དེང་དུས་འཛམ་གླིང་ནང་ནང་ཆོས་ཀྱི་འབྲེལ་བ།

ནང་ཆོས་དེ་ང་ཚོའི་དེང་དུས་ཀྱི་འཛམ་གླིང་ནང་འབྲེལ་བ་ཡོད་དམ། ཐོག་མར་ང་ཚོས་སྤྱིར་བཏང་མི་ཚེའི་ནང་ནང་ཆོས་ཀྱི་འབྲེལ་བའི་སྐོར་ཤོད་རྒྱུའི་ཚབ་ཏུ་དེང་དུས་མི་ཚེའི་ནང་ནང་ཆོས་ཀྱི་འབྲེལ་བའི་སྐོར་སྐད་ཆ་ཤོད་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་པའི་དྲི་བར་བསམ་བློ་གཏོང་དགོས་པ་ཞིག་ཡོད། སྤྱོད་བདེའི་ལག་ཐོགས་ཁ་པར་དང་འཕྲུལ་ཆས་ཀྱི་རིགས་གཞན་མང་དག་ཅིག་དེང་དུས་མི་ཚེའི་ནང་ལོངས་སུ་སྤྱོད་རྒྱུ་ཡོད་པ་ནི་གནའ་བོའི་ལོ་རྒྱུས་ཀྱི་དུས་སྐབས་དང་བསྡུར་ན། དེང་དུས་མི་ཚེའི་ནང་ཡོད་པའི་ཁྱད་ཆོས་མི་འདྲ་བ་ཞིག་ཡིན་པ་ཤོད་མི་དགོས། ལག་ཐོགས་ཁ་པར་དར་ནས་ལོ་ངོ་བཅོ་ལྔ་ལས་ཕྱིན་མེད། འོན་ཀྱང་སྤྱིར་བཏང་མི་རྣམས་གནས་སྟངས་ནི་དུས་ཚོད་དེ་ནས་བཟུང་སྟེ་གཅིག་པ་གནས་ཡོད། མི་རྣམས་ལ་རྟག་ཏུ་ཕན་ཚུན་རྩོད་གླེང་དང་མི་མཐུན་པ་ཡོང་གི་ཡོད། མི་རྣམས་སྐྱིད་པོ་མེད་པ་དང་ཞེ་བསུན་པོ་ཆགས་དང་ཆགས་མུས་རེད། མི་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་བ་དམ་པོ་དང་ཉེ་པོ་ཞིག་རྙེད་དཀའ་མོ་ཆགས་ཡོད། ང་ཚོ་དེང་དུས་དཔལ་འབྱོར་གྱི་དཀའ་ངལ་ལ་སེམས་འཁྲལ་ཡོད་པ་ཡིན་ན་འདྲ། ཡང་ན་ལོ་ངོ་སྟོང་ཕྲག་ཡར་སྔོན་དུ་ཆར་ཆུ་དུས་སུ་མ་བབས་པའི་ཐན་པ་བྱུང་ནས་ལོ་ཏོག་སྐྱེད་སྤེལ་ལ་གནོད་སྐྱོན་བྱུང་བའི་དཀའ་ངལ་ཡིན་ནའང་འདྲ་སྟེ། གང་ལྟར་ཡང་། མི་ཚང་མའི་མི་ཚེ་ནི་དངོས་ཤུགས་བརྒྱུད་གསུམ་ནས་སེམས་འཁྲལ་གྱིས་ཁེངས་ནས་ཡོད། ནང་ཆོས་ནས་ཐབས་ཤིག་སྟེར་གྱི་ཡོད་པ་དང་། དེ་ཡང་རང་སོ་སོའི་དུས་སྐབས་ཙམ་མིན་པར་དུས་སྐབས་ཐམས་ཅད་དུ་འབྲེལ་བ་ཡོད།

བརྙན་པར། དགེ་བཤེས་ལྷག་རྡོར། “ནང་ཆོས་ཟེར་བ་དེ་གང་རེད་དམ།”

ནང་པའི་ཚན་རིག་དང་། ནང་པའི་ལྟ་གྲུབ། ནང་པའི་ཆོས་ལུགས།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ཚན་རིག་དང་། ནང་པའི་ལྟ་གྲུབ། ནང་པའི་ཆོས་ལུགས་བཅས་ཀྱི་དབར་ལ་ཁྱད་པར་འབྱེད་གནང་གི་ཡོད། ཁོང་གིས་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་ཀྱིས་མི་ཚང་མར་ཕན་པའི་ལེགས་སྐྱེས་ཆེན་པོ་ཞིག་སྟེར་རྒྱུ་ཡོད་། ང་ཚོས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་ནང་གང་ཚང་བའི་ཆོས་ཚུལ་དང་ནང་གི་རྟོགས་པ་ལ་བརྟེན་ནས་གཞན་ལ་ཕན་འདོགས་པའི་ཕྱིར། ནང་པའི་ཆོས་ལུགས་ལ་ལྟ་བའམ་དོ་སྣང་བྱེད་དགོས་ཀྱི་མེད་ཅེས་གསུངས་། 

ནང་པའི་ཚན་རིག་གིས་སེམས་ཁམས་རིག་པ་དང་འབྲེལ་བ་བྱེད་ཀྱི་ཡོད། དེ་ནི་སེམས་ཀྱི་བྱེད་ལས་སམ་བྱ་བ་བྱེད་ཚུལ་དང་། སེམས་ཚོར་གྱི་བྱེད་ལས། ཤེས་པའི་བྱེད་ལས་བཅས་ཀྱི་སྐོར་ལ་ཧ་ཅང་གཏིང་ཟབ་པའི་དཔྱད་པ་ཞིག་ཡིན། ད་དུང་རྒྱུ་མཚན་རིགས་པ་དང་འཇིག་རྟེན་སྣང་སྲིད་རིག་པའི་སྐོར་ལའང་ལེགས་སྐྱེས་མང་པོ་ཞེ་དྲགས་ཡོད། ནང་པའི་ལྟ་གྲུབ་ཀྱིས་དངོས་པོའི་གནས་ལུགས་དང་འབྲེལ་བ་བྱེད་ཀྱི་ཡོད། དེ་ཡང་ང་ཚོས་དངོས་པོའི་གནས་ལུགས་ཇི་ལྟར་རྟོགས་པ་དང་། དངོས་པོའི་གནས་ལུགས་ལ་ཡོད་པའི་ང་ཚོའི་རྣམ་རྟོག་གི་སྤྲོས་པ་དང་འཆར་སྣང་ལ་ཇི་ལྟར་ཞིབ་དཔྱོད་བྱེད་པ་དང་འབྲེལ་ནས་ཡོད། དེ་དག་ནི་ནང་པའི་ཆོས་ལུགས་ཀྱི་རྣམ་པ་མང་བ་ཡོད་པའི་སྐྱེ་བ་སྔ་ཕྱི་དང་། ཐར་པ། ཐམས་ཅད་མཁྱེན་པའི་གོ་འཕང་སོགས་ཁས་ལེན་བྱེད་མི་དགོས་པའི་ཐོག་ནས་མི་སུ་འདྲ་ཞིག་ཡིན་ནའང་ཕན་ཐོགས་ཅན་གྱི་གནད་དོན་ཁག་རེད། དེར་མ་ཟད། སྒོམ་རྒྱག་རྒྱུ་དེ་བྱེད་སྒོ་ཞིག་ཡིན་པ་དང་དེས་མི་སུ་འདྲ་ཞིག་ལའང་ཕན་ཐོགས་སྲིད། དཔེར་ན། བློ་སྦྱོང་གི་སྒོ་ནས་སོ་སོའི་མི་ཚེའི་ནང་ཕན་ཐོགས་ཅན་གྱི་བསམ་ཕྱོགས་ཡར་རྒྱས་གོང་འཕེལ་གཏོང་ཆོག་པ་ལྟ་བུ་རེད།

ནང་པའི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་འབྲེལ་བ། 

ནང་པའི་སེམས་ཁམས་རིག་པ་དང་ལྟ་གྲུབ་ ༼ད་དུང་ནང་པའི་ཆོས་ལུགས་ཀྱང་ཚུད་༽ གཉིས་ཀའི་དམིགས་ཡུལ་གཙོ་བོ་ནི། སྡུག་བསྔལ་མེད་པ་བཟོ་རྒྱུ་དེ་རེད། ང་ཚོ་ཚང་མར་སེམས་ཀྱི་སྡུག་བསྔལ་དང་སེམས་ཁམས་ཀྱི་དཀའ་ངལ་ཆེན་པོ་ཡོད། གང་ཡིན་ཟེར་ན། ང་ཚོར་སེམས་ཚོར་གྱི་དཀའ་ངལ་མང་པོ་ཡོད། རྒྱུ་མཚན་དང་མི་ལྡན་ཞིང་དངོས་པོའི་གནས་ལུགས་ལ་རྨོངས་པའི་དབང་གིས་ང་ཚོར་དཀའ་ངལ་ཧ་ཅང་མང་པོ་འཕྲད་ཀྱི་ཡོད། དཀའ་ངལ་དེ་དག་ལས་ཐར་ཐབས་སུ་ནང་པ་སངས་རྒྱས་པའི་ཆོས་ཀྱིས་ང་ཚོར་ཕན་ཐོགས་ཐུབ། 

ནང་པའི་ཆོས་ལུགས་ནི། སྐྱེ་བ་ཕྱི་མའི་དཀའ་ངལ་དང་སྡུག་བསྔལ་ལས་ཐར་ཐབས་དང་། སྐྱེ་བ་རྒྱུན་གཅོད་ཀྱི་ཐར་པ་འཐོབ་པ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་བཅས་ཀྱི་སྐོར་ཤོད་ཀྱིན་ཡོད། འོན་ཀྱང་གལ་ཏེ་ང་ཚོས་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་སྒོ་ནས་བལྟས་ན། ཚེ་འདིའི་དཀའ་སྡུག་རྣམས་ཀྱང་ཉུང་དུ་གཏོང་བར་ཕན་ཐོགས་ཐུབ། 

སངས་རྒྱས་ཀྱི་ཆོས་ཀྱི་སྒྲོམ་གཞི་གཙོ་བོ་ནི། འཕགས་པའི་བདེན་པ་བཞི་ཟེར་བ་དེ་རེད། འཕགས་པ་ཞེས་པའི་ཐ་སྙད་དེ་ནི། དངོས་པོའི་གནས་ལུགས་མཐོང་བའི་འཕགས་པའི་གང་ཟག་རྣམས་ལ་གོ་བ་ཡིན། དངོས་པོའི་གནས་ལུགས་དངོས་སུ་རྟོགས་པའམ་མཐོང་བའི་གང་ཟག་རྣམས་ཀྱིས་དེ་བདེན་པ་ཡིན་པར་རྟོགས་པའི་ང་ཚོའི་མི་ཚེའི་ནང་གི་བདེན་དོན་རྣམས་རེད། 

སྡུག་བསྔལ་བདེན་པ། སྡུག་བསྔལ་དང་། བདེ་སྐྱིད། ངང་ངམ་ཤུགས་ཀྱི་རང་བཞིན། 

བདེན་པ་དང་པོ་ནི་སྡུག་བསྔལ་རེད། སྡུག་བསྔལ་བདེན་པ་གང་རེད་དམ། ང་ཚོ་ཚང་མར་འཕྲད་པའི་དཀའ་ངལ་དེ་གང་རེད་དམ། 

དཀའ་ངལ་དང་པོ་ནི་མི་སྐྱིད་པའམ་སྡུག་བསྔལ་དེ་རེད། སྡུག་བསྔལ་ལ་རིམ་པ་མང་པོ་ཡོད་ཆོག །ང་ཚོར་གྲོགས་བཟང་པོ་ཡོད་པ་དང་། ཟས་ཞིམ་པོ་བཟའ་བཞིན་པ་སོགས་ཐ་ན་ང་ཚོ་གནས་སྟངས་ཡིད་དུ་འོང་བའམ་སྐྱིད་པོ་ཞིག་གི་ནང་ཡོད་ནའང་། ད་དུང་ང་ཚོ་མི་སྐྱིད་པ་ཆགས་སྲིད། ཕྱོགས་གཞན་ཞིག་ནས་ཐ་ན་ང་ཚོ་གདུང་བའམ་སྡུག་བསྔལ་གྱི་ནང་ཡོད་ནའང་། ད་དུང་ང་ཚོ་རྙོག་དྲ་མེད་པའི་སྒོ་ནས་སྐྱིད་པོ་ཡོད་ཆོག་པ་དང་། བློ་ཕམ་དང་རང་གིས་རང་ལ་སྔོན་ཚུད་ལས་བྲེལ་མེད་པའི་སྒོ་ནས་ཞི་བདེའི་ངང་གནས་ཐུབ། སོ་སོའི་གནས་སྟངས་ངོས་ལེན་དང་བཅས་རང་གི་ནང་མི་བློ་ཕམ་དུ་མི་འཇུག་པའི་སེམས་འཁུར་བྱེད་ཆོག །བྱས་ཙང་། མི་སྐྱིད་པའམ་སྡུག་བསྔལ་ནི་ང་ཚོ་ཚང་མར་འཕྲད་པའི་དཀའ་ངལ་ཆེ་བའི་རིགས་དང་པོ་དེ་རེད། 

དཀའ་ངལ་གྱི་རིགས་གཉིས་པ་དེ་ཏོག་ཙམ་རྒྱུན་ལྡན་དང་མི་འདྲ་བ་ཞིག་རེད། བྱས་ཙང་། མི་མང་ཆེ་བས་དེ་ནི་དཀའ་ངལ་ཞིག་ཏུ་མཐོང་གི་མེད། སྡུག་བསྔལ་གྱི་རིགས་གཉིས་པ་ནི། ང་ཚོའི་བདེ་བ་དཀྱུས་མའམ་ཉི་ཚེ་བ་དེ་རེད། ང་ཚོའི་བདེ་བ་ཉི་ཚེ་བ་ལ་དཀའ་ངལ་གང་ཡོད་དམ། དཀའ་ངལ་ནི་བདེ་བ་དེ་གཏན་དུ་གནས་ཀྱི་མེད་པ་དང་ནམ་ཡང་འདོད་བློ་ཚིམ་པ་ཞིག་མེད། ང་ཚོར་འགྲིག་ངེས་ཤིག་ནམ་ཡང་མེད་པ་དང་དེ་འགྱུར་བ་འགྲོ་གི་ཡོད། ང་ཚོ་གནས་སྐབས་རིང་སྐྱིད་པོ་ཡོད། ཡིན་ནའང་གློ་བུར་དུ་ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་དེ་འགྱུར་བ་ཕྱིན་ནས་ང་ཚོ་སྐྱིད་པོ་ཞིག་ཡོང་གི་མེད། གློ་བུར་དུ་མི་སྐྱིད་པ་ཆགས་ཀྱི་ཡོད། གལ་ཏེ་ང་ཚོའི་བདེ་བ་ཉི་ཚེ་བ་དེ་དངོས་གནས་མཐར་ཐུག་གི་བདེ་བ་ངོ་མ་ཞིག་ཡིན་ན། ང་ཚོ་ལ་ག་ཚོད་མང་བ་ཡོད་པ་དེའི་ཚོད་ཀྱིས་ང་ཚོ་སྐྱིད་པ་ཡོང་དགོས། དཔེར་ན། འཁྱགས་ཞོ་ལྟ་བུར་བསམ་བློ་བཏང་ན། བསམ་བློའི་ནང་ང་ཚོས་དུས་གཅིག་ལ་འཁྱགས་ཞོ་ག་ཚོད་མང་བ་ཟས་པ་དེའི་ཚོད་ཀྱིས་ང་ཚོ་སྐྱིད་པ་ཡོང་དགོས་ངེས་རེད། འོན་ཀྱང་གང་ཙམ་ཞིག་ནས་འཁྱགས་ཞོ་དེ་བཟའ་རྒྱུར་སྐྱིད་པོ་ཚོར་གྱི་མེད། གལ་ཏེ་ང་ཚོས་ད་དུང་མུ་མཐུད་བཟས་ན། ང་ཚོ་ན་གི་རེད། བྱས་ཙང་། ང་ཚོས་འཐོབ་འདོད་ཀྱི་འབད་བརྩོན་བྱེད་པའི་བདེ་བ་ཉི་ཚེ་བའམ་ཟག་བཅས་ཀྱི་བདེ་བ་འདིའང་དཀའ་ངལ་ཅན་ཞིག་ཡིན།

བདེ་སྐྱིད་ནི་ཧ་ཅང་དོ་སྣང་བྱེད་འོས་པའི་གནད་དོན་ཞིག་ཡིན། ངས་ནམ་རྒྱུན་ང་རང་ཧ་ཅང་དགའ་བའི་ཟས་དེ་ལ་སྐྱིད་པོའི་ངང་ལོངས་སུ་སྤྱོད་པའི་ཆེད་ག་ཚོད་བཟའ་དགོས་སམ། བྲོ་བ་ཏོག་ཙམ་མྱོང་བ་དེས་འགྲིག་ངེས་ཡིན་ནམ། ངས་དེ་ཞིམ་པོའི་ངང་བཟས་པ་དང་ཡང་བསྐྱར་མི་དགོས་ཞེས་བརྗོད་ཐུབ་བམ་ཞེས་དེ་འདྲའི་ཐོག་ཡང་སེ་བསམ་བློ་གཏོང་གི་ཡོད། དོན་ངོ་མར་གནས་སྟངས་དེ་འདྲ་མིན་པ་ངས་ཤེས་སོང་། ང་ཚོས་ཇེ་མང་ནས་ཇེ་མང་བཟའ་འདོད་ཡོང་གི་ཡོད། དེ་འདྲ་ཡིན་ཙང་། ཐ་ན་སྐྱིད་པོ་དེ་ཡང་འདོད་བློ་ཁེངས་པ་ཞིག་མེད། 

དཀའ་ངལ་ཅན་གྱི་གནས་སྟངས་གསུམ་པ་ནི། ང་ཚོའི་ངང་ངམ་ཤུགས་ཀྱི་ཡོད་ཚུལ་དེ་རེད། ངང་ངམ་ཤུགས་ཟེར་དུས་ང་ཚོ་སོ་སོའི་སེམས་དང་སྤྱོད་ལམ་ལ་སྟངས་འཛིན་མེད་པའི་དོན་རེད། དཔེ་ཆ་བཞག་ན། སོ་སོའི་སེམས་ནང་ངང་ངམ་ཤུགས་ཀྱིས་ཆོ་མེད་པའི་གཞས་གཏོང་བཞིན་པ་དང་། ང་ཚོས་དེ་མཚམས་འཇོག་བྱེད་ཐུབ་ཀྱི་མེད། ཡང་མིན་ན་ངང་ངམ་ཤུགས་ཀྱི་མི་དགེ་བའི་བསམ་བློ་འཁོར་བ་དང་། ངང་ངམ་ཤུགས་ཀྱིས་སེམས་འཁྲལ་བྱེད་པ། ངང་ངམ་ཤུགས་ཀྱིས་རྒྱུན་ཆད་མེད་པའི་སྐད་ཆ་ཤོད་པ། དེ་བཞིན་ངང་ངམ་ཤུགས་ཀྱིས་གནོད་བྱེད་མི་དགེ་བའི་ལས་བྱེད་པ་ལྟ་བུ་རེད། དངོས་གནས་བྱས་ན། ངང་ངམ་ཤུགས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ་ནི་ནང་ཆོས་ནང་གི་ལས་ཞེས་བྱ་བ་དེ་གང་ལ་གོ་བ་དེ་རེད། ལས་ཀྱིས་ང་ཚོར་རང་དབང་དང་སྟངས་འཛིན་མེད་པར་ཡང་ནས་ཡང་དུ་བྱ་སྤྱོད་སྤེལ་བར་བཙན་སྐུལ་བྱེད་ཀྱི་ཡོད། ཐ་ན་རྟག་ཏུ་རང་ཉིད་སྐྱོན་བྲལ་དང་ཡང་དག་པ་ཞིག་ཡོང་ཐབས་བྱེད་པ་ལྟ་བུའི་སྤྱོད་ལམ་བཟང་པོ་ཟེར་བའི་ངང་ངམ་ཤུགས་དེ་ཡིན་ནའང་། ང་ཚོ་ནམ་ཡང་འདོད་བློ་ཁེངས་ཀྱི་མེད། རང་ཉིད་སྐྱོན་བྲལ་ཡང་དག་ཅིག་ཡོང་བའི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་ནི་དངོས་གནས་ཧ་ཅང་གི་སེམས་ངལ་ཅན་ཞིག་ཡིན་པ་དང་། དེ་ནི་ཡིད་དུ་འོང་བ་ཞིག་རྩ་བ་ནས་མིན།

བྱས་ཙང་། དགེ་མི་དགེ་གང་ཡིན་རུང་། ངང་ངམ་ཤུགས་ཀྱི་སྤྱོད་ལམ་ནི་རྩ་ནས་ཡག་པོ་ཞིག་མིན། འདི་ནི་ཧ་ཅང་དཀའ་ངལ་ཅན་ཞིག་རེད། དམིགས་བསལ་ང་ཚོས་ཁོང་ཁྲོ་དང་། འདོད་རྔམ། ཆགས་སེམས། ཕྲག་དོག་བཅས་ཀྱི་སྒོ་ནས་ངང་ངམ་ཤུགས་ཀྱིས་ལས་ཀ་བྱེད་པ་དང་། སྐད་ཆ་ཤོད་པ། བསམ་བློ་གཏོང་བ་ནི་དཀའ་ངལ་ཅན་ཞིག་ཡིན། མི་འགའ་ཞིག་ནི་རང་གི་ཟླ་རོགས་ལ་ཕྲག་དོག་བྱ་རྒྱུའི་ཞེན་འཛིན་ཆེན་པོ་ཡོད། ཁོང་ཚོ་ཧ་ཅང་སེམས་འཆོལ་བ་དང་དོགས་པ་ཚ་པོ་ཡོད། འདི་ནི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་གྱི་དཔེ་མཚོན་ཧ་ཅང་ཡིད་དུ་མི་འོང་བ་ཞིག་རེད། གལ་ཏེ་ང་ཚོས་ངང་ངམ་ཤུགས་ཀྱིས་བསམ་བློ་གཏོང་བ་དང་། སྐད་ཆ་ཤོད་པ། ལས་ཀ་བྱེད་པ་ལས་ཐར་བ་ཡིན་ན། དེ་ནི་ཧ་ཅང་ཡག་པོ་ཡོང་གི་རེད།

སྡུག་བསྔལ་གྱི་རྒྱུ་དངོས་འཚོལ་བར་སོ་སོའི་སེམས་ནང་ལྟ་ཞིབ་བྱེད་པ། 

ནང་ཆོས་ནས་ང་ཚོས་དཀའ་ངལ་དེ་དག་གི་རྒྱུ་རྣམས་གང་ཡིན་སོ་སོའི་སེམས་ནང་བལྟ་དགོས་ཞེས་གསུང་གི་ཡོད། སོ་སོའི་དཀའ་ངལ་དེ་ཕྱིའི་རྐྱེན་ལ་ཁག་དཀྲི་རྒྱུ་དེ་ལས་སླ་པོ་ཡོད། དཔེར་ན། དཔལ་འབྱོར་དང་། གནམ་གཤིས། ཡང་ན་ཆབ་སྲིད་རྒྱུ་མཚན་དུ་བྱས་ཏེ་ང་རང་ཁོང་ཁྲོ་ཟ་གི་འདུག་ཅེས་ཟེར་བ་ལྟ་བུ་རེད། དོན་ངོ་མར་དེ་དག་ནི་གོམས་གཤིས་འགའ་ཞིག་མངོན་དུ་འགྱུར་བའི་ཕྱིའི་ཆ་རྐྱེན་ཙམ་རེད། དེ་ཡང་སོ་སོའི་རྒྱུད་ལ་ཡོད་པའི་གོམས་གཤིས་ཏེ། རྙོག་དྲ་ཤོད་རྒྱུའི་གོམས་གཤིས་ལྟ་བུ། ང་ཚོས་དཀའ་ངལ་དེ་ཕྱི་རོལ་ནས་ཡོང་གི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་དཀའ་ངལ་ངོ་མ་ནི་ང་ཚོའི་ངང་ངམ་ཤུགས་ཀྱི་རྙོག་དྲ་དེ་ཡིན་པ་རེད། དངོས་གནས་བྱས་ན། ཕྱི་རོལ་ཏུ་གང་འབྱུང་བཞིན་ཡོད་ནའང་ཁྱད་པར་མེད། ཕྱིའི་བྱུང་རྐྱེན་ནི་ང་ཚོར་རྙོག་དྲ་ཤོད་རྒྱུའི་རྐྱེན་ཙམ་ཞིག་རེད། 

བརྙན་པར། དགེ་བཤེས་ལྷག་རྡོར། “ནང་ཆོས་སྦྱོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།”

ནང་ཆོས་ནང་གི་གདན་དོན་གཙོ་བོ་གཅིག་ནི། མི་ཚེ་འདི་ག་འདྲ་ཉམས་སུ་མྱོང་དང་མི་མྱོང་དེ་གཞི་རྩའི་ཆ་ནས་རང་སོ་སོར་རག་ལུས་ཡོད། མི་ཚེ་ནི་འཕེལ་འགྲིབ་འགྲོ་གི་རེད། ང་ཚོས་ཧ་ཅང་སེམས་དཀྲོག་རྐྱེན་གྱི་སྒོ་ནས་མྱོང་ཆོག་ལ། སེམས་ཞི་བདེའི་སྒོ་ནས་ཀྱང་ཉམས་སུ་མྱོང་ཆོག །དེ་ནི་དངོས་གནས་དྲང་གནས་རང་སོ་སོ་ལ་རག་ལུས་ཡོད། འོ་ན་ང་ཚོས་ག་རེ་བྱེད་དགོས་སམ་ཞེ་ན། རང་ཉིད་ལ་དཀའ་ངལ་གང་ཡོད་དམ། ངའི་དཀའ་ངལ་གྱི་རྒྱུ་རྣམས་གང་རེད་དམ། ངའི་སྡུག་བསྔལ་གྱི་རྒྱུ་རྣམས་གང་རེད་དམ། ངའི་བདེ་བ་ཉི་ཚེ་བ་འདི་དང་ངང་ངམ་ཤུགས་ཀྱི་རང་བཞིན་འདིའི་རྒྱབ་ཏུ་གང་ཡོད་དམ། དེའི་རྒྱུ་རྣམས་གང་རེད་དམ་ཞེས་རང་གི་རང་ལ་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། 

ནང་ཆོས་ནས་གང་གསུང་གི་ཡོད་ཅེ་ན། ང་ཚོའི་དཀའ་ངལ་གྱི་རྒྱུ་ངོ་མ་དེ་རྙེད་པར་བྱེད་པ་ལ།  ང་ཚོས་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་དགོས་ཞེས་གསུང་གི་ཡོད། དཔེར་ན། ང་ཚོས་ “ངའི་དཀའ་ངལ་ནི་ཁོང་ཁྲོ་ངན་པ་དེ་རེད་” ཅེས་བརྗོད་ཆོག་ཀྱང་། དེ་ལ་ང་ཚོས་ང་རང་ལ་ཁོང་ཁྲོ་ངན་པ་དེ་ག་རེ་བྱས་ནས་ཡོད་དམ། ཞེས་འདྲི་དགོས། དཀའ་ངལ་གྱི་རྒྱུ་ངོ་མ་ནི་རྨོངས་པ་ཡིན་པ་ང་ཚོས་ཤེས་ཀྱི་རེད། དེ་ཡང་རང་ཉིད་ཇི་ལྟར་གནས་ཡོད་པ་དང་། གཞན་རྣམས་ཇི་ལྟར་གནས་ཡོད་པ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཇི་ལྟར་གནས་ཡོད་པ། དེ་བཞིན་རང་ཉིད་ལ་གང་འབྱུང་བཞིན་པ་ཐམས་ཅད་ལ་རྨོངས་པ་དེ་རེད། ང་ཚོས་དངོས་པོའི་གནས་ལུགས་དེ་མ་མཐོང་བར། དེ་ལས་ལྡོག་སྟེ། དངོས་པོའི་གནས་ལུགས་ཀྱི་སྟེང་དུ་རྣམ་རྟོག་གི་སྤྲོས་པ་སྣ་ཚོགས་པ་ཞིག་སྐྲུན་གྱི་ཡོད། 

ཡིན་པ་མི་སྲིད་པའི་བསམ་བློའི་འཆར་སྣང་སྐྲུན་པ།

ང་ཚོས་དངོས་པོའི་གནས་ལུགས་ཀྱི་སྟེང་ལ་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པའི་རྟོག་འཆར་སྐྲུན་གྱི་ཡོད། དཔེར་ན། སོ་སོ་རང་ཉིད་ལ་མཚོན་ན། ང་ཚོ་ལ་ “ང་རང་ལ་རྟག་ཏུ་སོ་སོའི་ལམ་ཁ་ཡོད་ ལ་འདོད་མོས་ཡོད། མི་ཚང་མ་ང་དང་འདྲ་པོ་དགོས། མི་ཚང་མས་ང་ལ་དོ་སྣང་སྤྲོད་དགོས། ངས་གང་བརྗོད་པ་དང་གང་བསམ་པ་དེ་གལ་ཆེན་པོ་རེད་” ཅེས་པའི་བསམ་བློའི་ཁྱེར་སོ་ཞིག་ཡོད། ཁྱེད་ཀྱིས་འདིའི་དཔེ་མཚོན་འགའ་ཞིག་ཟིན་ཐོ་རྩོམ་བྲིས་དང་། བརྡ་འཕྲིན། སྤྱི་ཚོགས་བརྒྱུད་ལམ་བཅས་ཀྱི་ནང་མཐོང་ཐུབ། འཕྲུལ་ཆས་གསར་པ་དེ་ལ་བརྟེན་ནས་རྣམ་རྟོག་གི་སྤྲོས་པ་གང་ཡོང་གི་ཡོད་ཅེ་ན། ངས་གང་ཤོད་དགོས་པ་དེ་ནི་གལ་ཆེན་པོ་རེད། ངས་གང་ཤོད་དགོས་པ་དེ་འཛམ་གླིང་གི་མི་ཚང་མས་གོ་དགོས། ངས་ཞོགས་ཇ་འཐུང་ཚར་ཙམ་ཡིན་པས། མི་ཚང་མས་ངས་ཞོགས་ཇ་གང་བཟས་ཡིན་ཤེས་འདོད་ཡོད་ཤག་རེད། དེ་རིང་ཞོགས་པ་ངས་ཞོགས་ཇ་གང་འཐུང་ཡོད་པ་དེའི་ལན་དུ་གལ་ཏེ་མི་མང་པོས་དགའ་རྟགས་ལ་མནན་མེད་ན། ང་རང་ཉིན་གང་རྦད་དེ་བློ་ཕམ་ནས་སྡོད་པ་སོགས་རྟོག་འཆར་སྐྱེ་གི་ཡོད། 

ཕྱིན་ཅི་ལོག་པའི་འཆར་སྣང་གཞན་ཞིག་ནི། ངས་རྟག་ཏུ་ཚོད་འཛིན་གྱི་ནང་གནས་དགོས་ཀྱི་འདུག་ཅེས་པའི་བསམ་བློ་དེ་རེད། ང་ཚོས་གནས་སྟངས་ཤིག་གི་ནང་ཕྱིན་པ་དང་། ཚང་མ་སོ་སོའི་སྟངས་འཛིན་འོག་ཏུ་ཡོད་པ་ཚོར་གྱི་ཡོད། ང་ཚོས་ “ངས་ཚང་མ་ཤེས་ཀྱི་ཡོད། ང་རང་གི་འདོད་པ་ནང་བཞིན་ཚང་མ་བསྒྲུབ་པར་བྱེད་ཀྱི་ཡིན། ངས་ང་རང་གི་ལས་ཁུངས་ནང་ཡོད་པ་ཚང་མ་སྐད་བཏང་ནས་ང་རང་གི་འདོད་པ་ག་འདྲ་ཡོད་པ་ནང་བཞིན་ལས་ཀ་ཞིག་ཏག་ཏག་བྱེད་དུ་འཇུག་གི་ཡིན། ངས་སོ་སོའི་ནང་མི་ཚང་མ་བོས་ནས་ང་རང་གི་འདོད་པ་ནང་བཞིན་ཏག་ཏག་བྱེད་དུ་འཇུག་གི་ཡིན་” ཞེས་བསམ་གྱི་ཡོད། འདི་ནི་ཁུངས་ལུང་མེད་པ་ཞིག་རེད། འདི་ནི་མི་སྲིད་པ་ཞིག་ཡིན་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད། འོན་ཀྱང་དེ་ནི་ངའི་བྱེད་སྟངས་ནི་མ་ནོར་བ་དང་ཡང་དག་པ་དེ་ཡིན། མི་གཞན་ཚང་མའི་བྱེད་སྟངས་ནི་ནོར་བ་ཡིན་པ་དང་ང་ནང་བཞིན་ཡག་པོ་མིན་ཞེས་རྟོག་པའི་འཆར་སྣང་ཞིག་ལ་གཞི་བྱས་ཡོད། 

ཡང་མིན་ན་ང་ཚོས་མི་ཞིག་གི་སྟེང་ལ། “ཁྱེད་ཀྱིས་ང་ལ་ངེས་པར་དུ་དགའ་དགོས།” ཞེས་ཟེར་ བའམ། ཡང་ན་ “མི་འདི་ནི་དམིགས་བསལ་ཞིག་རེད་” ཅེས་རྟོག་འཆར་ཞིག་སྐྲུན་གྱི་ཡོད། མི་གཞན་དག་གིས་ང་ལ་དགའ་སྲིད་ལ་མི་དགའ་སྲིད་པས། དེ་ནི་ཁྱད་པར་མི་འདུག་ཅེས་ཡིད་ཆེས་ བྱེད་ཀྱི་ཡོད། དཔེར་ན། སོ་སོའི་ཕ་མ་དང་། སོ་སོའི་དགའ་ཤོས་ཀྱི་ཁྱི་ལྟ་བུ་རེད། འོན་ཀྱང་མི་བྱེ་ བྲག་པ་དེས་ང་ལ་ངེས་པར་དུ་དགའ་དགོས་ཤིང་། གལ་ཏེ་མ་དགའ་བ་ཡིན་ན། ང་རང་ཧ་ཅང་བློ་ ཕམ་གྱི་ཡོད། ངས་ལྷོ་སྣེའི་མཐའ་གླིང་ནང་གི་མཚོ་བྱ་པེན་གུན་ཁྱུ་ཚོགས་ལ་བསམ་བློ་གཏོང་བའི་ སྐབས། ང་རང་ལ་བསམ་བློ་འདི་རྟག་ཏུ་དྲན་གསོ་གཏོང་གི་འདུག །པེ་གུན་ཁྲི་ཕྲག་མང་པོ་ཡོད་པ་དང་། དེ་དག་ཐམས་ཅད་ང་ཚོའི་ངོར་ལ་གཅིག་པ་ནང་བཞིན་མཐོང་གི་ཡོད། འོན་ཀྱང་པེན་གུན་ཕོ་རྣམས་ཀྱི་ལྟ་ཚུལ་ལ་པེན་གུན་མོ་བྱེ་བྲག་པ་ཞིག་ཁྱུ་ཚོགས་ཁྲི་ཕྲག་ནང་ནས་གཅིག་ཡིན་པ་རེད། པེན་གུན་ཕོ་དེ་པེན་གུན་མོ་གཅིག་རང་དེ་ལ་འདོད་ཆགས་སྐྱེ་གི་ཡོད། མཚོ་བྱ་པེན་གུན་ཕོ་དེ་ལ་པེན་གུན་མོ་དེ་ནི། “དངོས་གནས་དམིགས་བསལ་ཞིག་ཡིན་པ་དང་། དེས་ང་ལ་དགའ་ན་བསམ་གྱི་ཡོད།” བྱས་ཙང་། པེན་གུན་འདི་དང་འགྲོ་བ་མི་འདི་གཞན་ཐམས་ཅད་ལས་གལ་ཆེ་བ་དང་། དམིགས་བསལ་ཞིག་ཡིན། གཞན་དག་ནི་ཁྱད་པར་མི་འདུག་ཅེས་བསམ་པ་དེ་ནི་རྣམ་རྟོག་གི་སྤྲོས་པའམ་རྟོག་འཆར་ཞིག་རེད། 

བྱས་ཙང་། ང་ཚོས་རང་གིས་རང་ལ་འུད་ཤོབ་ ༼ང་རང་དམིགས་བསལ་ཡིན་༽ བྱེད་པའམ། ཡང་ན་ང་ཚོས་མི་གཞན་ཞིག་ལ་འུད་ཤོབ་ ༼ཁྱེད་རང་དམིགས་བསལ་རེད་༽ བྱེད་ཀྱི་ཡོད། ཡང་མིན་ན་ང་ཚོས་སོ་སོ་ལ་གང་འབྱུང་བཞིན་པ་དེ་ལ་འུད་ཤོབ་བྱེད་ཀྱི་ཡོད། དཔེར་ན། ངའི་ཕྲུ་གུས་སློབ་གྲྭ་ནང་ཡག་པོ་བྱེད་ཀྱི་མེད་སྲིད། དེའི་འདྲའི་སྐབས་སུ་རང་ཉིད་ནི་འཇིག་རྟེན་ནང་དཀའ་ངལ་དེ་འདྲ་ཞིག་ཡོད་པ་གཅིག་པུ་དེ་ཡིན་པ་ནང་བཞིན་ཚོར་གྱི་ཡོད། ཡང་ངའི་རྒྱབ་ལ་ན་ཟུག་གཏོང་གི་འདུག་ཟེར་བའམ་ང་རང་སེམས་ངལ་ཅན་ཞིག་ཏུ་ཚོར་གྱི་འདུག་ཅེས་གཞན་སུ་གཅིག་ལའང་དཀའ་ངལ་དེའི་རིགས་མེད་པར་སོ་སོ་གཅིག་པུ་ལ་དཀའ་ངལ་དེ་ཡོད་པ། དེ་ཡང་འཛམ་གླིང་ནང་གི་དཀའ་ངལ་ཞེད་སྣང་ཚ་ཤོས་དེ་ཡིན་པར་བསམ་གྱི་ཡོད། དེ་ག་ནང་བཞིན་ང་ཚོས། “མི་སུ་གཅིག་གིས་ང་ཤེས་རྟོགས་མི་ཐུབ། གཞན་དག་རྣམས་ནི་ཤེས་རྟོགས་སླ་པོ་ཡོད། ཡིན་ནའང་ང་ནི་དམིགས་བསལ་ཅན་ཞིག་ཡིན་” ཞེས་བསམ་པ་ལྟ་བུ་རེད།

ང་ཚོས་དེ་དག་ཐམས་ཅད་ལ་འུད་ཤོབ་བྱེད་ཀྱི་ཡོད། དེ་ལ་རྟོག་འཆར་སྐྲུན་པ་ཟེར། ང་ཚོས་དེ་དག་གི་སྟེང་ལ་མི་སྲིད་པ་ཞིག་རྟོག་འཆར་བསྐྲུན་ནས་དེ་ལ་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནས་ང་ཚོ་ཉེན་སྲུང་མེད་པ་ཚོར་གྱི་ཡོད། དེས་ག་རེ་སྟོན་གྱི་ཡོད་ཅེ་ན། ང་ཚོས་རྟོག་འཆར་སྐྲུན་གྱིན་ཡོད་པ་དང་། རྟོག་འཆར་དེ་ནི་དངོས་པོའི་གནས་ལུགས་ལ་བརྟན་ཚུགས་པོའི་སྒོ་ནས་གཞི་རྟེན་བྱས་མེད། ང་རང་ཉེན་སྲུང་མེད་པ་ཚོར་བ་དང་། ཧ་ཅང་གལ་ཆེ་བའི་བདག་གམ་ང་འདི་ཉེན་སྲུང་དང་ལྡན་པ་བཟོ་ཐབས་ཆེད་སེམས་ཚོར་ཀྱི་ཐབས་བྱུས་སྣ་ཚོགས་པ་ང་ཚོར་ཡོད། དཔེ་ཆ་བཞག་ན། རང་ཉིད་ལ་རྟག་ཏུ་ལམ་ཁ་ཞིག་དང་འདོད་མོས་ཤིག་དགོས་མཁན་གྱི་བདག་གམ་ང་འདི་ལ་རང་གི་འདོད་པ་ནང་བཞིན་མ་བྱུང་བའི་སྐབས། ང་ཚོས་ག་རེ་བྱེད་ཀྱི་ཡོད་དམ། ང་ཚོ་ཁོང་ཁྲོ་ཟ་གི་ཡོད་པ་དང་། གནད་དོན་ཞིག་ལ་ཨུ་ཚུགས་དང་བཅས་ཏེ། འདི་ནི་ང་རང་ལ་འདོད་པ་ཡོད་པའི་གནས་སྟངས་འདི་མ་རེད་ཅེས་ཟེར་བ་དང་། ཡང་གནས་སྟངས་རྣམས་རང་གི་དགའ་མོས་ནང་བཞིན་འགྲོ་བཞིན་ཡོད་ན། ང་ཚོ་དེ་ལ་ཧ་ཅང་ཆགས་པ་སྐྱེས་ནས། གལ་ཏེ་ངས་རང་གི་ཉེ་འཁོར་དུ་ཡོད་པ་ཚང་མ་རང་གི་འདོད་པ་ནང་བཞིན་བསྐོང་ཐུབ་ན། དེས་ང་རང་ཉེན་སྲུང་ཡོད་པ་ཚོར་བར་བྱེད་ཀྱི་རེད་ཅེས་བསམ་བློ་གཏོང་བའམ། ཡང་ན་ང་ཚོ་ཧ་ཅང་འདོད་རྔམ་ཅན་དང་ཆགས་ཞེན་ཅན་དུ་གྱུར་ནས། གལ་ཏེ་མི་གཞན་ཞིག་ལ་སོ་སོའི་འདོད་པ་ནང་བཞིན་ཐོབ་པ་དང་ང་ལ་དེ་ལྟར་ཐོབ་མེད་ན། མི་དེ་ལ་གང་ཐོབ་པ་དེར་ཕྲག་དོག་དང་བཅས་རང་ཉིད་དེ་འཐོབ་འདོད་བྱེད་ཀྱི་ཡོད། དེ་ནས་ང་ཚོས་ངང་ངམ་ཤུགས་ཀྱི་ཉོན་མོངས་ཅན་གྱི་སེམས་ཚོར་དེ་དག་ལ་བརྟེན་ནས་བྱ་སྤྱོད་སྤེལ་གྱི་ཡོད། ང་ཚོས་མི་ཞིག་ལ་ཁོང་ཁྲོའི་སྒོ་ནས་སྐད་ལོག་རྒྱག་པ་དང་། ཕྲག་དོག་དང་འདོད་རྔམ་གྱི་བསམ་བློ་འཇིགས་སུ་རུང་བ་དེ་འདྲ་ངང་ངམ་ཤུགས་ཀྱིས་བསམ་གྱི་ཡོད། 

དེ་དག་ཐམས་ཅད་ནི་ང་ཚོའི་དཀའ་ངལ་གྱི་རྒྱུ་ངོ་མ་ལྟ་བུར་འགྲེལ་བརྗོད་བྱས་ཡོད། ང་ཚོ་སྐྱིད་པོ་ མེད་པའི་སྐབས། དེ་ལ་ག་རེ་བྱེད་དམ། ང་ནི་ཐབས་སྐྱོ་བ་ལ། ང་རང་ཧ་ཅང་སྐྱིད་པོ་མི་འདུག་ཅེས་རྙོག་དྲ་ཤོད་ཀྱི་ཡོད། གལ་ཏེ་ང་ཚོ་སྐྱིད་པོ་ཡོད་ན། སྐྱིད་པོ་དེ་འདང་ངེས་བཞིན་པ་དང་འདོད་བློ་ཚིམས་པ་ཞིག་ནམ་ཡང་ཡོང་གི་མེད། ང་ཚོས་བདེ་སྐྱིད་དེ་ལ་ཆགས་ནས་ནམ་ཡང་འདོད་བློ་ཁེངས་ཀྱི་མེད། ད་དུང་དེ་ལས་མང་བ་དགོས་འདོད་བྱེད་ཀྱི་ཡོད། གལ་ཏེ་རང་གིས་རང་ལ་ལྟ་ཞིབ་བྱས་ན། མཚམས་མཚམས་ཁྱེད་རང་ཁྱི་འདྲ་པོ་ཡོད་པ་ཤེས་ཀྱི་འདུག་གམ། ཁྱིས་ཁ་ལག་བཟའ་བའི་སྐབས། ཁྱི་དེས་གཡས་གཡོན་གང་སར་ལྟ་ཞིབ་བྱེད་བཞིན་དུ་ཁྱི་གཞན་དག་སླེབས་ནས་ཟས་དེ་འཕྲོག་ས་རེད་དམ་མ་རེད་ཅེས་ངེས་བརྟན་བཟོ་གི་ཡོད། བྱས་ཙང་། ཁྱི་དེ་ནང་བཞིན་ང་ཚོ་འགྲོ་བ་མི་རྣམས་ཀྱིས། ངས་བདེ་བ་མྱོང་བཞིན་ཡོད། ང་རང་གི་འདོད་པ་ནང་བཞིན་གནས་སྟངས་ཡག་པོ་འགྲོ་བཞིན་ཡོད། ཡིན་ནའང་མི་གཞན་ཞིག་གིས་དེ་འཕྲོག་སྲིད་ཅེས་ང་ཚོ་ཉེན་སྲུང་དང་བྲལ་བར་ཆགས་ཀྱི་ཡོད། 

ཇི་ཙམ་གྱི་བརྟག་དཔྱད་བྱས་ཏེ་རང་གིས་རང་ལ་བལྟས་ན། ང་ཚོས་གང་ཤེས་རྟོགས་ཡོང་བ་ནི་ངོ་མཚར་ཅན་ཞིག་ཡོད། ང་ཚོ་ལ་ “ང་རང་སྐྱིད་པོ་འདུག །ཡིན་ནའང་ད་དུང་ང་རང་དེ་ལས་སྐྱིད་པ་ ཆགས་སྲིད་ཅེས་དང་། ང་རང་སྐྱིད་པོ་མི་འདུག །འདི་ནི་གཏན་དུ་གནས་ཀྱི་རེད། ཐབས་སྐྱོ་བ་ལ། ང་རང་སེམས་ཞུམ་པ་འདི་ལས་ནམ་ཡང་ཐར་གྱི་མ་རེད་” ཅེས་པའི་བསམ་བློ་དེ་ཡོད། ང་ཚོའི་ སེམས་འདི་རྒྱུན་ཆད་མེད་པར་ང་ཚོ་ཇི་ལྟར་གནས་ཀྱི་ཡོད་པའི་ཐད་རྨོངས་པའི་ནང་སྐོར་ར་རྒྱག་ནས་སྡོད་ཀྱི་ཡོད་པ་ང་ཚོར་ཤེས་རྟོགས་ཡོང་གི་ཡོད།

དེ་ལ་ཐབས་གཞན་ཞིག་གི་ཐོག་ནས་བསམ་བློ་གཏོང་སྟངས་ཤིག་ནི་། གལ་ཏེ་ང་ལ་དངོས་པོ་ཞིག་ཡོད་ན། ང་རང་དེ་ལ་འདོད་བློ་ཚིམས་སྲིད། དཔེར་ན། ང་རང་ལ་ཆུ་ཚོད་གཅིག་ཡོད་པའི་དབང་དུ་བཏང་ན། ཆུ་ཚོད་དེ་འཕྲོ་བརླག་ཕྱིན་ན། ངས་བཟོ་བཅོས་བྱེད་ཆོག །རང་ཉིད་ལ་གང་ཡོད་པ་དེས་འདོད་བློ་ཁེངས་པ་བྱེད་ཐུབ། འོན་ཀྱང་དེའི་ཚབ་ལ་ང་ཚོས་མི་གཞན་ཞིག་གི་ཆུ་ཚོད་ལ་བལྟས་ནས། “ཨོ། ངའི་ཆུ་ཚོད་འདི་ལས་ཡག་ག་ཞིག་ཁོ་ལ་འདུག་” ཅེས་བསམ་གྱི་ཡོད། དེ་ནས་དཀའ་ངལ་འགོ་བཙུག་གི་ཡོད། “ཨོ། ངའི་ཆུ་ཚོད་འདི་ཁོང་གི་ཆུ་ཚོད་ནང་བཞིན་ཡག་པོ་མི་འདུག །ང་རང་གཅིག་པུ་ལ་ཆུ་ཚོད་སྤུས་ཚད་ཞན་པོ་འདི་ག་རེ་བྱས་ནས་ཡོད་དམ། ངས་འདི་ལས་ཡག་ག་ཞིག་ཇི་ལྟར་རག་ཐུབ་བམ། གལ་ཏེ་མི་རྣམས་ཀྱིས་ཧ་ཅང་སྤུས་ཚད་ཞན་ལ་རིན་གོང་ཆུང་བའི་ངའི་ཆུ་ཚོད་འདི་མཐོང་ན། ཁོང་ཚོས་ང་ལ་ག་རེ་བསམ་གྱི་རེད་དམ་” ཅེས་སེམས་འཁྲལ་གྱི་དཀའ་ངལ་ཡོང་གི་ཡོད། 

གཞན་གྱིས་ག་རེ་བསམ་གྱི་རེད་ཅེས་སེམས་འཁུར་བྱེད་པ་དེ་ནི་ཧ་ཅང་ཡོངས་གྲགས་ཀྱི་བསམ་བློའི་འདུ་ཤེས་ཞིག་རེད། གཞན་དག་གིས་རང་ཉིད་ལ་གང་འདྲ་མཐོང་སྣང་ཡོང་གི་ཡོད་པའི་སོ་སོ་རང་ཉིད་ཀྱི་མཐོང་སྣང་ཐད་སེམས་འཁྲལ་བྱེད་པ་དེའི་ནང་དཀའ་ངལ་ཧ་ཅང་མང་པོ་ཡོད། ང་ རང་གི་གནས་སྟངས་ལ་མཚོན་ན། ངས་དགེ་རྒན་ཡག་ཤོས་རྣམས་ལ་ཆུ་ཚོད་ཡག་ཤོས་དགོས་ ཞེས་བསམ་སྲིད། ཡིན་ནའང་བསམ་བློ་གཏོང་སྟངས་གཞན་ཞིག་ནི། ང་རང་ལ་ཆུ་ཚོད་རིན་གོང་ཆུང་ཆུང་ཞིག་ཡོད། ག་རེ་ཡོད་རེད། གལ་ཡོད་མ་རེད་ཅེས་པ་འདི་ནི་ང་ཚོ་ལ་ཡོད་དགོས་པའི་ནང་གི་རྟོགས་པ་དེ་རེད། ཆུ་ཚོད་ཀྱི་རིགས་ག་འདྲ་ཞིག་ང་ལ་ཡོད་མེད་ལ་དངོས་གནས་ཁྱད་པར་ཞིག་ཡོད་དམ། ངའི་ཆུ་ཚོད་ཀྱིས་ང་ལ་དུས་ཚོད་ཏག་ཏག་སྟོན་གྱི་འདུག །དེ་ནི་ངས་གང་སེམས་འཁུར་བྱེད་པ་དང་ང་རང་ལ་གང་དགོས་པ་དེ་རེད། 

ཡང་མཐའ་གཞན་ཞིག་ནས་བསམ་བློ་དེ་འདྲ་ཡོད་སྲིད། དཔེར་ན། ང་རང་ལ་ཆུ་ཚོད་ཡག་པོ་ཞིག་ དགོས་ཀྱི་འདུག་ཅེས་བསམ་རྒྱུའི་ཚབ་ལ། ང་རང་ནང་པའི་དགེ་རྒན་ཞིག་ཡིན་པའི་བཟོ་འདྲ་རེད། བྱས་ཙང་། ང་རང་སྙེམ་ཆུང་དང་རྒྱས་སྤྲོས་མེད་པ་ཞིག་བྱེད་དགོས་ཞེས་བསམ་ཆོག །ང་རང་ཧ་ཅང་རིན་གོང་ཆེ་བའི་དངོས་པོ་ཉར་རྒྱུ་མེད། གང་ཡིན་ཞེ་ན། མི་རྣམས་ཀྱིས་ངས་འདི་དག་ཐམས་ཅད་དངུལ་གྱི་དོན་དུ་བྱེད་ཀྱིན་ཡོད་བསམ་གྱི་རེད། ང་རང་ལ་ཆུ་ཚོད་རིན་གོང་ཆུང་ཆུང་འདི་ཡོད་པར་ཧ་ཅང་སྤོབས་པ་བྱེད་པ་དང་། ཆུ་ཚོད་འདི་མི་ཚང་མས་མཐོང་བར་བྱེད་འདོད་ཡོད། ངས་ངོམ་སོ་བྱེད་འདོད་ཡོད། དཔེ་ཆ་བཞག་ན། “ལྟོས་དང་། ངའི་ཆུ་ཚོད་འདི་ཧ་ཅང་རིན་གོང་ཁེ་པོ་རེད། ང་རང་ཧ་ཅང་སྙེམ་ཆུང་ཡིན། ང་རང་ནང་པ་ཞིག་ཡིན།” ཞེས་བརྗོད་པ་ལྟ་བུ་རེད། དེ་ནི་སེམས་ཀྱི་གནས་བབ་ཧ་ཅང་དཀྲོག་རྐྱེན་ཐེབས་པ་ཞིག་ཡིན་པ་གོར་མ་ཆག

དེ་འདྲ་སོང་ཙང་། དེ་ནི་སྡུག་བསྔལ་རེད། དེ་ནི་ནང་ཆོས་ཀྱི་གང་ཤོད་ཀྱིན་ཡོད་པ་དེ་རེད། དེ་ཡང་ རྨོངས་པ་དང་སེམས་འཁྲལ་གྱི་བསམ་བློའི་འགྲོས་དེ་ཇི་ལྟར་མེད་པ་བཟོ་རྒྱུ་དེ་རེད། སྡུག་བསྔལ་ དེ་དག་ཐམས་ཅད་ནི་ང་ཚོའི་བློའི་ཁྱེར་སོ་ལ་གཞི་རྟེན་བྱས་ཡོད། ལྷག་པར་དུ་རང་གིས་རང་ལ་བློའི་ཁྱེར་སོ་ག་འདྲ་ཡོད་མེད་ལ་གཞི་རྟེན་བྱས་ཡོད།

འགོག་པའི་བདེན་པ།

སངས་རྒྱས་ཀྱིས་གཟིགས་པའི་འཕགས་པའི་བདེན་པ་གསུམ་པ་ནི། དཀའ་ངལ་གྱི་རིགས་དེ་དག་ཐམས་ཅད་མེད་པ་བཟོ་ཐུབ་པ་དེ་རེད། དེ་དག་སླར་ནམ་ཡང་མི་འབྱུང་བའི་ཚུལ་དུ་མེད་པ་བཟོས་ནས་འགོག་པའི་བདེན་པ་ཞིག་ཐོབ་རུང་ཡིན། དེ་ནི་གཉིད་ཁུག་པ་དང་གཉིད་ཁུག་བཞིན་པའི་སྐབས་སུ་སོ་སོའི་དཀའ་ངལ་རྣམས་མྱོང་གི་མེད་པ་ཙམ་གྱི་དོན་མིན། གང་ཡིན་ཟེར་ན། ཁྱེད་རང་གཉིད་ལས་སད་པའི་སྐབས། དཀའ་ངལ་རྣམས་རང་འཇགས་འབྱུང་གི་ཡོད། ང་ཚོར་དེ་འདྲ་བའི་གནས་སྐབས་ཙམ་གྱི་དཀའ་ངལ་སེལ་ཐབས་ཤིག་དགོས་འདོད་མེད།

ང་ཚོས་དཀའ་ངལ་རྣམས་གཏན་ནས་མེད་པ་བཟོ་ཐུབ་ཅེས་ཤོད་པའི་རྒྱུ་མཚན་གང་རེད་དམ། དེ་ནི་སེམས་ནང་གི་རེ་འདུན་ཙམ་རེད་དམ། ཡང་ན་དེ་ནི་དོན་ངོ་མར་དངོས་སུ་འབྱུང་ངེས་པ་ཞིག་རེད་དམ། དེ་ལ་ནང་ཆོས་ནས་དཀའ་ངལ་དེ་དག་ཐམས་ཅད་གཏན་ནས་མེད་པ་བཟོ་ཐུབ་ཅེས་གསུང་གི་ཡོད། གང་ཡིན་ཞེ་ན། ང་ཚོའི་གཞི་རྩའི་སེམས་ཀྱི་རང་བཞིན་ནི་དག་པ་དང་དྲི་མ་མེད་པ་ཞིག་རེད། དེར་བརྟེན་དེའི་དོན་དག་གང་རེད་ང་ཚོས་ཤེས་དགོས་ཀྱི་ཡོད། ང་ཚོས་ནང་ཆོས་ནང་སེམས་ཀྱི་སྐོར་ཤོད་པའི་སྐབས། ང་ཚོས་སོ་སོའི་སེམས་ནང་འཕྲུལ་ཆས་ལྟ་བུ་ཞིག་ཡོད་པ་དེས་བསམ་བློ་གཏོང་གི་ཡོད་པའི་སྐོར་ཤོད་ཀྱིན་མེད། ང་ཚོས་སེམས་ཀྱི་བྱེད་ལས་ཡོངས་སུ་རྫོགས་པའི་སྐོར་ཤོད་ཀྱིན་ཡོད། ང་ཚོའི་སེམས་ཀྱི་བྱེད་ལས་ནི་མཚམས་མེད་པར་མུ་མཐུད་དེ་འགྲོ་གི་ཡོད། སེམས་ཀྱི་བྱེད་ལས་ཀྱི་ནང་དུ་བསམ་བློ་གཏོང་བ་ཙམ་མིན་པར་སེམས་ཚོར་དང་ཤེས་པ་རྣམས་ཀྱང་ཡོད། ནང་ཆོས་ནས་གཞི་རྩའི་སེམས་ཀྱི་བྱེད་ལས་ནི་རྨོངས་པ་དང་འདྲེས་ཡོད་པའི་ངེས་པ་མེད་ཅེས་གསུང་གི་ཡོད། དེ་ནི་ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་དང་འདྲེས་ཡོད་པའི་ངེས་པ་མེད། དེ་ནི་སེམས་ཀྱི་རང་བཞིན་གྱི་ཆ་ཤས་ཤིག་མིན། 

ང་ཚོ་རྟག་ཏུ་ཁོང་ཁྲོ་ཟ་བ་དང་རྨོངས་ནས་སྡོད་ཀྱི་ཡོད་པ་ལྟ་བུ་མཐོང་སྲིད། མི་མང་པོ་ཞིག་ལ་སོ་སོའི་སེམས་བརྒྱུད་དེ་གཞས་ཤིག་བསྐྱར་ལྡབ་ཡང་ལྡབ་ཀྱིས་གོ་བའི་ཉམས་མྱོང་ཞིག་ཡོད། དེ་ནི་ནམ་ཡང་མཚམས་འཇོག་མི་བྱེད་པ་ལྟ་བུ་ཞིག་ཡོད། ཞོགས་པ་ཡར་ལངས་པའི་སྐབས། གཞས་དེ་སླར་ཡང་འགོ་བཙུག་གི་ཡོད། དེ་ནི་བྱབ་ཆུང་ཤིག་རེད་ལ་ངང་ངམ་ཤུགས་ཀྱི་རང་བཞིན་རེད། གང་ལྟར་ཡང་། གཞས་དེ་ང་ཚོའི་སེམས་ཀྱི་རང་བཞིན་ངོ་མའི་ཆ་ཤས་ཤིག་མིན། གལ་ཏེ་ཡིན་ན། སྐྱེས་མ་ཐག་ནས་བཟུང་སྟེ་ད་ལྟའི་གནས་སྐབས་ཀྱི་བར་དུ་དེར་ཡོད་དགོས། འོན་ཀྱང་སེམས་ཀྱི་ བྱེད་ལས་ནི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་མེད། ངའི་སེམས་ནང་བྱབ་ཆུང་གི་གཞས་འདི་རྟག་ཏུ་གཏོང་གི་ཡོད་པ་ནི་བདེན་པ་ཞིག་མིན། དེ་ནི་མི་སྲིད་པ་ཡིན། ངས་སེམས་ནང་གི་གཞས་འདི་ལ་ཁ་གཏད་བྱེད་ཆོག །དཔེར་ན། ངས་དབུགས་གྲངས་ཀ་བརྩིས་ནས་འདི་ལ་གཉེན་པོ་བསྟེན་ཆོག །དེ་ནི་གནས་སྐབས་ཀྱི་རིང་དེ་མཚམས་འཇོག་བྱེད་པའི་ཐབས་ལམ་ཧ་ཅང་ལས་སླ་པོ་ཞིག་རེད། ཁྱེད་ཀྱིས་དབུགས་ཀྱི་གྲངས་ཀ་བཅུ་གཅིག་བར་དུ་ཡང་ནས་ཡང་དུ་བརྩི་དགོས། གལ་ཏེ་ཁྱེད་ཀྱིས་དངོས་གནས་དམིགས་པ་གཏད་པ་དང་རིག་པ་རྩེ་གཅིག་ཏུ་སྒྲིམ་བཞིན་ཡོད་ན། གཞས་དེ་མཚམས་འཇོག་གི་ཡོད། བྱས་ཙང་། དེས་གང་སྟོན་གྱི་ཡོད་ཅེ་ན། གཞས་དེ་ང་ཚོའི་སེམས་ཀྱི་རང་བཞིན་ནམ་ལྷན་སྐྱེས་སུ་ཡོད་པའི་ཆ་ཤས་ཤིག་མིན་པ་སྟོན་གྱི་ཡོད། 

ང་ཚོའི་བློའི་ཁྱེར་སོ་འགྱུར་བ་གཏོང་བའི་སྒོ་ནས་ཉོན་མོངས་ལ་ཁ་གཏད་གཅོག་པ།

འདི་ནི་ཉོན་མོངས་དང་གཅིག་པ་རེད། ང་ཚོས་དེ་དག་ལ་གཉེན་པོའི་སྟོབས་བསྟེན་ནས་གདོང་ལེན་ བྱེད་ཆོག །ང་ཚོས་སོ་སོའི་བློའི་ཁྱེར་སོ་འགྱུར་བ་གཏོང་ཆོག །སོ་སོའི་བློའི་ཁྱེར་སོ་འགྱུར་བ་གཏོང་བ་ལ་བརྟེན་ནས་སོ་སོའི་ཉམས་མྱོང་ཐམས་ཅད་འགྱུར་བ་འགྲོ་གི་རེད། ངས་ལས་གཞི་ཞིག་ཚར་བ་བྱེད་ཀྱི་ཡོད་པ་དང་། དེ་ལ་ཧ་ཅང་དཀའ་ལས་ཁག་པོའི་ཐོག་ནས་བལྟ་ཆོག །དེ་ནི་ཧ་ཅང་ཁག་པོ་ཡོད་པ་དང་ནམ་ཡང་ཚར་བ་བྱེད་མི་ཐུབ་པ་ལྟ་བུར་བལྟ་ཆོག །དེ་ནས་ང་རང་དངོས་ གནས་སྡུག་བསྔལ་མྱོང་གི་རེད། ཕྱོགས་གཞན་ཞིག་ནས་ངས་བློའི་ཁྱེར་སོ་འགྱུར་བ་བཏང་ནས་ དེ་ནི་གདོང་ལེན་བྱེད་ས་ཞིག་ཏུ་བལྟ་ཆོག །ངས་ “འདི་ནི་གདོང་ལེན་ངོ་མ་ཞིག་རེད། འདི་ཤེས་ ཐབས་བྱེད་པ་ནི་བློ་སྟོབས་སྐྱེད་རུང་གི་བྱ་བ་ཞིག་རེད། ངས་འདི་བྱེད་ཐུབ་ཀྱི་ཡོད་མེད་ལྟ་གི་ ཡིན།” ཞེས་བསམ་བློ་གཏོང་ཆོག །ངས་ལས་ཀ་དེ་ལ་མགོ་རྙོག་གི་དྲི་བ་ཞིག་ནང་བཞིན་ལས་ཀ་ལ་འཇུག་ཆོག །ང་ཚོས་གློག་ཀླད་ཀྱི་རྩེད་མོའི་རིགས་ལ་ཇི་ལྟར་འཇུག་གི་ཡོད་པ་ལ་བསམ་བློ་གཏོང་དགོས། ཁྱེད་ཀྱིས་རྩེད་མོ་དེ་ནམ་ཡང་རྩེད་མི་ཐུབ་བསམས་ནས་དེ་ལ་ཧ་ཅང་དཀའ་ལས་ཁག་པོའི་སྒོ་ནས་ལྟ་ཆོག །ཡང་ཁྱེད་ཀྱི་དེ་ལ་སྤྲོ་སྣང་ལྡན་པ་་ཞིག་ཏུ་བལྟ་ཆོག་ལ་དེ་ནི་བློ་སྟོབས་སྐྱེད་རུང་གི་བྱ་ལས་ལྟ་བུ་ཞིག་ལའང་བསམ་ཆོག །དཔེར་ན། ངས་རྩེད་མོ་འདི་ཤེས་པ་བྱེད་ཀྱི་ ཡིན། རྩེད་མོ་འདི་ལ་མཁས་པར་བྱེད་ཀྱི་ཡིན་ཟེར་བ་ལྟ་བུ། དེ་ནས་རྩེད་མོ་དེ་ཁག་པོ་ཡོད་ནའང་། ད་དུང་སྤྲོ་སྣང་ལྡན་པ་ཞིག་ཀྱང་ཡོད། བྱས་ཙང་། ཚང་མ་རང་ཉིད་ཀྱི་བློའི་ཁྱེར་སོ་འགྱུར་བཅོས་ གཏོང་བ་ལ་རག་ལུས་ཡོད། 

ང་རང་ཇི་ལྟར་གནས་པ་དང་། ཁྱེད་ཇི་ལྟར་གནས་པ། ངའི་ཉེ་འཁོར་དུ་ཡོད་པ་ཚང་མ་ཐམས་ཅད་ཇི་ལྟར་གནས་ཡོད་པའི་སྐོར་གྱི་རྨོངས་པ་དེ་ལ་གཉེན་པོ་ཏག་ཏག་ཅིག་ཡོད། དངོས་པོ་རྣམས་ཇི་ལྟར་གནས་ཡོད་པ་མི་ཤེས་པ་ལས་ལྡོག་སྟེ། དངོས་པོ་རྣམས་ཇི་ལྟར་བདེན་པར་གྲུབ་པ་ངས་ཤེས། གང་ནོར་བ་ཞིག་ཤེས་པ་ལས་ལྡོག་སྟེ། ངས་ཡང་དག་པ་མ་ནོར་བ་ཤེས་ཀྱི་ཡོད། 

དངོས་པོའི་གནས་ལུགས་རྟོགས་པའི་ཐབས་དངོས།

དངོས་པོ་རྣམས་ཇི་ལྟར་གནས་ཡོད་པ་དེ་མ་ནོར་བར་རྟོགས་པ་དེ་ནི་འཕགས་པའི་བདེན་པ་བཞི་ ཡིན། དེ་ལ་ནམ་རྒྱུན་ལམ་གྱི་བདེན་པ་ཞེས་ཟེར་གྱི་ཡོད། དེའི་དོན་ནི་གོ་རྟོགས་ཀྱི་ལམ་མ་ནོར་ བའམ་བདེན་པ་དེ་རེད། གོ་རྟོགས་ཀྱི་ལམ་བདེན་པ་དེས་གོ་རྟོགས་ཀྱི་ལམ་ནོར་བ་ཞིག་ལ་ཁ་ གཏད་གཅོག་གི་ཡོད། ནམ་ཞིག་ང་ཚོས་དངོས་པོ་རྣམས་ཀྱི་གནས་ཚུལ་འདི་འདྲ་རེད་ཅེས་ངེས་ ཤེས་རྙེད་པ་ཞིག་བྱུང་བའི་ཚེ། ང་ཚོས་དངོས་པོ་རྣམས་ཀྱི་གནས་ཚུལ་དེ་འདྲ་རེད་ཅེས་བསམས་ པའི་བློ་གཞན་དེ་མི་སྲིད་པ་དང་ཁུངས་མེད་ཡིན་པར་རྟོགས་ཀྱི་ཡོད། ངེས་ཤེས་དེ་ལ་བརྟེན་ནས་ ང་ཚོས་ཡང་དག་པའི་རྟོགས་པ་རྒྱུན་སྐྱོང་གི་ཡོད།

དཔེར་ན། མི་ཞིག་གིས་ “ང་ནི་འཇིག་རྟེན་ནང་གི་ལྟེ་བ་དེ་ཡིན། ང་ནི་གལ་ཆེ་ཤོས་དེ་ཡིན། ང་རང་ གི་འདོད་པ་ནང་བཞིན་ཚང་མ་བསྒྲུབ་དགོས།” ཞེས་བསམ་སྲིད། བསམ་བློ་དེ་ནི་ “ང་དངོས་གནས་སུ་ཡིན་ནམ། ང་རང་དམིགས་བསལ་མིན། ཚང་མ་གཅིག་པ་རེད། རང་གི་འདོད་པ་ནང་བཞིན་བསྒྲུབ་དགོས་མཁན་དེ་ང་གཅིག་པུ་ག་རེ་བྱས་ནས་རེད་དམ།” ཞེས་པའི་བསམ་བློས་ཁ་གཏད་གཅོག་གི་ཡོད། “ང་རང་དམིགས་བསལ་གང་ཡང་མིན། ང་ནི་གཞན་ཚང་མ་དང་གཅིག་པ་རེད་” ཅེས་པའི་བསམ་བློ་དེ་ནི་གོ་རྒྱུ་ཆེན་པོ་ཞིག་ཡོད། དེ་བདེན་པ་ཡིན་པ་ང་ཚོས་ཇི་ལྟར་ཤེས་སམ། གལ་ཏེ་ང་རང་འཇིག་རྟེན་གྱི་ལྟེ་བ་དང་། གང་འདོད་པ་ནང་བཞིན་བསྒྲུབ་དགོས་མཁན། དེ་བཞིན་མི་གཞན་ཚང་མས་རྩ་དོན་དེ་ལ་ངོས་ལེན་བྱེད་དགོས་ན། ཁོང་ཚོས་ངོས་ལེན་མི་བྱེད་པའི་རྒྱུ་མཚན་གང་རེད་དམ། ཁོང་ཚོ་གླེན་པ་ཡིན་ཙང་རེད་དམ། ང་རང་མ་སྐྱེས་སྔོན་ནས་འཚོ་གནས་བྱས་པ་དང་ཤི་བའི་མི་རྣམས་གང་རེད་དམ། ཁོང་ཚོས་ཀྱང་ང་ནི་མི་གལ་ཆེ་ཤོས་ཡིན་ཞེས་བསམ་དགོས་སམ། ང་རང་གཅིག་པུ་ལ་རང་གི་འདོད་མོས་ནང་བཞིན་བསྒྲུབ་དགོས་པ་དང་། ཁོང་ཚོར་འདོད་མོས་ནང་བཞིན་མི་བསྒྲུབ་པ་དེ་ཅིའི་ཕྱིར་ཡིན་ནམ། 

བྱས་ཙང་། ང་ཚོས་བརྟག་དཔྱད་བྱེད་དགོས། འཛམ་གླིང་ནང་ངའི་རྟོག་འཆར་སྐྲུན་སྟངས་དང་གདོང་ལེན་བྱེད་སྟངས་ཀྱིས་གོ་དོན་ཞིག་སྟོན་གྱི་འདུག་གམ་ཞེས་འདི་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གལ་ཏེ་འདིས་གོ་དོན་གང་ཡང་སྟོན་གྱི་མེད་ན། ངས་དེ་བདེན་པ་ཡིན་པ་ནང་བཞིན་ངང་ངམ་ཤུགས་ཀྱིས་བྱ་སྤྱོད་ཅིའི་ཕྱིར་སྤེལ་གྱིན་ཡོད་དམ། རང་གི་འདོད་པ་ནང་བཞིན་བསྒྲུབ་དགོས་པ་ནང་བཞིན་ཅིའི་ཕྱིར་བྱ་སྤྱོད་སྤེལ་གྱིན་ཡོད་དམ། ངའི་ཉེ་འཁོར་དུ་གང་འབྱུང་བཞིན་པ་ལ་རྟག་ཏུ་སྟངས་འཛིན་དགོས་པ་ཅིའི་ཕྱིར་ཡིན་ནམ། དེ་ནི་སོ་སོའི་མགོ་བོ་རྩིག་ངོས་ལ་བརྡུང་བ་ནང་བཞིན་རང་སྡུག་རང་གིས་འཁུར་གྱི་ཡོད། ངས་བྱ་སྤྱོད་དེ་འདྲ་སྤེལ་འགོ་བཙུག་གི་ཡོད་པ་ཤེས་པའི་སྐབས། དེ་ལ་དོ་སྣང་བྱ་རྒྱུ་ཐབས་ཤེས་བྱེད་ཀྱི་རེད། ངས་དེ་དོ་སྣང་བྱུང་མ་ཐག་རང་གིས་རང་ལ། “འདི་ནི་ཆོ་མེད་རེད་” ཅེས་བརྗོད་ཆོག་པ་དང་། དེ་ནས་ལས་དེ་མཚམས་འཇོག་བྱས་ཏེ་བྱ་མི་ཉན། སྤྱོད་ལམ་དེ་ངང་ངམ་ཤུགས་ཀྱི་རང་བཞིན་ཆགས་པའི་སྐབས། དེ་ནི་གང་འབྱུང་བཞིན་ཡོད་པ་ང་ཚོས་མི་ཤེས་པ་སོང་ཙང་རེད། 

ང་ཚོས་བསམ་བློ་གཏོང་སྟངས་བྱེ་བྲག་ཅིག་མཚམས་འཇོག་བྱ་རྒྱུ་ལས་སླ་པོ་མེད། ཡིན་ནའང་ང་ ཚོས་གོང་དུ་ཞུས་ཟིན་པའི་རང་གི་སེམས་ནང་ཡང་ནས་ཡང་དུ་འབྱུང་བའི་གཞས་དེ་ནང་བཞིན་སེམས་ཀྱི་མི་དགེ་བའི་སྤྱོད་ལམ་ལ་ཁ་གཏད་གཅོག་ཆོག་པའམ། ཡང་ན་མ་མཐར་ཡང་ང་ཚོས་ དབུགས་གྲངས་ཀ་བརྩིས་ནས་གནས་སྐབས་ཙམ་གྱི་རིང་མཚམས་འཇོག་བྱེད་ཆོག །ང་ཚོས་ དབུགས་དེ་ངང་ངམ་ཤུགས་ཀྱི་སེམས་འཁྲལ་དང་། ངང་ངམ་ཤུགས་ཀྱི་བསམ་བློ། དེ་བཞིན་བསུན་སྣང་དང་བློ་ཕམ་སོགས་ཀྱི་སེམས་ཚོར་དང་མཉམ་དུའང་ལག་བསྟར་བྱེད་ཆོག །ཐ་ན་ངས་དཀའ་ངལ་གྱི་རྒྱུ་ངོ་མ་རྣམས་གཏིང་ཟབ་པོའི་སྒོ་ནས་དཔྱད་པ་དང་ཤེས་རྟོགས་མ་ཐུབ་ནའང་། མ་མཐར་ཡང་ངས་མི་དགེ་བའི་བསམ་བློ་མུ་མཐུད་དེ་འཁོར་མི་འཇུག་པ་བྱས་ཏེ། དེའི་ཚབ་ལ་དབུགས་ཀྱི་གྲངས་ཀ་བརྩི་ཆོག །ཕྱོགས་གཞན་ཞིག་ནས་ང་རང་ཞི་འཇམ་སྡོད་ཆོག་པ་དང་། ངས་སེམས་འཁྲལ་གྱི་བྲེལ་ཟིང་། གནས་སྟངས་འདི་ངའི་འདོད་པ་ནང་བཞིན་ཅིའི་ཕྱིར་ཡོང་གི་མེད་དམ། ཞེས་བསམ་བློའི་སེམས་ངལ་གྱི་སྒོ་ནས་ངལ་གསོའམ་བར་སེང་ཏོག་ཙམ་ལེན་ཆོག །སེམས་ཀྱི་བར་སེང་རྗེས་སུ་ང་ཚོ་ཏོག་ཙམ་ཞི་འཇམ་པ་ཆགས་ནས། “གནས་སྟངས་ག་འདྲ་ཞིག་ཡིན་རུང་ཚང་མ་སོ་སོའི་འདོད་པ་ནང་བཞིན་བསྒྲུབ་དགོས་པའི་རེ་བ་ཅིའི་ཕྱིར་བྱེད་ཀྱི་ཡོད་དམ། ང་རང་ལྷའམ་དཀོན་མཆོག་རེད་དམ།” ཞེས་རང་གིས་རང་ལ་འདྲི་ཆོག

རྒྱུ་མཚན་དང་མི་ལྡན་པའི་བསམ་བློ་གཏོང་ཕྱོགས་ཀྱི་དཔེ་མཚོན་ཡག་པོ་གཞན་ཞིག་ནི། མི་ཚང་མ་ང་དང་འདྲ་པོ་དགོས་པའི་ཡིད་ཆེས་དེ་རེད། དེའི་ཁ་གཏད་ཀྱི་གཉེན་པོ་ནི། ཐ་ན་སངས་རྒྱས་ཞལ་བཞུགས་པའི་སྐབས་སུའང་མི་ཚང་མས་སངས་རྒྱས་ལ་དགའ་གི་མེད། བྱས་ཙང་། མི་ཚང་མ་ང་ལ་དགའ་དགོས་ཀྱི་རེད་ཅེས་ངས་རེ་བ་ཅིའི་ཕྱིར་བྱེད་དམ། དེས་ང་ཚོ་ཏོག་ཙམ་དངོས་པོའི་གནས་ལུགས་དང་མཐུན་པར་ཕན་གྱི་ཡོད། མི་ཚེའི་གཞི་རྩའི་བདེན་དོན་འགའ་ཞིག་ཡོད། དེ་དག་ལས་གཅིག་ནི་ཁྱེད་ཀྱིས་མི་ཚང་མར་དགའ་པོ་བཟོ་མི་ཐུབ་པ་དེ་རེད། ང་ཚོས་ཚང་མ་དགའ་པོ་བཟོ་འདོད་ཡོད་སྲིད་ནའང་། སྟབས་ཉེས་པ་ཞིག་ལ་དེ་ནི་མི་སྲིད་པ་རེད། ང་ཚོས་མི་གཞན་དག་དགའ་པོ་བཟོ་དང་མི་བཟོ་ནི་མི་ཕ་རོལ་པོ་དེ་དག་ལ་རག་ལུས་ཡོད། ཁོང་ཚོའི་བློའི་ཁྱེར་སོ་ལ་རག་ལུས་ཡོད། དེ་ནི་ངས་སྟངས་འཛིན་བྱེད་མི་ཐུབ། དེ་ནི་ཧ་ཅང་སྟོབས་དང་ལྡན་པའི་ནང་གི་རྟོགས་པ་ཞིག་རེད། དེ་ཡང་མི་རྣམས་ཀྱིས་ང་ལ་གོ་ཤེས་ལྡན་པ་ཞིག་བྱེད་དང་མི་བྱེད་ནི་རྒྱུ་དང་རྐྱེན་སྣ་ཚོགས་པའི་འབྲས་བུ་ཡིན། ཁོང་ཚོས་ང་ལ་ཡ་ལན་སྤྲོད་སྟངས་དེ་ངའི་ལས་ཁོ་ནར་རག་ལུས་པ་ཞིག་མིན། ང་ཚོའི་ངོས་ནས་གང་ཐུབ་ཅི་ཐུབ་བྱེད་དགོས་པ་ནི་ཤོད་ག་ལ་དགོས། འོན་ཀྱང་ང་ཚོས་གང་མི་སྲིད་པ་དེ་ལ་རེ་བ་བྱ་རྒྱུ་མེད། ང་ཚོས་ཡག་པོ་བྱེད་རྩིས་ཡོད་པ་དང་། སྤྱོད་ལམ་ཚུལ་བཞིན་དུ་བྱ་རྒྱུ་ཐབས་ཤེས་བྱེད་ཀྱི་ཡོད་ནའང་། སུ་གཅིག་ཀྱང་སྐྱོན་བྲལ་ཡང་དག་ཅིག་མིན། སངས་རྒྱས་ཁོ་ན་སྐྱོན་བྲལ་ཡང་དག་ཡིན། འོན་ཀྱང་ང་ནི་སངས་རྒྱས་མིན། 

ཡང་དག་པའི་གོ་རྟོགས་དང་ལམ་ཞེས་པའི་དོན་ནི། ང་ཚོས་ཞིབ་དཔྱོད་དང་བཅས་རྨོངས་པ་དེ་ གོ་རྟོགས་གསལ་པོ་དང་མཉམ་དུ་ཕན་ཚུན་ནུས་པ་འགོག་ཐབས་བྱེད་པ་དང་། སོ་སོ་རང་ཉིད་ དང་། ཁྱེད་རང་། དེ་ག་ནང་བཞིན་གཞན་ཐམས་ཅད་དང་ཆོས་ཐམས་ཅད་ཇི་ལྟར་གནས་ཡོད་པའི་ཚུལ་དེ་རྟོགས་རྒྱུ་དེ་ཡིན། 

སྣུམ་འཁོར་འཚང་འགག་ལ་ཡ་ལན་སྤྲོད་ཚུལ།

ངས་དེང་དུས་མི་ཚེ་ལས་དཔེ་མཚོན་ཞིག་ཞུས་ན། ང་རང་སྣུམ་འཁོར་འཚང་འགག་གི་ནང་འཁར་བ་དང་དེས་ངས་སྔོན་ཚུད་ནས་ཐུག་འཕྲད་ཀྱི་དུས་ཚོད་བཟོས་པ་དེར་རྗེས་ལུས་ཐེབས་ཀྱི་ཡོད། དེ་ འདྲའི་གནས་སྐབས་སུ་ངས་གནས་སྟངས་དེ་མི་སྐྱིད་པ་ཞིག་ཉམས་སུ་མྱོང་གི་ཡོད། དེ་ལ་བརྟེན་ ནས་ངས་ངང་ངམ་ཤུགས་ཀྱི་བཟོད་སྒོམ་ཤོར་ནས་ཁོང་ཁྲོས་ཁེངས་པའི་བསམ་བློ་ངན་པའི་རིགས་གཏོང་བཞིན་ཡོད། གནས་སྟངས་དེ་འདྲའི་ནང་། སོ་སོའི་བསམ་བློར་གདོང་ལེན་དང་སྟངས་འཛིན་བྱེད་པར་ཁྱེད་ཀྱིས་སྐྱེས་བ་ཕྱི་མར་ཡིད་ཆེས་བྱེད་མི་དགོས། ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་གཞི་རྩའི་ནང་གི་རྟོགས་པ་དེས་གནས་སྟངས་དེ་འདྲའི་སྐབས་སུ་ང་ཚོར་རོགས་བྱེད་ཐུབ། ངས་གནས་སྟངས་ལ་བརྟག་དཔྱད་འདི་ལྟར་བྱེད་ཆོག་སྟེ། ག་རེ་འབྱུང་བཞིན་ཡོད་དམ། ང་རང་རྗེས་ལུས་ཐེབ་ཀྱི་འདུག །ང་རང་སྐྱིད་པོ་མི་འདུག །ང་ཚོས་དེ་ལ་ “ག་རེ་ཡོད་རེད། ང་རང་སྐྱིད་པོ་མི་འདུག་” ཅེས་བརྗོད་ནས་དེ་ག་རང་ལ་འཇོག་དགོས། འོན་ཀྱང་དེ་ལས་ལྡོག་སྟེ། དངོས་ཡོད་གནས་སྟངས་ངོས་ལེན་དང་བཅས་ང་རང་སྐྱིད་པོ་མི་འདུག་ཅེས་མི་སྐྱིད་པ་དེ་ལ་དམིགས་པ་གཏད་པ་དང་། དེ་ལ་རྦད་དེ་ཆགས་ཞེན་བྱེད་པ་དང་། མི་སྐྱིད་པ་དེ་གཏན་དུ་གནས་ཀྱི་རེད་ཅེས་རྟོག་འཆར་སྐྲུན་གྱི་ཡོད། དེ་ལ་ནང་ཆོས་ནང་གཟུགས་བརྙན་བེད་སྤྱོད་བྱས་ཡོད་པ་ནི། རང་ཉིད་སྐོམ་པའི་མི་ཞིག་ལྟར་ཡིན་པ་དང་། ཆུ་ལ་ཞེན་ནས་རང་ཉིད་སྐོམ་པ་ལ་བརྟེན་འཆི་བཞིན་ཡོད་པ་ལྟ་བུ་རེད། ངས་མྱོང་བཞིན་པའི་མི་སྐྱིད་པ་དེ་ནི་ཧང་སངས་དགོས་པའི་ཁ་སྐོམ་པ་དང་། རང་ཉིད་ཆུ་ཡིན་གཅིག་མིན་གཅིག་དགོས་ཀྱི་འདུག་ཅེས་ཚོར་བ་འདྲ་པོ་རེད། སྣུམ་འཁོར་འཚང་འགག་གི་གནས་སྟངས་ནང་། ངས་ “གནས་སྟངས་འདི་ནས་ངེས་པར་དུ་ཐར་བར་བྱེད་དགོས་ཀྱི་འདུག །སེམས་མི་སྐྱིད་པ་དང་ཞེ་བསུན་འདི་ནས་ཐར་བའི་བར་དུ་ངས་སྒུག་ཐུབ་ས་མ་རེད་” ཅེས་བསམ་གྱི་རེད། དེ་ནི་མི་ཁ་སྐོམ་མཁན་དེས་ “ངས་ཆུ་མ་འཐུང་བར་དུ་སྒུག་ཐུབ་ས་མ་རེད་” ཅེས་བསམ་པ་དང་འདྲ་བ་ཡིན།

སྐོམ་པའི་གཟུགས་བརྙན་འདི་ང་ཚོ་སྐྱིད་པོ་ཚོར་བའི་སྐབས་སུའང་བེད་སྤྱོད་བྱེད་ཀྱི་ཡོད་པ་ནི་དོ་སྣང་བྱེད་འོས་པ་ཞིག་རེད། བདེ་སྐྱིད་དང་ལྡན་ན་བདེ་སྐྱིད་དེ་རྫོགས་པར་འདོད་ཀྱི་མེད་པ་དང་། དེ་ལ་ང་ཚོས་དམ་པོ་འཛིན་གྱི་ཡོད། བསམ་བློ་ཐོངས་དང་། གལ་ཏེ་ཁྱེད་རང་ཧ་ཅང་ཁ་སྐོམ་པའི་སྐབས། ཆུ་ཧུབ་དང་པོ་དེ་འཐུང་ན་ཚོར་བ་གང་འདྲ་ཡོད་དམ། དེའི་སྐབས་ཀྱི་བསམ་བློའི་ཁྱེར་སོ་དེ་གང་རེད་དམ། ང་ཚོ་སྐོམ་དྲགས་ནས་ཆུ་ཧུབ་གཅིག་གིས་འགྲིག་གི་མེད། ང་ཚོར་ད་དུང་དེ་ལས་མང་བ་འཐུང་འདོད་ཡོད། འདི་ནི་རང་གིས་རང་ལ་བརྟག་དཔྱད་བྱ་རྒྱུའི་དོ་སྣང་བྱེད་འོས་པའི་གནད་དོན་ཞིག་ཡིན། ང་རང་བདེ་སྐྱིད་ཀྱི་རྗེས་སུ་སྐོམ་པ་ཆུ་འདོད་བྱེད་ཀྱི་ཡོད་དམ། ང་རང་བདེ་བ་འདོད་ཀྱི་འདུག །མི་སུ་གཅིག་ཀྱང་སྡུག་བསྔལ་མི་འདོད་པ་ཡིན། འདི་ནི་ནང་ཆོས་ནང་ཁས་ལེན་བྱས་པའི་སྤྱིར་བཏང་གི་རྩ་དོན་ཞིག་རེད། དེ་ལ་ནོར་བ་གང་ཡང་མེད། འོན་ཀྱང་བདེ་སྐྱིད་འཐོབ་པའི་ཆེད་དུ་ངའི་བསམ་བློའི་ཁྱེར་སོ་དེ་ཁ་སྐོམ་ནས་ཤི་གྲབས་ཡོད་པའི་མི་དེ་དང་འདྲ་བ་ཡིན་ནམ། ང་རང་བདེ་སྐྱིད་ཀྱི་རྗེས་སུ་སྐོམ་པ་ཆུ་འདོད་ལྟར་བྱེད་ཀྱི་ཡོད་དམ། ང་རང་ཆུ་ཏོག་ཙམ་ཞིག་རག་པའི་སྐབས། ང་རང་སེམས་ངལ་ཚོར་གྱི་ཡོད་དམ། ངས་ “དེ་ཁྱེར་ནས་མ་འགྲོ། ང་རང་བདེ་སྐྱིད་ཀྱི་ཚོར་བ་འདི་ཤོར་འཇུག་གི་མིན་” ཞེས་བསམ་གྱི་ཡོད་དམ། གལ་ཏེ་ངས་བདེ་སྐྱིད་དེ་བརླག་ཤོར་བ་ཡིན་ན། ངས་ “ཨོ། ངས་བཟོད་ཐུབ་ཀྱི་མི་འདུག །ངས་བདེ་སྐྱིད་དེ་སླར་ཡང་རྙེད་པར་བྱེད་དགོས་ཀྱི་འདུག་” ཅེས་བསམ་གྱི་ཡོད་དམ། གདམ་ཀ་གསུམ་པ་དེ་ནི་། བར་མའམ་བཏང་སྙོམས་ཀྱི་གནས་བབས་དེ་རེད། དེ་ཡང་ང་རང་ད་ལྟ་སྐོམ་གྱི་མི་འདུག །ཡིན་ནའང་ང་རང་རྗེས་ལ་ཁ་སྐོམ་གྱི་རེད་ཅེས་སེམས་འཁྲལ་བྱེད་ཀྱི་ཡོད། བྱས་ཙང་། ངས་ཆུ་འགྱིག་དམ་མམ་ཤེལ་དམ་གང་ཁྱེར་ནས་འགྲོ་གི་ཡོད། དེའི་རྒྱུ་མཚན་ནི་མ་འོངས་པར་ཁ་སྐོམ་སྲིད་བསམ་པའི་སེམས་འཁྲལ་དེ་ཡོད། ཐ་ན་ང་ཚོ་དམིགས་བསལ་སྐྱིད་པོ་ཡོད་པ་དང་སྐྱིད་པོ་མེད་པ་ཡིན་ནའང་། ད་དུང་མ་འོངས་པར་ང་ཚོ་ཧ་ཅང་སྐྱིད་པོ་མེད་པ་ཆགས་ཀྱི་རེད་བསམས་ནས་ཞེད་སྣང་སྐྱེ་གི་ཡོད།

སོ་སོའི་སྡུག་བསྔལ་ལ་གདོང་ལེན་བྱེད་པ།

སྣུམ་འཁོར་འཚང་འགག་ནང་ཚུད་པ་དང་ཞེ་བསུན་པོ་ཚོར་བ་དེ་ནི་སྡུག་བསྔལ་ལ་དམིགས་པ་ གཏད་པ་དང་འདྲ་པོ་རེད། ང་རང་སྣུམ་འཁོར་འཚང་འགག་གི་ནང་འཁར་བ་དང་། ཁ་སྐོམ་མཁན་གྱི་མི་ཞིག་ནང་བཞིན་ངས་རེ་འདོད་ཀྱི་ངང་ནས་ “ང་རང་གནས་སྟངས་འདི་ནས་ཐར་བར་བྱེད་དགོས་ཀྱི་འདུག །ང་རང་སེམས་ཀྱི་གནས་བབས་མི་སྐྱིད་པ་འདི་ནས་ཐར་བར་ངེས་པར་དུ་བྱེད་དགོས་ཀྱི་འདུག་” ཅེས་བསམ་གྱི་ཡོད། ང་རང་མི་སྐྱིད་པ་དེས་སེམས་ཡོངས་སུ་མནན་ནས་དེ་ནི་གཏན་དུ་གནས་རྒྱུ་ཡིན་པར་བསམ་གྱི་ཡོད། 

དེ་འདྲ་སོང་ཙང་། སྣུམ་འཁོར་འཚང་འགག་ལྷོད་པོ་ཞིག་གི་ནང་འཁར་བའི་གནས་སྟངས་ཁག་པོ་དེའི་ནང་སྤྲོ་ཐུང་ཆགས་པ་དང་། དེའི་སྐབས་ངས་ཐོག་མར་གང་ལ་དམིགས་ཀྱི་རེད་ཅེ་ན། རང་ཉིད་ཅི་འདྲའི་མི་སྐྱིད་པ་ཞིག་ཡིན་པ་དང་། “ང་རང་ཐབས་སྐྱོ་བ་ལ། རྗེས་ལུས་ཐེབ་ཀྱི་རེད། ཐབས་སྡུག་པ་ལ། ངས་འདི་བཟོད་ཐུབ་ཀྱི་མི་འདུག །ང་རང་འདོད་པ་ནང་བཞིན་ཡོད་དགོས་པ་དང་། ངས་བཟོད་ཐུབ་ཀྱི་མ་འདུག་ལ་གནས་སྟངས་འདི་ལ་སྟངས་འཛིན་བྱེད་མི་ཐུབ། ངས་སྟངས་འཛིན་བྱེད་འདོད་འདུག །གང་མགྱོཌ་མགྱོགས་མོ་ཊ་བཏང་ནས་འགྲོ་འདོད་འདུག་” ཅེས་བསམ་གྱི་ཡོད། ངས་དམིགས་པ་གཏད་ས་གཉིས་པ་དེ་ནི། སྣུམ་འཁོར་འཚང་འགག་དེ་གཏན་ཏུ་གནས་ཀྱི་ཡོད་པ་ནང་བཞིན་དེ་ལ་དམིགས་པ་གཏད་པ་དེ་རེད། དེ་ཡང་། “སྣུམ་འཁོར་འཚང་འགག་འདི་ནམ་ཡང་འཛད་མཐའ་མེད། འཚང་འགག་འདིའི་ནང་ཉིན་གང་འཁར་གྱི་རེད་” ཅེས་ཟེར་བ་ལྟ་བུ་རེད། རང་ཉིད་སྟངས་འཛིན་ནང་མེད་པའི་སྐབས། བཟོད་སྒོམ་ཐུབ་ཀྱི་མེད། 

འདིར་ག་རེ་འགྲོ་བཞིན་ཡོད་ཅེ་ན། རྟོག་འཆར་ཞིག་ལ་མཐའ་གཅིག་ཏུ་ཞེན་ཆགས་ཀྱི་གནས་ སྟངས་ཤིག་འགྲོ་བཞིན་ཡོད། དཔེར་ན། ངས་ཚོར་བཞིན་པའི་མི་སྐྱིད་པའི་རྟོག་འཆར་དང་། སྣུམ་ འཁོར་འཚང་འགག་གི་རྟོག་འཆར། དེ་ག་ནང་བཞིན་སོ་སོ་རང་ཉིད་ཀྱི་ཐད་ལ་རྟོག་འཆར་བཅས་ ཡིན། ང་ཚོས་རྟོག་འཆར་དེ་དག་གསུམ་པོ་ཞིབ་དཔྱོད་གཏོང་དགོས། དེ་ལ་ང་ཚོས་ནང་པའི་ལྟ་གྲུབ་ཀྱི་སྤྱིར་བཏང་རྩ་དོན་རྣམས་བཀོལ་སྤྱོད་བྱེད་དགོས། དེ་དག་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། ནང་པའི་ཆོས་ནས་བདེ་སྐྱིད་དང་སྡུག་བསྔལ་ནི་འཕེལ་འགྲིབ་འགྲོ་གི་ཡོད་པ་དང་། ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་རྣམས་རྒྱུན་ཆད་མེད་པར་འཕེལ་འགྲིབ་འགྲོ་བཞིན་ཡོད། གལ་ཏེ་ང་ཚོས་གནས་སྟངས་ག་འདྲ་ཞིག་ཡིན་རུང་ཚང་མ་འགྱུར་བ་འགྲོ་གི་ཡོད་པ་དེ་ཤེས་པ་དང་ཁས་ལེན་བྱས་པ་ཡིན་ན། དེ་ནས་ང་ཚོས་ “བྱས་ཙང་། ད་ང་རང་སྐྱིད་པོ་མི་འདུག །དེ་ནི་དམིགས་བསལ་གང་ཡང་མ་རེད། དེ་ནི་གཏན་དུ་གནས་ཀྱི་མ་རེད་” ཅེས་བསམ་བློ་གཏོང་ཐུབ། 

ངས་བདེ་བ་དང་སྡུག་བསྔལ་གང་ཚོར་མིན་ལ་མ་ལྟོས་པར། རྒྱུ་རྐྱེན་ལ་བརྟེན་ནས་དེ་འབྱུང་གི་ཡོད། རྒྱ་གར་གྱི་ནང་པའི་སློབ་དཔོན་ཆེན་པོ་ཞི་བ་ལྷས་ང་ཚོར་ཧ་ཅང་ཕན་ཐོགས་ཆེ་བའི་བསླབ་ཞིག་གནང་ཡོད་དེ། གལ་ཏེ་བཅོས་སུ་ཡོད་ནི། །དེ་ལ་མི་དགའ་ཅི་བྱ་དགོས། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་ཡོད། དེའི་དོན་ནི་གནས་སྟངས་འགྱུར་བ་གཏོང་ཐུབ་པ་ཞིག་ཡོད་ན། སེམས་འཁྲལ་བྱེད་དགོས་དོན་མེད་པར་འགྱུར་བ་གཏོང་དགོས། ཡང་གནས་སྟངས་འགྱུར་བ་གཏོང་མི་ཐུབ་པ་ཞིག་ཡོད་ན། དེ་ལའང་སེམས་འཁྲལ་བྱེད་མི་དགོས་ཏེ། སེམས་འཁྲལ་བྱས་ན་ཕན་ཐོགས་གང་ཡང་མེད་པའི་ཕྱིར་རོ།།

བྱས་ཙང་། རྩ་དོན་འདི་བེད་སྤྱོད་བྱས་ཏེ། ངས་ “སྣུམ་འཁོར་འཚང་འགག་འདི་ནས་རྒྱུག་སྟེ་ཐར་མི་ཐུབ། ང་འདིར་འཁར་ནས་ཡོད་པས། དེ་ལ་འགྱུར་བ་གཏོང་མི་ཐུབ། ངས་འདིའི་དངོས་པོའི་ གནས་ལུགས་ལ་ངོས་ལེན་བྱེད་དགོས་” ཞེས་བསམ་ཆོག །དངོས་པོའི་གནས་ལུགས་ལ་ངོས་ ལེན་བྱ་རྒྱུ་དེ་ང་ཚོ་མང་ཆེ་བ་ལ་ཧ་ཅང་དཀའ་ལས་ཁག་པོ་ཡོད། གནས་སྟངས་དེའི་ཐད་ལ་ང་ཚོས་བྱེད་ཐུབ་པ་ཞིག་ཡོད་དམ། གལ་ཏེ་ང་ལ་ལག་ཐོགས་ཁ་པར་ཡོད་ན། ངས་ཐུག་འཆར་ཡོད་པའི་མི་དེ་ལ་ཁ་པར་བཏང་ནས་ “དགོངས་དག །ང་རང་སྣུམ་འཁོར་འཚང་འགག་འདིའི་ནང་འཁར་ནས་ཡོད་པས། རྗེས་ལུ་ཐེབས་ཀྱི་རེད་” ཅེས་ལན་སྤྲོད་ཆོག །ཁོང་ཚོ་དེ་ལ་བློ་ཕམ་བྱུང་དང་མ་བྱུང་ནི་ཁོ་རང་ཚོའི་དཀའ་ངལ་རེད། དེ་འདྲ་བརྗོད་པ་ནི་ཏོག་ཙམ་རྩུབ་པོ་འདྲ་པོ་ཡོད་ནའང་། དོན་ངོ་མར་བདེན་པ་རེད། དངོས་ཡོད་གནས་ཚུལ་ལ་ང་རང་སྣུམ་འཁོར་འཚང་འགག་གི་ནང་ཚུད་ནས་ཡོད། ང་རང་རྗེས་ལུས་ཐེབ་ཀྱི་རེད། མི་གཞན་དེས་ཡ་ལན་ཇི་ལྟར་སྤྲོད་ཀྱི་ཡོད་མེད་ལ་ངས་སྟངས་འཛིན་བྱེད་མི་ཐུབ། 

གནས་སྟངས་འདིའི་ནང་། རང་ཉིད་ནག་ཉེས་ཅན་དུ་མི་ཚོར་བར་གཟབ་ནན་བྱེད་དགོས། ང་རང་ ཐུག་འཕྲད་ཀྱི་དུས་ཚོད་དེ་ཤོར་གྱིན་འདུག །ངའི་ཆེད་དུ་སྒུག་ནས་སྡོད་མཁན་གྱི་ངའི་གྲོགས་པོ་བློ་ཕམ་དུ་འཇུག་གིན་ཡོད་པའི་ཚོར་བ་ཞིག་ཡོང་གི་ཡོད། དེ་ནི་ནག་ཉེས་ཤིག་རེད། འདིར་བསམ་བློ་གཏོང་སྟངས་ནོར་བ་ཞིག་ཡོད་པ་དེ་ནི། ངས་འདི་ལ་སྔོན་འགོག་བྱས་ཐུབ་ཡོད་ན་ཅི་མ་རུང་བསམ་པ་དེ་རེད། འགྲོ་ལམ་སྟེང་འཚང་འགག་ཆེན་པོ་ཡོད་པ་འདི་ངའི་ནོར་འཁྲུལ་རེད། དེ་ནི་ཆོ་མེད་ཡིན་པ་གསལ་པོ་རེད། སྣུམ་འཁོར་འཚང་འགག་དེ་ངའི་ནོར་འཁྲུལ་ཇི་ལྟར་ཆགས་སྲིད་དམ། ངས་ཏོག་ཙམ་སྔོན་ནས་ཕྱིན་ན་བསམ་པ་དེ་བདེན་པ་རེད། ཚང་མའི་ངའི་སྟངས་འཛིན་འོག་ལ་མེད་ལ། འཇིག་རྟེན་ནང་གང་འབྱུང་གི་ཡོད་པ་ཐམས་ཅད་ངའི་ནོར་འཁྲུལ་མིན། བྱས་ཙང་། དེའི་ཚབ་ལ་ངས་ “ང་རང་རྗེས་ལུས་ཐེབས་པར་དགའ་གི་མི་འདུག །འོན་ཀྱང་དེ་ནི་ངའི་ནོར་འཁྲུལ་མ་རེད། ངས་འཚང་འགག་དང་བསྟུན་ནས་གང་མགྱོགས་མགྱོགས་སླེབ་ཐབས་བྱེད་ཀྱི་ཡིན་” ཞེས་བསམ་ཆོག །ངས་འཚང་འགག་ནང་འཁར་བའི་ཚོར་བ་མི་སྐྱིད་པ་དེ་ཞིབ་དཔྱོད་བྱེད་ཆོག །ངས་གཞས་དང་རོལ་དབྱངས་ལ་ཉན་ཆོག །འཚང་འགག་ཡོད་པའི་སྐབས་དེར་སོ་སོའི་ངོས་ནས་དུས་ཚོད་དེ་སྐྱིད་པོའི་ངང་སྐྱེལ་ཆོག །གལ་ཏེ་ང་རང་སྣུམ་འཁོར་འཚང་འགག་ནང་ཚུད་ན། ངས་དུས་ཚོད་དེ་གང་ཡག་ཤོས་སུ་སྐྱེལ་ཐུབ་པ་བྱེད་ཆོག

སྣུམ་འཁོར་འཚང་འགག་ལ་བསམ་བློ་གཏོང་བ།

དེ་ནས་ང་ཚོས་སྣུམ་འཁོར་འཚང་འགག་དེ་ལ་ཞིབ་དཔྱོད་བཏང་ནས་གོ་བ་རྙེད་པར་བྱེད་དགོས། ངས་འཚང་འགག་འདི་ལ་ཆ་འཇོག་བྱེད་སྟངས་ནི། ཧ་ཅང་ཞེད་སྣང་ཅན་ཞིག་ཡིན་པ་དང་འཛམ་ གླིང་ནང་གི་གནས་སྟངས་སྡུག་ཤོས་དེ་ཡིན་པར་བསམ་གྱིན་ཡོད། ང་ཚོས་དེ་ནི་གཏན་དུ་གནས་ ཀྱི་རེད་བསམ་པ་དང་། འཚང་འགག་དེ་ལས་ཐར་ནས་འགྲོ་ཡུལ་ལ་ནམ་ཡང་སླེབ་ཀྱི་མ་རེད་ བསམ་གྱི་ཡོད། བྱས་ཙང་། ང་ཚོས་གནས་སྟངས་ལ། སྣུམ་འཁོར་འཚང་འགག་འདི་རྒྱུ་རྐྱེན་ཧ་ཅང་མང་པོ་ལ་བརྟེན་ནས་བྱུང་ཡོད་པ་དང་། རྒྱུ་ལ་བརྟེན་ནས་གང་བྱུང་བ་ནི་རྒྱུ་དང་རྐྱེན་ལ་རག་ལུས་པ་ཡིན་ཙང་། དེ་དག་འགྱུར་བ་འགྲོ་གི་རེད། གཏན་དུ་གནས་མི་ཐུབ། དེ་གང་ལ་བརྟེན་ པའི་རྐྱེན་སྣ་ཚོགས་པ་འགྱུར་བ་འགྲོ་གི་ཡོད་པ་སོང་ཙང་། གནས་སྟངས་དེ་ཡང་འགྱུར་བ་འགྲོ་གི་ རེད། ཅེས་བརྟག་དཔྱད་བྱེད་ཆོག

དཔེར་ན། འགྲོ་ལམ་སྟེང་མོ་ཊ་བརྡུང་རེས་ཀྱི་རྐྱེན་ཆག་བྱུང་བའི་དབང་དུ་བཏང་ན། དེ་ནི་འཚང་ འགག་ཆགས་པའི་རྒྱུ་ནང་ནས་གཅིག་ཡིན། མཐར་རྐྱེན་ཆག་དེ་གཙང་མ་ཆགས་ནས་རྨས་སྐྱོན་ བྱུང་བའི་མི་རྣམས་སྨན་ཁང་དུ་ཁྲིད་པ་དང་། ཛ་དྲག་སྣུམ་འཁོར་ཕྱིན་ཚར་བ་དང་འཚང་འགག་དེ་ མུ་མཐུད་མི་གནས་པར་གཙང་མ་ཆགས་ཀྱི་རེད། འཚང་འགག་གི་གནས་སྟངས་ ༼བརྡབ་ལྷུང་ བྱས་པའི་མོ་ཊ་དང་། ཉེན་རྟོག་པ་དང་ནད་པ་འདྲེན་འཁོར་༽ མེད་པ་ཆགས་ཟིན་པ་རེད། འཚང་ འགག་གི་འབྱུང་རྐྱེན་རྣམས་འགྱུར་བ་འགྲོ་བ་ལ་བརྟེན་ནས་འཚང་འགག་དེ་ཡང་འགྱུར་བ་འགྲོ་ གི་རེད། དེར་བརྟེན་འཚང་འགག་གི་དཀའ་ངལ་དེ་མེད་པ་ཆགས་ཀྱི་རེད། བྱས་ཙང་། ང་ཚོས་ དཔྱད་པ་འདི་བརྒྱུད་དེ་སྣུམ་འཁོར་འཚང་འགག་དེ་ཧ་ཅང་ཞེད་སྣང་བྱེད་དགོས་པ་ཞིག་མིན་པ་ང་ ཚོས་ཤེས་ཐུབ། ང་ཚོས་གནད་དོན་རྣམས་ཀྱི་ཕྱོགས་ཡོངས་ནས་རྒྱུ་དང་རྐྱེན་རྣམས་གང་ཡིན་ བལྟ་དགོས་པ་མ་གཏོགས་གནས་སྟངས་ལ་རང་ངོས་ནས་གྲུབ་པ་ཞིག་ཏུ་ལྟ་མི་ཉན། དཔེར་ན། སྣུམ་འཁོར་འཚང་འགག་དེ་རང་ངོས་ནས་གྲུབ་པ་དང་། དེ་རྒྱུ་དང་རྐྱེན་གཞན་གང་ལའང་བརྟེན་ མི་དགོས་པ་དང་འབྲེལ་བ་མེད་པ་ཞིག་ཏུ་ལྟ་མི་ཉན། 

གཞན་རྣམས་ཐེ་བའི་ཆེད་རང་གི་དམིགས་པ་རྒྱ་སྐྱེད་གཏོང་བ།

ནང་པའི་ལྟ་གྲུབ་ལ་བརྟེན་ནས་ང་ཚོས་སྣུམ་འཁོར་འཚང་འགག་གི་ཐད་ལ་དངོས་ཡོད་དང་མཐུན་ཆེ་བའི་བསམ་བློའི་ཁྱེར་སོ་ཞིག་སྐྲུན་ཆོག །དེ་ནས་འཚང་འགག་འདིའི་ནང་། ང་ཚོས་བསམ་ཕྱོགས་དེ་རང་གི་ཕྱོགས་སུ་ཞིབ་དཔྱོད་བྱེད་ཆོག །ང་ཚོས་ “ང་ཐབས་སྐྱོ་བ་ལ་” ཞེས་དང་། “ང་རང་དུས་ཚོད་ཏག་ཏག་ལ་འབྱོར་ས་དེར་སླེབ་མི་ཐུབ་” ཅེས་པ་དེ་ལ་ཧ་ཅང་ཞེན་ཆགས་ཡོད་པ་ང་ཚོས་མཐོང་ཐུབ། འོན་ཀྱང་ང་ཚོས་དངོས་པོའི་གནས་ལུགས་ལ་བལྟས་ན། སོ་སོ་རང་ཉིད་གཅིག་པུ་སྣུམ་འཁོར་འཚང་འགག་དེའི་ནང་ཚུད་པ་ཞིག་མིན་པ་ང་ཚོས་ཤེས་པ་དང་། ངའི་ཉེ་འཁོར་དུ་མོ་ཊའི་ནང་མི་མང་པོ་ཡོད་པ་རེད། དེ་དག་ཐམས་ཅད་ཀྱང་སོ་སོའི་འགྲོ་ཡུལ་ལ་འབྱོར་འདོད་ཡོད། ང་རང་གཅིག་པུ་མ་རེད། ངས་རང་གི་མདུན་དང་། རྒྱབ། གཡས་དང་གཡོན་སོགས་ཉེ་མཁྲིས་སུ་ཡོད་པའི་མོ་ཊའི་ནང་གི་མི་རྣམས་ལ་བལྟས་ནས་གལ་ཏེ་ཁོང་ཚོ་ཧ་ཅང་བློ་ཕམ་དང་ཁོང་ཁྲོ་ཟ་གི་ཡོད་པ་ངས་མཐོང་ན། དེ་ལ་བརྟེན་ནས་ངས་སྙིང་རྗེ་སྐྱེད་པར་ཕན་ཐོགས་སྲིད། དེ་ནི་མི་རྣམས་ཀྱིས་སེམས་ཚོར་གྱི་སྒོ་ནས་དུས་ཚོད་དཀའ་ངལ་ཅན་དེ་འདྲ་དང་འཕྲད་པ་ལས་ཐར་བར་ཤོག་ཅེས་དང་། ཁོང་ཚོ་དེ་ལྟ་བུའི་སྣུམ་འཁོར་འཚང་འགག་གི་ནང་མི་འཚུད་པའི་ཡིད་སྨོན་བྱེད་པ་དེ་ཡིན། 

ངས་སོ་སོ་རང་ཉིད་གཅིག་པུའི་དོན་དུ་དམིགས་པའི་སྐབས། བསམ་བློའི་རྒྱ་ཁྱོན་དེ་ཧ་ཅང་ཆུང་ཆུང་ཡིན་པ་རེད། ང་ཚོའི་བསམ་བློ་དེ་རང་ཉིད་ཁོ་ནར་དམིགས་པའི་སྐབས། སོ་སོའི་སེམས་དེ་ཧ་ཅང་དམ་པོ་ཆགས་ཀྱི་ཡོད། ངས་དམ་པོའི་སྒོ་ནས་ “ང་རང་ཐབས་སྐྱོ་བ་ལ་” ཞེས་པར་ཞེན་འཛིན་སྐྱེ་གི་ཡོད། རང་གི་སེམས་ནང་ཡོད་པའི་ནུས་པ་ཚང་མ་དམ་པོའི་སྒོ་ནས་བཅིངས་ཡོད། ཡང་ང་ཚོས་བསམ་བློ་རྒྱ་ཆེ་བའི་སྒོ་ནས་འཚང་འགག་དེའི་ནང་ཚུད་པའི་རང་གི་ཉེ་འཁོར་གྱི་མི་ཚང་མར་བསམ་བློ་བཏང་ན། དེ་ནས་སོ་སོའི་སེམས་ཀྱི་ནུས་པ་དེ་རྦད་དེ་རྒྱ་ཆེ་བ་ཡོད། བསམ་བློའི་ཚད་དེ་ཧ་ཅང་རྒྱ་ཆེན་པོ་དང་ཁྱབ་ཆེན་པོ་ཡོད་པ་སོང་ཙང་། རང་གི་སེམས་ཀྱང་རྦད་དེ་དལ་ཞིང་ལྷོད་པ་ཆགས་ཀྱི་ཡོད། ང་ཚོའི་མི་སྐྱིད་པའི་སྡུག་བསྔལ་གྱི་ཆ་ཤས་ནི་བདག་ཅེས་བྱ་བར་ལྟ་ཚུལ་ཆུང་ངུ་དང་བཅས་དེ་ལ་ཧ་ཅང་དམ་པོར་འཛིན་པ་དེ་ཡིན་པ་སོང་ཙང་། གལ་ཏེ་ངས་བསམ་བློ་གཏོང་སྟངས་རྒྱ་སྐྱེད་བཏང་ཐུབ་ན། དེ་ནི་རང་གིས་མྱོང་བཞིན་པའི་མི་སྐྱིད་པ་དེ་ལས་ཐར་བའི་ཐབས་ཕན་ནུས་ལྡན་པ་ཞིག་ཡིན། ངའི་སེམས་ཀྱི་གནས་བབས་ཡོངས་སུ་རྫོགས་པ་དེ་སྐྱིད་པ་དང་དལ་ལྷོད་ཆེ་བ་ཡོང་གི་ཡོད། དེ་ལ་བརྟེན་རང་ཉིད་སྡུག་བསྔལ་གྱི་ཚབས་ཚེན་མནར་གྱི་མེད། དེས་རང་ཉིད་ཐུག་འཆར་གྱི་དུས་ཚོད་བཟོས་པ་དེ་ལ་རྗེས་ལུས་ཐེབ་ཀྱི་ཡོད་པའི་བདེན་དོན་ལ་འགྱུར་བ་གཏོང་གི་མེད། དེའི་ཐད་ངས་གང་ཡང་བྱེད་མི་ཐུབ། འོན་ཀྱང་ངས་སྣུམ་འཁོར་འཚང་འགག་ནང་འཚུད་པ་ལས་གང་ཉམས་སུ་མྱོང་བའི་ཚུལ་དེ་ལ་ངས་གཅིག་བྱེད་ཐུབ། 

མཇུག་སྡོམ། ང་ཚོའི་བསམ་བློའི་ཁྱེར་སོར་བརྟག་དཔྱད་དང་འགྱུར་བ་གཏོང་ཕྱིར་ནང་ཆོས་ལག་ བསྟར་བྱེད་པ།

ནང་ཆོས་ནི་དེང་དུས་ཀྱི་མི་ཚེ་འདི་ཙམ་དུ་མ་ཟད། མི་ཚེ་ཚང་མའི་ནང་ཡོད་པའི་འབྲེལ་བ་དེ་རེད། ང་ཚོས་སོ་སོའི་སེམས་ཚོར་དང་། བློའི་ཁྱེར་སོ། བློའི་ཁྱེར་སོའི་གཞི་རྟེན་དུ་གྱུར་བའི་ང་ཚོས་སྐྲུན་པའི་རྟོག་འཆར་རྣམས་ལ་དོ་སྣང་སྤྲོད་ཐབས་བྱེད་དགོས། ང་ཚོས་བསམ་བློ་གཏོང་སྟངས་དང་། སྐད་ཆ་ཤོད་སྟངས། བྱ་སྤྱོད་སྤེལ་སྟངས་ཀྱི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་ལ་བརྟག་དཔྱད་བྱེད་ཀྱི་ཡོད། ངང་ངམ་ཤུགས་ཀྱི་རང་བཞིན་དེ་ནི་ང་ཚོས་སྐྲུན་བཞིན་པའི་རྟོག་འཆར་རྣམས་ལས་བྱུང་བ་ཡིན་པ་དང་། ང་ཚོས་གང་འབྱུང་བཞིན་ཡོད་པའི་དངོས་པོའི་གནས་ལུགས་གསལ་དུ་མཐོང་བའི་ཕྱིར། ཞིབ་དཔྱོད་ཀྱི་ཐབས་ལམ་དེ་བཀོལ་སྤྱོད་བྱེད་ཐབས་བྱེད་དགོས། དེ་ལྟར་ནང་པའི་ཚན་རིག་དང་ལྟ་གྲུབ་གཉིས་ང་ཚོའི་ཉིན་རེའི་མི་ཚེའི་ནང་རང་གིས་རང་ལ་མྱོང་དུ་འཇུག་པའི་སྡུག་བསྔལ་རྣམས་ཉུང་དུ་གཏོང་བར་འབྲེལ་བ་ཆགས་ཀྱི་ཡོད། ང་ཚོས་ཉིན་རེའི་མི་ཚེའི་ནང་སྐྱིད་པོ་དང་སྡུག་པོའི་འཕེལ་འགྲིབ་ཉམས་སུ་མྱོང་བའི་སྐབས། ཁ་སྐོམ་མཁན་གྱི་མི་ནང་བཞིན་ཞིག་མི་བྱེད་པའི་ཐབས་ཤེས་བྱེད་དགོས། ང་ཚོ་སྐྱིད་པོ་ཡོད་པའི་སྐབས། སྐྱིད་པོ་ཡོད་ཚེ་རིང་དེ་ལོངས་སུ་སྤྱོད་དགོས། གང་ཡིན་ཞེ་ན། སྐྱིད་པོའམ་བདེ་བ་དེ་ཡུན་དུ་གནས་ཀྱི་མ་རེད། འོན་ཀྱང་ང་ཚོས་དེ་ལས་གནས་ཚུལ་ཧ་ཅང་ཆེན་པོ་དེ་འདྲ་བཟོ་མི་རུང་བར་གང་ཡིན་པ་དེ་ལ་སྐྱིད་པོ་གཏོང་དགོས། གལ་ཏེ་ང་ཚོ་སྐྱིད་པོ་མེད་ན། མི་ཚང་མ་སྐབས་རེར་སྐྱིད་པོ་མེད་ཅེས་དྲན་དགོས། དེ་ནི་གང་འཚམ་གྱི་རྒྱུན་ལྡན་ཞིག་རེད། ང་ཚོས་སོ་སོས་གང་བྱེད་དགོས་པ་དེ་མུ་མཐུད་བྱ་དགོས་ཤིང་། དེ་འདྲའི་བརྒྱུད་དེ་ང་ཚོས་གང་འབྱུང་བའི་གལ་གནད་ལ་འུད་ཤོབ་མེད་པའི་སྒོ་ནས་མི་ཚེ་སྐྱེལ་དགོས། ཕྱོགས་གཞན་ཞིག་ནས་ང་ཚོས་གནས་སྟངས་ལ་སོ་སོ་རང་ཉིད་ཀྱི་རྟོག་འཆར་ལ་བརྟེན་ནས་འུད་ཤོབ་བྱ་རྒྱུ་སྤོང་དགོས། དེ་འདྲ་ཞིག་བྱུང་ན། མི་ཚེ་སྐྱིད་པོ་ཞིག་ཆགས་ཀྱི་ཡོད། རྒྱུ་མཚན་ནི། ང་ཚོ་བདག་དང་རང་ལ་གང་འདོད་དེས་མཐའ་གཅིག་ཏུ་སྔོན་ཚུད་ལས་བྲེལ་མ་ཆགས་པའི་སྐབས། ང་ཚོས་ཉིན་ལྟར་མི་ཚེའི་གནད་དོན་ཆུང་ཙག་རིགས་ཀྱང་སྐྱིད་པོ་རུ་མཐོང་ཐུབ།།

བརྙན་པར། རོ་བྷི་ན་ ཁར་ཊཱིན། “ནང་ཆོས་སྦྱོང་དགོས་པའི་རྒྱུ་མཚན་གང་རེད་དམ།” 
Top