ཉམས་མྱོང་རྒན་པོའི་འབེལ་གཏམ་གྱི་ཚིག་འགྲེལ།

སྡུག་བསྔལ་སྐོར་གྱི་ཆོས་ཁྲིད་འདི་ནི་བླ་མ་དམ་པ་གུང་ཐང་ཚང་དཀོན་མཆོག་བསྟན་པའི་སྒྲོན་མེ་ ༼༡༧༦༢-༡༨༢༣༽ མཆོག་གིས་མཛད་པའི་ཉམས་མྱོང་རྒན་པོའི་འབེལ་གཏམ་ཞེས་པ་ལས་བྱུང་ཞིང་། གསུང་རབ་གཞི་རྩར་བྱས་ནས་འཇིག་རྟེན་ལུགས་ཀྱི་བསླབ་བྱའི་སྒྲུང་གཏམ་མང་པོ་ཚིགས་སུ་བཅད་པའི་ནང་བརྩམས་མཛད་ཡོད། འབེལ་གཏམ་གྱི་ནང་དོན་གཙོ་བོ་ནི། ང་ཚོར་ངེས་འབྱུང་དང་ཐར་པ་འཐོབ་འདོད་ཀྱི་འདུན་པ་ཤུགས་དྲག་སྐྱེད་རྒྱུར་ཕན་འདོགས་པ་དང་། སྤྱིར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུར་བྱང་ཆུབ་སེམས་ཀྱི་གཞི་རྩ་འདིང་བ་བཅས་ཡིན།

སྐྱེ་བའི་ས་བོན་སྤངས་པ་ཡིས། །རྒ་ཤིའི་སྡུག་བསྔལ་མི་འབྱུང་བ། །ཟག་ཟད་ཐུབ་པ་རྣམས་ལ་འདུད།

།འཁོར་བའི་རྒྱུན་ལམ་གཅོད་དུ་གསོལ། །སྲིད་པའི་འབྲོག་དགོན་ཐང་དཀྱིལ་ན། །རྒས་འཁོཌ་རྒད་པོ་ཉལ་བ་ལ། །ལང་ཚོས་དྲེཌ་པའི་གཞོན་ནུ་ཞིག །འོངས་ཏེ་ཅི་འདྲི་འདི་སྐད་གླེང། །

“རྒད་པོ་འགྲོ་འདུག་བྱ་བྱེད་ཀུན། །གཞན་དང་མི་མཐུན་ཅལ་ཅོལ་རང། །བྱེད་པའི་རྒྱུ་མཚན་ཅི་ཡིན་ཟེར། །”

དེ་ལ་རྒད་པོས་ལན་སྨྲས་པ། “ཡོག་ལི་ཤ་དར་ཁྲག་དར་གྱི། །འཕུར་མ་ལྡིང་ཁྱོད་ང་ལ་ཉོན། །” ཞེས་གསུངས་པ་ལྟར། །

གཞོན་ནུ་ཁ་ཤས་ལ་ལོ་ན་རྒས་པ་དེ་རྒན་འཁོགས་གཅིག་པུར་འོང་བ་མ་གཏོགས་སོ་སོར་འོང་གི་ཡོད་པ་སེམས་ཀྱི་མེད། ཁོང་ཚོ་ཁེངས་དྲེགས་ཆེན་པོ་དང་རྒས་འཁོགས་དང་ལྷན་དུ་གང་ཡང་བྱེད་རྒྱུའི་བཟོད་བསྲན་མེད་པ་རེད།

རྒད་པོས་མུ་མཐུད་ནས། “ང་ཡང་ལོ་འགའི་སྔོན་ཙམ་ན། །ཁྱེད་ལས་ལྷག་སྒོས་ལྷག་ཅིག་ཡིན། །བརྒྱུགས་ན་གྱི་ལིང་རྟ་ཡང་ཟིན།།”

ཞེས་དེ་ལྟར་རྒས་འཁོགས་ཕལ་ཆེ་བས་སྔོན་མ་ནང་བཞིན་ད་ལྟ་ཡག་པོ་རྩ་བ་ནས་མེད་པའི་སྐད་ཆ་ཤོད་ཀྱི་རེད།

“བཟུང་ན་བྱང་ཁའི་འབྲོང་ཡང་ཐུབ། །ཡང་ཟོར་ནམ་མཁའི་བྱ་དང་མཚུངས། །མཛེས་པ་ལྷ་ཕྲུག་གཞོན་ནུ་འདྲ། །བཀྲག་མདངས་ཅན་གྱི་གོས་ཀྱང་གྱོན། །རིན་ཐང་ཅན་གྱི་རྒྱན་ཡང་བཏགས། །ཞིམ་མངར་ཅན་གྱི་ཟས་ཀྱང་ཟོས། །བང་རྩལ་ཅན་གྱི་རྟ་ཡང་ཞོན། །རྩེ་རྒོད་མ་བྱས་གཅིག་ཀྱང་མེད། །དགའ་སྐྱིད་མ་བྱས་གཅིག་ཀྱང་མེད། །འཆི་བ་འོང་དྭོགས་ག་ལ་ཡོད། །རྒ་བའང་ཐོག་ཏུ་འོངས་མ་སྙམ། །” ཞེས་གསུངས་པ་ལྟར།

ང་སྡོད་སའི་ས་ཆ་དེ་ལ་སྔོན་མ་མི་ལོ་གཞོན་གཞོན་ཞིག་ཡོད། ཁོས་འཚོ་བ་རྒྱས་སྤྲོས་ཆེན་པོ་ཞིག་སྐྱེལ་གྱི་ཡོད་པ་དང་ག་དུས་ཡིན་ནའང་རྩེ་རྒོད་ལ་གཡེང་ནས་བསྡད་པ་རེད། དེ་ནས་ག་ལེར་ག་ལེར་རྒས་འཁོགས་ཆགས་ནས་ལུས་པོ་འགུགས་ཤིང། དཔལ་འབྱོར་ཡོང་ཁུངས་ཉུང་དུ་ཕྱིན། ཁོས་ཁོ་རང་གི་གྲོགས་པོ་ཚོར། “ངས་རྒ་བ་གློ་བུར་དུ་འོང་གི་རེད་སྙམ་པ་ནམ་ཡང་མ་བྱུང་།” ཞེས་བཤད་པ་རེད།

“མཛའ་བཤེས་འདུ་འཛིའི་འར་འུར་གྱིས། །གཡེངས་ནས་མགོ་བོ་འཁོར་བའི་ཐོག །རྒ་བའི་སྡུག་བསྔལ་གཡོ་ཅན་འདིས། །རང་རྒས་རང་གིས་མ་ཚོར་ལ། །ཚོར་བའི་དུས་སུ་ཕྱིས་ནས་གདའ། །” ཞེས་གསུངས་པ་ལྟར།

དགེ་བཤེས་ཀ་མ་པའི་ཞལ་ནས། “རྒ་བ་དེ་དལ་བུའི་ངང་འོང་བ་དེ་ལ་ང་ཚོས་ཡི་རང་བྱེད་དགོས་པར་གསུངས། གལ་ཏེ་དེ་དུས་གཅིག་ཏུ་བསླེབ་ཚེ། བཟོད་མི་ཐུབ་པའི་གནས་སུ་གྱར་ངེས། གལ་ཏེ་རང་ལོ་སུམ་ཅུའི་སྐབས་ང་ཚོ་མར་ཉལ་ནས་ཞོགས་པ་ཡར་ལངས་དུས་ལོ་བརྒྱད་ཅུའི་ཚད་ཙམ་མཐོང་ཚེ། ང་ཚོས་སོ་སོ་མཐོང་རྒྱུར་བཟོད་མི་ཐུབ། ང་ཚོས་སོ་སོའི་རྒ་བ་རྟོགས་ཀྱི་མེད། ང་ཚོ་རྒ་བའི་ཚུལ་ནི་སོ་སོར་ཡོངས་སུ་ལྐོག་འགྱུར་ཞིག་ཡིན། གློ་བུར་དུ་ང་ཚོས་སོ་སོའི་རྒ་བ་རྟོགས་ཀྱི་ཡོད་ཅིང་། དེ་ངོས་ལེན་བྱེད་རྒྱུར་ཏོག་ཙམ་འགོར་གྱི་ཡོད། དེ་ནས་ཧ་ཅང་ཕྱིས་དྲགས་པ་རེད། སྤྱིར་མ་ཤི་བའི་སྔོན་གྱི་ཆུ་ཚོད་ཁ་ཤས་ཤིག་གི་ཆོས་ཉམས་ལེན་དེ་ཕན་ཐོཌ་ཆེན་པོ་ཡོད་པར་གསུངས་ནའང། གསང་སྔགས་ཉམས་ལེན་ལ་ཞུགས་རྒྱུར་ང་ཚོར་ཕྱིའི་ལུས་པོ་བདེ་ཐང་ཞིག་དགོས་ཀྱི་ཡོད་པ་རེད། དེར་བརྟེན་གསང་སྔགས་ཉམས་ལེན་ལོ་ན་གཞོན་པའི་སྐབས་འགོ་འཛུགས་དགོས་པ་གལ་ཆེ།”

“ཤེལ་གྱི་མེ་ལོང་ལ་བལྟས་ཚེ། །རང་ལུས་རང་ཡང་སྐྱུག་རེ་བྲོ། །སྤྱིར་ན་ལུས་སེམས་ཐམས་ཅད་ཉམས། །ལྷག་པར་མགོ་ནས་ཐུར་ཉམས་ཏེ། །རྒས་པ་ཨ་བྷི་ཤཱ་རྩའི་ཆུས། །མགོ་ནས་དབང་རབ་བསྐུར་བ་འདྲ།

སྐྲ་ལོ་དུང་ལྟར་དཀར་བ་འདི། །ནག་ནོག་དྲི་མ་དག་པ་མིན། །འཆི་བདག་མཆིལ་མའི་རྒྱང་མདའ་དེ། །བ་མོའི་ཟོལ་གྱིས་བབས་པ་ཡིན། །དཔྲལ་བའི་རཱ་གཉེར་འཁྲིག་འཁྲིག་འདི། །བུ་ཆུང་བརྒྱགས་པའི་ཞོ་གཉེར་མིན། །ཚེ་ཚད་ལོ་མང་འདས་པའི་གྲངས། །དུས་ཀྱི་ཕོ་ཉས་བྲིས་པ་ཡིན། །བལྟ་འདོད་ཟིམ་ཟིམ་མང་བ་འདི། །མིག་ཏུ་དུ་བ་སོང་བ་མིན། །དབང་པོ་ཉམས་པའི་རབ་རིབ་ཀྱིས། །བསྒྲིབས་ནས་བྱ་ཐབས་ཟད་པ་ཡིན། །རྣ་བ་གཏད་ནས་ཉན་པ་འདི། །ལྐོག་ཏུ་གསང་གཏམ་ཡོད་པ་མིན། །སྒྲ་ཀུན་རྒྱང་ནས་གྲཌ་པ་བཞིན། །ཤར་ཏེ་ཐོས་སུ་རེ་བ་ཡིན།

སྣ་ཆུ་ཐིགས་ཐིགས་འབབ་པ་འདི། །མུ་ཏིག་དོ་ཤལ་བསྟར་བ་མིན། །གསལ་འཚེར་ལང་ཚོའི་ཆབ་རོམ་དེ། །གདུང་བྱེད་ཉི་མས་བཞུས་པ་ཡིན། །སོ་ཡི་ཕྲེང་བ་ལྷུང་བ་འདི། །སྐྱེ་འདོད་སེ་འུ་བརྗེས་པ་མིན། །ཚེ་འདིའི་ཟ་ཁ་ཚང་བ་ཡིས། །ཟ་བྱེད་ལག་ཆ་བསྡུས་པ་ཡིན། །ཁ་ཆུ་ཐར་ཐར་བྱེད་པ་འདི། །ས་ལ་ཆག་ཆག་འདེབས་པ་མིན། །སྔོན་སྤྱད་ལོངས་སྤྱོད་ཐམས་ཅད་ལ། །ཞེན་ལོག་ཐུད་ཀྱིས་འདེབས་པ་ཡིན། །མི་གསལ་ལྡབ་ལྡིབ་སྨྲ་བ་འདི། །སྐད་རིགས་གཞན་ཞིག་ཤོད་པ་མིན། །དོན་མེད་ངག་འཁྱལ་སྨྲ་ཆེ་བས། །ལྕེ་ཡང་ཨ་ཐང་ཆད་པ་ཡིན།

བཞིན་རས་བསྡུས་ཤིང་མདོག་ངན་པ། །སྤྲེའུའི་འདྲ་འབག་གྱོན་པ་མིན། །གཡར་བའི་ལང་ཚོ་ཕྱིར་ཁྱེར་བས། །མི་སྡུག་རང་མདོག་བསྟན་པ་ཡིན། །མགོ་བོ་ཡུག་ཡུག་བྱེད་པ་འདི། །གཞན་གྱི་བྱ་བར་འཁྱར་བ་མིན། །མཐར་བྱེད་དབྱུག་པའི་སྣེ་ཕོག་པས། །མ་བཟོད་ཀླད་པ་འདར་བ་ཡིན། །ལམ་ལ་ཁ་གཏད་སྒུར་པ་འདི། །རྒྱ་ཁབ་བོར་ནས་འཚོལ་བ་མིན། །ས་ལ་ལང་ཚོའི་ནོར་བུ་དང་། །དྲན་པ་སྟོར་བའི་རྣམ་འགྱུར་ཡིན།

ལངས་ཚེ་སུག་བཞི་འཛུགས་པ་འདི། །ཕྱུགས་ཀྱི་ལད་མོ་བྱས་པ་མིན། །བྱིན་པས་ལུས་པོ་མ་ཐེག་པར། །རམ་འདེགས་ལག་པས་བྱེད་པ་ཡིན། །སྡོད་ཚེ་ཆེམ་གྱིས་ལྷུང་བ་འདི། །གྲོགས་ལ་འཁང་ར་བྱེད་པ་མིན། །སྤྲོ་དགའི་སེམས་ཀྱི་དཔྱང་ཐག་དང་། །ལང་ཚོའི་བཟུང་ཐག་ཆད་པ་ཡིན།

འགྲོ་ཚེ་ཡོམ་ཡོམ་འཁྱོར་བ་འདི། །མི་ཆེན་གོམ་སྟབས་བྱེད་པ་མིན། །ན་ཚོད་ཁུར་བོ་ཧ་ཅང་རང། །ལྕི་བས་ཡོ་དྲང་ཤོར་བ་ཡིན། །ལག་པས་ཡབ་ཡབ་འདར་བ་འདི། །ནོར་ལ་ཧབ་ཤ་བྱེད་པ་མིན། །ལག་པར་འོངས་ཚད་གཅིག་ཅར་དུ། །གཤིན་རྗེས་འཕྲོག་གིས་དྭོགས་པ་ཡིན། །བཟའ་བཏུང་ཉུང་ཤས་སྤྱོད་པ་འདི། །ཟས་ལ་སེར་སྣ་བྱེད་མ་ཡིན། །ལྟོ་བའི་མེ་དྲོད་ཉམས་པ་ཡིས། །མི་རྒན་སྒྱེལ་གྱིས་དྭོགས་པ་ཡིན། །གོས་ཆུང་སྲབ་བདེ་གྱོན་པ་འདི། །ཡང་ཆས་བྱས་ནས་འཁྲབ་རྒྱུ་མིན། །ནང་གི་ལུས་སྟོབས་ཤོར་བ་ཡིས། །གོས་ཀྱང་ཁུར་དུ་སོང་བ་ཡིན།

སྟོད་དབུགས་འཚང་ཞིང་ཕུ་འདེབས་པ། །གཞན་ལ་སྔགས་ལྕག་བརྡེག་པ་མིན། །དབུགས་ཀྱི་རྒྱུ་བ་བྲེང་བྲེང་འདི། །ནམ་མཁར་ཡལ་འདོད་སྔ་ལྟས་ཡིན། །བྱ་སྤྱོད་ཐམས་ཅད་འགྱུར་བ་འདི། །ཅོལ་ཆུང་གང་དྲན་བྱེད་པ་མིན། རྒས་པའི་གདོན་གྱིས་ཟིན་པ་ཡིས། །རང་འདོད་དབང་ན་མེད་པ་ཡིན། །ལས་དོན་ཐམས་ཅད་བརྗེད་པ་འདི། །སྣང་ཆུང་ཧར་རྒྱུག་བྱས་པ་མིན། །རྟེན་གྱི་དབང་པོ་ཉམས་པ་ཡིས། །དྲན་རིག་ཤེས་པ་རྡིབ་པ་ཡིན།

ད་ལྟ་ང་ལ་འཕྱ་མི་དགོས། །རྒས་པ་མ་བགོས་སྤྱི་ན་ཡོད། །ལོ་གསུམ་ལོན་དུས་ཁྱོད་ལ་ཡང་། བང་ཆེན་སྔ་མ་སླེབས་ནས་འོང། །ངས་བཤད་རྣ་བར་མི་འགྲོ་སྟེ། །ཉམས་མྱོང་ནང་ནས་སྐྱེས་ཏེ་འོངས། །དེང་སང་ཚེ་ལོ་མར་འགྲིབ་པས། །ང་ཡི་ལོ་ཙམ་ཁྱོད་མི་སྡོད། །གལ་ཏེ་བསྡད་ན་ཚེ་འདི་ལ། །ཁ་ཡང་ཆེར་གྲགས་མི་ནུས་མོད། །”

བྱས་པའི་ལན་དུ་གཞོན་ནུ་ཡིས། “མིས་འཕྱ་ཁྱིས་འགོམ་བླ་འཚོང་པོ། །ཁྱོད་འདྲ་བྱས་ཏེ་སྡོད་པ་ལས། །སྔོན་དུ་ཤི་ན་དགའ། །” ཞེས་ཟེར།

།ལན་དུ་རྒད་པོ་ཁྲེལ་འཛུམ་བཅས། “ཚེ་རིང་སྐྱིད་རྒྱག་འདོད་པ་ལ། །རྒས་པ་མི་འདོད་ཨ་རེ་གླེན། །ཤི་ཡང་སྐྱིད་རྒྱུ་དཀའ་མོ་ཡིན། །དད་ཟས་དཀོར་ཟས་མ་ཟོས་ཤིང་། །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུངས། །ཐོས་བསམ་སྒོམ་པ་བྱས་ཡོད་ན། །ནམ་ཞིག་ཤི་ཡང་སྐྱིད་པ་ཡིན།

ང་ནི་དེ་འདྲ་ཅུང་ཟད་ཀྱང། །སེམས་ལ་འཛིན་རྒྱུ་མིན་འདུག་པས། །ཕུང་པོ་རྒས་རུང་གསོན་ན་དགའ། །ཞག་གཅིག་ཡིན་ཀྱང་བསྡད་ན་སྙམ། །”

བྱས་པས་གཞོན་ནུ་བློ་འགྱུར་ཏེ། “བདེན་ནོ་བདེན་ནོ་རྒད་པོ་བདེན། །མིག་གིས་མངོན་སུམ་མཐོང་བ་དང། །ཁྱོད་ཀྱི་བཤད་པ་ངོ་འཕྲོད་པས། །དམར་ཁྲིད་སེམས་ལ་འབབ་པ་བྱུང། རྒས་པའི་སྡུག་བསྔལ་ཡ་རེ་ང། །རྒན་པོ་གོ་མཐོང་རིག་གསུམ་ཆེ། །འཇིགས་པ་དེ་འདྲ་མི་འབྱུང་བའི། །ཐབས་ཤིག་ཡོད་ན་དྲང་པོར་ཤོད། །” 

བྱས་པས་རྒན་པོ་འཛུམ་བཞིན་དུ། “དེ་ཡི་ཐབས་ཡོད་ལས་ཀྱང་སླ། །བྱེད་ཀྱང་ཕལ་ཆེར་མི་དགོས་མོད། །སྐྱེས་ཚད་ཐམས་ཅད་འཆི་ན་ཡང། །རྒས་ནས་འཆི་བ་ཉུང་ཤས་ཡིན། །” ཞེས་གསུངས་པ་ལྟར།

སྔོན་མ་གྲྭ་ཚང་གི་ཁང་ཚན་ཞིག་གི་ནང་རང་གིས་རང་བླ་མ་ཡིན་ཟེར་མཁན་ཞིག་ཡོད་པ་རེད། ཁོ་གྲྭ་ཚང་ནང་བསླབ་པ་གཞོན་པ་ཡིན་པས་གྲྭ་པ་མང་ཆེ་བས་ཁོ་ལ་སྣང་མེད་གཏོང་གི་ཡོད། ཁོང་ཚོ་འབྱུང་འགྱུར་གྱི་ཁང་ཚན་སྐོར་ལ་གྲོས་བསྡུར་བྱེད་རྒྱུའི་ཚོགས་འདུ་ཞིག་འཚོགས་པ་རེད། ཁོས་ཕུང་པོ་སྒྲིལ་རྒྱུའི་ཐག་པ་དང་རས་ལྷེབ་གྲ་སྒྲིག་བྱེད་དགོས་པར་བཤད། ཚང་མས་དེ་སྔ་ལྟས་ངན་པ་ཞིག་ཡིན་པར་བཤད་ནས་ཁོ་ལ་ཁོང་ཁྲོ་ལངས། དེ་ནས་ཁོང་ཚོས་གྲྭ་ཚང་ལ་ཕན་ཐོགས་བྱེད་རྒྱུ་ཅི་ཡོད་སྐོར་ལ་གླེང་མོལ་བྱས་པར། ཁོས་མི་རྟག་པའི་ཐོག་ལ་སྒོམ་རྒྱག་དགོས་པར་བཤད། དེ་འདྲ་བཤད་པའི་ཐོག་ནས་ཁོང་ཚོར་ཆོས་བཤད་ཟབ་པོ་ཞིག་བྱས་པ་རེད། དུས་ཚོད་མང་པོའི་རྗེས་སུ་༸གོང་ས་སྐུ་ཕྲེང་རིམ་བྱོན་མང་པོས་ཁོང་ལ་བསྔགས་བརྗོད་གནང་བ་རེད། མ་འོངས་པར་གྲ་སྒྲིག་བྱེད་རྒྱུར་འཆི་བར་གྲ་སྒྲིག་ངེས་པར་བྱེད་དགོས་པ་ཡིན།

“དགོས་རྒྱུ་མི་འཆིའི་ཐབས་དགོས་ཀྱང། །དེ་ནི་གང་དུ་སོང་ཡང་མེད། །སྔོན་བྱོན་སངས་རྒྱས་བྱང་སེམས་དང། །སྐྱེས་ཆེན་རྒྱལ་བློན་ཐམས་ཅད་འདས། །ད་ལྟ་བཞུགས་པ་ཀུན་ཀྱང་འདའ། །ཁྱོད་རང་གཅིག་པུར་གང་ནས་སྡོད། །དེ་བས་ཆོས་ཤིག་བྱེད་ནུས་ན། །རྒས་པས་ལུས་པོ་རྒུད་ན་ཡང། སེམས་ལ་དགའ་སྤྲོའི་གདེང་ཞིག་ཡོད། །” ཅེས་གསུངས་པ་ལྟར།

སྔོན་མ་ཆོས་ཀྱི་སློབ་དཔོན་ཆེན་པོ་ཞིག་གིས། “ངས་སྐྱེ་བ་ཕྱི་མར་གདེང་ལོན་པས་ང་ལ་སེམས་ཁྲལ་མི་འདུག །འཆི་བ་ག་དུས་ཐོག་ཏུ་འབབ་ཀྱང་། ངས་དགའ་བས་དང་ལེན་ཞུ་རྒྱུ་ཡིན།” ཞེས་གསུངས་པ་རེད།

“འཆི་བ་ཐོག་ཏུ་བབས་ན་ཡང། །བུ་ཆུང་ཕ་ཁྱིམ་འགྲོ་བ་འདྲ། །ཐབས་ཀྱི་ཡང་རྩེ་འདི་ལས་ལྷག །སངས་རྒྱས་ལའང་གསུང་དུ་མེད། །མི་རྒན་ང་ཡི་སྙིང་གཏམ་ཡིན། །འོན་ཀྱང་ངས་བཤད་ཁ་ན་མེད། །རང་དོན་རང་གིས་བསམ་བློ་ཐོངས། །”

བྱས་པས་གཞོན་ནུ། “ལགས་སོ་ལགས། །འོན་ཀྱང་གཉེན་གྱི་ལས་དོན་དང། །ཁང་གཞི་ནོམ་པའི་གཏོང་ལེན་སོགས། །བྱ་བ་ལས་དོན་འཕྲོ་མང་བས། །ལོ་འགར་ཁོམ་པ་མིན་འདུག་ཀྱང། །དེ་རྗེས་ངེས་པར་ཆོས་ཤིག་བྱེད། །དེ་དུས་ངེད་གཉིས་ཕྲད་དགོས་ཟེར། །”

རྒད་པོ་ཤིན་ཏུ་མ་མགུ་བར། “ཁྱོད་ཀྱི་བསམ་དོན་སྟོང་པ་ཡིན། །ལོ་འགའི་འཕྲོ་ནས་བྱེད་སྙམ་པ། །ང་ལའང་སྔ་མོ་ཞིག་ནས་ཡོད། །ལས་འཕྲོ་མི་རྒན་ཁ་སྤུ་བཞིན། བཅད་ཀིན་བཅད་ཀིན་ཇེ་མང་ཡིན། །ལོ་འགའ་ལོ་འགའ་མ་ཚར་བའི། །ངང་ལ་མི་ཚེ་ཚར་ནས་ཐལ། །ཕྱི་བཤོལ་འདི་ཡིས་ཐམས་ཅད་བསླུས། །ཁྱོད་ལ་ཆོས་ཀྱི་རེ་བ་མེད། །དོན་མེད་ཁ་བཤད་ཉི་མ་འཕུལ། །དེ་བས་ཁྱོད་རང་ཡུལ་དུ་སོང། །རྒད་པོ་མ་ཎི་འདོན་དུ་ཆུག །”

བྱས་པས་གཞོན་ནུ་ཧ་ལས་ཏེ། “རྒད་པོ་རྟོག་དཔྱོད་མི་གཏོང་བར། །དེ་འདྲ་ཟེར་ལུགས་གང་ན་ཡོད། །བྱ་བ་ལས་དོན་འདི་ཙམ་ཞིག །བསྐྱུར་ནས་འཇོག་ལུགས་ཇི་ལྟར་ཡོད། །”

བྱས་པས་རྒད་པོས་ཨ་ཧ་ཧ། “ང་ལ་དེ་སྐད་བཤད་ཆོག་སྟེ། །ལྷོ་ཕྱོགས་འདི་ན་བྱ་བའི་འཕྲོ། །ཨེ་འགྲུབ་རྟོག་དཔྱོད་མི་གཏོང་བའི། །རྒད་པོ་བཙན་པོ་མ་ཞིག་ཡོད། །དེ་ལ་གྲོས་ཤིག་ཨེ་ཆུད་ལྟོས། །དེ་ཡིས་ཧབ་རྒྱུག་བྱས་པའི་ཉིན། །རྒན་གཞོན་མཐོ་དམན་ཐམས་ཅད་ཀྱི། །ལས་འཕྲོ་རྩིད་སྐུད་བྲེགས་པ་བཞིན། །ཟིང་ངེ་བཞག་ནས་འགྲོ་ཀིན་སྣང། །དེ་དུས་མི་སྐྱུར་ཐབས་མེད་ཡིན། །གནས་ལུགས་མི་འཆོལ་དབང་མེད་ཡིན། །ནམ་རྐྱང་བསྐྱུར་ནས་འགྲོ་བ་ལ། །ད་ལྟ་བསྐྱུར་ན་དོན་ཡོད་ཡིན། །འོན་ཀྱང་ཕན་པར་སྨྲ་བ་དཀོན། །དེ་བས་དེ་ལ་ཉན་པ་དཀོན། །”

བྱས་པས་གཞོན་ནུ་ཕྱག་འཚལ་ཏེ། “བླ་མ་དབུ་གདུགས་སྐོར་མཁན་ནས། །དགེ་བཤེས་ཆེ་གཉན་ཚོ་ལ་ཡང་། །གདམས་པ་དེ་ལས་ཟབ་མི་འདུག །རྒད་པོའི་ཚུལ་བཟུང་དགེ་བའི་བཤེས། །ཁྱེད་ཀྱི་ཅི་གསུངས་བཞིན་དུ་བྱེད། །ད་དུང་གདམས་པ་ཐུགས་རྗེས་གཟིགས། །”

བྱས་པར་རྒད་པོས་འོ་ན་ལེགས། “རྒད་པོས་མ་མྱོང་དགུ་མྱོང་ཡང། །དང་པོར་ཆོས་ཀྱི་རྐང་ཚུགས་པ། །འདི་ལས་དགའ་ཞིག་མི་འདུག་པས། །རྒས་ཤིང་འཁོགས་ནས་ཡོང་ས་མེད། །བྱེད་ན་གཞོན་པའི་དུས་འདིར་གྱིས། །གཞོན་དུས་རྐང་ཞིག་འཛུགས་ཐུབ་ན། །རྒས་ཀྱང་ལག་ལེན་སླ་ཚོད་རེད། །ཆོས་ཀྱི་གནད་ཅིག་གོ་བྱུང་ན། །ཅི་བྱས་ཆོས་སུ་འགྲོ་ཚོད་རེད། །” ཅེས་གསུངས་པ་ལྟར།

མི་ལ་རས་པ་དང་རཱ་ལོ་ཙཱ་བས་ཀྱང་། “ངས་ཟ་བ་དང་། འགྲོ་བ། འདུག་པ། ཉལ་བ་སོགས་ཅི་བྱས་ཀྱང་ཐམས་ཅད་ཆོས་སུ་འགྲོ།” ཞེས་དེ་དང་གཅིག་པ་གསུངས་ཡོད།

“བློ་སྣ་མ་མང་དྲན་ཐོག་རང། །འདི་ནས་ཆོས་ལ་ཆིག་དྲིལ་མཛོད། །རྩ་བ་བཤེས་གཉེན་ཚུལ་བཞིན་བསྟེན། །དམ་ཚིག་སྡོམ་པ་མིག་བཞིན་སྲུངས། །”

ཨ་ཏི་ཤས་གནད་འདི་ལ་ནན་གསུངས་མཛད། ཁོང་གིས་ཉིད་ཀྱི་བླ་མ་ ༡༥༥ ཚང་མར་དམ་ཚིག་གཙང་མས་ཚུལ་བཞིན་དུ་བསྟེན་གྱི་ཡོད་པའི་ལོ་རྒྱུས་རྟག་ཏུ་གསུང་གི་ཡོད། 

“འདི་སྣང་འཁྲི་བ་རྦད་ཀྱི་ཆོད། །བློ་བཟང་རྒྱལ་བསྟན་སྙིང་པོ་ལ། །ཐོས་བསམ་སྒོམ་གསུམ་གཅིག་ཏུ་དྲིལ། །རྒྱབ་རྟེན་བསག་སྦྱང་ལ་འབད་ན། །སངས་རྒྱས་ལག་པའི་རྩེ་ན་ཡོད། །” ཅེས་གསུངས་པ་ལྟར།

༸རྒྱལ་བ་ལྔ་པ་ཆེན་པོས། བླ་མ་ཚད་ལྡན་ཞིག་གིས་དེ་ཚུལ་བཞིན་བསྟེན་མཁན་གྱི་སློབ་མ་ཞིག་ལ་ལམ་སྣ་འདྲེན་ཚེ། སངས་རྒྱས་ཀྱི་གོ་འཕང་རང་གི་ལག་མཐིལ་ན་ཡོད་ཅེས་གསུངས། རྗེ་བཙུན་མི་ལས་ཀྱང་། གལ་ཏེ་ཁྱོད་རང་ལ་ཚད་ལྡན་གྱི་བླ་མ་དང་ཁོང་གི་ཆོས་ཚད་མར་ཉམས་ལེན་བྱེད་མཁན་ཚུལ་ལྡན་གྱི་སློབ་མ་ཞིག་ཡོད་ཚེ། སངས་རྒྱས་ཀྱི་གོ་འཕང་ཕྱི་རོལ་དུ་མེད་ཅིང་། དེ་ནང་དུ་ཡོད་ཅེས་གསུངས། དེ་ལྟ་ནའང། བླ་མ་ཡང་དག་པ་དང་ཚད་ལྡན་ཞིག་ངེས་པར་དུ་དགོས་རྒྱུར་རྟག་ཏུ་དོ་ནན་བྱེད་དགོས།

“ཨ་རེ་དགའ་ལ་ཨ་རེ་སྐྱིད། །བུ་གཅེས་བསམ་པ་འགྲུབ་ནས་ཡོང། །” ཞེས་གསུངས་པ་ལྟར།

གསུང་འདི་རྣམས་ནི་སེམས་འདུལ་ཐབས་སུ་ཕན་ཐོགས་ཆེན་པོ་ཡོད། དེས་སེམས་གྱོང་པོ་དེ་ཞི་འཇམ་དུ་གཏོང་གི་ཡོད། གཏམ་དཔེ་ཞིག་ལ། “མར་སྐོགས་ནང་གི་མར་ལྟ་བུ་དང་ཆུ་ནང་གི་ཆུ་རྡོ་ལྟ་བུ་བྱ་རྒྱུ་མེད།” ཅེས་ཟེར་བ་ལྟར། མར་སྐོགས་ནང་མར་ཇི་ཙམ་བླུགས་ཀྱང་དེ་གཉེན་པོར་འགྱུར་གྱི་མེད། ཆུའི་ནང་རྡོ་ཇི་ཙམ་བསྡད་ཀྱང་དེ་སོབ་སོབ་ཆགས་རྒྱུ་མེད་པ་རེད།

བྱས་པས་གཉིས་ཀ་གྲོས་མཐུན་ཏེ། །དེ་ཡི་ཉིན་མོ་རང་ནས་བཟུང། །ཆོས་བརྒྱད་དྲི་མས་མ་སྦགས་པའི། །དམ་ཆོས་སྒྲུབ་པ་ལྷུར་བླངས་སོ། །

ང་ཚོས་དེ་འདྲ་བ་ཞིག་བྱེད་རྒྱུའི་འབད་བརྩོན་བསྟེན་དགོས་པ་ཡིན། གསུང་ཆོས་ཇི་ཙམ་མང་པོ་ཐོས་པ་དེ་ཙམ་གྱིས་ཉམས་ལེན་དང་རང་རྒྱུད་སྦྱོང་དགོས་པ་དང་། ཆུའི་ནང་གི་རྡོ་བཞིན་དུ་སོབ་སོབ་ཆགས་རྒྱུ་མེད་པ་དེ་འདྲ་བྱེད་མི་ཉན།

དེ་ནས་རྒན་པོས། “དེ་ལྟར་རྒན་གཞོན་འཆར་སྒོ་དང། །ཉམས་ལ་དཔག་པའི་གཏམ་འདི་ཡང། །རང་གཞན་མཐའ་དག་ཉམས་ལེན་ལ། །བློ་ཁ་ཕྱོགས་པའི་རྒྱུར་གྱུར་ཅིག །”

དེ་ནས་མཛད་པ་པོས་མཇུག་བསྡུ་བ་ལ།

རང་ལ་ཉམས་མྱོང་མ་མཆིས་ཀྱང། །སེམས་ཅན་མོས་པ་སྣ་ཚོགས་པར། །འདི་འདྲ་ཡིས་ཀྱང་ཕན་སྲིད་སྙམ། །དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས།།མི་རྟག་པའི་སྐོར་གྱི་ཆོས་ཁྲིད་འདི་དག་ནི་རང་བཟོ་བྱས་པའི་དོ་སྣང་བྱེད་འོས་ཀྱི་སྒྲུང་ཙམ་མིན་པར། འདིའི་ཁུངས་ནི་སློབ་དཔོན་ཆེན་པོ་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པར་གཞི་རྩར་བཞག་ནས་བྲིས་སོ།།
Top