྱི་པར་རྐུན་མ་བྱས་པའི་རྒྱུ་ཆ་ཡོད། ཧ་ཅང་མང་པོ་རེད། ང་རང་འཆི་བའི་སྐབས་དེ་དག་ཐམས་ཅད་གད་སྙིགས་ནང་གཡུག་འདོད་མི་འདུག །ང་རང་ལ་ཐོབ་པའི་ཚད་ལྡན་གྱི་ཆོས་དེ་དག་མཉམ་སྤྱོད་དང་ཁྱབ་སྤེལ་བྱེད་འདོད་བྱུང་།

ངས་ནུབ་ཕྱོགས་སུ་གང་མཐོང་སོང་ཟེར་ན། ནང་ཆོས་ཀྱི་རིམ་པའམ་གནས་ཚད་དང་། ནང་ཆོས་ཉམས་ལེན་བྱེད་སྟངས་དང་ཆོས་ཁྲིད་བྱེད་སྟངས་དེ་ནུབ་ཕྱོགས་སུ་ཧ་ཅང་ལས་སླ་རུ་དང་ནུས་པ་ཆུང་དུ་བཏང་ཡོད། བྱས་ཙང་། ངས་གང་ཡང་མི་བྱེད་པར། “རེད། འདི་ནི་དུས་ངན་སྙིགས་མ་རེད། ངས་བྱེད་ཐུབ་པ་གཅིག་ཀྱང་མི་འདུག །བསྟན་པ་ཕྱིན་ཅི་ལོག་ཏུ་འགྲེལ་རྒྱུ་ཡིན་པ་གོར་མ་ཆག་” ཅེས་བརྗོད་ཆོག་ལ། ཡང་མིན་ན་ངས་མཐའ་གཞན་དེར་ཕྱིན་ནས། “ང་རང་ནང་ཆོས་ཀྱི་མགོན་སྐྱབས་དེ་བྱེད་ཀྱི་ཡིན།” ཞེས་བརྗོད་ཆོག་པས། དེ་གཉིས་ཀ་མཐར་ལྷུང་ཡིན།

དེའི་ཚབ་ལ་ངས། “ང་རང་རྒྱུ་ཆ་གང་དགོས་རྣམས་ཡོད་པ་དང་། ངས་མི་སྡེ་ཁག་ཅིག་བསྐོངས་ནས་དྲྭ་ཚིགས་འདི་བཟོ་བར་རོགས་བྱེད་ཐུབ། དོན་ངོ་མར་མི་ཞིག་གིས་ངོས་ལ་དྲྭ་ཚིགས་བཟོ་དགོས་ཞེས་པ་ནས་འགོ་ཚུགས་པ་རེད། ངས་གང་ཐུབ་ཅི་ཐུབ་ཀྱིས་རྒྱུ་ཆ་རྣམས་ཐོབ་རུང་བཟོ་གི་ཡིན། གལ་ཏེ་མི་རྣམས་ཀྱིས་བཀླགས་ན། ཧ་ཅང་ཡག་པོ་རེད། གལ་ཏེ་འདི་ཕན་ཐོགས་ལྡན་པ་ཞིག་བྱུང་ན། དཔེ་ཡག་པོ་རེད། ངས་མཐུན་རྐྱེན་དང་རོགས་པ་ཅུང་ཟད་བྱ་ཐུབ་པའི་རེ་བ་ཡོད། འོན་ཀྱང་འདིས་འཇིག་རྟེན་སྐྱོབ་ཀྱི་མེད་པ་ངས་ཤེས་ཀྱི་ཡོད།” 

ཕྱོགས་གཅིག་ནས་ང་རང་དེའི་ཐད་ལྷོད་ལྷོད་རེད། ཡིན་ནའང་ཕྱོགས་གཞན་ཞིག་ནས་ངས་རྒྱུན་ཆད་མེད་པར་དེའི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད། སྐབས་འགའ་རེ་ཙམ་ལ་ང་རང་ཆོས་ཁྲིད་ཆེད་འགྲིམ་འགྲུལ་བྱེད་པ་མ་གཏོགས་གཞན་ངས་དུས་ཚོད་ཆ་ཚང་དེའི་ཆེད་དུ་གཏོང་གི་ཡོད། ངས་ཉིན་ལྟར་དྲྭ་ཚིགས་ཀྱི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ལས་ཀ་བྱ་རྒྱུ་དགའ་པོ་ཡོད། སྤྲོ་བའི་ངང་བྱེད་ཀྱི་ཡོད། དེ་ནི་སྐྱིད་པོ་མེད་པའི་ཞོར་ལས་ཤིག་ཏུ་ཚོར་གྱི་མི་འདུག །ག་ལེར་ག་ལེར་འཕེལ་རྒྱས་འགྲོ་བཞིན་འདུག །དྲྭ་ཚིགས་དེ་ཕྱི་ལོ་ ༢༠༠༡ ཟླ་ ༡༡ པ་ནས་བཟུང་སྟེ་འགོ་འཛུགས་བྱས་པ་ཞིག་དང་། དེང་སང་ཉིན་རེར་སྤྱི་སྙོམ་གྱི་མི་གྲངས་སུམ་སྟོང་ཙམ་གྱིས་དྲྭ་ཚིགས་བལྟ་ཀློག་བྱེད་ཀྱིན་འདུག །ང་ཚོས་ཕྱི་ལོ་ ༢༠༡༡ ནང་ལྟ་ཀློག་བྱེད་མཁན་མི་གྲངས་ས་ཡ་ཡོང་རེ་བྱེད་ཀྱི་ཡོད། བྱས་ཙང་། འདིས་ཤུགས་རྐྱེན་ཞིག་ངེས་པར་དུ་སྦྱིན་གྱི་འདུག །འོན་ཀྱང་ངས་དེ་ལ་འུད་ཤོབ་བྱས་ནས་ཚང་མར་འགྱུར་བ་གཏོང་རྒྱུ་ཡིན་པ་དང་། ད་གཟོད་ནང་ཆོས་འདི་ནུབ་ཕྱོགས་སུ་ལས་སླ་རུ་དང་ནུས་པ་ཆུང་དུ་འགྲོ་གི་མ་རེད་ཅེས་བསམ་གྱི་མི་འདུག །དེ་འདྲ་བསམ་བློ་གཏོང་གི་མེད། དེར་བརྟེན་ཁྱེད་ཀྱིས་གང་བྱེད་ཐུབ་པ་དང་གང་དཔྱིས་ཕྱིན་པ་བསྒྲུབ་པ་ལ་དགའ་བ་བསྒོམ་དགོས་ཤིང་། ཁྱེད་ཀྱིས་གང་ཞིག་དཔྱིས་ཕྱིན་པ་བསྒྲུབ་མི་ཐུབ་པ་དེ་ལ་འགྱོད་པ་སྐྱེ་བ་དང་སྡུག་ཅག་ཏུ་བསམ་རྒྱུ་མེད། 

ནང་པའི་ལམ་གྱི་ནང་ཧ་ཅང་དོ་སྣང་བྱེད་འོས་པའི་བསམ་བློའི་ཁྱེར་སོ་ཞིག་ཡོད་པ་དེ་ལ་ལྷག་བསམ་ཟེར་གྱི་ཡོད། ཆོད་སེམས་ཁྱད་པར་ཅན་དེའི་དོན་ནི་ངས་ངེས་པར་དུ་བྱེད་ཀྱི་ཡིན་ཟེར་བ་དེ་རེད། དེ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་འབྲེལ་བ་ཆགས་ཀྱི་ཡོད། དེ་ལ་བརྟེན་ནས་ཁྱེད་ཀྱིས་གཞན་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་ཐོགས་སྒྲུབ་ཆོག །བློའི་ཁྱེར་སོ་དེ་ནི། ངས་འགན་དེ་འཁྱེར་གྱི་ཡིན་ཞེས་པ་དེ་རེད། གཞན་སུས་ཀྱང་འགན་མ་ཁྱེར་ནའང་། ངས་འཁྱེར་གྱི་ཡིན་ཟེར་བ་དེ་རེད། དེ་ནི་ལས་ཀ་དེ་བྱེད་ཐུབ་མཁན་ང་རང་གཅིག་པུ་རེད་ཟེར་བའི་དོན་མིན་པར། ང་རང་ལ་རོགས་བྱེད་མཁན་མ་རག་ན་ཁྱད་པར་མི་འདུག་ཟེར་བའི་དོན་རེད། སུ་གང་གིས་ང་ལ་བཀག་འགོག་བྱེད་ཀྱི་མ་རེད། ངས་འདི་བྱེད་ཀྱི་ཡིན། དེའི་དོན་ནི་དཀའ་ངལ་ཚང་མ་ངོས་ལེན་བྱེད་པ་དང་། གདོང་ལེན་བྱེད་དགོས་རིགས་ཡོང་གི་ཡོད་པ་ཤེས་རྟོགས་དང་བཅས་དེའི་ཐད་དངོས་ཡོད་དང་མི་མཐུན་པ་མི་བྱེད་པ་དེ་རེད། འོན་ཀྱང་ངས་གོང་དུ་ཞུས་པ་ལྟར། ཁྱེད་ཀྱིས་གང་བྱེད་ཐུབ་པ་དེ་བྱེད་དགོས། དེ་ལྟ་བུའི་བརྩོན་འགྲུས་ལ་གོ་ཆའི་བརྩོན་འགྲུས་ཟེར་གྱི་ཡོད། དེ་ནི་གོ་ཆ་གྱོན་པ་ལྟ་བུ་དཀའ་ལས་ཁག་པོ་ག་ཚོད་ཡོད་ནའང་། ང་ལ་ཁྱད་པར་མི་འདུག །དེས་ང་རང་ལ་བཀག་འགོག་བྱེད་ཀྱི་མ་རེད་ཅེས་པ་དེ་རེད། 

སངས་རྒྱས་ཀྱི་གོ་འཕང་ལ་འབད་པའི་བདག་འཛིན་གྱི་ང་རྒྱལ།

ངའི་དྲི་བ་འདི་ནང་ཆོས་དང་འབྲེལ་ཆེ་ཞིང་ལྟ་གྲུབ་དང་འབྲེལ་བ་མེད། ངའི་དྲི་བ་ནི་ང་ཚོ་ནང་ཆོས་ལ་འཇུག་པར་བྱེད་པའི་ཀུན་སློང་གི་སྐོར་ཡིན། དེ་ཡང་གཞན་ཐམས་ཅད་ལ་ཕན་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་རེད། དེའི་ཐད་ལ་གང་འཚམ་གྱི་དམིགས་བསལ་ཞིག་ཡོད། ངས་དམིགས་ཡུལ་དེ་འཐོབ་ཀྱི་རེད་ཅེས་དང་། ངས་སེམས་ཅན་ཐམས་ཅད་བསྐྱབ་ཀྱི་ཡིན་ཞེས་བརྗོད་ཆོག །འོན་ཀྱང་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཐད་ལ་ཡོད་པའི་བདག་འཛིན་གྱི་ང་རྒྱལ་ཚོར་བའི་དྲྭ་བ་དེ་ཇི་ལྟར་སྤོང་ཐུབ་བམ། 

རེད། རང་གིས་རང་ལ་གདེང་ཚོད་དང་རང་གིས་རང་ལ་གཅེས་འཛིན་ཤུགས་ཆེན་ཡོད་པ་གཉིས་ཀྱི་དབར་ལ་ཁྱད་པར་ཞིག་ཡོད། ངས་ཆོད་སེམས་ཁྱད་པར་ཅན་གྱི་ལྷག་པའི་བསམ་པ་ལ་བརྟེན་ནས། “དེ་དཀའ་ལས་ཁག་པོ་ག་ཚོད་ཡོད་མེད་ཁྱད་པར་མི་འདུག །ངས་དེ་བྱེད་ཀྱི་ཡིན།” ཞེས་བརྗོད་པའི་སྐབས། དེ་ནི་བདག་འཛིན་ཆེན་པོ་ཞིག་གི་ཆ་ནས་དེ་ལྟར་བརྗོད་རྒྱུ་མེད། དཔེར་ན། “ངས་བྱེད་ཐུབ་པ་དང་ངས་བྱ་རྒྱུ་ཡིན་པ་དེ་ནི་ཅི་འདྲའི་ངོ་མཚར་ཅན་ཞིག་རེད།” ཅེས་པ་ལྟ་བུ་བརྗོད་མི་ཉན། ལས་ཀ་དེ་བྱེད་ཚར་བ་དགོས་ཀྱི་ཡོད་པའི་རྒྱུ་མཚན་ཙམ་གྱིས་ཁྱེད་ཀྱིས་བྱེད་ཀྱི་ཡོད། སློབ་དཔོན་ཞི་བ་ལྷས་དེ་ཧ་ཡང་ཡག་པོ་གསུངས་ཡོད། ཁོང་གིས། སྡུག་བསྔལ་ལ་བདག་པོ་མེད། སྡུག་བསྔལ་དེ་ངའི་སྡུག་བསྔལ་ཡིན་པའམ། ཡང་ན་ཁྱེད་ཀྱི་སྡུག་བསྔལ་ཡིན་པའི་རྒྱུ་མཚན་གྱིས་སྡུག་བསྔལ་སྤོང་དགོས་པའི་དོན་མིན། སྡུག་བསྔལ་སྤོང་དགོས་ཀྱི་ཡོད། གང་ཡིན་ཞེ་ན། དེ་ནི་སྡུག་བསྔལ་ཡིན་ཞིང་། དེས་གནོད་འཚེ་བྱེད་ཀྱི་ཡོད། བྱས་ཙང་། གལ་ཏེ་ཁྱེད་ཀྱི་རྐང་པར་ཚེར་མ་ཞིག་ཡོད་ན། ལག་པས་རོགས་བྱས་ཏེ་ཚེར་མ་དེ་གཡུག་དགོས། དེས་ “ང་རང་འདིར་འགྲིག་གི་འདུག །ཚེར་མ་དེ་ཁྱེད་ཀྱི་དཀའ་ངལ་རེད།” ཅེས་ཟེར་གྱི་མེད། དེ་དང་འདྲ་བར་རང་ཉིད་ཀྱིས་འགན་འཁྲི་བླངས་ནས་ལས་ཀ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ལས་ཀ་དེ་ཚར་བ་བྱེད་དགོས་ཀྱི་ཡོད། 

ཁྱེད་རང་ནང་པའི་རྒྱབ་ལྗོངས་ཤིག་ནས་སླེབས་པ་ཡིན་ཟེར་གྱི་ཡོད་པ་སོང་ཙང་། ང་ཚོས་བརྟག་ཞིབ་བྱེད་དགོས་ཏེ། བྱ་བ་བྱེད་པ་པོ་ངའམ་བདག་ཟེར་བ་ཞིག་ཡོད། ཁྱེད་ཀྱིས་རོགས་བྱེད་སའི་མི་རྣམས་ཡོད། ཁྱེད་ཀྱིས་གང་བྱེད་བཞིན་པའི་བྱ་བ་དེ་ཡོད། དེ་དག་ཚང་མ་གཅིག་ལ་གཅིག་ལྟོས་རེད། ཁྱེད་ཀྱིས་དེ་དག་ལས་གཅིག་ལོགས་སུ་བཞག་ནས། “ངའམ་བདག་ཅེས་བྱ་བ་བྱེད་མཁན་དེ་ང་རང་ཡིན་” ཞེས་འུད་ཤོབ་བྱ་རྒྱུ་མེད། ཁྱེད་ཀྱི་བྱ་བ་དེ་མི་གཞན་ཡོད་པ་ལ་བརྟེན་པ་དང་། མི་གཞན་དག་ནི་ཁྱེད་ཀྱི་འབད་བརྩོན་བྱ་ཡུལ་དེ་རེད། ཁྱེད་ཀྱིས་གང་བྱེད་ཀྱིན་ཡོད་རུང་། དེ་ལ་གཞན་གྱི་རོགས་དང་མཉམ་རུབ་དགོས་ཀྱི་ཡོད།

དེ་འདྲ་སོང་ཙང་། ངས་བྱ་བ་གང་འདྲ་ཞིག་བྱེད་བཞིན་པ་དང་འབྲེལ་བའི་ང་ཇི་ལྟར་གནས་ཡོད་པའི་སྐོར་ལ་རྟག་ཏུ་སྒོམ་རྒྱག་དགོས་ཤིང་། སེམས་ནང་བཅང་དགོས་པ་ལས། དེ་བདག་འཛིན་གྱི་འགྲུལ་སྐོར་ཞིག་བཟོ་མི་ཉན། ཁྱེད་ཀྱིས་དེ་བདག་འཛིན་གྱི་འགྲུལ་སྐོར་ཞིག་ཡིན་པ་ཇི་ལྟར་ཤེས་སམ། ཁྱེད་རང་ཉེན་སྲུང་མེད་པ་ཚོར་བ་དང་། སེམས་ནང་གི་ནུས་པ་དེ་ཞི་བདེ་ཞིག་མེད་པའི་སྐབས། དེ་ནི་བདག་འཛིན་གྱི་འགྲུལ་སྐོར་ཞིག་ཡིན། མི་རྣམས་ཀྱིས་ངའི་སྐོར་ལ་གང་བསམ་གྱི་རེད་ཅེས་ཁྱེད་ཀྱིས་སེམས་འཁྲལ་བྱེད་ཀྱིན་ཡོད་སྲིད། ཁྱེད་ཀྱིས། “ང་རང་འགྲིག་ཚོད་ཀྱི་ཡག་པོ་ཞིག་ཡིན་ནམ།” ཞེས་བསམ་གྱིན་ཡོད། ཁྱེད་ཀྱིས་གཞན་ལ་སེམས་ཤུགས་གཅོག་པ་སོགས་ཀྱི་ཐད་སེམས་འཁྲལ་བྱེད་ཀྱི་ཡོད། ཁྱེད་བྱ་བ་དེ་རྩོམ་དགོས། རང་ཉིད་ཀྱིས་གང་ཐུབ་ཅི་ཐུབ་བྱེད་དགོས།

བདེ་སྐྱིད་སྐོར་གྱི་རྣམ་བསམ་བློའི་རྣམ་གཞག ནང་ཆོས་དེང་དུས་སེམས་ཁམས་རིག་པ་དང་བསྡུར་བ།

ང་རང་ལ་ང་ཚོ་གནས་པའམ་ཡོད་ཚུལ་གྱི་རྣམ་པ་དང་སྡུག་བསྔལ་དང་དེའི་རྒྱུའི་སྐོར་ལ་བསམ་བློའི་རྣམ་གཞག་དང་འབྲེལ་ཆེ་བའི་དྲི་བ་ཞིག་ཡོད། སྡུག་བསྔལ་འབྱུང་བའི་རྒྱུའི་ཐད་ནང་པའི་འགྲེལ་ཚུལ་དེ་དེང་དུས་ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པའི་ལྟ་གྲུབ་སྣ་ཚོགས་པའི་འགྲེལ་ཚུལ་དང་མཚུངས་པ་ལྟ་བུ་ཞིག་འདུག །དཔེར་ན། སེ་ལིག་མེན་ Seligman གྱི་བཟང་ཕྱོགས་ཀྱི་སེམས་ཁམས་རིག་པ་དང་། ཨེ་རིཀ་ཧྥོ་རོམ་ Erich Fromm གྱི་སེམས་ནད་དཔྱད་ཐབས། ཡང་ན་ཝིཀ་ཊར་ཧྥེ་རེན་ཁལ་ Viktor Frankl གྱི་མོས་སྤྱོད་སྨྲ་བའི་གྲུབ་མཐར་གཞི་བྱས་པའི་སེམས་ཁམས་རིག་པ་ལྟ་བུ་རེད། ནང་པའི་ལྟ་ཚུལ་དང་དེང་དུས་སེམས་ཁམས་རིག་པའི་དབར་ལ་བདེ་སྐྱིད་དང་དེའི་རྒྱུའི་སྐོར་ལ་ཁྱད་པར་གང་ཡོད་དམ།
བརྙན་པར། འབུམ་རམས་པ་ཆོས་ཉིད་ཊེ་ལར། “ནུབ་ཕྱོགས་དང་ནང་པའི་སེམས་ཁམས་རིག་པ།”

ང་ཚོས་འདིར་ནང་པའི་ཚན་རིག་དང་སེམས་ཁམས་རིག་པའི་དབར་ལ་ནང་པའི་ཆོས་ལུགས་ཀྱི་ལྡོག་ཟླར་དབྱེ་བ་འབྱེད་བཞིན་ཡོད། ཡིན་ནའང་དེ་དག་ལོགས་སུ་གནས་ཀྱི་མེད། གལ་ཏེ་ང་ཚོས་ནང་པའི་སེམས་ཁམས་རིག་པའི་སྐོར་ལ་ཆ་ཚང་བར་བལྟ་འདོད་ཡོད་ན། སྐྱེ་བ་སྔ་མ་དང་ཕྱི་མའི་རྣམ་གཞག་གི་སྐོར་ཤོད་དགོས་ཀྱི་ཡོད། ནང་ཆོས་ནས་བདེ་བ་དང་སྡུག་བསྔལ་ནི་སྔོན་གྱི་སྤྱོད་ལམ་ ༼ལས་༽ གྱི་འབྲས་བུ་ཡིན་པར་གསུང་གི་ཡོད།

ཐོག་མར་རེག་པའི་ཤེས་རྟོགས་ཏེ། ཡུལ་གང་ཞིག་ལ་ང་ཚོས་རེག་པའི་སྐབས། དེ་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ། བར་མ་བཅས་ཤེས་པ་དེ་རེད། ང་ཚོས་ཡིད་དུ་འོང་བའི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། སྐབས་རེར་ཡུལ་གཅིག་པ་གཅིག་རྐྱང་ཞིག་ལ་རེག་པའི་སྐབས། (དཔེར་ན། གྲོགས་པོ་ལྟ་བུ།) དེས་བདེ་བ་དང་སྡུག་བསྔལ་གང་རུང་མྱོང་ཆོག །རིམ་པ་གཅིག་ནས་བཤད་ན། ང་ཚོ་རེག་ཚོར་དེ་ཇི་ལྟར་མྱོང་གི་ཡོད་ཅེ་ན། དེ་ནི་དེ་སྔོན་གྱི་རེག་ཚོར་སྐབས་གང་བྱུང་བ་དེས་ཤུགས་རྐྱེན་བྱས་ཡོད། དཔེར་ན། ང་ཚོས་དུས་ཚོད་ཡག་པོ་ཞིག་བསྐྱལ་ཡོད་པའམ་ཡང་ན་རྩོད་པ་རྒྱག་ཡོད་པ་ལྟ་བུ་རེད། ད་དུང་སོ་སོའི་སེམས་ཀྱི་གནས་བབས་སམ། ཡང་ན་ང་ཚོ་གྲོགས་པོ་དང་ཐུག་པའི་སྐབས་ཀྱི་གནས་སྟངས་ལ་བརྟེན་ནས་ཤུགས་རྐྱེན་ཡང་བྱས་ཡོད། དཔེར་ན། ང་ཚོ་ཁེར་རྐྱང་ཡིན་པ་དང་རོགས་དགོས་འདོད་བྱེད་ཀྱི་ཡོད་པའམ། ཡང་ན་ང་ཚོ་བྲེལ་བ་ཡོད་པ་དང་ཧ་ཅང་ཐང་ཆད་པ་ལྟ་བུ་རེད། འོན་ཀྱང་དེ་ལས་གཏིང་ཟབ་པར་བསམས་ན། སོ་སོའི་གྲོགས་པོ་དང་ཐུག་པའི་རེག་པའི་ཤེས་རྟོགས་དེའི་སྤུས་ཚད་ནི། སྐྱེ་བ་ཕྱི་མའི་ནང་ང་ཚོས་བྱ་སྤྱོད་སྤེལ་བ་ལས་བསགས་པའི་དགེ་བའམ་མི་དགེ་བའི་ནུས་པའི་འབྲས་བུ་ཡིན། སྐྱེ་བ་སྔོན་མའི་ལས་བཟང་པོ་བྱས་པའི་དགེ་བའི་ནུས་པ་དེས་ང་ཚོ་གྲོགས་པོ་དང་འབྲེལ་གཏུག་བྱ་རྒྱུའི་ཉམས་མྱོང་དེ་བདེ་སྐྱིད་འབྱུང་བ་དང་། ང་ཚོ་སྐྱིད་པོ་ཚོར་གྱི་ཡོད། ཕྱོགས་གཞན་ཞིག་ནས་གལ་ཏེ་ང་ཚོས་འབྲེལ་གཏུག་དེ་སྐྱིད་པོ་མེད་པ་ཞིག་ཉམས་སུ་མྱོང་བ་དང་། ང་ཚོ་མི་སྐྱིད་པ་ཚོར་ན། དེ་ནི་ང་ཚོས་སྐྱེ་བ་སྔོན་མའི་ལས་ངན་པའམ་སྡིག་པའི་ལས་བསགས་པའི་འབྲས་བུ་ཡིན། སྡིག་པའམ་མི་དགེ་བའི་ལས་ཟེར་བ་ནི། ཁོང་ཁྲོ་དང་། འདོད་ཆགས། འདོད་རྔམ། མ་རིག་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱ་སྤྱོད་སྤེལ་བ་དེ་ཡིན། 

དཔེ་ཆ་བཞག་ན། ང་ཚོ་སོ་སོའི་གྲོགས་པོ་དང་མཉམ་དུ་འབྲེལ་བ་ཡོད་སྐབས། དེ་ང་ཚོས་སྡུག་བསྔལ་ཞིག་ཏུ་ཉམས་སུ་མྱོང་བ་དང་། ང་ཚོ་མི་སྐྱིད་པ་ཚོར་གྱི་ཡོད། ཡང་ན་རང་གི་གྲོགས་པོ་དང་སྔོན་ཐུག་འཕྲད་མཐའ་མའི་སྐབས་རྩོད་པ་རྒྱག་ཡོད་པ་དང་། ང་ཚོས་དུས་ཚོད་ཡག་པོ་མཉམ་དུ་བསྐྱལ་ཡོད་ཀྱང་། ང་རང་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་སྒང་ལ་ཡོད་པའི་གནས་སྟངས་དེ་འདྲ་ཡིན་སྲིད། འོན་ཀྱང་དེ་ནི་ངང་ངམ་ཤུགས་ཀྱི་རྣམ་པ་ཞིག་འབྱུང་བའི་གནས་སྟངས་ཁོ་ན་ཡིན། སྐྱིད་པོ་མེད་པ་ཆགས་ནས་ང་ཚོས་གཅིག་བྱེད་འདོད་ཡོད། དཔེར་ན། ཁྱེད་རང་ལ་སྐད་ལོག་རྒྱག་ནས། “ཕར་རྒྱུག་” ཟེར་བ་ལྟ་བུ། ང་རང་སྐྱིད་པོ་མི་འདུག །ཁ་སྐོམ་པ་འདྲ་པོ་འདུག །དེ་ནི་ཚོར་བ་ངན་པ་ཞིག་ཡིན་པ་དང་། སོ་སོ་ནས་དེ་ཕར་འབུད་རྒྱག་རྒྱག་འདོད་དང་བཅས། “ང་རང་སྡུག་བསྔལ་དེ་ལ་མི་དགའ། ཕར་བརླག་རྒྱུག་” ཟེར་བ་ལྟ་བུ་རེད། བྱས་ཙང་། ད་གཟོད་སྔོན་གྱི་སྐད་ལོག་རྒྱག་རྒྱུའི་བག་ཆགས་ལ་གཞི་བྱས་ཏེ། ཁྱེད་ལ་སྐད་ལོག་རྒྱག་འདོད་ཀྱི་བསམ་པ་དེ་ངང་ངམ་ཤུགས་ཀྱིས་འབྱུང་གི་ཡོད། གལ་ཏེ་ཁྱེད་རང་ཕྱིན་ན། ངའི་སྡུག་བསྔལ་དེ་མེད་པ་ཆགས་ཀྱི་རེད་བསམ་གྱི་ཡོད། དེས་སྐད་ལོག་རྒྱག་པའི་ངང་ངམ་ཤུགས་ཀྱི་རང་བཞིན་ནང་འཁྲིད་ཀྱི་ཡོད། ངས་སྐད་ལོག་རྒྱག་རྒྱུ་བསམ་པ་དང་། དེ་ནས་ཁྱེད་ལ་དངོས་སུ་སྐད་ལོག་རྒྱག་གི་ཡོད། སྐད་ལོག་རྒྱག་རྒྱུ་དེ་ནི་ཚོར་བ་མི་བདེ་བ་དང་མི་སྐྱིད་པ་ཞིག་ཡིན་པ་སོང་ཙང་། དེས་ད་དུང་སྡུག་བསྔལ་མང་བ་སྐྲུན་གྱི་ཡོད། ང་ཚོའི་ངང་ངམ་ཤུགས་ཀྱིས་སྐད་ལོག་རྒྱག་རྒྱུ་དེས་ཡང་ནང་ཡང་དུ་ཡོང་བའི་རྒྱུ་མུ་མཐུད་གསོག་པ་ཙམ་དུ་མ་ཟད། མ་འོངས་པར་གནད་དོན་གཞན་མང་པོ་ཞིག་དང་ཡིད་དུ་མི་འོང་བའི་འབྲེལ་བ་མྱོང་བ་དང་སླར་ཡང་མི་སྐྱིད་པ་ཆགས་ཀྱི་ཡོད། བྱས་ཙང་། ནང་ཆོས་ཀྱིས་ང་ཚོར་ཡང་དག་པའི་བརྟག་དཔྱད་འདི་བྱེད་འཇུག་གི་ཡོད། 

དེ་དག་ཐམས་ཅད་ནི་རང་གིས་རང་ལ་རྨོངས་པ་དང་རང་ཉིད་ཇི་ལྟར་ཡོད་པའི་སྐོར་ལ་རྨོངས་པ་ལས་འབྱུང་གི་ཡོད། ངས་གང་ལ་དམིགས་པ་གཏད་དགོས་ཞེ་ན། ང་རང་རྟག་ཏུ་སྐྱིད་པོ་ཡོང་དགོས་པ་དང་། ང་རང་ལ་རྟག་ཏུ་སོ་སོའི་འདོད་པ་དང་ལམ་ཁ་ཡོད་དགོས་པ་སོགས་རང་ཉིད་ཇི་ལྟར་གནས་པའི་སྐོར་བསམ་བློ་གཏོང་བའི་རྣམ་རྟོག་དང་རྟོག་འཆར་ལ་དམིགས་པ་གཏད་དགོས། དེ་དག་ཐམས་ཅད་ནི་དངོས་ཡོད་དང་མཐུན་པ་ཞིག་ཆགས་ཀྱི་མེད། འདི་ནི་སྤྱིར་བཏང་ནུབ་ཕྱོགས་པའི་སེམས་ཁམས་རིག་པའི་ནང་རྙེད་དུ་མེད་པའི་གང་འཚམ་གྱི་ཐུན་མོང་མ་ཡིན་པའི་བཞེད་ཚུལ་ཞིག་ཡིན། དེ་ནི་སྟོང་པ་ཉིད་ཀྱི་བཞེད་ཚུལ་དེ་ཡིན། ང་ཚོས་དོན་ངོ་མར་དངོས་ཡོད་མིན་པ་ཞིག་ལ་ཡ་ལན་བྱེད་ཀྱིན་ཡོད་པ་དང་། སྟོང་པ་ཉིད་ནི་དེ་དང་བྲལ་བ་ལ་གོ་བ་ཡིན། མཐའ་གཅིག་ཏུ་བྲལ་ཞིང་ནམ་ཡང་དེར་མེད་པ་དེ་རེད། མཐའ་གཅིག་ཏུ་བྲལ་བ་དེ་གང་རེད་དམ་ཞེ་ན། དངོས་པོའི་གནས་ལུགས་ལ་ཡུལ་གང་ཞིག་ངའི་རྟོག་པའི་འཆར་སྣང་ལ་གང་ཡང་མི་སྲིད་པ་དང་། དེ་དང་མཐུན་པའི་ངས་གང་རྟོག་འཆར་སྐྲུན་བཞིན་པའི་དངོས་པོའི་གནས་ལུགས་ཀྱི་ནང་མི་སྲིད་པ་དེ་རེད། དཔེར་ན། ངའམ་བདག་ཅེས་བྱ་བ་དེ་འཇིག་རྟེན་གྱི་ལྟེ་བའམ་གལ་ཆེ་ཤོས་དེ་ཡིན་པ་དང་རྟག་ཏུ་རང་ཉིད་ལ་ལམ་ཁ་ཞིག་ཡོད་པའམ་རང་གི་འདོད་པ་ནང་བཞིན་བསྒྲུབ་དགོས། ངས་དེ་འདྲ་བསམ་སྲིད་ལ་ཚོར་སྲིད། འོན་ཀྱང་དེ་ལ་དངོས་པོའི་གནས་ལུགས་དང་མཐུན་པ་གཅིག་ཀྱང་མེད། ཡང་ངས་ནམ་རྒྱུན་ཡང་སེ་བེད་སྤྱོད་བྱེད་པའི་དཔེ་མཚོན་ཞིག་ནི། ཟླ་རོགས་ཡང་དག་པ་སྟེ། ཡིད་དབང་འཕྲོག་པའི་གང་ཟག་དེ་རྟ་དཀར་པོའི་སྒང་ལ་བཞོན་ནས་ངའི་བསམ་དོན་ཐམས་ཅད་འགྲུབ་ཀྱི་རེད་ཅེས་བསམ་པ་ནི་ལྷ་སྒྲུང་ཞིག་རེད། དེ་འདྲ་ཞིག་གང་དུའང་མེད། ང་ཚོས་དེ་འདྲའི་ཡུལ་ཞིག་མེད་པའི་སྒང་ལ་དམིགས་པ་གཏད་པའི་སྐབས། དེ་འདྲ་ཞིག་མེད་པ་རྟོགས་པའི་སྐབས་དང་། ང་ཚོ་ཡིད་ཆེས་རྙེད་པའི་སྐབས། ངང་ངམ་ཤུགས་ཀྱི་རང་བཞིན་དང་ཉོན་མོངས་ ༼དེ་དག་ཕྱིན་ཅི་ལོག་པའི་ཡིད་ཆེས་ལ་གཞི་བྱས་ཡོད་༽ ཡོངས་རྫོགས་འགག་འགྲོ་གི་ཡོད། 

འགྲོ་བ་མི་རྣམས་ཡང་དག་པའི་རིགས་པ་དང་ལྡན་པ་ཆགས་ཐུབ་བམ།

ངའི་དྲི་བ་འདི་ལྟ་གྲུབ་དང་འབྲེལ་ཆེ། ཁྱེད་ཀྱི་གཏམ་བཤད་འགོ་སྟོད་ཙམ་ལ་ང་ཚོའི་སྡུག་བསྔལ་གྱི་རྒྱུ་གཅིག་ནི་རྒྱུ་མཚན་དང་མི་ལྡན་པ་དེ་རེད་ཅེས་བརྗོད་སོང་། ཁྱེད་ཀྱིས་འགྲོ་བ་མི་རྣམས་ཡང་དག་པའི་རིགས་པ་དང་ལྡན་པ་ཆགས་ཐུབ་བསམ་གྱི་འདུག་གམ།

སྡུག་བསྔལ་གྱི་རྒྱུ་གཅིག་ནི་རྒྱུ་མཚན་རིགས་པ་དང་མི་ལྡན་པ་དེ་རེད། ངས་འགྲོ་བ་མི་རྣམས་ཡང་དག་པའི་སྒོ་ནས་རྒྱུ་མཚན་དང་ལྡན་པ་ཆགས་ཐུབ་པར་ཡིད་ཆེས་བྱེད་དམ་ཞེ་ན། ཐོག་མར་མཁྱེན་དགོས་པ་ཞིག་ལ། རྒྱུ་མཚན་དང་ལྡན་པ་ཟེར་དུས་སེམས་ཚོར་མེད་པའི་དོན་མིན། རྒྱུ་མཚན་དང་ལྡན་པ་ཟེར་དུས་ང་ཚོའི་བསམ་བློ་གཏོང་ཕྱོགས་དང་གོ་རྟོགས་རྙེད་ཚུལ་དེ་ཚད་མ་ཡིན་པའི་དོན་རེད། དཔེར་ན། ང་ནི་འཛམ་གླིང་ནང་དཀའ་ངལ་མྱོང་མཁན་གཅིག་པུ་དེ་ཡིན་ཞེས་བསམ་བློ་གཏོང་བ་ནི་རྒྱུ་མཚན་དང་མི་ལྡན་པ་རེད། དེ་ནི་རྒྱུ་མཚན་རིགས་པ་དང་མི་ལྡན་པ་རེད། དེས་གོ་དོན་གང་ཡང་སྟོན་གྱི་མེད། བྱས་ཙང་། ང་ཚོ་དེའི་ཐད་རྒྱུ་མཚན་དང་ལྡན་པ་ཆགས་པ་དང་། མི་མང་པོ་ཞིག་ལ་དཀའ་ངལ་གཅིག་པ་འཕྲད་ཀྱི་ཡོད་པ་རྟོགས་པའི་ཚེ། ང་ཚོས་དེ་དག་ལ་སྙིང་རྗེ་དང་། བྱམས་པ། ཤ་ཚ་སྐྱེ་ཐུབ་པ་ཡོང་གི་ཡོད།  

ང་ཚོའི་བསམ་བློ་གཏོང་སྟངས་མང་པོ་ཞིག་ནི་རྒྱུ་མཚན་དང་མི་ལྡན་པ་ཡིན་ངེས་རེད། དེའི་རྒྱུ་མཚན་ནི་ང་ཚོས་རང་གིས་རང་ལ། ངས་བསམ་བློ་ཇི་ལྟར་གཏོང་གི་འདུག་གམ། འདི་བསམ་བློ་གཏོང་སྟངས་འགྲིག་པ་ཞིག་རེད་དམ་ནོར་བ་ཞིག་རེད་ཅེས་བརྟག་དཔྱད་བྱ་རྒྱུའི་སྦྱོང་བརྡར་བྱེད་ཀྱི་མེད། འོན་ཀྱང་སྦྱོང་བརྡར་ལ་བརྟེན་ནས་ང་ཚོས་སོ་སོའི་བསམ་བློ་གཏོང་སྟངས་ལ་འགྱུར་བཅོས་གཏོང་ཐུབ་ཀྱི་རེད་བསམ་གྱི་འདུག །དེ་ནི་ང་ཚོས་སྒོམ་རྒྱག་པའི་སྐབས་གང་བྱེད་ཀྱི་ཡོད་པ་དེ་རེད། ང་ཚོས་སོ་སོའི་ཚོར་བ་རྣམས་ལ་བརྟག་གི་ཡོད། དཔེར་ན། ང་རང་བློ་ཕམ་བྱུང་སྲིད། ངས་ཉིན་མོའི་དུས་སུ་ག་རེ་བྱུང་ཡོད་མེད་བསྐྱར་ཞིབ་བྱས་ཏེ། ང་རང་རྒྱུ་མཚན་གང་རུང་ཞིག་ལ་བརྟེན་ནས་བློ་ཕམ་བྱུང་བ་ཡིན་པ་རྟོགས་སྲིད། དེ་ནས་ངས་རང་གིས་རང་ལ་དེའི་རྒྱུ་མཚན་དྲིས་ནས་ང་རང་བློ་ཕམ་བྱུང་བའི་རྒྱུ་མཚན་དེ་དང་འདི་རེད། དེ་ནི་རྒྱུ་མཚན་ཡང་དག་རེད་མི་འདུག་ཅེས་རྟོགས་ཀྱི་རེད། བྱས་ཙང་། ངས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྐབས། ངས་གནས་སྟངས་དེ་ཕྱོགས་ཡོངས་ནས་མི་འདྲ་བ་ཞིག་མཐོང་བ་དང་། དེ་ཡང་སྔར་ལས་རྒྱུ་མཚན་དང་ལྡན་ཆེ་བ་ཡོད། དེ་ནས་རང་ཉིད་བློ་ཕམ་དེ་ཙམ་མི་ཡོང་། ངས་སྒོམ་རྒྱག་པའི་སྐབས་སུའང་རྒྱུ་མཚན་དང་མི་ལྡན་པ་བྱ་རྒྱུ་མེད་པའི་སྐོར་སྦྱོང་བརྡར་བྱེད་ཀྱི་རེད། དེ་ལ་བརྟེན་ནས་ཉིན་རེའི་མི་ཚེའི་ནང་། ང་རང་ཧ་ཅང་རྒྱུ་མཚན་དང་མི་ལྡན་པ་ཆགས་ཀྱི་མ་རེད། 

བོད་ཀྱི་ནང་ཆོས་ནང་བསླབ་པ་སློབ་གཉེར་དེ་རྒྱུ་མཚན་རིགས་པ་དང་རྩོད་གླེང་ལ་གཞི་བྱས་ཡོད། རྟགས་གསལ་དང་རྩོད་གླེང་གི་དགོས་དོན་ནི། ཁྱེད་ཀྱི་བསམ་བློའི་རྒྱུད་རིམ་དང་གཞན་གྱི་བསམ་བློའི་ནང་གི་མི་མཐུན་པའི་ཆ་རྣམས་ཤེས་རྟོགས་བྱ་རྒྱུ་དེ་རེད། དེ་འདྲ་བྱས་ན། ག་རེ་ཡོང་གི་རེད་ཅེ་ན། ཁྱེད་ཀྱིས་རང་ཉིད་ཀྱི་གོ་རྟོགས་གང་ཡོད་པ་དེ་བརྗོད་པ་དང་། མི་གཞན་དེས་ཁྱེད་རང་དེའི་ཐད་ལ་ཇི་ཙམ་གྱི་རན་འཚམས་ཡོད་མེད་ཚོད་ལྟ་དང་དཔྱད་ཞིབ་བྱེད་ཀྱི་རེད། ཁྱེད་རང་ནས་རང་གིས་རང་ལ་མི་གཞན་དག་ནང་བཞིན་ཞིབ་བརྟག་སྐྱོན་འཛུགས་གི་སྒོ་ནས་རང་གི་གོ་རྟོགས་ལ་དྲི་བ་ནམ་ཡང་གཏོང་གི་མ་རེད། རྩོད་གླེང་གི་འབྲས་བུ་ནི་ཁྱེད་ཀྱི་གང་ཞིག་ལ་བསམ་བློ་བཏང་ནའང་། དེའི་ཐད་ལ་ཞིབ་བརྟག་སྐྱོན་འཛུགས་ཀྱིས་ལག་བསྟར་བྱེད་ཀྱི་རེད། དེ་ཡང་ངག་གི་ཞིབ་དཔྱོད་ཡིན་མི་དགོས། དེ་ནི་ཁྱེད་ཀྱི་སེམས་ཀྱིས་དེ་འདྲ་ཞིག་བསམ་གྱི་ཡོད། སོ་སོའི་གོ་རྟོགས་ལ་ངེས་ཤེས་ཡོད་པ་དང་མི་མཐུན་པ་གང་ཡང་མེད་པ་དེས་སྒོམ་རྒྱག་པའི་སྐབས་ནུས་པ་ཆེ་བ་ཡོང་བའི་གྲ་སྒྲིག་བྱེད་ཀྱི་ཡོད། དཔེར་ན། གལ་ཏེ་ཁྱེད་ཀྱིས་མི་རྟག་པའི་སྐོར་སྒོམ་རྒྱག་ཐབས་བྱེད་ཀྱིན་ཡོད་པ་དང་། ཁྱེད་ཀྱིས་མི་རྟག་པའི་སྐོར་དངོས་གནས་ཡག་པོ་མ་ཤེས་པའམ། ཡང་ན་ཁྱེད་ཀྱི་གོ་རྟོགས་དེ་མགོ་རྙོག་ཅན་ཆགས་པ་ཡིན་ན། ཁྱེད་ལ་མགོ་རྙོག་དེ་ལས་མང་བ་ཞིག་ལས་གཞན་གང་ཡང་རག་གི་མ་རེད། 

རྩོད་གླེང་དང་སྦྱོང་བརྡར་གྱི་ནང་། ཁྱེད་ཀྱིས་ལྟ་ཞིབ་བྱེད་དགོས་པའི་གནད་དོན་ཞིག་ནི། ངས་འབོད་པའི་ “རྩོད་གླེང་གི་གདོན་འདྲེ་” ཟེར་བ་དེ་རེད། རྩོད་གླེང་གི་གདོན་འདྲེ་ནི་རྩོད་གླེང་ག་དུས་མཚམས་འཇོག་བྱེད་དགོས་མིན་ནམ་ཡང་མི་ཤེས་མཁན་དེ་རེད། བྱས་ཙང་། མི་སུ་འདྲ་ཞིག་གིས་གང་བཤད་ནའང་། རྩོད་གླེང་གི་གདོན་འདྲེ་དེ་དེ་མ་ཐག་དེ་དག་གི་སྒང་ལ་མཆོངས་ནས་འཐབ་རྒོལ་དང་བཅས་རྩོད་པ་རྒྱག་འགོ་བཙུག་གི་རེད། སྤྱོད་ཚུལ་དེས་རང་ཉིད་ཀྱི་གྲོགས་པོ་མགྱོགས་པོ་བརླག་ཤོར་བའི་རྒྱུ་བྱེད་ཀྱི་ཡོད། ཐོག་མའི་དུས་སུ་ང་རང་རྒྱ་གར་ལ་ཕྱིན་པའི་སྐབས། ཆེས་མཐོའི་སློབ་ཁང་ཆེན་མོ་ཞིག་ནས་ངས་གྲུབ་འབྲས་ཧ་ཅང་ཡག་པོ་ཐོན་ནས་སླེབས་པ་རེད། དེའི་སྐབས་ངས་རྐང་བཙུགས་ནས་རྩོད་གླེང་སྦྱོང་བརྡར་ལ་ཕྱིན་མེད། གང་ཡིན་ཟེར་ན། ང་རང་རྩོད་གླེང་གི་གདོན་འདྲེ་ཞིག་ཆགས་རྒྱུ་ཡིན་པ་ངས་ཤེས་ཀྱི་ཡོད། ངས་རང་སྐྱོན་ངོས་ལེན་བྱེད་ཀྱི་ཡོད། བྱས་ཙང་། ཁྱེད་རང་ཚོས་ངེས་པར་དུ་གཟབ་གཟབ་བྱེད་དགོས། 

རྩོད་གླེང་གི་གདོན་འདྲེ་དང་དེ་དག་དབང་དུ་བསྡུ་ཚུལ།

གལ་ཏེ་ང་རང་རྩོད་གླེང་གི་གདོན་འདྲེ་ཞིག་ཆགས་ཚར་ན། ངས་གང་བྱེད་ཐུབ་བམ།

གལ་ཏེ་ཁྱེད་རང་རྩོད་གླེང་གི་གདོན་འདྲེ་ཞིག་ཆགས་ཚར་ན། གང་བྱེད་དམ་ཞེ་ན། ཞི་འཇམ་བཟོ་སྟངས་སྦྱོང་རྒྱུ་དེ་རེད། དེ་ནི་གཞན་ལ་བཟོད་སྒོམ་བྱེད་པ་ཟེར་གྱི་ཡོད། གལ་ཏེ་མི་ཞིག་ཁྱེད་ལ་གོ་ཤེས་ཅན་དང་ཁྱེད་ཀྱིས་ཁོང་ཚོའི་ནོར་འཁྲུལ་བཅོས་པར་གོ་ཤེས་ཅན་བྱས་ན། དེས་འགྲིག་པ་རེད། འོན་ཀྱང་གལ་ཏེ་ཁོང་ཚོ་གོ་ཤེས་ཅན་མིན་ན། ཁྱེད་ཀྱིས་གང་བྱེད་པ་ནི་ཕན་མེད་ཀྱི་ངག་འཁྱལ་རང་རེད། ཁྱེད་ཀྱི་ངོས་ཀྱང་ཐབས་བྱུས་མཁས་པོ་བྱེད་སྟངས་སྦྱོང་དགོས་ཤིང་། ག་དུས་སྐད་ཆ་བཤད་ན་རན་འཚམས་ཡོད་པ་དང་མེད་པ་ཤེས་རྒྱུ་དང་། འཁང་ར་དང་སྐྱོན་འཛུགས་སུ་མི་འགྱུར་བའི་སྐད་ཆ་ཇི་ལྟར་ཤོད་དགོས་པ་དང་། སྐད་ཆ་ཤོད་སྐབས། “ང་རང་འགྲིག་པ་རེད། ང་རང་ཧ་ཅང་ཡག་པོ་རེད། ཁྱེད་ནི་གླེན་པ་རེད།” ཅེས་པའི་ཀུན་སློང་མེད་པ་ཞིག་དགོས། གང་ལྟར་ཡང་། ཁྱེད་ཀྱིས་མི་ཞིག་ལ་རོགས་བྱེད་ཐབས་བྱེད་ཀྱིན་ཡོད་པ་ལས། ཁོང་ཚོར་སེམས་ཤུགས་གཅོག་ཐབས་དང་ཁོང་ཚོ་ག་ཚོད་ཀྱི་གླེན་པ་ཡིན་པ་སྟོན་གྱི་མེད། དེ་ག་ནང་བཞིན་ང་ཚོས་གང་བསམ་ཚད་ཚང་མ་ཤོད་དགོས་པ་རེད། དེ་ནི་ཧ་ཅང་གལ་ཆེ་བའི་ནང་གི་རྟོགས་པ་ཞིག་རེད། ཇི་སྲིད་ང་ཚོས་མི་གཞན་དེས་གང་བཤད་པ་དེ་རྒྱུ་མཚན་དང་མི་ལྡན་པ་དེ་ང་ཚོའི་སེམས་ནང་ཤེས་པ་དེ་སྲིད་དུ་དེ་ནི་འགྲིག་གི་རེད། ཁྱེད་ཀྱིས་ཡིན་གཅིག་མིན་གཅིག་མཛུབ་སྟོན་བྱེད་མི་དགོས།

དཔེ་ཆ་བཞག་ན། ཁྱེད་ལ་ཕྲུ་གུ་ལོ་གསུམ་བྱས་པ་ཞིག་ཡོད་པ་དང་། དགོང་མོ་ཉལ་བའི་དུས་ཚོད་སླེབས་པ་རེད། ཕྲུ་གུ་དེ་གཉིད་ཁུག་འདོད་མེད་པ་དང་། “ང་ཁྱོད་ལ་དགའ་གི་མི་འདུག་” ཅེས་ངུ་སྐད་རྒྱག་འགོ་བཙུག་གི་ཡོད། དེ་ནི་རྒྱུ་མཚན་ཡང་དག་ཅིག་མ་རེད། ཕྲུ་གུ་དེས་ཁྱེད་ལ་དངོས་གནས་དགའ་གི་མེད་པར་ཁྱེད་རང་ཡིད་ཆེས་བྱེད་དམ། མ་རེད། ཕྲུ་གུ་དེ་ཐང་ཆད་པ་དང་རྙོག་དྲ་ཚ་པོ་ཆགས་པ་རེད། བྱས་ཙང་། ཁྱེད་རང་བཟོད་སྒོམ་ཅན་བྱེད་དགོས། ཁྱེད་ཀྱིས་ཕྲུ་གུ་ལ་ “ཁྱེད་རང་ང་ལ་དངོས་གནས་དགའ་གི་མེད་པ་མ་རེད།” ཅེས་ནོར་བཅོས་བྱེད་པ་དང་གནས་ཚུལ་ཞིབ་ཕྲའི་ནང་འགྲོ་དགོས་དོན་མེད།  དེ་ནི་ཆོ་མེད་རང་རེད། ཁྱེད་རང་ཧ་ཅང་བཟོད་སྒོམ་ཅན་བྱེད་དགོས་ཤིང་། དུས་སྐབས་དེ་ལ་གང་རན་ཞིང་འཚམས་པ་དང་བསྟུན་ནས་ཕྲུ་གུ་ལ་གདོང་ལེན་བྱེད་དགོས། 

དཔེ་མཚོན་གཞན་ཞིག་ནི། ཁྱེད་རང་སོ་སོའི་གདུག་རོགས་སམ་གྲོགས་པོ་དང་མཉམ་དུ་ཡོད་སྲིད་པ་དང་། ཁོང་ཧ་ཅང་སེམས་སྡུག་དང་བཅས་ཏེ། “ང་ཁྱེད་ལ་དགའ་གི་མི་འདུག །ཁྱེད་རང་ནམ་ཡང་སླར་མཐོང་འདོད་མི་འདུག་” ཅེས་བརྗོད་པ་ལྟ་བུ་རེད། དེ་ནི་དོ་སྣང་བྱེད་འོས་པ་ཞིག་རེད། གང་ཡིན་ཞེ་ན། ང་ཚོས་དེའི་སྒང་ལ་རྟོག་འཆར་གང་ཞིག་སྐྲུན་གྱི་ཡོད་དམ། ང་ཚོས། “ཁྱེད་ཀྱིས་ང་ལ་ནམ་ཡང་བརྩེ་བ་སྤྲད་མ་སོང་། ནམ་ཡང་དགའ་གི་མ་རེད། དེ་ནི་ཁྱེད་ཀྱིས་རྟག་ཏུ་བསམ་གྱི་ཡོད།” ཅེས་ང་ཚོས་རྟོག་འཆར་སྐྲུན་སྲིད། ཁྱེད་རང་ཧ་ཅང་ཁོང་ཁྲོ་ཟ་གི་ཡོད། འོན་ཀྱང་ཁྱེད་ཀྱིས་དེའི་ཚབ་ལ། “འགྲིག་གི་འདུག །ཁོང་སེམས་སྐྱོ་འདུག །ཁོས་དེ་འདྲ་ཞིག་ལབ་སོང་། ཡིན་ནའང་ཁོང་ད་ལྟ་ཧ་ཅང་ཁོང་ཁྲོ་ཟ་གི་ཡོད་པ་ངས་ཤེས་ཀྱི་འདུག །དེ་ནི་རྒྱུ་མཚན་དང་མི་ལྡན་པའི་བརྗོད་སྟངས་ཤིག་རེད་འདུག་”ཅེས་བརྗོད་པ་ལྟ་བུ་རེད། སྐབས་དེ་དུས་མི་དེ་དང་མཉམ་དུ་རྩོད་གླེང་བྱེད་འགོ་བཙུགས་ནས། “ཁྱེད་རང་ང་ལ་ནམ་ཡང་མཐོང་འདོད་མི་འདུག་ཅེས་པའི་དོན་གང་ཡིན་ནམ།” ཞེས་པ་ནི་ཆོ་མེད་པ་རང་རེད། ངའི་སེམས་ནང་འདི་ནི་རྒྱུ་མཚན་དང་མི་ལྡན་པ་ཡིན་པ་ངས་ཤེས། ཁོ་རང་ཁོང་ཁྲོ་ལངས་འདུག །བྱས་ཙང་། ངས་བཟོད་སྒོམ་བྱེད་ཀྱི་ཡོད། ངས་སང་ཉིན་བར་དུ་བསྒུགས་ནས་སྐད་ཆ་ཤོད་ཀྱི་ཡིན་ཞེས་ཟེར་བ་ལྟ་བུ་རེད། 

ཆོས་ཕྱོགས་ཀྱི་ལམ་ལ་ཡང་དག་པའི་ལས་ཀ།

ང་རང་ལ་ལས་ཀ་དང་འབྲེལ་བའི་སྐོར་ལ་དྲི་བ་ཞིག་ཡོད། ཆོས་ཕྱོགས་ཀྱི་ལམ་འདི་དང་མུ་མཐུད་ནས་འབྲེལ་བ་གནས་པར་ལས་ཀའི་རིགས་གང་འདྲ་ཞིག་གིས་ཕན་ཐོགས་ཐུབ་བམ། ང་ལ་དཔེ་མཚོན་ཞིག་ཡོད། ང་རང་ཁྲིམས་མཐུན་གྱི་ཚོང་སྡེའམ་ཀམ་པ་ནི་ཆེན་པོའི་ནང་ལས་ཀ་བྱེད་ཆོག །འོན་ཀྱང་ངའི་གྲོགས་པོ་ཚོས། མ་འགྲོ། ཁྲིམས་མཐུན་གྱི་ཚོང་སྡེ་འདི་ཧ་ཅང་ཆེ་དྲགས་འདུག །དེས་ཁྱེད་ལ་གནོད་པ་དང་སེམས་ཤུགས་གཅོག་གི་རེད། ཁྱེད་རང་སེམས་གཡེངས་ནས་ཆོས་ཀྱི་ལམ་གྱི་རྗེས་སུ་འཇུག་གིན་ཡོད་པ་དྲན་པ་བརྗེད་ཀྱི་རེད་ཅེས་ཟེར་གྱི་ཡོད། ཞོར་ལས་དང་སྒེར་ལས་གང་བྱེད་མཁན། ཡང་ན་རང་གི་འདོད་པ་ནང་བཞིན་ལས་ཀ་བྱེད་མཁན་གང་ཡིན་རུང་ནང་པའི་ལས་ཀ་མང་ཆེ་བ་ནི་དེ་འདྲ་རེད། བྱས་ཙང་། ཁྱེད་ཀྱིས་ཆོས་ཕྱོགས་ཀྱི་ལམ་ཞིག་ལ་རང་གི་ལས་ཀ་དེ་མཉམ་སྡེབ་བྱེད་ཐུབ་བམ། 

རེད། མི་སུ་གཅིག་གིས་ཀྱང་དེ་ལས་སླ་པོ་ཡོད་ཅེས་བརྗོད་མེད། ཐོག་མར་ལས་རིགས་གང་འདྲ་ཞིག་བྱེད་ཀྱི་ཡོད་པའི་ཐད་ང་ཚོར་སྟངས་འཛིན་ཡོད་དགོས་ངེས་ཤིག་མིན། དེང་སང་རྒྱལ་ཁབ་མང་པོའི་ནང་། ལས་ཀ་མེད་མཁན་གྱི་རིགས་མང་པོ་ཡོད་པ་དང་། གལ་ཏེ་ཁྱེད་ལ་ལས་ཀ་ཞིག་རག་ན། ཁྱེད་རང་ཧ་ཅང་བསོད་བདེ་ཆེན་པོ་རེད། དོན་ངོ་མར་ང་ཚོས་བྱེད་འདོད་ཡོད་པ་དང་རང་གི་དགའ་སའི་ལས་ཀ་འཚོལ་ཐབས་བྱེད་ཀྱི་ཡོད། དེས་ང་ཚོ་བློ་ཕམ་འཇུག་གི་མེད་པ་དང་། ཕྱོགས་གཞན་ཞིག་ནས་དེས་གཞན་ལ་ཕན་གྱི་ཡོད། ང་ཚོས་ལས་ཀ་བྱེད་བཞིན་པའི་སྐབས། ནང་ཆོས་ནང་ལས་ཀ་བྱེད་བཞིན་པའི་སྐབས་ཀྱི་བཟོད་པ་དང་། བསམ་ཤེས། གཞན་ལ་སྙིང་རྗེ་སོགས་ཁྱད་ཆོས་བཟང་པོ་སྣ་ཚོགས་པ་གོང་འཕེལ་གཏོང་ཐབས་བྱེད་ཀྱི་ཡོད། དོན་དངོས་ཀྱི་འཛམ་གླིང་ནང་། ང་ཚོས་སོ་སོའི་རིག་རྩལ་དང་འཇོན་ཐང་སྤྱད་ནས་ལས་ཀ་འཚོལ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་དེ་ལྟར་བྱེད་མི་ཐུབ་པ་ཆགས་སྲིད། བྱས་ཙང་། ང་ཚོས་རྙེད་ཐུབ་པའི་ལས་ཀའི་རིགས་གང་འདྲ་ཞིག་ཡིན་རུང་། གལ་ཏེ་རྙེད་ན། གནས་སྟངས་བེད་སྤྱོད་བྱས་ཏེ། དེ་དང་མཉམ་དུ་ལས་ཀ་བྱེད་དགོས། ལས་ཀ་བྱེད་སར་མི་གཞན་དག་གིས་ཁོར་ཡུག་ཧ་ཅང་སེམས་ངལ་ཅན་ཞིག་སྐྲུན་ཐབས་བྱེད་སྲིད་ནའང་། དེ་ནི་ང་ཚོ་སེམས་ངལ་ཅན་ཆགས་པར་གདོང་ལེན་བྱ་རྒྱུ་དཀའ་ལས་ཆེ་བ་ཡོད་པའི་དོན་ཡིན། མ་མཐའ་ཡང་ཉིན་རེའི་ནང་པའི་ཉམས་ལེན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་སོ་སོའི་ཉམས་ལེན་གང་ཡིན་རུང་དུས་ཚོད་འདང་ངེས་ཤིག་དེའི་ཆེད་དུ་གཏོང་ཐབས་བྱེད་དགོས། 

གལ་ཏེ་ཁྱེད་ཀྱིས་ཆོས་ཉམས་ལེན་གྱི་རིགས་བྱེད་ཀྱིན་ཡོད་ན། སྐབས་འདིར་ང་ཚོས་ནང་པའི་ཉམས་ལེན་གྱི་སྐོར་ཤོད་ཀྱིན་ཡིན། ཉམས་ལེན་དེ་དོན་དང་ལྡན་པ་ཞིག་དགོས་ཤིང་། ཁྱེད་ལ་དོན་མེད་ཆགས་ཟིན་པའི་ཆོ་གའི་རིགས་བསྐྱར་ཟློས་བྱེད་པ་ཙམ་གྱིས་འགྲིག་གི་མེད། གང་ཡིན་ཞེ་ན། དེ་ནི་དེ་ཙམ་གྱི་ཕན་ནུས་ལྡན་པ་ཞིག་མེད། ཕན་ཐོགས་ཆེ་ཤོས་ནི་ཉིན་དེའི་ཀུན་སློང་བཅོས་རྒྱུ་དེ་རེད། དཔེར་ན། “ང་རང་དེ་རིང་བློ་ཕམ་མི་ཆགས་པ་བྱེད་ཀྱི་ཡིན། ངས་བཟོད་སྒོམ་བྱེད་ཀྱི་ཡིན། ངས་བསམ་ཤེས་བྱེད་ཀྱི་ཡིན།” ཞེས་ཟེར་བ་ལ་སོགས་པ་ལྟ་བུ་རེད། ཉིན་དེའི་མཐའ་མཇུག་ལ་ཉིན་དེ་ལ་གདོང་ལེན་ཇི་ལྟར་བྱས་ཡོད་པའི་སྐོར་བསྐྱར་ཞིབ་བྱ་རྒྱུ་དེ་ཡང་ཕན་ཐོགས་ཆེན་པོ་ཡོད། གལ་ཏེ་ང་ཚོ་བློ་ཕམ་བྱུང་བ་དང་སེམས་ངལ་བྱུང་བ་ཡིན་ན། དེ་ལ་བཟང་ཕྱོགས་ནས་གདོང་ལེན་བྱེད་ཐབས་གང་ཡོད་མེད་བལྟ་དགོས། གལ་ཏེ་ང་ཚོར་རང་ཉིད་ཞི་འཇམ་བཟོ་ཕྱིར་ཐབས་ལམ་ཞིག་དགོས་ན། ང་ཚོས་ནང་པའི་ཐབས་ལམ་བེད་སྤྱོད་བྱེད་ཆོག །དཔེར་ན། དབུགས་ལ་དམིགས་པ་གཏད་པ་ལྟ་བུ་རེད། ཐ་ན་ང་ཚོས་དེ་དག་ཐམས་ཅད་ཉིན་གཅིག་ལ་སྐར་མ་ལྔའི་རིང་བྱས་ན། དེ་ནི་དགེ་མཚན་ལྡན་པ་ཞིག་རེད། སོ་སོའི་མི་ཚེའི་ནང་ཆ་སྙོམ་ཞིག་རྙེད་ཐབས་བྱེད་དགོས། རང་གིས་རང་ཡག་པོ་རྟོགས་དགོས་པ་དང་རང་གི་ཆ་སྙོམ་མིན་པའི་སྐྱོན་རྣམས་གང་ཡིན་པ་དང་། རང་ཉིད་ཆ་སྙོམ་པོ་བཟོ་བར་གང་བྱེད་དགོས་མིན་ཤེས་དགོས། 

ངས་ཁྱེད་རྣམས་ལ་དཔེ་མཚོན་ཞིག་ཞུ་གི་ཡིན། ངའི་གྲོགས་པོ་ཡག་པོ་ཞིག་ལས་ཀ་ལ་ཧ་ཅང་སེམས་ངལ་གནོན་ཤུགས་བྱེད་ཀྱི་འདུག །ཁོང་ནང་ཆོས་ཉམས་ལེན་བྱེད་མཁན་ཞིག་རེད། ཁོང་གིས་ཧ་ཅང་ཕན་ཐོགས་ཆེན་པོ་ཞིག་རྙེད་པ་ནི། རྣོ་སྦྲེང་རོལ་ཆ་གཏོང་རྒྱུ་དེ་རེད་འདུག །ཁོང་གཞོན་དུས་ནས་རྣོ་སྦྲེང་རོལ་ཆ་བཏང་གི་ཡོད་ཀྱང་། བར་སྐབས་ནས་མཚམས་འཇོག་བྱས་འདུག །ཞོགས་པ་དང་དགོང་མོ་སྐར་མ་བཅོ་ལྔའི་རིང་རོལ་ཆ་དེ་གཏོང་བ་ལ་བརྟེན་ནས་ཆ་སྙོམ་ཞིག་ཁ་སྣོན་བྱེད་ཀྱི་ཡོད་པར་ཤེས་རྟོགས་བྱུང་འདུག །ཁོང་གི་ཉིན་མོའི་ནང་གསར་གཏོད་འདྲ་པོ་ཞིག་ཡོད་པ་སྟེ། ཀླད་པའི་གཡོན་ཕྱོགས་དེ་བེད་སྤྱོད་བྱ་རྒྱུའི་ཚབ་ལ་ཀླད་པའི་གཡས་ཕྱོགས་དེ་བེད་སྤྱོད་བྱེད་པའི་བྱ་བ་ཞིག་རེད། བྱས་ཙང་། ཁྱེད་ཀྱིས་ཆ་སྙོམ་ཞིག་ཡོང་བར་གང་ཁ་སྣོན་བྱེད་པ་དེ་ཡིན་གཅིག་མིན་གཅིག་ནང་པའི་བྱེད་སྒོ་ཞིག་ཡིན་མི་དགོས། རྣོ་སྦྲེང་རོལ་ཆ་གཏོང་བ་ཙམ་དེས་ཁོང་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད།

གལ་ཏེ་ངས་ལས་ཀའི་སྐབས་སུ་འཕྲད་སྲིད་པའི་གནས་སྟངས་ལ་ཞིབ་ཕྲར་དཔྱད་ཐབས་བྱས་ན། དེ་ནི་བདེ་པོ་དང་སྲུང་ཆ་ཡོད་པའི་གནས་སྟངས་ཀྱི་ནང་དུ་བསྡད་ནས་སྤྱིར་བཏང་གི་ཉམས་ལེན་མང་བ་བྱེད་ཐབས་བྱེད་པ་ཙམ་ལས་ཀྱང་ངའི་ཆོས་ཕྱོགས་ཀྱི་ལམ་དེ་ཕན་རླབས་ཆེ་བ་ཡོད་པ་ཤེས་རྟོགས་བྱུང་། 

བདེན་པ་རེད། དེ་ཡང་་གདོང་ལེན་དེ་དག་ཁོ་ན་བརྒྱུད་དེ་ང་ཚོ་ཡར་རྒྱས་འགྲོ་གི་ཡོད།

ནང་དུ་བསྡད་ནས་ཁ་འདོན་བྱེད་པ་ཙམ་མིན་པར། མི་གཞན་ལ་དངོས་སུ་ཕན་པའི་ལས་ཤིག་བྱེད་དགོས། 

རེད། མི་གཞན་ལ་ཕན་ཐོགས་བསྒྲུབ་རྒྱུ་དེ་ནི་རྦད་དེ་ཡག་ག་ཡོད་པ་ཤོད་མི་དགོས། དོན་ངོ་མར་ཁྱེད་ཀྱིས་ཚུལ་མཐུན་མིན་པའི་ལས་ལ་ཞུགས་ནས་གཞན་ལ་རོགས་པ་བྱེད་པ་ནི། མར་བསྡད་ནས་སྔགས་འདོན་པ་ལས་ཀྱང་ཕན་རླབས་ཆེ་བ་ཡོད། 

སྡུག་བསྔལ་ག་རེ་བྱས་ནས་ཡོད་པ་རེད་དམ། 

མི་ཞིག་སྐྱེས་པ་ནས་བདེ་སྐྱིད་དང་ལྡན་པར་འདོད་ཀྱི་ཡོད་པ་དང་མི་དེ་ལ་སྡུག་བསྔལ་མྱོང་འདོད་མེད། འོན་ཀྱང་ད་དུང་སྡུག་བསྔལ་མྱོང་གི་ཡོད། དེ་ལ་དཔག་པའི་གཉེན་པོ་ཞིག་ཕལ་ཆེར་མི་དེ་ལ་མེད་སྲིད། མི་ཧ་ཅང་པོ་སྡུག་བསྔལ་མྱོང་གི་ཡོད་པ་དང་དེའི་ཐད་ཅི་གང་བྱེད་ཐུབ་ཀྱི་མེད། བྱས་ཙང་། ཁོང་ཚོས་སྡུག་བསྔལ་རྣམས་གཅིག་སྟེང་གཅིག་བསྣོན་གྱིས་གསོག་གི་ཡོད། དེ་ལ་རྒྱུ་མཚན་རིགས་པ་གང་ཡང་མེད། དེ་དག་ཐམས་ཅད་ག་རེ་བྱས་ནས་འབྱུང་གིན་ཡོད་དམ། ང་ཚོར་སྡུག་བསྔལ་དེ་ག་རེ་བྱས་ནས་ཡོད་དམ། གང་ལྟར་ཡང་། སྡུག་བསྔལ་ག་རེ་བྱས་ནས་ཡོད་དམ། 

ཨེ་ལེགས། སྡུག་བསྔལ་ཡོད་པའི་རྒྱུ་མཚན་ནི། ང་ཚོ་དངོས་པོའི་གནས་ལུགས་ལ་རྨོངས་པའི་དབང་གིས་རེད། ཁྱེད་ཀྱིས་མཁྱེན་གསལ་ལྟར། ང་ཚོའི་སེམས་ཀྱིས་སྣང་བ་ཞིག་སྐྲུན་གྱི་ཡོད་པ་དང་། དེ་ནི་ཧ་ཅང་མགོ་རྙོག་ཚ་པ་ཞིག་ཡོད། དཔེར་ན། ང་ཚོའི་སེམས་ནང་སྒྲ་ཞིག་ཡོད་པ་དང་དེས་རྟག་པར་སྐད་ཆ་ཤོད་ཀྱི་ཡོད་པ་ལྟ་བུ་སྣང་གི་ཡོད། དེར་བརྟེན་སོ་སོའི་སེམས་ནང་ངའམ་བདག་ཆུང་ཆུང་ཞིག་ཡོད་པ་དེས་སྐད་ཆ་ཤོད་ཀྱིན་ཡོད་པ་ལྟ་བུ་ཚོར་གྱི་ཡོད། དེ་ནི་ “ཨོ། མི་རྣམས་ཀྱིས་ང་ལ་ག་རེ་བསམ་གྱི་ཡོད་ན། ད་ངས་ག་རེ་བྱེད་དགོས་སམ། ངས་འདི་ད་ལྟ་རང་བྱེད་དགོས། ངས་དེ་བྱེད་དགོས་ཀྱི་འདུག་” ཅེས་བརྗོད་མཁན་གྱི་རང་གི་སེམས་ནང་ཡོད་པའི་རྩོམ་པ་པོ་དེ་ཡིན་པ་དང་། དེས་སེམས་འཁྲལ་སོགས་བྱེད་ཀྱི་ཡོད། དེ་ལྟ་བས་ན་ང་ཚོའི་སེམས་ནང་བདག་ཅེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ལྟར་སྣང་གི་ཡོད། འོན་ཀྱང་ཁྱེད་ཀྱིས་དེའི་སྐོར་བསམ་བློ་བཏང་ན། དེ་ནི་ཆོ་མེད་ཁྲེལ་དགོད་ཀྱི་གནས་ཤིག་རེད། སྟངས་འཛིན་བྱེད་མཁན་གྱི་རྒྱབ་ཏུ་རྒྱང་གྲགས་སྐད་པར་བརྒྱུད་གནས་ཚུལ་རྣམས་མདུན་གྱི་ཡོལ་བའི་སྟེང་ལ་འཁྱེར་བ་དང་། དེ་ནས་བདག་ཆུང་ཆུང་དེས་མཐེབ་ཅུ་མནན་ཏེ་ལུས་ཀྱིས་བྱ་བ་བྱེད་འཇུག་པའམ། ཡང་ན་ངག་གི་སྒོ་ནས་སྐད་ཆ་ཤོད་འཇུག་མཁན་ལྟ་བུའི་ངའམ་བདག་ཆུང་ཆུང་ཞིག་མེད། དེ་ནི་རྟོག་པའི་འཆར་སྣང་རེད། མ་རེད་དམ། དབང་རྩའི་ཚན་རིག་གིས་དེ་ལ་མོས་མཐུན་བྱེད་ཀྱི་རེད། འོན་ཀྱང་དེ་ལྟར་སྣང་གི་ཡོད། ང་ཚོས་ང་ཟེར་བའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་དངོས་གནས་ཤིག་སེམས་ནང་གནས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ལ་ང་ཚོས་སེམས་འཁྲལ་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོར་ཡོད་པའི་ལུས་པོ་འདི་ནི་ཕྱིའི་མཉེན་ཆས་ལྟ་བུའི་སྐྱོན་གྱི་ཆ་ཞིག་ཡིན།

གཉེན་པོ་མེད་ན། སྡུག་བསྔལ་མུ་མཐུད་ངེས་མེད་དུ་གནས་ཀྱི་ཡོད།

འོན་ཀྱང་མི་བརྒྱ་ཆ་དགུ་ཅུ་གོ་ལྔ་ནི་སྡུག་བསྔལ་འདི་དང་མཉམ་དུ་སྡོད་ཀྱི་ཡོད་པ་དང་། ཁོང་ཚོས་དེ་སེལ་ཐབས་ཤེས་ཀྱི་མེད། དེ་འདྲ་ཡིན་ཙང་། ག་རེ་འབྱུང་གི་རེད་དམ། དེ་མུ་མཐའ་མེད་པ་དེ་ལྟར་གནས་ཀྱི་རེད་དམ།

རེད། དེའི་ཐད་གཉེན་པོ་ཞིག་མ་བསྟེན་ན། མུ་མཐུད་དེ་གནས་ཀྱི་རེད། ཡང་དེ་འདྲ་ཞིག་ཡིན་དགོས་པའི་ངེས་པའང་མེད། ང་ཚོ་གཉིད་ལས་སད་ནས་འདི་དངོས་ཡོད་དང་མཐུན་པ་ཞིག་མིན་པར་རྟོགས་དགོས། ངས་རྟོག་པའི་འཆར་སྣང་ལ་ཡིད་ཆེས་བྱེད་ཀྱིན་ཡོད་པ་དང་། རྟོག་པའི་འཆར་སྣང་འདི་གཞི་ལ་བཞག་ནས་བྱ་སྤྱོད་སྤེལ་གྱིན་ཡོད། དེ་ཡང་སེམས་ནང་ང་ཆུང་ཆུང་ཞིག་ཡོད་པ་དང་དེས་རང་གིས་རང་སྲུང་སྐྱོབ་བྱེད་དགོས་པ་དང་འཐབ་རྒོལ་བྱེད་དགོས་པ་ལ་སོགས་པ་ལྟ་བུ་རེད། སྐབས་རེར་ཁྱེད་ཀྱིས་རང་གིས་རང་སྲུང་སྐྱོབ་བྱེད་པ་དང་དམ་བཅའ་འཇོག་ལོས་དགོས། དེ་ནི་སྐབས་འདིའི་གནད་དོན་དེ་མ་རེད། གལ་ཏེ་མི་ཞིག་གིས་ཁྱེད་ཀྱི་ཕྱོགས་སུ་དངོས་པོ་ཞིག་གཡུགས་ན། ཁྱེད་ཀྱིས་ལག་པ་ཡར་གཟེད་དགོས་ངེས་རེད། དེ་ནི་ཁྱེད་ཀྱིས་རང་ཤུགས་ཀྱིས་བྱེད་ཀྱི་ཡོད། 

འོན་ཀྱང་ཁྱེད་ཀྱིས་དེའི་ཐད་ལ་ཉེན་སྲུང་མེད་པ་ཚོར་དགོས་པ་གང་ཡང་མེད་པ་དང་ཁྱེད་ཀྱིས་སྲུང་སྐྱོབ་བྱེད་དགོས་པ་ཅི་གང་མེད་པ་རྟོགས་ཐུབ། རང་གིས་རང་བདེན་པ་ཁུངས་སྐྱེལ་བྱེད་མི་དགོས། ཁྱེད་ཀྱིས་རང་ཉིད་བརྩེ་བ་སོགས་བྱ་འོས་པ་ཞིག་ཡིན་པའི་ཁུངས་སྐྱེལ་བྱེད་མི་དགོས། དེ་ནི་ཆོ་མེད་དོན་མེད་ཀྱི་སེམས་འཁྲལ་རེད། དེ་ནི་སེམས་ནང་ང་ཆུང་ཆུང་ཞིག་ཡོད་པ་དང་དེས་ཁུངས་སྐྱེལ་བྱེད་དགོས་པར་ཡིད་ཆེས་བྱེད་པ་ལ་གཞི་རྟེན་བྱས་ཡོད། ཁྱེད་རང་དེ་ལས་ཐར་བའི་སྐབས། ཁྱེད་ཀྱིས་སེམས་འཁྲལ་མེད་པའི་ཐོག་སྙིང་རྗེ་དང་། བཟོད་སྒོམ། བརྩེ་བའི་སྒོ་ནས་བྱ་སྤྱོད་སྤེལ་གྱི་རེད། “གལ་ཏེ་ངའི་བྱ་སྤྱོད་ཀྱིས་ཕན་གྱི་ཡོད་ན། འགྲིག་གི་འདུག །གལ་ཏེ་ཕན་གྱི་མེད་ན། ངས་གང་བྱེད་ཐུབ་བམ། ང་རང་ལྷ་ནི་མིན།” ཞེས་དེ་ལྟར་ཁྱེད་ཀྱིས་བསམ་བློ་གཏོང་ཐུབ། འོན་ཀྱང་ང་ཚོས་རྟོག་པའི་འཆར་སྣང་སྐྲུན་པ་དེ་དག་ཐམས་ཅད་ཕན་མེད་ཀྱི་གད་སྙིགས་ཙམ་ཡིན་པ་མ་རྟོགས་ཀྱི་བར་དུ་སྡུག་བསྔལ་མུ་མཐུད་གནས་ཀྱི་རེད། དེར་བརྟེན་དེ་ལྟར་ཧ་མི་གོ་མཁན་རྣམས་ལ་ང་ཚོས་སྙིང་རྗེ་བྱེད་ཀྱི་ཡོད། ཁོང་ཚོས་མི་དགེ་བའི་ལས་བརྩམ་པའི་སྐབས། ཁོང་ཚོར་ཁོང་ཁྲོ་བྱེད་པ་དང་ཉེས་ཆད་འགེལ་འདོད་བྱ་རྒྱུའི་ཚབ་ལ་སྙིང་རྗེའི་བསམ་བློའི་ཁྱེར་སོ་ཞིག་དགོས། དེ་ཡང་ཁོང་ཚོས་དེ་ལྟར་བྱ་སྤྱོད་སྤེལ་བ་ནི། ཕྲུ་གུ་སྤྱོད་འཚུབ་ཅན་ནང་བཞིན་ཁོང་ཚོས་ཡག་པོ་ཤེས་ཀྱི་མེད་པའི་རྒྱུ་མཚན་གྱིས་རེད།

མ་འོངས་པར་ནུབ་ཕྱོགས་པའི་ནང་ཆོས་ཟེར་བ་ཡོང་གི་རེད་དམ།

ནང་ཆོས་ནི་རིག་གཞུང་སྣ་ཚོགས་པའི་ནང་དང་ལེན་བྱས་ཏེ་ཡར་རྒྱས་ཕྱིན་ཡོད། དཔེར་ན། བོད་དང་། རྒྱ་ནག །ཐེ་ལེནྜ་ལ་སོགས་པའི་རིག་གཞུང་ལྟ་བུ་རེད། ཉིན་གཅིག་ནང་ཆོས་དེ་ནུབ་ཕྱོགས་ཀྱི་རིག་གཞུང་ནང་དང་ལེན་བྱས་པའི་དུས་ཚོད་ཅིག་ཤར་བ་དང་། དེ་ལ་བརྟེན་ནས་ང་ཚོས་ནང་ཆོས་དེ་རྒྱལ་ཁབ་བྱེ་བྲག་པ་ཞིག་གི་སྲོལ་རྒྱུན་རིག་གཞུང་ནང་བཞིན་ཉམས་ལེན་བྱེད་པ་ཙམ་མིན་པར། ནུབ་ཕྱོགས་རིག་གཞུང་གི་སྲོལ་རྒྱུན་རང་བཞིན་ལྟར་ཉམས་ལེན་བྱེད་པ་ཞིག་ཡོང་གི་རེད་བསམ་གི་འདུག་གམ། 

སྤྱིར་བཏང་བྱས་ན། དེ་འདྲ་རེད། དུས་ཚོད་དེ་འདྲ་ཞིག་ཤར་གྱི་རེད་བསམ་གྱི་འདུག །ཡིན་ནའང་རིག་གཞུང་གི་སྐབས་དོན་ལས་འདས་པའམ་དེའི་ཕྱི་ལོགས་སུ་ནང་ཆོས་ཟེར་བ་ཞིག་མེད། སངས་རྒྱས་བཅོམ་ལྡན་འདས་ནི་རྒྱ་གར་བ་ཞིག་ཡིན་པ་དང་། ཁོང་གིས་ཆོས་ཀྱང་རྒྱ་གར་གྱི་སྐབས་དོན་དང་འབྲེལ་བར་གསུངས་ཡོད། བྱས་ཙང་། རྒྱལ་ཁབ་དང་རིག་གཞུང་གང་དུ་ནང་ཆོས་དར་ཡོད་མེད་ལ་མ་ལྟོས་པར། ནང་པའི་བསམ་བློའི་ཁྱེར་སོའི་གཞི་རྩར་གྱུར་བའི་རྒྱ་གར་གྱི་གཞི་རྩའི་ཁྱད་རྣམ་འགའ་ཞིག་ཡོད། ངས་གང་ལ་གོ་བར་བྱེད་ཀྱིན་ཡོད་ཟེར་ན། ལས་དབང་ལ་བརྟེན་ནས་སླར་སྐྱེ་བ་དང་། མ་རིག་པའི་ཁ་གཏད་གཅོག་ཕྱིར། ཤེས་བྱ་དང་གོ་རྟོགས་རྙེད་པ་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་རུང་ཡིན་པ། འགྲོ་བ་མི་དང་དུད་འགྲོ་སེམས་ཅན་ལས་གཞན་པའི་སྐྱེ་གནས་མང་པོ་ཡོད་པར་ཡིད་ཆེས་པའི་སྒོ་ནས་སླར་སྐྱེ་བ་ལེན་པ་ལས་ཐར་བའི་དམིགས་ཡུལ་ལ་གོ་བ་ཡིན། གནད་དོན་དེ་དག་ཐམས་ཅད་ནི་གང་དུ་ཕྱིན་ཡོད་མེད་ལ་མ་ལྟོས་པར། སྤྱིར་བཏང་ནང་ཆོས་ཀྱི་རིག་གཞུང་དང་འབྲེལ་བ་རྣམས་རེད། དེ་ནས་རིག་གཞུང་ནས་རིག་གཞུང་དབར་མི་འདྲ་བའི་ཁྱད་ཆོས་ངེས་ཅན་དེ་འདྲའང་ཡོད།

ངས་ནམ་རྒྱུན་ཆོས་ཡངས་པ་ ༼ཆོས་ཟེར་དུས་ནང་ཆོས་ལ་གོ་༽ དང་ཆོས་ངོ་མ་གཉིས་ཀྱི་དབར་ཁྱད་པར་འབྱེད་ཀྱི་ཡོད། ཆོས་ཡངས་པ་ནི་ནུས་པའི་རྩི་གཞི་སྟེ་ཀེ་ལོ་རི་ཉུང་བ་དང་དར་ཛས་ཏེ་ཁཻ་ཧྥེན་ཉུང་བའི་འགྲེལ་ཚུལ་དེ་རེད། དེའི་ནང་སྐྱེ་བ་སྔ་ཕྱི་སོགས་ཀྱི་སྐོར་མེད། ཆོས་ཡངས་པ་ནི་ཚེ་འདི་ཁོ་ནའི་ཆེད་དུ་ཡིན། དེ་ནི་འགྲིག་པ་རེད། འོན་ཀྱང་དེའི་ནང་ཆོས་དེ་སེམས་ཁམས་རིག་པའི་རྣམ་པ་ཞིག་ཏུ་རྒྱ་ཆུང་དུ་གཏོང་གི་ཡོད། དེ་ཕན་ཐོགས་ཅན་ཞིག་ཡིན་པ་ནི་ཐེ་ཚོམ་མེད་ལ་དེ་ལ་ཐུན་མིན་གྱི་ཁྱད་ཆོས་ཁག་ཡོད། ཡིན་ནའང་དེ་ནི་ཆོས་ངོ་མ་དང་ཆོས་ཚད་ལྡན་དེ་མ་རེད། བྱས་ཙང་། གལ་ཏེ་ནུབ་ཕྱོགས་པའི་ནང་ཆོས་དེ་ཆོས་ཡངས་པའི་འགྲེལ་ཚུལ་ཙམ་ཞིག་ཏུ་གྱུར་ན། དེ་ནི་གྱོང་གུན་ཆེན་པོ་ཞིག་རེད་བསམ་གྱི་འདུག །དེ་ནི་ངའི་དྲྭ་ཚིགས་བརྒྱུད་ནས་བྱ་རྒྱུའི་ཐབས་ཤེས་ཀྱི་ཆ་ཤས་རེད། ངས་མ་མཐར་ཡང་ཆོས་ངོ་མ་དེ་ཤོད་ཐབས་བྱེད་ཀྱི་ཡོད། 

ནུབ་ཕྱོགས་ཀྱི་ཡར་ཐོན་རྣམས་སྲོལ་རྒྱུན་གྱི་ཨེ་ཤི་ཡའི་འགྲེལ་བརྗོད་ལ་ཁ་སྣོན་བྱེད་ཆོག་པ་དང་། དེས་ང་ཚོའི་གོ་རྟོགས་རྙེད་སྟངས་ལ་ཧ་ཅང་ཕན་ཐོགས་ཀྱི་རེད། ང་ཚོ་ནུབ་ཕྱོགས་པ་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་ཀྱི་ལམ་ནས་བསམ་བློ་གཏོང་གི་ཡོད་པ་སོང་ཙང་། ང་ཚོ་བསམ་བློའི་ཆུ་ཚད་ཡར་རྒྱས་ལ་དགའ་མོས་བྱེད་ཀྱི་ཡོད། ང་ཚོ་ཕན་ཚུན་མཚུངས་བསྡུར་གྱི་ལམ་ལུགས་ཐད་ཧ་ཅང་ཡག་པོ་ཡོད། དེ་ནི་ང་ཚོས་གང་སྦྱོང་བའི་ལམ་དེ་རེད།  དཔེར་ན། གྲུབ་མཐའ་འདི་དང་ཕ་གི་བསྡུར་ན་སྟོང་ཉིད་ཀྱི་ལྟ་བ་དེ་གང་རེད་དམ་ཞེས་དང་། དེ་ཇི་ལྟར་ཡར་རྒྱས་འགྲོ་གི་ཡོད་པའི་སྐོར་ཤེས་འདོད་ཡོད། ང་ཚོས་གནད་དོན་རྣམས་ཀྱི་མི་འདྲ་བའི་ཁྱད་པར་ལ་བརྟེན་ནས་རྟོགས་ཀྱི་ཡོད། དེར་བརྟེན་ངའི་བསམ་པར། འདི་ནི་ནུབ་ཕྱོགས་ནང་ཆོས་ཀྱི་ནང་གི་ཁྱད་ཆོས་རེད། དེ་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ནང་ཆོས་ལ་གོ་རྟོགས་རྙེད་ཚུལ་དེ་རེད། དེ་ཡང་གཞུང་ནང་གཅིག་བྲིས་ཡོད་པས་དེ་ག་རང་རེད་ཅེས་དད་པ་ཙམ་ལ་བརྟེན་ནས་ངོས་ལེན་བྱེད་པ་ཞིག་མིན། 

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་ཚན་རིག་དང་ནང་ཆོས་མཉམ་གྲོས་ཀྱི་ལམ་ཞིག་འཚོལ་ཐབས་གནང་མུས་རེད། ནང་ཆོས་ཀྱི་ནང་ཀླད་པའི་སྐོར་མེད། ནུབ་ཕྱོགས་ཀྱི་ཀླད་པའི་ཚན་རིག་ནི་ནང་ཆོས་དང་འགལ་བ་སྤུ་ཙམ་ཡང་མེད་པ་དང་། ནང་ཆོས་ལ་ཁ་སྣོན་ཧ་ཅང་ཡག་པོ་བྱེད་ཐུབ་ཀྱི་ཡོད། ད་དུང་རྡུལ་དང་འབྲེལ་བའི་དངོས་ཁམས་རིག་པ་དང་། ཀོན་ཊམ་དངོས་ཁམས་རིག་པ། སྣང་སྲིད་རིག་པ་སོགས་མང་དག་ཅིག་ཡོད། སངས་རྒྱས་ཀྱིས་ང་ཚོས་བདེན་པ་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་པའི་གནད་དོན་དེ་ཁས་ལེན་བྱེད་དགོས་ཤིང་། གལ་ཏེ་དེ་བདེན་པ་མིན་ན། ཁས་ལེན་བྱ་མི་ཉན་ཞེས་གསུངས་ཡོད་ཅེས་༧གོང་ས་མཆོག་གིས་ཡང་ནས་ཡང་དུ་གསུང་གནང་གི་ཡོད། འདི་ནི་ཞེན་འཛིན་རིང་ལུགས་ཀྱི་བསམ་བློའི་ཁྱེར་སོ་ལ་བརྟེན་ནས་ཚང་མ་ནང་པའི་གཞུང་ནང་ཡོད་པ་དང་། སངས་རྒྱས་གནའ་སྔ་མོ་ནས་གསུངས་ཚར་བ་ཡིན་ཙང་། ང་ཚོས་སྦྱོང་ཐུབ་པའི་གསར་པ་གང་ཡང་མེད་ཅེས་བློའི་ཁྱེར་སོ་ཞིག་གི་སྒོ་ནས་མིན། དེ་ལས་ལྡོག་སྟེ། གལ་ཏེ་སངས་རྒྱས་ཀྱི་ཆོས་དེ་ཚད་ལྡན་ཏག་ཏག་ཅིག་མེད་ན། ང་ཚོས་ཚན་རིག་གི་རྙེད་དོན་དང་བསྟུན་ནས་བཅོས་དགོས།

ནང་ཆོས་ལ་ནུབ་ཕྱོགས་པའི་ཕྱི་ཚུལ་གྱི་འགྱུར་ལྡོག་གཏོང་ལོས་དགོས། རྒྱ་གར་བ་ཚོ་ལ་ཡོད་པ་ནང་བཞིན་བོད་མི་རྣམས་དེ་དང་རིགས་འདྲ་བའི་རོལ་དབྱངས་དང་མེ་ཏོག་གི་མཆོད་པ་མེད་ངེས་རེད། བྱས་ཙང་། ང་ཚོར་བོད་པ་ཚོ་ལ་ཡོད་པ་དང་གཅིག་པ་ཞིག་དགོས་ཀྱི་མེད། དེ་དག་ནི་གནད་དོན་ཆུང་ཆུང་དང་རྒྱན་ཆ་ཙམ་རེད། གང་ལྟར་ཡང་། རོལ་དབྱངས་སོགས་ནུབ་ཕྱོགས་ཀྱི་ཁྱད་ཆོས་བླངས་ནའང་། ང་ཚོས་མཁོ་མེད་གཙིགས་ཆུང་དང་དཀྱུས་པ་ཙམ་དུ་ཆ་འཇོག་མི་བྱེད་པར། ཧ་ཅང་གུས་ཞབས་དང་གཟི་བརྗིད་ལྡན་པ་ཞིག་ཏུ་ཆ་འཇོག་བྱེད་དགོས་རྒྱུ་ནི་ཧ་ཅང་གལ་ཆེའོ།།

Top