སྐྱབས་འགྲོ་བརྟན་པོ་བཟོ་བ།

མཐར་ཐུག་ཆོས་ལ་སྐྱབས་སུ་འགྲོ་བ་ནི། འགོག་བདེན་དང་ལམ་བདེན་ལ་སྐྱབས་སུ་འགྲོ་བ་དེ་ཡིན།

སྐྱབས་སུ་འགྲོ་བ་ཞེས་པ་ནི། སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་རིན་པོ་ཆེ་གསུམ་གྱིས་བསྟན་པའི་ཉེན་མེད་དོན་དང་ལྡན་པའི་ཁ་ཕྱོགས་བཟང་པོ་དེའི་ཕྱོགས་སུ་འགྲོ་བའི་ཧུར་བརྩོན་གྱི་རྒྱུད་རིམ་ཞིག་ཡིན། དཀོན་མཆོག་གསུམ་པོ་རྟོགས་ཚུལ་གྱི་རིམ་པ་འགའ་ཞིག་ཡོད་ནའང་། དེ་དག་ལས་གཏིང་ཟབ་ཤོས་ཀྱི་རིམ་པའི་ཐོག་ནས་བཤད་ན། ཆོས་དཀོན་མཆོག་ནི་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་གཉིས་ལ་གོ་བ་ཡིན། སངས་རྒྱས་དཀོན་མཆོག་གི་ཆོས་དཀོན་ཡོངས་སུ་རྫོགས་པར་རྟོགས་པའི་གང་ཟག་རྣམས་ཡིན། དགེ་འདུན་དཀོན་མཆོག་ནི་དེ་དག་གི་ཆ་ཤས་ཙམ་རྟོགས་པའི་གང་ཟག་རྣམས་ཡིན།

དོན་དམ་པའི་ཆོས་དཀོན་མཆོག་གི་རྣམ་པ་དང་པོ་འཕགས་པའི་བདེན་པ་གསུམ་པ་ནི་སྐྱོན་གྱི་ཆ་དང་། ཉོན་མོངས་པ། བག་ཆགས། རྨོངས་པ། ང་ཚོའི་སེམས་ཀྱི་བྱེད་ལས་ལ་བརྟེན་ནས་བྱུང་བའི་ངང་ངམ་ཤུགས་ཀྱི་ལས་དང་བཅས་པ་ཚང་མ་འགོག་པའི་འགོག་བདེན་དེ་ལ་གོ་བ་ཡིན། དེའི་དོན་ནི་དེ་དག་ཐམས་ཅད་རྩད་ནས་ཕྱིར་མི་འབྱུང་བའི་ཚུལ་དུ་ཟད་པ་རེད། དེ་ནི་སྲིད་པ་ཞིག་ཡིན་ཏེ། ང་ཚོའི་སེམས་ནི་རྨོངས་པ་ལ་གཞི་བྱས་པའི་ཉོན་མོངས་ལྷན་སྐྱེས་ཀྱིས་དྲི་མས་གོས་པ་ཞིག་མིན་པའི་ཕྱིར།
 
དོན་དམ་པའི་ཆོས་དཀོན་མཆོག་གི་རྣམ་པ་གཞན་འཕགས་པའི་བདེན་པ་བཞི་པ་ནི། ལམ་གྱི་བདེན་པ་ལ་གོ་བ་ཡིན། དེའི་དོན་ནི་རྟོགས་པ་དང་ང་ཚོའི་སེམས་ནང་ཡར་རྒྱས་གཏོང་རུང་ཡིན་པའི་བྱམས་སྙིང་རྗེ་ལ་སོགས་པའི་ཡོན་ཏན་ཚང་མའི་ལམ་གྱི་བདེན་པ་དེ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོའི་སེམས་ལ་གནད་དོན་གང་འདྲ་ཞིག་ཡིན་ནའང་ཆ་ཚང་རྟོགས་པའི་ནུས་པ་དང་། མི་སུ་འདྲ་ཞིག་ཡིན་ནའང་ཚང་མར་མཐའ་གཅིག་ཏུ་བྱམས་པ་དང་སེམས་འཁུར་སོགས་ཡོད་པ་རེད། ད་ལྟ་ཡིན་ནའང་གནས་སྟངས་དེ་འདྲ་རེད། དེའི་རྒྱུ་མཚན་ནི་ང་ཚོའི་ཚད་བཀག་ཅན་གྱི་གྲུབ་ཆ་རགས་པ་སྟེ། གཞི་རྩའི་ཆ་ནས་ང་ཚོའི་ལུས་དང་སེམས་འདི་རེད། ང་ཚོས་ཅུང་ཟད་ཙམ་ཞིག་རྟོགས་པ་དང་། གང་རྟོགས་པ་དེ་ཡང་སེ་མགོ་རྨོངས་ཤིག་ཡོད། ནམ་རྒྱུན་ང་ཚོས་སོ་སོ་རང་ཉིད་ཁོ་ནར་སེམས་འཁུར་ཡོད། གཅིག་བྱས་ན་ང་ཚོས་དེ་སོ་སོའི་ནང་མི་དང་དགའ་ས་ཉེ་ས་ལ་རྒྱ་སྐྱེད་གཏོང་སྲིད། འོན་ཀྱང་ཚང་མ་ལ་རྒྱ་སྐྱེད་གཏོང་གི་མེད། དེ་ནི་ཚད་བཀད་ཅིག་ཡིན།

 ང་ཚོས་སེམས་ཀྱི་རང་བཞིན་དང་སོ་སོ་སྒེར་གྱི་ཉམས་མྱོང་དང་བསྟུན་ནས་དེ་དག་གི་སྐོར་ལ་སྐད་ཆ་ཤོད་པའི་སྐབས། འགོག་བདེན་དང་ལམ་བདེན་རྣམས་ཐོབ་རུང་ཡིན་པར་ཡིད་ཆེས་རྙེད་པ་ཞིག་ཡོང་བར་བསམ་བློ་རྒྱ་ཆེན་པོ་གཏོང་དགོས་ཀྱི་ཡོད། དེ་འདྲ་ཞིག་ངེས་པ་བརྙེད་ན། གཞི་ནས་ང་ཚོས་སངས་རྒྱས་ནི་དེ་དག་ཐམས་ཅད་ཆ་ཚང་བ་ཐོབ་མཁན་དང་། འཕགས་པའི་དགེ་འདུན་རྣམས་ནི་དེ་དག་གི་ཆ་ཤས་ཐོབ་མཁན་ཡིན་པའི་བསམ་མནོ་འཁོར་གྱི་ཡོད། དེ་མིན་ང་ཚོས་དེ་ལྟར་ཐོབ་མི་སྲིད་པར་བསམས་ན། སངས་རྒྱས་དང་འཕགས་པའི་དགེ་འདུན་ཞེས་ཡོད་པ་དང་དེ་དག་གིས་གོ་འཕང་ཐོབ་ཡོད་པ་ཇི་ལྟར་སྲིད་དམ། གལ་ཏེ་ཁོང་ཚོས་ཆོས་དཀོན་མཆོག་དེ་ནམ་ཡང་ཐོབ་མེད་ན། ང་ཚོས་ཇི་ལྟར་ཐོབ་ཐུབ་བམ།  

སེམས་ཀྱི་རང་བཞིན།

ཆོས་དཀོན་མཆོག་དེ་ཐོབ་རུང་ཡིན་པའི་ཐོག་ལ་རྟོག་ཞིབ་བྱེད་པར། སེམས་ཀྱི་རང་བཞིན་ལ་བལྟ་རྒྱུ་དེ་གལ་ཆེན་པོ་ཡིན། གང་ཡིན་ཞེ་ན། འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་གཉིས་སེམས་ལ་བརྟེན་ནས་འབྱུང་གི་ཡོད་པའི་ཕྱིར། སེམས་ནི་ཡུལ་ཅན་གྱི་རྣམ་པ་ཞིག་དང་། སོ་སོ་བ། སྐད་ཅིག་རེ་རེ་བཞིན་དུ་ཡུལ་ཞིག་ཉམས་སུ་མྱོང་བཞིན་པ་དེ་ཡིན། དེས་གཉིད་དང་དྲན་མེད་ཀྱི་གནས་སྐབས། ཐ་ན་འཆི་བ་ཉམས་སུ་མྱོང་བ་སོགས་གང་ཡིན་ནའང་འདྲ་སྟེ། རྟག་ཏུ་གཅིག་མྱོང་བཞིན་ཡོད། ད་དུང་གསལ་དུ་བཏང་ན། དེ་ནི་ཡུལ་ཞིག་གམ་བསམ་བློ་ཞིག་དང་མཉམ་དུ་བདེ་སྡུག་གི་ཚོར་བའི་རིམ་པ་དང་། དེའི་ཕྱོགས་སུ་སེམས་ཚོར་འདྲེས་མའི་མགོ་རྙོག་ཅན་གྱི་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་ཞིག་ཤར་བ་དེ་རེད། དེ་འདྲ་ཞིག་ཤར་བ་ནི་ཡུལ་ཞིག་གམ་བསལ་བློ་ཞིག་ལ་ཤེས་པའི་འཇུག་ཚུལ་ཞིག་དང་འདྲ་ཞིང་། དེ་ཡང་ང་དང་ང་ཡི་ཟེར་བ་ཞིག་དེ་འབྱུང་བར་བྱེད་པའམ་དེ་ལ་རྟོག་ཞིབ་བྱེད་པ་ཞིག་ལོགས་སུ་མེད་པའི་སྒོ་ནས་འབྱུང་གི་ཡོད། འདི་ནི་སེམས་ཀྱི་ཀུན་རྫོབ་ཀྱི་རང་བཞིན་དེ་ཡིན།
 
ང་ཚོའི་ཡུལ་ཅན་གྱི་སེམས་དེ་ལུས་ཀྱི་ལྟ་ཚུལ་གྱི་ཆ་ནས་ཀྱང་འགྲེལ་བརྗོད་བྱེད་ཆོག །དེ་ལ་ནུས་པའམ་ལུས་ཀྱི་གཞི་རྟེན་འགའ་ཞིག་ཡོད། དཔེར་ན། ཀླད་པ་དང་ལུས་པོ་ལྟ་བུ། ནུས་པ་དེ་ཕྱིར་འཕྲོས་ནས་ང་ཚོས་ཕན་ཚུན་འབྲེལ་གཏུག་བྱེད་ཐུབ་ཀྱི་ཡོད། ནང་པའི་ཐུན་མིན་གྱི་ཆོས་སྐད་ལ་དེ་ནི་ནམ་རྒྱུན་ངག་ཅེས་པ་དེ་ལ་གོ་བ་ཡིན། འོན་ཀྱང་ངག་ནི་ཚིག་ཙམ་གྱི་དོན་ཡིན་པའི་ངེས་པ་མེད། ངག་ནི་འབྲེལ་གཏུག་གི་རྣམ་པ་ཡོངས་སུ་རྫོགས་པ་དེ་ཡིན།
 
གལ་ཏེ་སེམས་ཀྱི་རང་བཞིན་ལྷན་སྐྱེས་དེས་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་ mental hologram སྐྲུན་གྱི་ཡོད་ན། དེའི་དོན་ནི་ཆོས་གང་འདྲ་ཞིག་ཡིན་ནའང་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་སྐྲུན་ཆོག་པ་ཡིན། ཤེས་པའི་འཇུག་ཚུལ་དེ་རྨོངས་པ་ཅན་ཞིག་ཡིན་སྲིད་པ་ནི་ཤོད་མི་དགོས་ཀྱང་། དེ་ནི་ད་དུང་མཐའ་གཅིག་ཏུ་གོ་རྟོགས་དང་། བྱམས་བརྩེ། བཟོད་པ། དེ་ག་ནང་བཞིན་ཁྱད་ཆོས་བཟང་པོ་གཞན་ཚང་མ་ཡིན་ཆོག

 ང་ཚོས་ཀུན་རྫོབ་སེམས་ཀྱི་རང་བཞིན་ལྷན་སྐྱེས་སྐོར་ཤོད་པའི་སྐབས། སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་དང་ཤེས་པའི་འཇུག་པ་ཙམ་ཞིག་འབྱུང་བ་དང་མཉམ་དུ་ང་ཚོས་སེམས་ཀྱི་ལས་ཀ་བྱེད་སྟངས་ཀྱི་སྒྲོམ་གཞིའི་སྐོར་ཤོད་ཀྱིན་ཡོད། ལྷན་སྐྱེས་ཞེས་པའི་དོན་ནི། སེམས་ཀྱི་ནང་གི་ཆ་ཤས་ཤིག་ཡིན། ང་ཚོས་ནང་དོན་དངོས་དེ་ཤོད་ཀྱིན་མེད། ཡང་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་གང་འདྲ་ཞིག་སྐྲུན་གྱི་ཡོད་པ་དང་། དེ་ལ་ཤེས་པའི་འཇུག་པ་དེ་རིམ་པ་གང་གི་ནང་ཡོད་པའི་སྐོར་ཤོད་ཀྱིན་མེད།
 
ནང་དོན་ནི་ཚད་བཀག་ཅན་ཞིག་ཡིན་སྲིད། དཔེར་ན། ང་ཚོས་མངོན་སུམ་གང་ཡིན་པ་དང་སོ་སོའི་མདུན་དུ་གང་ཡོད་པ་ཁོ་ན་རྟོགས་ཐུབ་ཀྱི་ཡོད། ནམ་རྒྱུན་དེ་ལ་རྟོག་འཆར་ཧ་ཅང་མང་པོ་ཡོད་པ་དང་། ཤེས་པའི་འཇུག་པ་དེ་ཡང་རྨོངས་པ་མང་པོ་དང་མཉམ་དུ་ཡོད་སྲིད། འོན་ཀྱང་དེ་དག་ནི་ནང་དོན་གྱི་ཚད་བཀག་དང་འབྲེལ་བའི་དཔེ་མཚོན་རྣམས་རེད། དེ་དག་གིས་སེམས་དང་མཉམ་དུ་གང་འབྱུང་བཞིན་ཡོད་པའི་སྒྲོམ་གཞི་ལ་ཚད་བཀག་བཟོ་བའམ་ཤུགས་རྐྱེན་བྱེད་ཀྱི་མེད། ནང་དོན་ལ་མ་ལྟོས་པར་སྒྲོམ་གཞི་དེ་རང་འཇགས་གནས་ཀྱི་ཡོད།  

འགྲོ་བ་མིའི་གྲུབ་ཆ་རགས་པའི་ཚད་འཛིན།

གལ་ཏེ་འདིར་དཀའ་ངལ་དེ་གང་རེད་ཅེ་ན། དེ་ནི་ང་ཚོའི་སེམས་ཀྱི་ཚད་འཛིན་དེ་གྲུབ་ཆ་རགས་པས་ཆ་རྐྱེན་བཟོ་གི་ཡོད། ང་ཚོར་སྐྱེ་བ་གཅིག་ནི་ནང་ཐོབ་སྲིད་པའི་གྲུབ་ཆ་རགས་པ་བཟང་ཤོས་དེ་ཡིན་པ་ལ་མ་ལྟོས་པར། མིའི་ལུས་པོའི་ཚད་བཀག་གི་གྲུབ་ཆ་རགས་པ་ལ་ལྟོས་ཤིག །ཐོག་མར་ང་ཚོས་བྱིས་པ་ཞིག་གམ་ཕྲུ་གུ་མ་འབྱར་ནང་བཞིན་འགོ་འཛུགས་བྱེད་དགོས། ང་ཚོས་ཅི་གང་ཤེས་ཀྱི་མེད། དོན་ངོ་མར་ང་ཚོས་འབྲེལ་བ་བྱེད་ཐུབ་ཀྱི་མེད། ང་ཚོས་ངུ་ནས་སྡོད་རྒྱུ་ལས་གཞན་གང་ཡང་བྱེད་མི་ཐུབ། དེ་ནས་ང་ཚོ་འཚར་ལོངས་བྱུང་སྟེ་ལང་ཚོ་དར་བའི་སྐབས། ང་ཚོ་ནི་རང་གི་སྐུལ་རྒྱུའི་ཤུགས་རྐྱེན་འོག་ཏུ་ཡོད། བྱས་ཙང་། ང་ཚོར་འཁྲིག་པའི་འདོད་པ་ཤུགས་ཆེན་ཡོད་པ་དང་དྲག་ཤུལ་ཅན་ཆགས་ཀྱི་ཡོད། དེ་དག་ཐམས་ཅད་ཚད་འཛིན་ཆེན་པོ་མ་ཡིན་ནམ།

ང་ཚོའི་ལུས་པོ་ན་བ་དང་། རིམ་པས་ལོ་ན་ཆེ་རུ་ཆེ་རུ་འགྲོ་བ། ལུས་སྟོབས་ཉམས་རྒྱུ་འགོ་བཙུག་གི་ཡོད། ང་ཚོས་དྲན་ཤེས་ཉམས་པའི་རྐྱེན་གྱིས་དྲན་པ་ཡག་པོ་གསོས་མི་ཐུབ་པ་དང་མགོ་འཐོམ་འགྲི་གི་ཡོད། དེ་ནི་གྲུབ་ཆ་རགས་པའི་སྐྱོན་ཆེན་པོ་ཞིག་རེད། དེ་ལས་གཞན་པའི་སྐྱོན་ནི་ང་ཚོའི་མགོ་བོའི་མདུན་དུ་ཡོད་པའི་ཨི་ཁུང་དེ་གཉིས་ཀྱིས་མཐོང་ཐུབ་པ་ཙམ་དེ་རེད། ཚད་གཞི་དེ་ལས་ཕྱི་རོལ་ཏུ་ང་ཚོས་མཐོང་ཐུབ་ཀྱི་མེད་ལ། ད་ལྟ་གང་འབྱུང་བཞིན་ཡོད་པ་ལས་འདས་པའི་གནད་དོན་གང་ཡང་མཐོང་ཐུབ་ཀྱི་མེད།
 
ང་ཚོས་གང་ལ་དྲན་ཤེས་བསྟེན་ཐུབ་པ་དང་དེ་དང་མཉམ་དུ་སེམས་ཀྱི་འཇུག་པ་ཇི་ཙམ་ཞིག་ང་ཚོར་ཡོད་ཆོག་པ་དང་འབྲེལ་བའི་ཚད་འཛིན་དེ་དག་ཐམས་ཅད་གཞི་རྩའི་ཆ་ནས་གྲུབ་ཆ་རགས་པའི་དཀའ་ངལ་རྣམས་རེད། གང་ཡིན་ཞེ་ན། ང་ཚོས་རྨོངས་ནས་གང་རྟོགས་པ་དེ་དངོས་པོའི་གནས་ལུགས་ཡོངས་སུ་རྫོགས་པ་དེ་རེད་བསམ་གྱི་ཡོད། དེ་ནས་ཧ་ཅང་མགོ་རྙོག་ཅན་གྱི་ཐབས་ལམ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཞེས་སུ་གྲགས་པ་དེ་བརྒྱུད་ནས་ང་ཚོས་ཚད་བཀག་གི་གྲུབ་ཆ་རགས་པ་འདི་ཇེ་མང་ནས་ཇེ་མང་དུ་མི་ཚེ་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱུན་སྲིང་བར་བྱེད་ཀྱི་ཡོད།
 
གང་ལྟར་ཡང་། གལ་ཏེ་ང་ཚོས་སེམས་ཀྱི་སྒྲོམ་གཞི་ཁོ་ནའི་དབང་དུ་བསམ་བློ་བཏང་ན། སྒྲོམ་གཞི་དེ་ཉིད་རང་ངོས་ནས་ཚད་མེད་པ་ཞིག་ཡིན། དེ་ནི་ང་ཚོས་ཟེར་བའི་དག་པའམ་གཙང་བ་དེ་རེད། དེ་ནི་གྲུབ་ཆ་རགས་པ་རྣམས་དང་རྨོངས་པའི་སྐྱོན་གྱི་དྲི་མས་གོས་མེད། དེའི་དོན་ནི་གྲུབ་ཆ་རགས་པ་དེ་མེད་པ་དང་གྲུབ་ཆ་རགས་པ་ཚད་བཀག་ཅན་དང་མཉམ་དུ་མི་ཚེ་ནས་མི་ཚེའི་བར་རྒྱུན་སྲིང་ནས་སྐྱེད་པ་མིན་པའི་སྒོ་ནས་ང་ཚོའི་སེམས་འདི་འབྱུང་བའི་སྐབས། འདིའི་སྒྲོམ་གཞི་ལ་གནད་དོན་རྣམས་ཡོངས་སུ་རྫོགས་པ་རྟོགས་པའི་ནུས་པ་ཆ་ཚང་ཡོད་པ་སོང་ཙང་། ང་ཚོའི་སེམས་འདི་གོ་རྟོགས་ཡོངས་རྫོགས་དང་། བརྩེ་བ་ཡོངས་རྫོགས། སེམས་འཁུར་ཡོངས་རྫོགས། དེ་བཞིན་ཚད་མེད་པའི་འབྲེལ་བ་ངོ་མཚར་བ་ཡོང་གི་ཡོད། དེ་ནི་ཧ་ཅང་ཡག་པོ་རེད། མ་རེད་དམ།

ང་ཚོ་གྲུབ་ཆ་རགས་པ་འདི་ལས་ཐར་བའི་ཆེད་རང་སྲོག་གཅོད་པའི་སྒོ་ནས་དཀའ་ངལ་སེལ་དགོས་པའི་དོན་མིན། ང་ཚོས་རྨོངས་པ་གཞི་རྩ་བཞག་ནས་ལས་བྱས་པ་ལས་བསགས་པའི་རྨོངས་པ་དང་ལས་ཀྱི་བག་ཆགས་དང་ནུས་པ་ཡོངས་སུ་རྫོགས་པའི་སྟོབས་ཀྱིས་ང་ཚོས་ཚད་མེད་པའི་གྲུབ་ཆ་རགས་པ་སྐྱེད་ཀྱི་རེད། ཕལ་ཆེར་ད་ལྟ་ང་ཚོ་ཡོད་པའི་གྲུབ་ཆ་རགས་པ་ལས་མང་བ་སྐྱེད་པར་བྱེད་ཀྱི་རེད།
 
ཚད་བཀག་གི་གྲུབ་ཆ་རགས་ཡོད་པའི་མཐར་ཐུག་གི་རྒྱུ་ནི་རྨོངས་པ་རེད། ད་དུང་ང་ཚོའི་སེམས་ལ་ཡང་དག་པའི་རྟོགས་པ་སྐྱེད་པའི་ནུས་པ་དང་ལྡན་པ་ཡིན། ཡང་དག་པའི་རྟོགས་པ་ཚད་ལྡན་བཟོ་ཐུབ་ནའང་། རྨོངས་པ་ནི་ཁུངས་ཐུབ་བཟོ་མི་ཐུབ། དེའི་དོན་ནི་ཡང་ནས་ཡང་དུ་ཁུངས་ཐུབ་བཟོ་བ་དང་མཐའ་གཅིག་ཏུ་གོམས་འདྲིས་ལ་བརྟེན་ནས་ང་ཚོས་སེམས་དེ་ཉམས་པ་སོར་ཆུད་བྱེད་པ་དང་། ཡང་དག་པའི་རྟོགས་པ་དེས་རྨོངས་པ་ཕྱིར་འདོན་བྱས་ཏེ། ང་ཚོས་རྨོངས་པ་ཐམས་ཅད་དང་དེ་ལས་བྱུང་བའི་ཉོན་མོངས་རྣམས་འགོག་པའི་འགོག་བདེན་ཐོབ་པ་ཡིན།

 ང་ཚོར་ཡང་དག་པའི་རྟོགས་པ་དེ་རྨོངས་པ་དང་གོ་ས་ཇི་ལྟར་བརྗེ་ཐུབ་པའི་སྐོར་ལ་ཇི་ཙམ་གྱིས་གོ་རྟོགས་དང་ཡིད་ཆེས་ཡོད་པ་དེ་ཚོད་ཀྱིས་དེ་ཐོབ་རུང་ཡིན་པའི་ཡིད་ཆེས་སྐྱེ་གི་རེད། དེ་ཡང་ལྷན་སྐྱེས་ཀྱི་སེམས་དག་པའི་རང་བཞིན་དང་དེའི་ལྷན་སྐྱེས་ཀྱི་ནུས་པ་ལ་བཞི་བྱས་ཏེ། འཕགས་པའི་བདེན་པ་གསུམ་པ་སྟེ། འགོག་བདེན་དང་འཕགས་པའི་བདེན་པ་བཞི་པ་སྟེ། ལམ་གྱི་བདེན་པ་དངོས་སུ་ཐོབ་ཀྱི་ཡོད། འཕགས་པའི་བདེན་པ་གསུམ་པ་དང་བཞི་པ་ནི་དོན་དམ་པའི་ཆོས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དེ་ཡིན།

སངས་རྒྱས་ཞེས་བྱ་ཞིག་དོན་ངོ་མར་ཡོད་དམ།

རྒྱུ་མཚན་རིགས་པ་འདི་ལ་གཞི་བྱས་ཏེ། ང་ཚོས་ཆོས་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བ་ཞིག་ཡོད་པ་དང་། འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་ཟེར་བ་ཡོད་ཅིང་། དེ་དག་ཐོབ་རུང་ཡིན་པའི་ཡིད་ཆེས་བྱེད་ཆོག །དྲི་བ་གང་འབྱུང་སྲིད་ཅེ་ན། གལ་ཏེ་དེ་དག་ཐོབ་རུང་ཡིན་ན། མི་ཚང་མས་དེ་དག་ཐོབ་ཡོད་དགོས་ངེས་ཅན་གྱི་དོན་ཡིན་ནམ། དེ་ནི་ལན་འདེབས་བྱ་རྒྱུ་ལས་སླ་མོ་ཞིག་མ་རེད་ཅེས་བརྗོད་རྒྱུ་ཡིན། དེ་ནི་དྲི་བ་ངོ་མ་དེ་རེད། སངས་རྒྱས་ཞེས་བྱ་བ་ཞིག་ངོ་མ་བྱུང་ཡོད་དམ། ད་ལྟ་སངས་རྒྱས་དེ་འདྲ་མང་པོ་མེད་པའི་རྒྱུ་མཚན་གང་རེད་དམ། བོད་པ་ཚོས་ཀྱང་ཕལ་ཆེར་ད་ལྟའང་སངས་རྒྱས་མང་པོ་ཡོད་ཅེས་བརྗོད་ནའང་། ང་ཚོས་དེ་ལ་ཡིད་ཆེས་བྱེད་ཐུབ་བམ། དེ་ནི་དངོས་གནས་ལན་འདེབས་བྱེད་དཀའ་བ་ཞིག་རེད།

 ད་ང་ཚོས་བརྟག་དཔྱད་བྱེད་དགོས། ༧གོང་ས་༧སྐྱབས་མགོན་ཆེན་པོ་དང་རླབས་ཆེན་གྱི་མཁས་པ་དང་སློབ་དཔོན་རྣམས་ཀྱིས་ཞལ་སྔ་ནས་ང་ཚོས་བརྟག་དཔྱད་བྱེད་དགོས་ཞེས་རྟག་ཏུ་ནན་བརྗོད་གནང་ཡོད། ངས་འདི་དག་ཐམས་ཅད་ཀྱི་སྐོར་ཞིབ་ཕྲར་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། གལ་ཏེ་ང་ཚོས་ཉིན་རེའི་མི་ཚེའི་ནང་ཁ་ཡོད་ལག་ཡོད་ཀྱི་སྐྱབས་འགྲོ་ཉམས་ལེན་སྐོར་བཤད་ན། ཡང་གལ་ཏེ་ང་ཚོས་སངས་རྒྱས་ཆོས་དང་དགེ་འདུན་ཞེས་དོན་དམ་གྱི་རིམ་པའི་སྒོ་ནས་ཡོད་ཅེས་དངོས་གནས་ཡིད་མ་ཆེས་ན། ང་ཚོས་སྐྱབས་འགྲོ་འདི་སོ་སོའི་མི་ཚེའི་ནང་ཇི་ལྟར་ལག་བསྟར་བྱེད་ཐུབ་བམ། ང་ཚོས་བསྒྲུབ་བྱ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་ཀྱིན་ཡོད། འོན་ཀྱང་ང་ཚོས་དེ་ཐོབ་རུང་ཡིན་པ་ལའང་ཡིད་ཆེས་བྱེད་ཀྱི་མེད། གལ་ཏེ་སངས་རྒྱས་དང་། ཆོས། དགེ་འདུན་བཅས་དངོས་གནས་ཡོད་པ་དང་དེ་དག་གིས་བསྟན་པའི་ཁ་ཕྱོགས་སུ་འགྲོ་ཆོག་པའི་གདེང་ཚོད་ཅིག་མ་སླེབས་ན། གནས་སྟངས་ཆ་ཚང་ཚུལ་འཆོས་ཆགས་ཀྱི་ཡོད།
 
ཁྱེད་ཀྱིས་མཁྱེན་གསལ་ལྟར། དེ་ནི་སྐྱབས་འགྲོ་དེ་ང་ཚོའི་མི་ཚེའི་ནང་གི་གཙོ་བོ་དང་གལ་ཆེ་ཤོས་ཤིག་ཏུ་འཛིན་ཐུབ་པ་ལ་གཏོར་སྐྱོན་གཏོང་གི་ཡོད་སྙམ། སྐྱབས་འགྲོ་ཟེར་བ་གང་ཡིན་པ་ང་ཚོས་ཤེས་ཀྱི་མེད་པའམ། ཡང་ན་ང་ཚོས་ཤེས་ཀྱི་ཡོད་ནའང་། དེ་དག་གི་གོ་འཕང་དེ་དངོས་གནས་ཐོབ་རུང་ཡིན་པའི་ཡིད་ཆེས་རྙེད་ཀྱི་མེད། ཐ་ན་ང་ཚོས་དེ་ཐོབ་རུང་ཡིན་པར་ཡིད་ཆེས་ཀྱང་། དེ་དག་སོ་སོའི་མི་ཚེའི་ནང་ཇི་ལྟར་ལག་ལེན་བསྟར་དགོས་མིན་ཤེས་ཀྱི་མེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ངས་དཔྱད་ཞིབ་ཀྱི་ཕྱོགས་འདིའི་སྐོར་ལ་ཏོག་ཙམ་རྒྱས་བཤད་བྱ་རྒྱུ་དང་། དཀོན་མཆོག་གསུམ་ལ་མངའ་བའི་ཡོན་ཏན་གྱི་སྐོར་ཞིབ་ཕྲར་འཆད་རྒྱུ་མིན།
 
ད་ང་ཚོའི་དཔྱད་ཞིབ་དེ་བརྒྱུད་ནས་ད་བར་ང་ཚོས་གང་འཐོབ་ཐུབ་པའི་སྐོར་བལྟ་རྒྱུ་ཡིན། ང་ཚོའི་སེམས་ལ་གོས་པའི་ཉོན་མོངས་པའི་དྲི་མ་ ༼འདི་ནི་ནང་པའི་ཐུན་མིན་འགྲེལ་བརྗོད་ཀྱི་ཚིག་ཡིན་༽ དེ་དག་སླར་མི་འབྱུང་བའི་ཚུལ་དུ་སྤོང་རྒྱུ་ཡོད་པ་དང་། སེམས་ཀྱི་ཡོན་ཏན་གྱི་ཆ་དང་དགེ་བའི་ནུས་པ་རྣམས་ཡོངས་སུ་རྟོགས་ཐུབ་པའི་ངེས་ཤེས་རྙེད་ཡོད། དེའི་སྒང་ལ་ང་ཚོས་ནང་པའི་བཞེད་ཚུལ་གྱི་ཐོག་མ་མེད་པའི་དུས་ཟེར་བ་དེ་ཁ་སྣོན་བྱེད་དགོས། ད་གཟོད་ང་ཚོས་ཚན་རིག་གི་ཐུན་མིན་ཚིག་གཡར་སྲིད། དེ་ཡང་ཕལ་ཆེར་ཁ་གསལ་མེད་པའི་སྒོ་ནས་གཡར་སྲིད་ནའང་། བཞེད་ཚུལ་དེ་ལ་གཞི་བྱས་ཏེ་མི་ཞིག་གིས་དངོས་གནས་འགོག་བདེན་དང་ལམ་བདེན་དེ་དག་ཐམས་ཅད་ཐོབ་ཡོད་པའི་གྲངས་ཀ་བརྩི་སྟངས་ཀྱི་རྣམ་གྲངས་རིག་པའི་སྲིད་རུང་ཞིག་ཡོད། ང་ཚོས་དེ་འདྲ་མི་སྲིད་པ་དང་བྱུང་མེད་ཅེས་བརྗོད་མི་ཐུབ། ལྟ་བའི་རྣམ་གཞག་གི་ཆ་ནས་ཐོབ་རུང་ཡིན་པ་དང་དུས་ལ་ཐོག་མ་མེད་པ་ཡིན།
 
རྒྱུ་མཚན་རིགས་པ་དེ་དག་ལས་སངས་རྒྱས་ཞེས་བྱ་བ་ཞིག་ཡོད་པའི་སྲིད་པའམ་སྲིད་རུང་ཧ་ཅང་ཆེ་བ་དང་། དེ་ལ་གཞུང་ཚང་མའི་ནང་སངས་རྒྱས་ཞེས་བརྗོད་ཀྱི་ཡོད། འོ་ན་སངས་རྒྱས་ཀྱིས་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་ཇི་ལྟར་ཐོབ་པ་དང་། དེ་དག་ཐོབ་ནས་ཁོང་སངས་རྒྱས་སུ་བསྒྱུར་ཚུལ་སྐོར་གང་གསུངས་ཡོད་པའི་ཐོག་ལ་ང་ཚོས་བརྟག་དཔྱད་བྱེད་དགོས། ཁོང་གིས་ཆོས་རྣམས་ཉམས་སུ་ལེན་པའི་སྐབས། སངས་རྒྱས་ཀྱིས་ཐོབ་རུང་ཡིན་ཞེས་གསུངས་པའི་འབྲས་བུ་རྣམས་ང་ཚོས་མྱོང་འགོ་བཙུག་གི་ཡོད། རྒྱུ་མཚན་རིགས་པ་དེ་ལ་གཞི་བཅོལ་ནས་ང་ཚོས་སངས་རྒྱས་ཞེས་བྱ་བ་ཞིག་དངོས་གནས་ཡོད་པར་ཡིད་ཆེས་བྱེད་འགོ་བཙུག་ཆོག

ནང་ཆོས་དེ་རྒྱ་གར་གྱི་ལྟ་གྲུབ་གཞན་འགའ་ཞིག་དང་གང་འཚམ་གྱི་མི་འདྲ་བ་ཡིན། དེའི་དོན་ནི་ནང་ཆོས་ནས་མི་ཚང་མས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་ཉག་ཅིག་ཡིན་པར་གསུང་གི་མེད། མི་ཚང་མས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ། གང་ཡིན་ཟེར་ན། ང་རང་ཚོ་སོ་སོའི་སེམས་ཀྱི་རང་བཞིན་ངོ་མ་ནི་དག་པ་ཡིན། འོན་ཀྱང་དེས་ཚང་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་དགོས་ངེས་རེད་ཅེས་པའི་དོན་མིན། དེའི་རྒྱུ་མཚན་ལ་ཚད་མེད་པ་དང་། ཐོག་མ་མེད་པའི་དུས་ཞེས་བརྗོད་ཀྱི་ཡོད། གལ་ཏེ་མི་ཚང་མས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ་ཀྱི་ཡོད་ན། ཁོང་ཚོས་ཐོབ་ཟིན་པ་དགོས་ཀྱི་ཡོད། ཡིན་ནའང་དེ་འདྲ་བྱུང་མེད། བྱས་ཙང་། མི་ཚང་མས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ་ནའང་། ཚང་མས་འཐོབ་རྒྱུ་ངེས་པ་ཡིན་པའི་དོན་མིན།

འོན་ཀྱང་གལ་ཏེ་མི་ཞིག་དག་སྦྱོང་གི་རྒྱུད་རིམ་ཡོངས་སུ་རྫོགས་པ་འགྲིམས་ནས་སངས་རྒྱས་པའི་རྣམ་གྲངས་རིག་པའི་སྲིད་རུང་ཞིག་དང་། དག་སྦྱོང་གི་རྒྱུད་རིམ་ཕྱེད་ཙམ་མམ་ཆ་ཤས་ཙམ་འགྲིམས་ཡོད་ཀྱང་རྒྱུད་རིམ་ཚང་མ་ཚར་མེད་པའི་རྣམ་གྲངས་རིག་པའི་སྲིད་རུང་ཞིག་ཀྱང་ཡོད་ན། དེ་ནི་འཕགས་པའི་དགེ་འདུན་ཡིན་ངེས་རེད། གལ་ཏེ་གཞན་གྱིས་དེ་བསྒྲུབ་ཐུབ་ཀྱི་ཡོད་ན། ནང་ཆོས་ནས་ང་ཚོ་ཚང་མ་གཅིག་ཡིན་ཞེས་བརྗོད་པ་ལྟར། ང་ཚོས་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པོ་གོ་འཕང་ཐོབ་ཐུབ་པའི་རྣམ་གྲངས་རིག་པའི་སྲིད་རུང་ཞིག་ཡོད། དེར་བརྟེན་ཁ་ཕྱོགས་འདི་ང་ཚོའི་མི་ཚེའི་ནང་བསྟེན་རྒྱུ་ནི་འདུན་སེམས་ཙམ་མིན་པར། ང་ཚོས་སངས་རྒྱས་རྣམས་ཀྱིས་བསྒྲུབས་ཟིན་པ་དང་འཕགས་པའི་དགེ་འདུན་རྣམས་ཀྱིས་བསྒྲུབ་བཞིན་པའི་སེམས་རྒྱུན་ལ་མཐར་ཐུག་ཆོས་དཀོན་མཆོག་ཐོབ་པའི་དོན་དུ་འབད་བརྩོན་བྱེད་དགོས།

སངས་རྒྱས་ཞེས་བྱ་ཞིག་ནམ་ཡང་བྱུང་མེད་སྲིད་པ།

ང་ཚོས་སངས་རྒྱས་ཞེས་བ་ཞིག་བྱུང་ཡོད་དང་མེད་ཀྱི་སྐོར་གོ་བསྡུར་བྱེད་པ་དང་འབྲེལ་བའི་སྒང་ལ་ད་དུང་གནད་དོན་གཅིག་ཁ་སྣོན་བྱེད་འདོད་འདུག །རྣམ་གྲངས་རིག་པའི་སྲིད་རུང་ལ་གཞིགས་ན། སངས་རྒྱས་ཞེས་བྱ་བ་ཞིག་བྱུང་མེད་སྲིད་པའང་ཡིན། འདིས་དོ་སྣང་བྱེད་འོས་པའི་དཀའ་ངལ་ཞིག་སྟོན་གྱི་ཡོད། ང་ཚོས་འདིའི་སྐོར་ལྟ་ཚུལ་འགའ་ཞིག་གི་ཐོག་ནས་བརྟག་དཔྱད་བྱེད་ཆོག 

སྲིད་རུང་གི་ཆ་ནས་བཤད་ན། སངས་རྒྱས་གཅིག་ཡོད་པའི་སྲིད་མཐའ་ཞིག་ཡོད་ཆོག་ལ། སངས་རྒྱས་གཉིས་དང་གསུམ། བཞི་དང་ལྔ་སོགས་སེམས་ཅན་གྲངས་མེད་པའི་བར་དུ་ཡོད་ཆོག །བྱས་ཙང་། སངས་རྒྱས་ཞེས་བྱ་བ་ནམ་ཡང་བྱུང་མེད་ཅེས་པ་ལས་ལྡོག་སྟེ། དེ་དག་ཐམས་ཅད་དང་བསྟུན་ན་ད་དུང་སྲིད་རུང་རྒྱ་ཆེ་བ་ཞིག་ཡོད་པ་རེད།
 
དེ་ནི་ལྟ་ཚུལ་གཅིག་རེད། འོན་ཀྱང་བརྟག་དཔྱད་བྱེད་ཚུལ་གཞན་ཞིག་ཡོད་དེ། སངས་རྒྱས་ཀྱི་ཁྱད་ཆོས་སམ་ཡོན་ཏན་གྱི་ནང་ནས་གཅིག་ནི། སངས་རྒྱས་རྣམས་ཀྱིས་མཛད་པ་འཕྲིན་ལས་སྟོན་རྒྱུ་འབད་ཀྱི་ཡོད། དེ་ནི་རྡོ་ཁབ་ལེན་ལྟ་བུ་རེད། གཞན་རྣམས་ལ་སེམས་སྐུལ་དང་བཅས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱེད་ཀྱི་ཡོད། ད་དུང་ང་ཚོ་ཚང་མར་ཡོད་པའི་སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་བར་གཤེགས་པའི་སྙིང་པོའི་ཁྱད་རྣམ་གཅིག་ནི། ང་ཚོའི་སེམས་ཀྱི་རྒྱུན་འདི་ཆོས་ཀྱི་ལམ་དུ་འཇུག་པར་སངས་རྒྱས་ཀྱི་འཕྲིན་ལས་ཀྱིས་ཤུགས་རྐྱེན་སྤྲོད་སྲིད་པ་ཡིན། བྱས་ཙང་། གལ་ཏེ་སངས་རྒྱས་ཞེས་བྱ་བ་ནམ་ཡང་མེད་པ་དང་དེའི་འཕྲིན་ལས་ཀྱང་ནམ་ཡང་མེད་ན། མི་སུ་འདྲ་ཞིག་གིས་ནང་པའི་ལམ་བརྒྱུད་དེ་ཆོས་ཉམས་ལེན་གོང་འཕེལ་ཇི་ལྟར་གཏོང་ཐུབ་བམ། འོན་ཀྱང་ནང་པའི་ལམ་ལ་འབད་བརྩོན་བྱས་པ་དང་ཆོས་ཉམས་ལེན་གོང་འཕེལ་གཏོང་མཁན་མང་པོ་བྱུང་ཡོད་པ་གསལ་པོ་རེད། གལ་ཏེ་ང་ཚོས་སངས་རྒྱས་ཀྱི་ཆོས་དེ་ཉམས་སུ་ལེན་ཐབས་བྱས་ན། རང་གིས་རང་ལ་དེ་གསལ་པོ་མཐོང་ཐུབ།
 
ཤོད་མི་དགོས་པ་ལྟར། དེ་ལྟར་ཡོང་བར་གཞན་ཞིག་གི་མིག་དཔེ་བཟང་པོ་དང་དེ་དག་གི་གསུང་ཆོས་ལ་བརྟེན་ནས་བྱིན་རླབས་སམ་སེམས་སྐུལ་ཟེར་བ་དེ་གང་ཡིན་པ་དང་། ང་ཚོའི་གནས་སྟངས་ཡར་རྒྱས་གཏོང་ཆེད་སེམས་སྐུལ་སྟེར་བའམ་བསྐུལ་རྐྱེན་བྱེད་པའི་གལ་གནད་གང་ཡིན་བཅས་ལ་བསམ་བློ་གཏིང་ཇེ་ཟབ་ཏུ་གཏོང་དགོས་ཀྱི་ཡོད། དེ་མེད་པར་ཡར་རྒྱས་གཏོང་ཐུབ་བམ། ང་ཚོས་དེའི་སྐོར་ལ་ཏོག་ཙམ་བསམ་མནོ་གཏོང་དགོས། གལ་ཏེ་ང་ཚོས་ཡར་རྒྱས་ཕྱིན་པ་རྣམས་ཀྱིས་སངས་རྒྱས་མིན་པའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་འཕྲིན་ལས་ཐོབ་ཐུབ་ཡོད་སྲིད་ཅེས་བརྗོད་ན། སངས་མ་རྒྱས་པའི་དགེ་བའི་བཤེས་གཉེན་དེ་དག་གིས་འཕྲིན་ལས་དེ་གང་ནས་འཐོབ་ཀྱི་ཡོད་དམ། གལ་ཏེ་ཐོག་མའི་སངས་རྒྱས་ཟེར་བ་ཞིག་ཡོད་ན། དེས་སེམས་སྐུལ་གང་ཐོབ་ཡོད་དམ། འཕྲིན་ལས་འདི་འདྲར་འབད་བརྩོན་བྱེད་མཁན་གྱི་སངས་རྒྱས་རྣམས་རྟག་ཏུ་ཡོད་པ་ཡིན་ནམ། ཡང་ན་འཕྲིན་ལས་དེ་སངས་མ་རྒྱས་པའི་དགེ་བའི་བཤེས་གཉེན་རྣམས་ལས་བྱུང་བ་རེད་དམ། རྒྱུ་མཚན་འདིའི་རིགས་ལ་བརྟེན་ནས་ང་ཚོས་མཇུག་སྡོམ་རྒྱག་ཆོག་པ་ནི། ཐོག་མའི་སངས་རྒྱས་ཟེར་བ་ཞིག་ནམ་ཡང་བྱུང་མེད། དམིགས་བསལ་ཐོག་མ་མེད་པའི་དུས་ཡིན་ཙང་། དེ་འདྲ་ཞིག་བྱུང་མེད།

དེའི་རྗེས་སུ་ང་ཚོས་སངས་རྒྱས་ཤཱཀྱ་ཐུབ་པས་གང་གསུངས་པ་ལ་བལྟ་དགོས། གལ་སྲིད་སོ་སོའི་གནས་ཚད་ལ་དཔག་པའི་སངས་རྒྱས་ཀྱི་ཆོས་རྣམས་ཉམས་ལེན་ལག་བསྟར་བྱས་ན། དེ་ནས་ང་ཚོས་དངོས་མྱོང་གི་ཐོག་ནས་གང་གསུངས་པའི་འབྲས་བུ་དངོས་སུ་འཐོབ་ཀྱི་ཡོད་པ་ཤེས་ཀྱི་ཡོད། དེ་དག་གིས་ང་ཚོའི་དཀའ་ངལ་དང་སྡུག་བསྔལ་རྣམས་མེད་པ་བཟོ་བར་ཕན་གྱི་ཡོད། ང་ཚོས་འདིར་རྒྱ་གར་གྱི་ལྟ་གྲུབ་ལམ་ལུགས་ཧ་ལམ་ཕལ་མོ་ཆེས་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་སངས་རྒྱས་ཀྱིས་གསུངས་པའི་ཐབས་ལམ་ཁག་གི་སྐོར་ཤོད་ཀྱིན་ཡོད། དཔེར་ན། ཏིང་ངེ་འཛིན་འཐོབ་པའི་ཐབས་ལམ་ལ་སོགས་པ་ལྟ་བུ་རེད། དེ་ནི་ནང་པའི་ཐུན་མོང་མ་ཡིན་པའི་ཆོས་དེ་འདྲ་མ་རེད། འོན་ཀྱང་ནང་པའི་དམིགས་བསལ་གྱི་ཆོས་དེ་དག་གང་རེད་ཅེ་ན། འཕགས་པའི་བདེན་པ་བཞི་རེད། དེ་ནི་སྤྱིར་བཏང་ཐེག་པ་ཆེ་ཆུང་གཉིས་ཀའི་ཆ་ནས་ཤོད་ཀྱི་ཡོད། ཐེག་པ་ཆེན་པོའི་ནང་སྟོང་ཉིད་སྐོར་གྱི་ཆོས་རྣམས་རེད། ཆོས་དེ་དག་དངོས་སུ་ལག་བསྟར་བྱེད་པའི་སྐབས། ང་ཚོས་སྟོང་ཉིད་ཀྱི་དོན་ཇི་ཙམ་མང་བ་རྟོགས་པ་དེ་ཚོད་ཀྱིས་ཉིན་རེའི་མི་ཚེའི་ནང་གོ་རྟོགས་དེ་བེད་སྤྱོད་བྱས་ཏེ་དཀའ་ངལ་རྣམས་ཇེ་ཆུང་དུ་འགྲོ་གི་ཡོད་པ་ཉམས་སུ་མྱོང་ཐུབ། དེ་དག་གིས་དངོས་གནས་དོན་གོ་ཆོད་ཀྱི་ཡོད།

 གཞན་ཡང་གལ་ཏེ་ང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཕྱིར་སངས་རྒྱས་ཀྱིས་གསུངས་པའི་ལམ་གྱི་རིམ་པ་རྣམས་ལ་བལྟས་ན། ང་ཚོས་དངོས་མྱོང་གི་ཐོག་ནས་དེ་དག་ཇི་ཙམ་གྱི་དང་ལེན་བྱས་པ་དེ་བཞིན་འབྲས་བུ་སྨིན་ཐུབ་ཀྱི་ཡོད། གལ་ཏེ་གནས་སྟངས་དེ་འདྲ་ཡིན་ན། ང་ཚོས་ནང་པའི་གཞུང་དག་ཏུ་གསལ་བའི་འདིའི་སྐོར་གྱི་གནད་དོན་རྣམས་ཤེས་པ་སོང་ཙང་། སངས་རྒྱས་ཀྱིས་ལམ་ཡོངས་སུ་རྫོགས་པ་འགྲིམས་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད། རྗེས་ཐོགས་ཀྱི་ཐབས་ལམ་ཁག་ལ་རྫུན་གསུངས་དགོས་པའི་རྒྱུ་མཚན་དེ་འདྲ་ཡོད་དམ། གང་ལྟར་ཡང་། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་གོ་འཕང་འཐོབ་པའི་ཀུན་སློང་གཅིག་རང་ཡོད་པ་ནི། སེམས་ཅན་ཐམས་ཅད་གྱི་དོན་དུ་ཀུན་ལ་མཉམ་ཞིང་ཚད་མེད་པའི་སྙིང་རྗེ་དེ་ཡིན། དེ་ལྟ་བུའི་སྙིང་རྗེ་ཞིག་མེད་པར་ཁོང་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་སྲིད་པ་རེད། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་ཕྱིར་སྙིང་རྗེ་ཤུགས་དྲག་མངའ་བ་སོང་ཙང་། སངས་རྒྱས་ཀྱིས་ “ངས་བྱང་ཆུབ་ཀྱི་གོ་འཕང་ཐོབ་ཡོད། འཇིན་རྟེན་འདི་ངའི་དཔང་པོ་ཡིན” ཞེས་གསལ་བསྒྲགས་གནང་བའི་སྐབས། སངས་རྒྱས་ཀྱིས་ང་ཚོར་མགོ་སྐོར་གཏོང་ཐབས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད། རྫུན་གསུངས་དགོས་པའི་རྒྱུ་མཚན་ཡང་མེད། དེ་ནི་སྔ་རབས་ཀྱི་རྩོད་གླེང་ཞིག་རེད། དེར་མ་ཟད། གལ་ཏེ་ང་ཚོས་སངས་རྒྱས་ཀྱི་མཛད་པ་ཡོངས་སུ་རྫོགས་པར་བལྟས་ན། སངས་རྒྱས་ཀྱིས་གང་མཛད་པ་ཐམས་ཅད་གཞན་ཕན་ཁོ་ན་དང་དྲང་པོ་དྲང་གཞག་ཡིན་པ་སོང་ཙང་། ཁོང་གིས་རྫུན་གསུངས་ཡོད་ཟེར་བ་དེ་ཏག་ཏག་ཅིག་སྡོད་ཀྱི་མེད།

འོན་ཀྱང་ད་ལྟ་ངས་བརྟག་དཔྱད་བྱེད་བཞིན་པ་དང་སྐད་ཆ་ཤོད་བཞིན་ཡོད་པ་ལྟར། གལ་ཏེ་དེའི་ཐད་ད་དུང་བརྟག་དཔྱད་བྱས་ན། ང་ཚོས་དགག་པ་གཞན་ཞིག་རྒྱག་ཆོག །གལ་ཏེ་ང་ཚོས་ལམ་གྱི་རིམ་པ་མཐའ་མར་བལྟས་ནས་སྟོང་པ་ཉིད་ཀྱི་སྐོར་ལ་རྟག་ཏུ་ཡང་དག་པ་དང་། རྟོག་མེད་ཀྱི་སྒོ་ནས་གོ་རྟོགས་བྱུང་ཡོད་ན། ང་ཚོའི་རྨོངས་པའམ་མ་རིག་པ་དེ་ནམ་ཡང་སླར་མི་འབྱུང་བ་ཤེས་ཀྱི་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་སྡུག་བསྔལ་གྱི་རྒྱུ་མཐར་ཐུག་དེ་དངོས་སུ་འགོག་པའི་འགོག་བདེན་དང་ཐར་པའི་གོ་འཕང་འཐོབ་ཀྱི་ཡོད། གལ་ཏེ་ང་ཚོའི་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་པ་དེའི་རྒྱབ་རྟེན་དུ་བྱང་ཆུབ་ཀྱི་སེམས་དང་བཅས་འགྲིག་ངེས་ཀྱི་ཤུགས་ཆེན་ཡོད་ན། ང་ཚོར་སྒྲིབ་པ་མཐའ་དག་ཟད་པའམ་འགོག་པའི་འགོག་བདེན་ཆ་ཚང་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཀྱི་ཡོད།
 
ད་ངའི་དགག་པ་འདིར་ཡོད། གལ་ཏེ་ང་ཚོས་ཧ་ལམ་ད་ལྟ་བར་དུ་ཐོབ་པ་ལས་ཀྱང་མང་བ་སངས་རྒྱས་ལ་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་ཡོད་ན། ཁོང་གིས་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་པ་དེ་ཇི་ཙམ་གྱི་མང་བ་ཡོད་པ་དེ་ཚོད་ཀྱི་ཁོང་གི་རྨོངས་པ་དང་། ཉོན་མོངས་པ། ངང་ངམ་ཤུགས་ཀྱི་སྤྱོད་ལམ་རྣམས་ཇེ་ཞན་དུ་འགྲོ་བ་དང་། སྡུག་བསྔལ་ཉུང་བ་མྱོང་གི་ཡོད་པ་གཟིགས་ན། ག་རེ་ཆགས་སམ། ཡང་གལ་ཏེ་ཁོང་གིས་དུས་རྟག་ཏུ་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་པ་དང་ལྡན་པ་ཙམ་མཐའ་སྡོམ་གནང་ཡོད་ན། ཁོང་གིས་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་གཏན་དུ་སྤོང་ངེས་རེད། དེ་ནི་ཁོང་གིས་མཐར་ཐུག་གི་གོ་འཕང་དེ་དངོས་སུ་ཐོབ་ཡོད་པའི་དོན་མིན། ཁོང་གིས་དེ་འདྲ་ཞིག་གྲུབ་ཡོད་པའི་མཐའ་སྡོམ་ཙམ་བྱས་ཡོད་སྲིད་པ་དང་། དེ་ནི་རྗེས་དཔག་ཚད་མའི་གོ་རྟོགས་ཤིག་ཡིན་ངེས། ཁོང་ཉིད་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་པ་མེད། དེ་ནི་ངས་ག་ཚོད་དཔྱད་པ་བྱས་པ་དེ་རེད། གང་ཡིན་ཟེར་ན། ངས་དགག་པ་དེ་ལ་ལན་ཞིག་རག་མ་སོང་།

 འོན་ཀྱང་ངའི་བསམ་པར། དེ་ནི་བརྗོད་དགོས་པའི་དགག་པ་གལ་ཆེན་ཞིག་རེད། དམིགས་བསལ་ང་ཚོའི་ཉིན་རེའི་མི་ཚེའི་ནང་སྐྱབས་འགྲོའི་འབྲེལ་བ་ལ་དེ་གལ་ཆེན་རེད། དེ་ནི་མི་སུ་འདྲ་ཞིག་སངས་རྒྱས་ཆགས་ཡོད་དང་མེད་ཅེས་པའི་དྲི་བ་འདྲི་བའི་གནད་དེ་རེད། ད་དུང་སངས་རྒྱས་ཀྱི་གོ་འཕང་འཐོབ་སྲིད་པ་རེད་དམ། གལ་ཏེ་སངས་རྒྱས་ཟེར་བ་ཞིག་མེད་ན། དེ་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཟེར་བ་མི་སྲིད་པ་རེད། བྱས་ན་ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་མེད། ང་ཚོའི་སྐྱབས་འགྲོའི་འབྱུང་ཁུངས་དེ་མི་སྲིད་པ་ཞིག་སྐྱབས་སུ་བཅོལ་གྱིན་ཡོད་དམ། དེ་ནི་མི་ཀི་ཙི་ཙི་ Mickey Mouse ཆགས་ཐབས་འབད་བརྩོན་བྱེད་པ་ལྟ་བུ་རེད་དམ། ཡང་གང་རེད་དམ། ང་ཚོའི་ནང་པའི་ཉམས་ལེན་རྣམས་དངོས་གནས་དྲང་གནས་གནས་སྟངས་ཡར་རྒྱས་གང་ཐུབ་གཏོང་ཐབས་ཙམ་གྱི་ཁ་ཕྱོགས་སུ་མང་བ་འགྲོ་གི་ཡོད་དམ། གལ་ཏེ་དེ་ལྟར་ཡིན་པ་དང་། ང་ཚོས་ནང་པའི་ལམ་དེ་ལ་སངས་རྒྱས་ཀྱི་གོ་འཕང་ནམ་ཡང་ཐོབ་པའམ། ཐ་ན་ཐར་པའི་གོ་འཕང་ཐོབ་པར་ཡིད་ཆེས་མེད་པའི་སྒོ་ནས་འཇུག་གི་ཡོད་ན། འགྲིག་གི་རེད། འོན་ཀྱང་ང་ཚོས་ནང་ཆོས་ཉམས་སུ་བླངས་ནས་ག་རེ་བྱེད་བཞིན་ཡོད་པའི་ཐད་གསལ་པོ་ཞིག་དགོས་པ་དང་། རང་གིས་རང་ལ་མགོ་སྐོར་གཏོང་མི་ཉན། ང་ཚོས་དོན་ངོ་མར་གང་གི་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད་པ་དང་། དངོས་གནས་ཐོབ་རུང་དེ་གང་རེད་བསམ་གྱི་འདུག་གམ།
 
སྐྱབས་འགྲོ་ཞུ་བའི་སྐབས། སྐྱབས་འགྲོའམ་ཁ་ཕྱོགས་འདི་ལ་ཐེ་ཚོམ་དང་བྲལ་བའི་སྒོ་ནས་རང་གི་སེམས་ནང་བརྟན་པོ་དང་ཉེན་སྲུང་ཡོད་པ་ཞིག་དགོས་རྒྱུ་གལ་ཆེ། ངས་འདིར་ངོ་སྤྲོད་ཞུ་བཞིན་པ་ནི། འབྱུང་སྲིད་པའི་ཐེ་ཚོམ་གྱི་རིགས་རྣམས་ཀྱི་སྐོར་ཡིན། ང་ཚོ་མང་པོ་ཞིག་གིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་ཐོབ་རུང་ཡིན་པའི་ཐོག་ལ་དྲི་བ་ནམ་ཡང་གཏོང་ཡོད་ཀྱི་མ་རེད་བསམ་གྱི་འདུག །ང་ཚོས་དེ་ཁས་ལེན་འདྲ་པོ་ཞིག་བྱེད་ཀྱི་ཡོད། འོན་ཀྱང་ཏོག་ཙམ་རྗེས་ནས་ང་ཚོས་དྲི་བ་གཏོང་འགོ་བཙུག་གི་ཡོད། དེ་དུས་ག་རེ་ཡོང་གི་རེད་ཅེ་ན། ང་ཚོས་བློས་གཏོང་བྱས་ཏེ། གང་འབད་བརྩོན་བྱེད་བཞིན་པ་ནི་ཐོབ་རུང་དང་བསྒྲུབ་སྲིད་པ་ཞིག་མིན་ཞེས་ང་ཚོས་བློས་གཏོང་བྱེད་པའམ། ཡང་ན་སུས་ཀྱང་ཐོབ་མེད། བྱས་ཙང་། ངས་ཐོབ་ཐུབ་ཅེས་བསམ་བློ་བཏང་ནས་སུ་ལ་མགོ་སྐོར་གཏོང་གི་ཡོད་དམ། ཡང་མིན་ན་ང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དོན་ངོ་མར་མི་སྲིད་ཞི་རེད་ཅེས་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་ཁ་ཕྱོགས་འདི་ལ་ག་ཚོད་ཐུབ་ཐུབ་ཀྱིས་འགྲོ་རྒྱུའི་ཐད་འདོད་བློ་ཁེངས་ཡོད། ང་ཚོ་རྒྱུ་མཚན་རིགས་པ་དང་བཅས་ལྟ་བའི་རྣམ་གཞག་གི་ཐོག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་སྲིད་པར་ཡིད་ཆེས་རྙེད་ཡོད་སྲིད། སངས་རྒྱས་ཀྱི་གོ་འཕང་དེ་དངོས་གནས་ལྟ་གྲུབ་ཀྱི་ཆ་ནས་ཐོབ་རུང་ཡིན་པར་རྗེས་དཔག་ཚད་མའི་གོ་རྟོགས་ཤིག་རྙེད་པར་རྒྱུ་མཚན་རིགས་པ་དང་ཐབས་ལམ་འདང་ངེས་བཞིན་པ་ཡོད། ཡིན་ནའང་དྲི་བ་གང་ཡོད་ཅེ་ན། ཁ་ཡོད་ལག་ཡོད་ཀྱི་ཉམས་ལེན་དབང་དུ་བྱས་ན། དེ་དངོས་གནས་ཐོབ་རུང་རེད་དམ། ལྟ་གྲུབ་རྣམ་གཞག་གི་ཆ་ནས་དང་ཐོབ་རུང་ཡིན་པའམ་སྲིད་པ་དང་དོན་ངོ་མར་གང་ཐོབ་རུང་ཡིན་པའི་དབར་ལ་ཧ་ཅང་དོ་སྣང་བྱེད་འོས་པའི་རིགས་ལམ་ཡོད།
 
ཉམས་ལེན་གྱི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་སྲིད་པར་ཐབས་ལམ་གཅིག་ཁོ་ནར་བརྟེན་ནས་ང་ཚོས་ཡིད་ཆེས་རྙེད་ཐུབ་པ་ནི། སོ་སོ་རང་ཉིད་ཀྱིས་དེ་འཐོབ་དགོས་པ་དེ་རེད། གང་ལྟར་ཡང་། གཞུང་ནང་སངས་རྒྱས་ཁོ་ནས་སངས་རྒྱས་གཞན་ཞིག་ངོ་མཁྱེན་པའམ་ངོས་འཛིན་ཐུབ་ཅེས་གསུངས་ཡོད། བྱས་ཙང་། ང་ཚོས་མི་སུ་འདྲ་ཞིག་ཡིན་ནའང་སངས་རྒྱས་ཡིན་པ་དེ་ཇི་ལྟར་ཤེས་སམ། ཁོང་ཚོས་སངས་རྒྱས་ཡིན་ཟེར་བ་ཙམ་རྒྱུ་མཚན་དུ་བྱས་ནས་ཤེས་དགོས་སམ། མི་སྨྱོན་པ་འདྲ་པོ་དེ་འདྲ་མང་པོས་ཁོང་ཚོ་སངས་རྒྱས་ཡིན་བརྗོད་ཀྱི་ཡོད། ང་ཚོས་རྗེས་དཔག་ཚད་མ་ཁོ་ན་ལ་བརྟེན་ནས་མི་ཞིག་སངས་རྒྱས་ཡིན་པར་རྟོགས་ཐུབ། གང་ཡིན་ཞེ་ན། ང་ཚོ་སངས་རྒྱས་ཤིག་མིན་ན། དེ་ཐད་ཀར་ང་ཚོས་ཤེས་མི་ཐུབ།
 
ང་ཚོས་ “ལྟ་བའི་རྣམ་གཞག་གི་ཆ་ནས་བཤད་ན། སངས་རྒྱས་ཤིག་ཡོད་པ་ངས་རྗེས་དཔག་ཚད་མས་ཤེས་ཐུབ་” ཅེས་ང་ཚོས་ཤོད་ཆོག །འོན་ཀྱང་ང་ཚོས་དངོས་གནས་ཡིད་ཆེས་རྙེད་པའི་ཆེད་སོ་སོའི་ངོས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་བྱེད་དགོས་ཤིང་། རྒྱུ་མཚན་དེ་ལ་བརྟེན་ང་ཚོས་ཁ་ཕྱོགས་དེར་འབད་བརྩོན་བྱ་རྒྱུ་ཐག་གཅོད་བྱེད་ཀྱི་ཡོད། དེ་ནི་སངས་རྒྱས་ཞེས་བྱ་བ་ཞིག་བྱུང་ཡོད་དང་མེད། དེ་བཞིན་སངས་རྒྱས་ཀྱི་གོ་འཕང་ཟེར་བ་དེ་ཐོབ་རུང་ཡིན་དང་མིན་གྱི་སྐོར་ལ་ཡོད་པའི་དགག་པ་ཐམས་ཅད་སེལ་བའི་ཐབས་ལམ་ཞིག་ཡིན་སྲིད། 

ནང་ཆོས་ཀྱི་སེམས་ཁམས་རིག་པའི་ལྟ་གྲུབ་གཞན་ཙམ་ཞིག་མིན། 

གོ་བསྡུར་རིང་པོ་འདིའི་གནད་འགགས་གང་རེད་དམ་ཞེ་ན། ང་ཚོས་ནང་པའི་མཐར་ཐུག་གི་དམིགས་ཡུལ་ཐོབ་རུང་ཡིན་པར་ཡིད་ཆེས་མེད་པའི་སྒོ་ནས་ཐོབ་ཐུབ་ནའང་། ད་དུང་ཁ་ཕྱོགས་དེ་སོ་སོའི་མི་ཚེའི་ནང་། གལ་ཏེ་ང་ཚོ་ད་ལྟ་གང་དུ་ཡོད་པ་ལས་བརྒལ་ནས་ཕྱིན་ན། ང་ཚོས་དམིགས་ཡུལ་འཐོབ་མི་ཐུབ་ཀྱང་། དེ་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཀྱི་རེད། ཡིན་ནའང་ང་ཚོས་ཡར་རྒྱས་ཁོ་ནའི་ཕྱོགས་ནས་བསམས་པ་དང་། དེ་མི་སྲིད་པ་ཡིན་པའི་རྒྱུ་མཚན་གྱིས་མུ་མཐུད་ལམ་ཡོངས་སུ་མ་རྫོགས་བར་དུ་མ་ཕྱིན་ཡིན་ན། ནང་ཆོས་ཉམས་ལེན་དེ་གོང་མཐོར་འགྲོ་རྒྱུའི་ཚབ་ལ་ཉམས་རྒུད་ཕྱིན་ཡོད། ནང་པའི་ཆོས་དེ་སེམས་ཁམས་རིག་པའི་ལྟ་གྲུབ་གཞན་ཙམ་ཞིག་ཆགས་ཀྱི་ཡོད་པ་དང་། ནང་པའི་ཉམས་ལེན་དེ་སེམས་ཁམས་བཅོས་ཐབས་ཀྱི་རྣམ་པ་གཞན་ཙམ་ཞིག་ཆགས་ཀྱི་ཡོད། འོན་ཀྱང་དེ་དག་དེ་ལྟར་མིན། ང་ཚོས་ནང་ཆོས་དེ་རིམ་པ་དེའི་ཐོག་ནས་ཉམས་ལེན་བྱེད་ཆོག་ཀྱང་། དེ་ལ་ངས་ཆོས་ཡངས་པ་ཟེར་གྱི་ཡོད། དེ་ནི་ཆོས་ངོ་མ་མིན། དེ་ལ་ཕན་ཡོན་ཡོད་པ་ཤོད་མི་དགོས། སོ་སོ་རང་ཉིད་ཀྱི་དོན་དུ་ཚེ་འདི་ཁོ་ན་ཡར་རྒྱས་གཏོང་ཕྱིར་འབད་བརྩོན་བྱེད་རྒྱུར་བསམ་བློ་གཏོང་བ་དེ་ལ་ཕན་ཡོན་མེད་ཅེས་བརྗོད་མི་ཐུབ། འོན་ཀྱང་དེ་ནི་དངོས་གནས་སྐྱབས་འགྲོ་ནས་གང་བཤད་པ་དེ་མིན། 

སྐྱབས་འགྲོ་ལ་མཚོན་ན། ང་ཚོས་སྤོང་དགོས་པའི་མཐའ་གཅིག་ནི་སངས་རྒྱས་དེ་སོ་སོ་རང་ཉིད་ཀྱི་སྐྱབས་དང་མགོན་ཡིན་པར་བསམ་པ་དེ་རེད། འོན་ཀྱང་མཐའ་གཞན་ཞིག་ནི། ནང་ཆོས་ཀྱིས་སེམས་ཁམས་བཅོས་ཐབས་ཀྱི་རྣམ་པ་ཞིག་དང་འདྲ་བར་ང་ཚོའི་སེམས་ཚོར་དང་སྤྱོད་ལམ་ཡར་རྒྱས་གཏོང་སྟངས་སློབ་ཀྱི་ཡོད་བསམ་པ་དེ་རེད། སོ་སོ་རང་ཉིད་ཀྱི་དོན་དུ་འབད་བརྩོན་བྱེད་པ་ཙམ་དེ་ནི་སེམས་ཁམས་བཅོས་ཐབས་དང་འདྲ་བ་མིན་ནམ། ང་ཚོས་མཐའ་དེ་སྤོང་དགོས་ཀྱི་ཡོད། གང་ཡིན་ཞེ་ན། དཀོན་མཆོག་རིན་པོ་ཆེ་གསུམ་ཡོད་པ་དེ་སྣང་མེད་གཏོང་བ་དང་ཆོས་ཙམ་ལ་བསམ་བློ་གཏོང་གི་ཡོད། འོན་ཀྱང་སངས་རྒྱས་དང་འཕགས་པའི་དགེ་འདུན་ཡོད། གསོ་དཔྱད་པ་ཞིག་དང་མི་འདྲ་བར། སངས་རྒྱས་དང་འཕགས་པའི་དགེ་འདུན་རྣམས་མིག་དཔེ་ལྟ་འོས་པ་ཞིག་རེད། དེ་དག་ནི་ང་ཚོ་གང་ཆགས་འདོད་ཡོད་པ་དེ་རེད། གསོ་དཔྱད་པ་དེ་ང་ཚོའི་མི་དཔེ་ལྟ་འོས་ཞིག་ཏག་ཏག་ཆགས་ཀྱི་མེད། གལ་ཏེ་ང་ཚོས་གསོ་དཔྱད་པ་ཞིག་སྒེར་གྱི་ངོས་ནས་ཤེས་ན། ཁོང་ཚོ་ལའང་དཀའ་ངལ་མང་པོ་ཡོད་པ་ང་ཚོས་རྟོགས་སྲིད། དེའི་སྒང་ལ་ནང་ཆོས་ཀྱི་ནང་བཟང་སྤྱོད་ཀྱི་རྣམ་གཞག་དེ་ཚུད་ཡོད། སེམས་ཁམས་བཅོས་ཐབས་སམ་གསོ་དཔྱད་ཀྱི་རིག་པའི་ནང་བཟང་སྤྱོད་ཀྱི་རྣམ་གཞག་དེ་ཡོད་དགོས་པའི་ངེས་པ་རེད། དོན་ངོ་མར་སེམས་ཁམས་བཅོས་ཐབས་ཀྱི་ལྟ་གྲུབ་འགས་བཟང་སྤྱོད་ཀྱི་སློབ་གསོ་གང་འདྲ་ཞིག་ཡིན་ནའང་སྤོང་འདོད་བྱེད་ཀྱི་ཡོད།  

མོས་གུས་ཕྱོགས་ཀྱི་སྐྱབས་འགྲོ།

ནང་ཆོས་ཀྱི་ནང་མོས་གུས་ཀྱི་ཕྱོགས་ཤིག་ཡོད་པ་དང་། དེས་ང་ཚོའི་སྐྱབས་འགྲོ་བརྟན་པོ་ཡོང་བར་ཕན་ཐོགས་བྱེད་ཐུབ། དེ་ནི་ང་ཚོས་དགག་པ་རྒྱག་པའམ་ཁས་ལེན་མི་བྱེད་པ་དེ་འདྲ་མ་རེད། མོས་གུས་ཀྱི་ཕྱོགས་འདིའི་ནང་། བྱིན་རླབས་དང་སེམས་སྐུལ་ཐོབ་པ་དང་ང་ཚོའི་དགེ་བའི་སེམས་ཚོར་གྱི་གནས་བབས་ལ་ཆོ་གའི་ཉམས་ལྟ་བུ་ཞིག་དང་ལྡན་པ་ཡིན། ང་ཚོས་ཕལ་ཆེར་མོས་གུས་ཀྱི་ཉམས་ལེན་དེ་སངས་རྒྱས་རྣམས་ལ་དམིགས་ཆོག་པ་དང་། བྱང་ཆུབ་སེམས་དཔའ་རྗེ་བཙུན་སྒྲོལ་མ་དང་སྤྱན་རས་གཟིགས་ལ་སོགས་པ་དགེ་འདུན་མཚོན་པར་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་དེ་དག་སྐྱེས་བུ་དམ་པའམ་རང་སྒེར་གྱི་མགོན་སྐྱབས་སུ་བརྩི་བའི་ཉེན་ཁའི་རིགས་སྤོང་དགོས།

ང་ཚོ་མང་པོ་ཞིག་གིས་ལོ་རྒྱུས་ཀྱི་སངས་རྒྱས་ཤཱཀྱ་ཐུབ་པའམ། ཡང་ན་སྤྱན་རས་གཟིགས་གང་ཡིན་རུང་། སངས་རྒྱས་ཉིད་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་སོང་ཙང་། ཁོང་ཚོས་དགེ་བའི་བཤེས་གཉེན་མཚོན་པར་བྱེད་ཀྱི་ཡོད། དེ་ཡང་ལོ་རྒྱུས་ཀྱི་གུ་རུ་རིན་པོ་ཆེ་དང་རྗེ་བཙུན་མི་ལ་རས་པ་ཡང་ན་དེང་སང་གི་དགེ་བའི་བཤེས་གཉེན་ལྟ་བུ་རེད། ང་ཚོས་མི་འགའ་ཞིག་གིས་རང་གིས་རང་ལ་དགེ་བའི་བཤེས་གཉེན་ཞིག་ཡིན་ཞེས་བརྗོད་མཁན་ཙམ་གྱི་སྐོར་ཤོད་ཀྱིན་མེད། ཁོང་ཚོ་ནི་ཧ་ཅང་གིས་ཚད་ལྡན་དང་མཚན་ཉིད་ཚང་བ་མིན་སྲིད། ང་ཚོས་མཚན་ཉིད་ཡོངས་སུ་ཚང་བའི་དགེ་བའི་བཤེས་གཉེན་ཆེན་པོ་༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་ལྟ་བུའི་སྐོར་ཤོད་ཀྱིན་ཡོད། མི་སུ་འདྲ་ཞིག་ཡིན་ནའང་། རང་གིས་རང་ལ་བླ་མ་ཞེས་འབོད་ཆོག་ལ་གཞན་ལ་དེ་ལྟར་འབོད་དགོས་ཞེས་ཡིད་ཆེས་སུ་འཇུག་གི་ཡོད། འོན་ཀྱང་དེས་ཁོང་ཚོར་ཁྱད་ཆོས་བཟང་པོ་དེ་འདྲ་ཡོད་པར་མཚོན་གྱི་མེད། དེ་ནི་ཡིད་འགུགས་ནུས་ཀྱི་ཁྱད་ཆོས་ཅན་དང་གཞན་དག་ལ་ཤུགས་རྐྱེན་སྤྲོད་ཐུབ་པ། དེ་བཞིན་མངོན་འདོད་ཅན་ཆགས་པ་ཙམ་མཚོན་གྱི་ཡོད།

གང་ལྟར་ཡང་། དེ་ལྟ་བུ་སེམས་སྐུལ་གྱི་རྐྱེན་དེ་ལ་ཡང་སེ་བྱིན་རླབས་ཞེས་བསྒྱུར་ཡོད་པས། དེ་ལྟར་བསྒྱུར་བ་དེ་གོ་ནོར་ཐེབས་སྲིད་སྙམ། སེམས་སྐུལ་གྱིས་མི་ཚེའི་ནང་ཁ་ཕྱོགས་འདིའི་ནང་དངོས་སུ་འགྲོ་དགོས་པའི་ནུས་པ་དང་སེམས་ཤུགས་སྦྱིན་པར་ཕན་གྱི་ཡོད། དེའི་ཐད་ལ་སྦས་པའི་དོན་དེ་འདྲ་གང་ཡང་མེད། དེ་ལྟའི་སེམས་སྐུལ་ནི་ང་ཚོར་དགེ་བའི་བཤེས་གཉེན་གྱི་མདུན་ནས་འཐོབ་ཀྱི་ཡོད། ཁོང་རྣམ་པ་བརྒྱུད་ནས་ང་ཚོར་སངས་རྒྱས་དང་འཕགས་པའི་དགེ་འདུན་གྱི་སྐོར་ལ་གོ་རྟོགས་རྙེད་ཐུབ་པ་དང་། ཁོང་རྣམ་པ་བརྒྱུད་དེ་ང་ཚོར་ཆོས་ཀྱི་འགྲེལ་བཤད་དེ་འཐོབ་ཀྱི་ཡོད། ང་ཚོས་ཆོས་དེ་དཔེ་དེབ་དང་དྲྭ་རྒྱའི་ལམ་ནས་ཤེས་རྟོགས་ཐུབ་ནའང་། དེ་ནི་ནམ་རྒྱུན་གསལ་པོ་ཞིག་མེད། ང་ཚོར་མི་ཞིག་གིས་འགྲེལ་བརྗོད་དང་དྲི་བར་ལན་འདེབས་བྱེད་ཐུབ་མཁན་ཞིག་དགོས་ཀྱི་ཡོད། དེ་ཙམ་དུ་མ་ཟད། ང་ཚོས་གང་ལ་དམིགས་བཞིན་པ་དེ་དག་གི་ངོ་བོར་གྱུར་བའི་གང་ཟག་ཅིག་དགོས་ཀྱི་ཡོད། དེ་ལྟར་བྱུང་ན། ཆོས་དེ་དག་ཐམས་ཅད་ཀྱིས་ག་རེ་ཤོད་ཀྱིན་ཡོད་མེད་ཀྱི་ཐད་དངོས་པོའི་གནས་ལུགས་དང་མཐུན་པའི་བསམ་བློ་ཤུགས་ཆེ་བ་ཡོང་གི་རེད།

མིག་དཔེ་ལྟ་འོས་ཤིག

ང་ཚོས་ཉིན་རེའི་མི་ཚེའི་ནང་ཁ་ཡོད་ལག་ཡོད་ཀྱི་སྒོ་ནས་སྐྱབས་སུ་འགྲོ་བར། ང་ཚོས་ཡིད་རྟོན་རུང་ཞིང་འབྲེལ་བ་བྱེད་ཆོག་པའི་མིག་དཔེ་ལྟ་འོས་ཤིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཕལ་ཆེར་འགའ་ཞིག་ལ་གུ་རུ་རིན་པོ་ཆེ་མིག་དཔེ་ལྟ་འོས་ཤིག་ཏུ་འབྲེལ་བ་བཟོ་དཀའ། གུ་རུ་རིན་པོ་ཆེ་མེ་ཏོག་པདྨ་ལས་འཁྲུངས་ཤིང་། མེའི་ནང་བཞུགས་ཐུབ་པ་དང་མེས་མི་གནོད་པའམ་མི་འཚིག་པ་སོགས་ཀྱི་རྣམ་ཐར་ཡོད་པ་སོང་ཙང་། དེ་ལ་འབྲེལ་བ་བྱེད་དཀའ་བ་ཞིག་རེད། མ་རེད་དམ། ངས་གུ་རུ་རིན་པོ་ཆེའི་གལ་གནད་དེ་མེད་པ་རྩ་ནས་བཟོ་གི་མེད་ལ། གུ་རུ་རིན་པོ་ཆེའི་དཔེ་མཚོན་དེས་དད་ལྡན་མང་ཚོགས་ཧ་ཅང་མང་པོར་སེམས་འགུལ་ཐེབས་པའམ་བློ་སྤོབས་སྤེལ་ཐུབ་པ་ཤོད་མི་དགོས། འོན་ཀྱང་མི་འགའ་ཞིག་ལ་དེ་ནི་རང་སྒེར་གྱི་ངོས་ནས་འབྲེལ་བ་བྱེད་དཀའ་བ་ཞིག་ཡིན། ངས་གང་བྱེད་ཐུབ་པའི་མིག་དཔེ་ཞིག་ཡིན་པའི་ཆ་ནས་དེ་ང་དང་འབྲེལ་བ་ཇི་ལྟར་ཆགས་ཀྱི་ཡོད་དམ། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོའི་ནམ་རྒྱུན་གྱི་དགེ་བའི་བཤེས་གཉེན་དཀྱུས་མ་རྣམས་དང་། ཧ་ཅང་ཚད་མཐོ་བའི་དགེ་བའི་བཤེས་གཉེན་རྣམས་ནི་མིག་དཔེ་ཞིག་ཏུ་ཡིན་པར་ང་ཚོས་ཏོག་ཙམ་ཡག་ག་འབྲེལ་བ་བྱེད་ཐུབ། ཐ་ན་ངས་༧གོང་ས་མཆོག་ལྟ་བུར་འབྲེལ་བ་བྱེད་མི་ཐུབ་པ་ཡིན་ནའང་། ཁོང་ལས་གནས་ཚད་དམའ་བའི་དགེ་བའི་བཤེས་གཉེན་རྣམས་ལ་ང་ཚོས་ཏོག་ཙམ་ལས་སླ་པོའི་སྒོ་ནས་འབྲེལ་བ་བྱེད་ཐུབ་སྲིད།

ངས་ཧ་ཅང་དོ་སྣང་བྱེད་འོས་པ་ཞིག་གང་མཐོང་སོང་ཞེ་ན། ༧གོང་ས་མཆོག་གིས། ཁོང་ལ་ཆ་མཚོན་ན། མིག་དཔེ་ལྟ་ཐབས་དང་རྗེས་སུ་འཇུག་ཐབས་བྱེད་པ། དེ་བཞིན་ཁོང་ལ་སེམས་སྐུལ་སྦྱིན་མཁན་དེ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཡིན་ཞེས་གསུང་གནང་གི་ཡོད། ༧གོང་ས་མཆོག་གིས་ནམ་རྒྱུན་ཡོངས་གྲགས་སུ་ཆོས་ཞུ་བ་འབུམ་ཕྲག་མང་པོ་ལས་ལྷག་པར་ཆོས་གསུང་གནང་གི་ཡོད། ང་ཚོ་ལ་དེ་ལྟ་བུའི་ཉམས་མྱོང་རྩ་ནས་མེད་པ་གསལ་པོ་རེད། ཁོང་གིས་འཛམ་གླིང་གང་སར་མི་ཧ་ཅང་མང་པོ་ལ་སེམས་སྐུལ་སྦྱིན་གནང་བ་དང་། དེ་ལྟར་གནང་ཐུབ་པར། ཧ་ཅང་ཚད་མཐོའི་མིག་དཔེ་ལྟ་འོས་ཤིང་། དུས་གཅིག་ལ་ཚང་མར་ཆོས་གསུང་ཐུབ་མཁན་གྱི་སངས་རྒྱས་བཅོམ་ལྡན་འདས་ནས་སེམས་སྐུལ་ཐོབ་ཡོད། ང་ཚོ་རེ་རེ་ལ་ཡར་རྒྱས་འགྲོ་བ་དང་མཉམ་དུ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ཚད་མཐོའི་མིག་དཔེ་ལྟ་འོས་ཀྱི་གང་ཟག་ཡོད་ཆོག །ཐ་ན་༧གོང་ས་མཆོག་ལའང་སེམས་སྐུལ་དེ་ཁོང་གི་དགེ་བའི་བཤེས་གཉེན་རྣམས་དང་། ཡང་ན་སངས་རྒྱས་བཅོམ་ལྡན་འདས་ཉིད་ནས་ཐོབ་པ་དེ་ཧ་ཅང་གི་གལ་ཆེན་པོ་དང་གཙོ་བོ་ཆགས་ཀྱི་ཡོད། 

ང་ཚོའི་མི་ཚེའི་ནང་སྐྱབས་འགྲོ་ལ་གནད་འགག་གང་ཡོད་དམ།

ང་ཚོས་ད་བར་གང་གཏན་འབེབས་བྱས་ཡོད་དམ། ང་ཚོས་སོ་སོའི་མི་ཚེའི་ནང་བསྟེན་ཐབས་བྱེད་བཞིན་པའི་མཐར་ཐུག་གི་ཉེན་མེད་ཁ་ཕྱོགས་དེ་གཏན་ལ་ཕབ་ཡོད། ལས་སླ་པོའི་ཐོག་ནས་ཞུས་ན། ང་ཚོས་སོ་སོའི་སྐྱོན་གྱི་ཆ་དང་ཉོན་མོངས་པ་རྣམས་སྤོང་བའི་ཆེད་དང་དགེ་བའི་ནུས་པ་ཡོངས་སུ་རྫོགས་པ་རྟོགས་པའི་ཆེད་འབད་བརྩོན་བྱེད་ཀྱིན་ཡོད། ང་ཚོས་མཐར་ཐུག་གི་དམིགས་ཡུལ་བར་དུ་འགྲོ་ཐུབ་ཀྱི་ཡོད་པའི་ཐད་ལ་ཇི་ལྟར་བསམ་མནོ་གཏོང་བའམ་བརྟག་དཔྱད་བྱེད་འགོ་བཙུག་ཆོག་པ་དང་། དེ་ལ་རེ་བ་དང་བཅས་ཡིད་ཆེས་རྙེད་པའི་བརྡ་མཚོན་འགའ་ཞིག་བསྟན་ཡོད། ང་ཚོས་ཉོན་མོངས་པའི་སེམས་ཀྱི་ཆ་ཡོངས་སུ་རྫོགས་པ་མེད་པ་བཟོས་ཏེ། དགེ་བའི་སེམས་ཡོངས་སུ་རྫོགས་པ་རྟོགས་ཐུབ། དེ་ནི་བྱེད་ཐུབ་པ་ཞིག་ཡིན། དེ་ལྟར་བྱེད་མཁན་སངས་རྒྱས་རྣམས་བྱུང་ཡོད་པ་ཙམ་དུ་མ་ཟད། ཁོང་རྣམས་ཀྱིས་ང་ཚོས་དེ་རང་ཉིད་ཀྱིས་ཇི་ལྟར་བྱེད་དགོས་པའི་སྐོར་གསུངས་ཡོད། འཕགས་པའི་དགེ་འདུན་རྣམས་ཀྱིས་ནི་དེ་དག་གི་ཆ་ཤས་ཙམ་རྟོགས་ཡོད་པ་དང་། ད་དུང་དམིགས་ཡུལ་དེ་བསྒྲུབ་ཕྱིར་འབད་བརྩོན་བྱེད་བཞིན་ཡོད། དགེ་བའི་བཤེས་གཉེན་འགོག་པའི་བདེན་པ་དང་ལམ་གྱི་བདེན་པའི་འཕགས་ལམ་མེད་སྲིད་ནའང་། ཁོང་རྣམས་ནི་ང་ཚོ་ལས་ཚད་མཐོ་བའི་ལམ་གྱི་རིམ་པའི་ནང་ཡོད་པ་རེད། དེ་དག་ཐམས་ཅད་བརྒྱུད་དེ་སོ་སོའི་གནས་ཚད་དང་བརྟེན་ནས་ང་ཚོས་སེམས་སྐུལ་ཆེན་པོ་འཐོབ་པ་དང་མིག་དཔེར་འོས་པ་ཚད་ལྡན་ཡོད་ཆོག་པ་ཡིན། ང་ཚོ་རེ་རེ་བཞིན་ཁ་ཕྱོགས་འདིའི་ནང་འགྲོ་བའི་ནུས་པ་དང་ལྡན་ཡོད། ང་ཚོས་དགེ་བའི་བཤེས་གཉེན་དང་རང་གི་བརྩོན་འགྲུས་ལ་བརྟེན་ནས་ཐར་པའི་གོ་འཕང་འཐོབ་ཐུབ་པ་དང་། ཐེག་པ་ཆེན་པོའི་ལུགས་ལྟར་བྱས་ན། ང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ། 

 དེ་དག་ཐམས་ལ་ཡིད་ཆེས་རྙེད་ནས་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་དེ་དངོས་གནས་དྲང་གནས་སོ་སོའི་མི་ཚེའི་ནང་གི་དགོས་དོན་གཙོ་བོ་དང་རྟག་ཏུ་དོན་དང་ལྡན་པ་ཆགས་ཀྱི་ཡོད། འོན་ཀྱང་དེའི་ཆེད་དུ་ང་ཚོས་ཡིད་ཆེས་རྙེད་པ་ཞིག་དགོས་ཤིང་། ང་ཚོའི་མིག་དཔེར་འོས་པ་རྣམས་ཀྱིས་སེམས་སྐུལ་ཐེབས་པ་ཞིག་དགོས། དོན་ངོ་མར་སྐྱབས་འགྲོ་དེ་ང་ཚོའི་མི་ཚེ་དང་འབྲེལ་བ་ཡོད་པ་ཞིག་དགོས། ང་ཚོའི་མི་ཚེའི་ནང་དཀའ་ངལ་ཅན་གྱི་དུས་ཚོད་དེ་འདྲ་ཡོང་བའི་སྐབས། དེ་ལ་བརྟེན་ནས་སེམས་ཤུགས་ཆག་རྒྱུ་མེད། ང་ཚོས་དེ་ལ་གདོང་ལེན་བྱེད་ཐུབ་ཀྱི་ཡོད་པ་དེ་རྟོགས་དགོས། དེ་ནི་སྲིད་པ་ཞིག་རེད། ད་ལྟའི་ཆར་དེ་ཙམ་གྱི་ལས་སླ་པོ་མེད་ནའང་། ཉེན་མེད་ཀྱི་ཁ་ཕྱོགས་དེ་སོ་སོའི་མི་ཚེའི་ནང་བསྟེན་པ་བརྒྱུད་ང་ཚོས་རིམ་པས་སོ་སོའི་ཁོང་ཁྲོ་ལྟ་བུ་ལས་ཐར་བར་བྱེད་ཐུབ། དེ་ག་ནང་བཞིན་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་དག་ཐམས་ཅད་ལས་ཐར་ཐུབ། དེའི་ཐད་ང་ཚོས་འབད་བརྩོན་བྱེད་རྩིས་ཡོད།
 
ང་ཚོའི་ཉིན་རེའི་མི་ཚེའི་ནང་དཀའ་ངལ་འབྱུང་བའི་སྐབས། དེ་དག་ལ་ངོས་ལེན་མི་བྱེད་པ་བྱ་རྒྱུ་མེད། ང་ཚོས་དེ་དག་དྲན་པ་བརྗེད་ནས་ཆང་རག་འཐུང་བ་དང་། བཟི་སྨན་སྤྱོད་པ། འཁྲིག་སྤྱོད་བྱེད་པ། གློག་བརྙན་བལྟ་བ་སོགས་ལ་ཁ་ཕྱོགས་བསྒྱུར་ནས་གནས་སྟངས་རྣམས་གང་ལྟར་ཏོག་ཙམ་ཡག་ཏུ་གཏོང་བ་ལྟ་བུ་དེ་འདྲ་མ་རེད། དེའི་ཚབ་ལ་ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་འདི་ཡོད། ང་ཚོས་དངོས་གནས་བྱས་ན། ནང་པའི་ཐབས་ལམ་ཁག་ལ་ཁ་བསྒྱུར་ནས་གནས་སྟངས་ལ་གདོང་ལེན་བྱེད་ཐབས་བྱེད་དགོས། གལ་ཏེ་ང་ཚོས་དེ་ལྟར་བྱས་ན། དེ་ནི་ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་དངོས་གནས་ཡོད་པའི་བརྡ་མཚོན་གསལ་པོ་ཞིག་ཡིན། དེ་ལྟ་བྱུང་ན། ང་ཚོས་དངོས་གནས་སྐྱབས་སུ་ཕྱིན་པ་རེད།
 
ད་ང་ཚོས་སྐར་མ་ཁ་ཤས་ཀྱི་རིང་ལ་ད་བར་གང་བཤད་པའི་གཞི་རྟེན་ཐོག་སླར་ཡང་ངེས་བརྟན་བཟོ་རྒྱུ་ཡིན། ངའི་བསམ་པར། བསམ་བློ་འདིའི་ཆ་ཤས་ནི། གལ་ཏེ་ང་ཚོས་སོ་སོ་རང་ཉིད་ནང་པར་ཆ་འཇོག་བྱེད་ཀྱི་ཡོད་ན། སྐྱབས་འགྲོ་དེ་སོ་སོའི་མི་ཚེའི་ནང་གནད་འགགས་ངོ་མ་ཞིག་ཡོད་དམ། ཞེས་པའི་སྐོར་ཡིན་དགོས། དེས་ང་ཚོ་ལ་གང་སྟོན་གྱི་ཡོད་དམ། དེ་ང་ཚོས་གོ་བསྡུར་བྱས་དང་བྱེད་མུས་དང་འདྲ་བའི་གོ་དོན་ཞིག་སྟོན་གྱི་ཡོད་དམ། ཡང་ན་དེ་ནི་ཧ་ཅང་གལ་ཆུང་ཆུང་དང་སོ་སོའི་མི་ཚེའི་ནང་གནད་དོན་ཟུར་ཙམ་ཞིག་ཡིན་ནམ། དེས་དོན་དག་དེ་ཙམ་སྟོན་གྱི་མེད་པ་རེད་དམ། གལ་ཏེ་དེས་དོན་དག་དེ་ཙམ་སྟོན་གྱི་མེད་ན། དེ་ནི་གང་འཚམ་གྱི་སེམས་སྐྱོ་པོ་རེད། ང་ཚོས་གོ་སྐབས་མང་པོ་ཤོར་གྱིན་ཡོད། 

༼བར་མཚམས།༽

ནང་ཆོས་ལ་དམིགས་བསལ་གང་ཡོད་དམ། དམིགས་ཡུལ་དང་ཐབས་ལམ།

ངས་བརྗོད་པར་འདོད་པའི་གནད་དོན་རྗེས་མ་འདི་ནི། ང་ཚོས་བདེན་པ་གསུང་གི་ཡོད་པའི་ལམ་ལུགས་གང་རུང་ཞིག་ལ་ཡིད་ཆེས་བྱེད་ཆོག །ཆོས་བརྒྱུད་གང་རུང་ཞིག་ནས་ཡིད་འགུགས་ནུས་ཀྱི་དགེ་བའི་བཤེས་གཉེན་དང་དབུ་འཛིན་གང་རུང་ཞིག་ནས་སེམས་སྐུལ་ཐེབས་སྲིད། འདིར་ནང་ཆོས་དང་ཁྱད་པར་གང་ཡོད་དམ། ང་ཚོས་གནད་དོན་གཉིས་ཀྱི་ཐོག་ལ་བལྟ་དགོས། དེ་དག་འཐོབ་པར་ནང་པའི་དམིགས་ཡུལ་དང་ཐབས་ལམ་གཉིས་ཡོད། ལྷ་ཡུལ་དུ་འགྲོ་བའི་དམིགས་ཡུལ་འཛིན་མཁན་གྱི་ཆོས་ལུགས་མང་པོས་ང་ཚོར་སློབ་ཁྲིད་བྱེད་ཆོག །ཁོང་ཚོས་དངོས་གནས་བྱ་བ་བྱེད་པ་དང་ལྷ་ཡུལ་དུ་འཁྲིད་པར་བྱེད་པའི་ཐབས་ལམ་ཁག་སློབ་སྟོན་བྱེད་སྲིད། ང་ཚོས་ཆོས་ལུགས་དེར་ཡིད་ཆེས་བྱེད་ཆོག་ལ་དེའི་ཆོས་ལ་གདེང་ཚོད་དང་བཅས་ཏེ་རྗེས་སུ་འབྲང་བ་དང་། ཆོས་ཀྱི་ལམ་ཧ་ཅང་ཕན་ཐོགས་ཅན་ཞིག་འགྲིམ་ཆོག །ཡང་ན་དབང་མེད་ཀྱི་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བ་ལས་ཐར་བའི་དམིགས་ཡུལ་ཞིག་ཡོད་ཆོག་པ་དང་། དེས་སྐྱེ་བ་རྗེས་མའམ་སླར་ཡང་སྐྱེ་བ་ལེན་རྒྱུ་ཡོད་ཤག་བྱེད་ཆོག་ངེས་ཤིག་ཡིན། དེ་ལྟའི་དམིགས་ཡུལ་ཡོད་ནའང་། རྒྱ་གར་གྱི་ཆོས་ལུགས་ཕལ་མོ་ཆེས་དེ་བསླབ་ཀྱི་ཡོད། ནང་ཆོས་ཀྱི་ནང་། ང་ཚོར་སངས་རྒྱས་སམ་ཐམས་ཅད་མཁྱེན་པའི་གོ་འཕང་ཡོད། དེའི་དོན་ནི་ང་ཚོས་སངས་རྒྱས་ཀྱི་གོ་འཕང་ལ་འབད་བརྩོན་བྱེད་པ་ནི་གཞན་སེམས་ཅན་ཐམས་ཅད་ཐར་པའི་གོ་འཕང་འཐོབ་པར་གང་ཐུབ་ཅི་ཐུབ་ཀྱིས་ཕན་ཕྱིར་ཡིན། ངས་རྒྱ་གར་གྱི་ཆོས་ལུགས་གཞན་དག་གིས་དེའི་སྐོར་བསླབ་ཀྱི་ཡོད་རེད་བསམ་གྱི་མི་འདུག །འོན་ཀྱང་རྒྱ་གར་གྱི་ལམ་ལུགས་གཞན་དག་གིས་ཐར་པ་ལ་ཆ་འཇོག་གང་བྱེད་པ་དང་། དེ་འཐོབ་པའི་ཐབས་ལམ་ཁག །དེ་ལས་མི་ཐར་བའི་རྒྱུ། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་དེའི་རྒྱུ་སྟེ། དེ་ལ་ཁོང་ཚོས་ཀྱང་འཁོར་བ་ཞེས་བེད་སྤྱོད་བྱེད་ཀྱི་ཡོད་པ་ནི་ནང་པའི་ལྟ་ཚུལ་ཞིག་ཡིན། དེ་དག་ནི་ཆ་ཤས་ཙམ་ཞིག་ཡིན། ཁོང་ཚོས་བཤད་པའི་གོ་རྟོགས་དེ་གང་འཚམ་གྱི་ཏག་ཏག་འགྲིག་པ་ཞིག་མིན། ང་ཚོའི་མི་ཚེའི་ནང་སྐྱབས་འགྲོའམ་ཉེན་མེད་ཀྱི་ཁ་ཕྱོགས་འདི་དངོས་གནས་ཡོད་པ་ལ། ང་ཚོས་ད་བར་གོ་བསྡུར་བྱས་པ་ཚང་མར་ཡིད་ཆེས་ཡོད་དགོས་པ་ཙམ་མ་རེད། དེ་ནི་ཆ་ཤས་ཙམ་རེད། དེའི་ཁ་སྣོན་གྱི་ཆ་དང་ཧ་ཅང་གལ་ཆེ་བའི་ཆ་ཤས་ཤིག་ནི། སངས་རྒྱས་ཀྱིས་དམིགས་ཡུལ་བསྒྲུབ་པའི་ཕྱིར་གསུངས་པའི་ཐབས་ལམ་གྱི་ཚད་ལྡན་རང་བཞིན་ལ་ཡིད་ཆེས་པ་དེ་ཡིན། ནང་པའི་ཐབས་ལམ་གྱི་ནང་། སྟོང་ཉིད་ཀྱི་དོན་ལ་གོ་རྟོགས་དགོས་པ་དང་སྙིང་རྗེ་གོང་འཕེལ་གཏོང་བའི་ཐབས་ཚུལ་སྣ་ཚོགས་པ་རྣམས་ཚུད་ཡོད། ང་ཚོས་དེ་དག་གང་ཡིན་པ་དང་དེ་དག་གིས་དངོས་གནས་བྱ་བ་བྱེད་ཀྱི་ཡོད་པར་ཡིད་ཆེས་རྙེད་པ་དགོས།

དེར་བརྟེན་ང་ཚོའི་མི་ཚེའི་ནང་ཉིན་རེར་བཞིན་དངོས་གནས་ཁ་ཕྱོགས་དེ་བསྟེན་པར། རང་ཉིད་ཡར་རྒྱས་གཏོང་ཕྱོགས་ཐད་ཀྱི་ཐབས་ལམ་ཁག་ལ་གོ་རྟོགས་མི་ཉུང་བ་ཡོད་དགོས་པ་དང་། དེ་དངོས་གནས་ནུས་པ་དང་ལྡན་པ་ཞིག་ཡོང་གི་ཡོད་པར་ཡིད་ཆེས་རྙེད་པ་དགོས། དེའི་སྒང་ལ་ང་ཚོས་འཐོབ་པར་འདོད་པའི་དམིགས་ཡུལ་དེ་གང་ཡིན་པའི་ཐོག་ལ་བསམ་བློ་གསལ་ཁ་དོད་པོ་དགོས་པ་དང་། དམིགས་ཡུལ་དེ་བསྒྲུབ་པར་སངས་རྒྱས་ཀྱིས་གསུངས་པའི་ཐབས་ལམ་ཁག་ལ་བརྟེན་དགོས་པ་ནི་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་ཡིན་ཞེས་ང་ཚོས་གོ་བསྡུར་བྱས་དང་བྱེད་མུས་ལྟར་ལགས།

ངེས་འབྱུང་དང་ཡང་དག་པའི་ལྟ་བའམ་སྟོང་ཉིད་ལ་གོ་རྟོགས་དགོས་པ།

ད་ང་ཚོས་རྗེ་ཙོང་ཁ་པ་ཆེན་པོའི་ལམ་གཙོ་རྣམ་གསུམ་གྱི་སྐོར་ཤོད་དགོས་ཀྱི་ཡོད། དེ་ཡང་ཐར་འདོད་ཀྱི་ཆོད་སེམས་ཏེ་ངེས་འབྱུང་ཞེས་བྱ་བ་དེ་རེད། སྐྱབས་སུ་འགྲོ་བའམ་ཉེན་མེད་ཀྱི་ཁ་ཕྱོགས་སུ་འགྲོ་བར། ང་ཚོས་སྡུག་བསྔལ་གྱི་གནས་སྟངས་དང་དེའི་རྒྱུ་རྣམས་ངོས་འཛིན་དགོས་ཤིང་། ང་ཚོས་གང་ཡང་བྱེད་ཀྱི་མེད་པ་དང་དེ་དག་མུ་མཐུད་དེ་འགྲོ་རྒྱུ་ཡིན་པར་ཞེད་སྣང་དང་བཅས་ཏེ་དངོས་གནས་སྤོང་རྒྱུ་དེ་རེད། དེ་ནི་དེ་ལས་ཐར་འདོད་དང་དེ་ལས་འབྲལ་བའི་ཆོད་སེམས་བརྟན་པོ་ཞིག་ཡིན་པ་ང་ཚོས་ཤེས་དགོས། ངེས་འབྱུང་གི་སེམས་དེ་མེད་པར་སྐྱབས་འགྲོའི་དོན་སྙིང་མེད་པ་རེད། རེད་དམ་མ་རེད། ཉེན་མེད་ཀྱི་ཁ་ཕྱོགས་དེ་ང་ཚོའི་མི་ཚེའི་ནང་བསྟེན་པས་ཕན་ཐོགས་གང་ཡང་མེད་ན། ང་ཚོས་གང་གི་ཆེད་དུ་སྐྱབས་སུ་འགྲོ་བའམ་ཉེན་མེད་ཀྱི་ཁ་ཕྱོགས་བསྟེན་གྱིན་ཡོད་དམ། 

ལམ་གྱི་གཙོ་བོ་གཉིས་པ་ནི། ཡང་དག་པའི་ལྟ་བའམ་སྟོང་པ་ཉིད་ཀྱི་ལྟ་བ་དེ་རེད། སྟོང་ཉིད་ཅེས་པ་དེ་ལས་སླ་པོའི་སྒོ་ནས་བཤད་ན། ང་ཚོས་ཆོས་རྣམས་ཇི་ལྟར་གནས་པའམ་ཡོད་པའི་ཐད་མི་སྲིད་པའི་གནད་དོན་སྣ་ཚོགས་པ་བསམ་བློའི་ནང་འཁོར་གྱི་ཡོད་པའི་བདེན་དོན་དེ་ཤོད་ཀྱི་ཡོད། འོན་ཀྱང་ང་ཚོས་གང་བསམ་བློ་གཏོང་བ་དང་ཡིད་ཆེས་བྱེད་པ་རྣམས་ནི་ཕན་ཐོགས་མེད་པ་རེད། དེ་ནི་དངོས་ཡོད་གནས་ཚུལ་དང་མཐུན་གྱི་མེད། སྟོང་པ་ཉིད་ཅེས་པ་ནི་བྲལ་བའམ་མེད་པ་སྟེ། ང་ཚོའི་བསམ་བློའི་ནང་གི་སྤྲོས་པ་དེ་ཡུལ་ངོ་མ་དང་མཐའ་གཅིག་ཏུ་བྲལ་བའམ་རང་བཞིན་མེད་པའི་གནས་ལུགས་དེ་རེད།
 
དཔེར་ན། མི་ཞིག་གིས་ང་ཚོར་ཧ་ཅང་སྡུག་ཅག་བྱེད་པ་དང་ཚིག་རྩུབ་བརྗོད་པ་སོགས་བྱེད་སྐབས། དེ་ནི་གང་ཟག་དེའི་རང་བཞིན་གཅིག་རང་ཡོད་པ་དེ་ཡིན་པ་ལྟར་དུ་སྣང་གི་ཡོད། མི་དེ་སྡུག་ཅག་རང་ཡིན་པ་ང་ཚོར་སྣང་གི་ཡོད། རྒྱུ་མཚན་ནི་ང་ཚོའི་ཚད་བཀག་ཅན་གྱི་གྲུབ་ཆ་རགས་པ་ཡོད་པས་རེད། ང་ཚོའི་ཚོད་དཔག་དེ་ནི་སོ་སོའི་མིག་གི་མདུན་དུ་ད་ལྟ་གང་འབྱུང་བཞིན་པ་མཐོང་བ་ཁོ་ནར་གཞི་བྱས་ཡོད། ཁོང་ཚོ་ནི་མི་ཞེད་སྣང་ཚ་པོ་ཞིག་རེད། མི་ཞེད་སྣང་ཚ་པོ་དེ་ཁོང་ཚོའི་ངོ་བོའམ་རང་བཞིན་ངོ་མ་དེ་ཡིན་པ་དང་། གང་ཟག་དེ་ཡར་རྒྱས་འགྲོ་ཚུལ་ལ་ཤུགས་རྐྱེན་སྤྲད་པའི་རྐྱེན་གྲངས་ལས་འདས་པ་ལས་ལོགས་སུ་རང་དབང་དུ་ཡོད་པར་སྣང་གི་ཡོད། གང་ཟག་དེ་དང་། ཁོང་ཚོའི་ནང་མི། མི་ཚེའི་ཉམས་མྱོང་། འཛམ་གླིང་ནང་གི་དཔལ་འབྱོར་གནས་སྟངས། ཁོང་ཚོའི་སྐྱེ་བ་སྔ་མ་ལ་སོགས་པ་རེད། དེ་བཞིན་མི་སྡུག་ཅག་དང་ཡིད་ལ་མི་འཐད་པ་ཞིག་རྟག་ཏུ་ཡོད་པ་དང་མ་འོངས་པར་ཡོང་རྒྱུ་ཡིན་པ་ལྟ་བུ་སྣང་གི་ཡོད། མི་དེ་རང་བཞིན་གྱིས་སྡུག་ཅག་ཡིན་པའི་སྣང་བ་འདི་ནི། ཁོང་ཚོས་ད་ལྟ་བྱ་སྤྱོད་ཇི་ལྟར་སྤེལ་བཞིན་པའི་ནུས་སྟོབས་ཙམ་ལ་བརྟེན་ནས་དེ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་དང་བདེན་པར་གྲུབ་པ་ཞིག་ལ་ང་ཚོས་བསམ་བློ་གཏོང་བ་དང་ཡིད་ཆེས་བྱེད་ཀྱི་ཡོད།
 
འོན་ཀྱང་དེ་ལྟའི་གང་ཟག་དེའམ། ཡང་ན་དེ་ལས་ཀྱང་ཡང་དག་པའི་སྒོ་ནས་བཤད་ན། གང་ཟག་དེའི་སྣང་ཚུལ་ནི་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད། མི་སུ་གཅིག་ཀྱང་དེ་ལྟར་གྲུབ་མེད། དེ་ནི་ང་ཚོའི་བསམ་བློའི་འཆར་སྒོའི་ནང་ཡོད་པའི་སེམས་ཀྱི་སྤྲོས་པ་དེ་རེད། སེམས་ཀྱི་སྤྲོས་པ་ཟེར་བ་ནི་དེ་དག་གང་སྣང་བ་ལྟར་དུ་དོན་ངོ་མར་དེ་ལྟར་གྲུབ་ཡོད་པ་དེ་རེད། དེ་ལྟར་སྣང་བའི་རྒྱུ་མཚན་ནི། ང་ཚོའི་ཚད་བཀག་ཅན་གྱི་གྲུབ་ཆ་རགས་པ་དང་རྨོངས་པའི་དབང་གིས་ཡིན། རྨོངས་པ་དང་ལེགས་པའི་ཆ་རྣམས་མ་ཤེས་པ་སོང་ཙང་། ང་ཚོས་ཁོང་ཚོ་དངོས་གནས་མི་སྡུག་ཅག་རེད་ཅེས་སོ་སོའི་རྟོག་འཆར་ལ་ཡིད་ཆེས་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོ་དེ་དག་ལ་ཁོང་ཁྲོ་ཟ་བ་དང་སྐད་ལོག་རྒྱག་པ་སོགས་བྱེད་ཀྱི་ཡོད། ང་ཚོར་བཟོད་སྒོམ་མེད་པ་དང་བསམ་ཤེས་མེད་པ་རེད།  

སྐྱབས་འགྲོ་དང་འབྲེལ་བའི་ཐོག་ནས་སྟོང་ཉིད་རྟོགས་པ་དེས་མཐའ་གཉིས་སྤོང་བར་ཕན་གྱི་ཡོད། 

འདིས་ང་ཚོའི་སྐྱབས་འགྲོའི་བརྗོད་གཞི་ལ་ཇི་ལྟར་ལག་བསྟར་བྱེད་དམ། སྟོང་ཉིད་ལ་གོ་བ་གང་འཚམ་ཡོད་པ་དེས། སོ་སོའི་སྐྱོན་ཀྱི་ཆ་རྣམས་ལས་ཐར་བ་དང་ནུས་པ་རྣམས་རྟོགས་པར་འབད་པའི་སྐབས། ང་ཚོ་སྐྱོན་བྲལ་ཡང་དག་ཅིག་ཆགས་པའི་ཉེན་ཁ་སྤོང་བར་རོགས་བྱེད་ཀྱི་ཡོད། དེ་ནོར་ནས་ང་ཚོར་བདག་ཅེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་ཅིང་གནས་སྟངས་གང་འཚམས་ཀྱི་སྐྱོ་པོའི་ནང་ཡོད་པ་ཞིག་སྣང་གི་ཡོད། ང་ཚོས་ཀྱང་དེ་ནི་སོ་སོའི་ངོ་བོ་ངོ་མ་དེ་ཡིན་པར་བསམ་གྱི་ཡོད། དེ་ལས་ཐར་བའི་ཆེད་ང་ཚོ་སྐྱོན་བྲལ་ཡང་དག་ཅིག་དགོས། རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་དེ་སྐྱོན་བྲལ་ཡང་དག་ཅིག་དགོས་ཀྱི་ཡོད། སྐྱོན་གྱི་ཆ་ལ་སོགས་པ་དེ་དག་ཐམས་ཅད་ཧ་ཅང་ཞེད་སྣང་ཚ་པོ་རེད། ཡེ་ཤུའི་ཐ་སྙད་བེད་སྤྱོད་བྱས་ན། དེ་ནི་བདུད་ཀྱི་ལས་ཤིག་རེད། ང་ཚོས་དེ་མེད་པ་བཟོ་དགོས། ང་ཚོས་སྐྱོན་གྱི་ཆ་རྣམས་ཚུགས་ཐུབ་ཏུ་གྲུབ་པའི་དངོས་པོར་བཟོས་ནས་སྐྱོན་བྲལ་ཡང་དག་ཡིན་དགོས་པའི་ང་དེ་ལས་ངེས་པར་དུ་ཐར་དགོས།  

རྨོངས་པའི་གོམས་གཤིས་ཀྱིས་ང་ཚོས་འཐོབ་ཐབས་བྱེད་བཞིན་པའི་དམིགས་ཡུལ་དེ་བཟོ་གི་ཡོད། དཀོན་མཆོག་གསུམ་འཐོབ་པའི་དམིགས་ཡུལ་དེ་ཧ་ཅང་ཡག་པོ་ཞིག་དང་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཏུ་སྣང་གི་ཡོད། དེ་ནི་ཧ་ཅང་ཡག་པོ་ཡོད་པའི་རྒྱུ་མཚན་གྱིས་ངས་འཐོབ་འདོད་བྱེད་པའམ། ཡང་ན་དེ་ནི་ངའི་བསམ་ཡུལ་ལས་འདས་ཤིང་འཐོབ་མི་སྲིད་པའམ་འཐོབ་མི་ཐུབ་པ་ལྟ་བུ་ཞིག་ཀྱང་ཡིན།

འདི་ནི་ཆོས་ཉམས་ལེན་པ་འགའི་ཁྲོད་དུ་ནམ་རྒྱུན་འཆར་ཅན་དུ་འབྱུང་བཞིན་པའི་ཉེན་ཁ་ཞིག་ཡིན། ཁོང་ཚོས་སྐྱོན་བྲལ་ཡང་དག་ཅིག་ཡིན་པ་ལྟར་ཆོས་ལ་འཇུག་པ་དང་། ཁོང་ཚོ་ཧ་ཅང་མཁྲེགས་པོ་དང་མཉེན་ཆ་མེད་པ་ཆགས་ཀྱི་ཡོད། དེ་ལ་བརྟེན་ནས་དོན་ངོ་མར་ཧ་ཅང་མི་སྐྱིད་པ་ཆགས་ཀྱི་ཡོད། ཁོང་ཚོས་གནད་དོན་ཆ་ཚང་ཇི་བཞིན་དུ་དངོས་དོན་ཐོག་ནས་གོ་བ་ལེན་གྱི་ཡོད། ཁོང་ཚོ་རང་གིས་རང་ལ་ཧ་ཅང་དམ་བསྒྲགས་བྱེད་ཀྱི་ཡོད། དེ་ཡང་ནམ་རྒྱུན་ང་རང་འགྲིག་ཚོད་ཀྱི་ཡག་པོ་མིན་ཞེས་པའི་རང་མཐོང་དམའ་བ་དང་མཉམ་དུ་ཡོང་གི་ཡོད་པ་དང་། སེམས་ཁམས་ཀྱི་ཆ་ནས་རང་གིས་རང་ལ་རྡུང་རྡེག་གཏོང་གི་ཡོད། དེ་ནི་སྨྱོ་འཚུབ་འཚུབ་ཀྱི་ཆོས་ཉམས་ལེན་བྱེད་སྟངས་ཤིག་ཡིན་པ་དང་། དེས་ཆོས་ཀྱི་ལམ་དུ་སྡུག་བསྔལ་ཆེན་པོ་ཞིག་སྐྲུན་པ་ཙམ་རེད། དེ་འདྲའི་ཐབས་ཚུལ་ནོར་འཁྲུལ་གྱི་ནང་། ང་ཚོ་ད་དུང་ཀུན་སློང་ལ་བརྟེན་ནས་ཚུགས་ཐུབ་ཏུ་གྲུབ་པའི་དངོས་པོ་ཆེན་པོ་ཞིག་ཀྱང་བཟོ་གི་ཡོད། དེ་ཡང་། “ཨོ། ང་རང་མི་ཚང་མར་བརྩེ་བ་ཡོད།” ཅེས་ཟེར་བ་ལ་སོགས་པ་ལྟ་བུ་རེད། “ང་རང་ཧ་ཅང་བརྩེ་བ་དང་ལྡན་ཞིང་ཡག་པོ་བྱེད་དགོས་ཀྱི་འདུག་” ཅེས་བསམ་གྱི་ཡོད། སླར་ཡང་ང་ཚོ་དེ་འདྲ་ཞིག་ཆགས་ཐུབ་ཀྱི་མེད། དེར་བརྟེན་རང་ཉིད་སྐྱོན་བྲལ་ཡང་དག་ཅིག་མིན་པས། རང་གིས་རང་ལ་སྡུག་བསྔལ་མྱོང་འཇུག་གི་ཡོད།  

ང་ཚོས་དེ་དག་ཐམས་ཅད་སྟོང་པ་ཉིད་ལ་དཔྱད་སྒོམ་བྱེད་པའི་ཐོག་ནས་གོ་བསྡུར་བྱེད་ལོས་ཆོག །འོན་ཀྱང་ཁ་ཡོད་ལག་ཡོད་ཀྱི་ནང་དེའི་དོན་དག་ངོ་མ་གང་རེད་དམ། གལ་ཏེ་ང་ལ་ཤིན་ཏུ་ཟབ་པའི་སྟོང་ཉིད་ཀྱི་གོ་བ་མེད་ན་གང་བྱེད་དམ། ཁ་ཡོད་ལག་ཡོད་ཀྱི་རིམ་པའི་ཐོག་ནས་བཤད་ན། ངའི་བསམ་པར། དེའི་དོན་དག་ནི་ང་ཚོས་ཆོས་ཉམས་ལེན་ཁ་ལ་ཁྱེར་ནས་གནས་དོན་ཆེན་པོ་བཟོ་རྒྱུ་མེད་པའི་དོན་རེད། ང་ཚོས་བྱེད་དགོས་ཤིང་། རང་གིས་རང་ཡར་རྒྱས་གཏོང་དགོས། གང་ཐུབ་ཀྱིས་བཟོད་སྒོམ་ཆེན་པོ་བྱེད་དགོས། ང་ཚོས་སེམས་ཀྱི་སྤྲོས་པ་ང་ཟེར་བ་དེ་དང་། ང་དེ་སྐྱོན་བྲལ་ཡང་དག་ཡིན་པ། ཡང་དག་པའི་སྒོ་ནས་འདི་དང་དེ་བྱེད་མི་དགོས་པའི་ཐོག་ནས་རང་ཉིད་ཡར་རྒྱས་གཏོང་དགོས། བསམ་བློ་དེ་དག་སེམས་ནང་སླེབས་པའི་སྐབས། དེ་དག་ནི་ཕན་མེད་ཀྱི་གད་སྙིགས་ལྟ་བུར་རྟོགས་ཐབས་བྱེད་དགོས། དེ་ནི་ཆོས་ལ་བརྟེན་ནས་སྨྱོ་འཚུབ་ཅན་གྱི་སྡུག་བསྔལ་གྱི་འགྲུལ་འཁོར་ཞིག་སྐྲུན་གྱི་ཡོད་པས། ང་ཚོས་ཆོས་དེ་ངར་འཛིན་གྱི་འགྲུལ་འཁོར་ཆེན་པོ་ཞིག་བཟོ་འདོད་མེད། སྐྱོན་བྲལ་ཡང་དག་གི་རིང་ལུགས་དེ་ཡང་སེ་དེ་འདྲ་ཆགས་ཀྱི་ཡོད།
 
ང་ཚོས་བྱ་བ་བྱེད་དགོས་ཟེར་དུས། དེ་ནི་ཚོར་མེད་འཕྲུལ་ཆས་ལྟར་བྱོས་ཟེར་བའི་དོན་མིན། གང་ཡིན་ཞེ་ན། དེ་ནི་ང་ཚོ་ལྷུང་སྲིད་པའི་མཐའ་གཞན་ཞིག་རེད། དཔེར་ན། ང་ཚོ་ཞོགས་པ་ལངས་པའི་སྐབས། ཚོར་མེད་འཕྲུལ་ཆས་ནང་བཞིན་ཕྱག་གསུམ་འཚལ་བ་དང་ཡོན་ཆབ་འབུལ་བའི་གོམས་གཤིས་ཡོད་སྲིད། དེ་ནི་ཚོར་མེད་འཕྲུལ་ཆས་ནང་བཞིན་ཡིན་པ་དང་། ང་ཚོས་བྱེད་ཀྱིན་ཡོད། ང་ཚོས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་དང་། ང་རང་ཧ་ཅང་རྩ་ཆེ་བའི་ཉམས་ལེན་པ་ཞིག་ཡིན། ང་རང་ལ་ཡོན་ཆབ་འབུལ་སྣོད་ཀྱི་ཏིང་ཕོར་དང་སྤུས་རྐང་གཅིག་ཡོད་ཅེས་བསམ་བློ་གཏོང་གི་མེད། ང་ཚོས་ཉམས་ལེན་དེ་ཚོར་མེད་འཕྲུལ་ཆས་ལྟར་བྱེད་ཀྱི་ཡོད། ང་ཚོར་ཀུན་སློང་ཞིག་ངེས་པར་དུ་དགོས། འོན་ཀྱང་ཀུན་སློང་དེ་ལ་བརྟེན་ནས་གནས་ཚུལ་ཆེན་པོ་བཟོ་མི་ཉན། རྒྱུ་མཚན་དེ་འདྲ་ཡིན་པ་སོང་ཙང་། རང་ཉིད་ཀྱི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ལ་སྦྱོང་བརྡར་བྱེད་ཐུབ་པའི་ཆེད་ང་ཚོར་བྱ་རྒྱུའི་བྱེད་སྒོ་མང་དག་ཅིག་ཡོད།
 
སྐྱབས་འགྲོའི་བསླབ་བྱ་ཞེས་པར་གཟིགས།

འོན་ཀྱང་ངོ་སྤྲོད་ཉུང་ཙམ་ཞིག་ཞུས་ན། གནད་དོན་དེ་དག་གི་ནང་ནས་གཅིག་ནི་དགེ་བའི་བཤེས་གཉེན་དགོས་རྒྱུ་དེ་རེད། དེ་ལ་བརྟེན་ནས་ང་ཚོར་སེམས་སྐུལ་འཐོབ་པ་དང་མིག་དཔེར་འོས་པའི་གང་ཟག་ཅིག་རག་གི་ཡོད། དེའི་སྒང་ལ་ང་ཚོས་ཉིན་རེར་བཞིན་འགྲོ་བའི་ཁ་ཕྱོགས་དང་། སོ་སོའི་མི་ཚེའི་ནང་ཁ་ཕྱོགས་འདི་ཡོད་པའི་ཕན་ཡོན་བཅས་ལ་དྲན་གསོ་གཏོང་དགོས། དེ་ལྟར་བྱུང་ན་ང་ཚོར་ཀུན་སློང་ཡོད་པ་རེད། དེ་ལྟར་ང་ཚོ་མི་ཚེའི་ནང་གི་ཉེན་མེད་ཀྱི་ཁ་ཕྱོགས་ལ་འགོག་རྐྱེན་བྱེད་ངེས་པའི་མཐའ་རུ་ལྷུང་སྲིད་པས། དེ་སྤོང་ཐབས་བྱེད་དགོས། ང་ཚོས་དེ་ལྟར་ཁ་ཡོད་ལག་ཡོད་ཀྱི་ལག་ལེན་དངོས་དང་། ཕན་ཐོགས་ལྡན་པའི་སྒོ་ནས་བྱེད་དགོས་པ་ལས། སྨྱོ་འཚབ་ཅན་དང་གལ་ཆུང་ཆུང་དུ་འཛིན་པའི་སྒོ་ནས་བྱ་མི་རུང་། ང་ཚོས་དེ་ཕྱོགས་རིས་ཀྱི་སྒོ་ནས་ཀྱང་བྱ་རྒྱུ་མེད། ཕྱོགས་རིས་ཞེན་ཁོག་དེ་ཡང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་དང་ངའི་ཚུགས་ཐུབ་ཏུ་གྲུབ་པའི་སྲོལ་རྒྱུན་དང་གྲུབ་མཐའ་དེ་གལ་ཆེན་ཡིན་པའི་བསམ་བློ་དང་ཡིད་ཆེས་ལ་གཞི་རྩ་བྱས་ཡོད། དེ་ནི་ངས་ཡང་དག་པའི་ལམ་གྱི་རྗེས་སུ་འབྲང་གི་ཡོད། ཁྱེད་ཀྱིས་ཡང་དག་པའི་ལམ་གྱི་རྗེས་སུ་འཇུག་གི་མི་འདུག་བསམ་གྱི་ཡོད།
 
ང་ལ་སློབ་མ་འགའ་ཞིག་ཡོད། ཁོང་ཚོས་ནང་པ་ཞིག་ཡིན་པའི་ཆ་ནས་དེ་ལ་ཁེངས་དྲེགས་དང་ང་རྒྱལ་ཡོད་པའི་དཀའ་ངལ་གྱི་སྐོར་ང་དང་མཉམ་དུ་གོ་བསྡུར་བྱས་སོང་། དེ་ཡང་། “ངས་གོ་རྟོགས་གསར་པ་ཞིག་རྙེད་སོང་། ངས་ལམ་ངོ་མ་དེ་རྙེད་སོང་། ང་ནི་ང་རང་གི་སློབ་གྲྭ་གཅིག་པའི་གྲོགས་པོ་འཇིག་རྟེན་གྱི་ཆོས་ལ་མགོ་འཐོམས་མཁན་ཚོ་ལས་རྦད་དེ་ཡག་ག་ཡོད།” ཅེས་ཟེར། ང་ཚོས་རང་ཉིད་གཞན་ལས་ཡག་ག་ཡོད་པ་ཚོར་སྲིད་ལ། ཐ་ན་ཁོང་ཚོ་ལ་སྙིང་རྗེ་བསྒོམ་ཆོག་ཀྱང་། དེ་ནི་ཤ་ཚ་བྱེད་པ་དང་མཐོང་ཆུང་བྱེད་པའི་བཟོ་འདྲ་ཞིག་ཆགས་ཀྱི་ཡོད། སླར་ཡང་འདིར་དཀའ་ངལ་ནི་སྟོང་ཉིད་ཀྱི་སྐོར་གོ་རྟོགས་གང་འཚམ་ཞིག་མེད་པ་དེ་རེད། ང་ཚོས་ང་ཟེར་བ་དེ་དང་། ང་ཚོས་གང་བྱས་པ། ང་ཚོའི་མི་ཚེའི་ནང་གི་ཁ་ཕྱོགས་ལ་བརྟེན་ནས་གནས་ཚུལ་ཆེན་པོ་ཞིག་བཟོ་སྲིད་པ་དང་། དེ་དང་འབྲེལ་བའི་སྒོ་ནས་ང་ཚོས་ཁེངས་དྲེགས་དང་ང་རྒྱལ་སྐྱེ་སྲིད། གཞན་དག་དེ་འདྲ་མེད་པས། ང་ཚོ་ལས་དམའ་བ་འདྲ་པོ་ཆགས་ཀྱི་ཡོད། གལ་ཏེ་ང་ཚོ་གཟབ་ནན་མ་བྱས་ན། དེ་ཧ་ཅང་དཀའ་ངལ་ཅན་གྱི་ཁ་ཕྱོགས་སུ་འགྲོ་སྲིད། དཔེར་ན། “ངས་གོ་རྟོགས་གསར་པ་མཐོང་སོང་། ང་བསྐྱབ་ཀྱི་རེད། ཁྱེད་རང་དམྱལ་བར་འགྲོ་གི་རེད།” ཅེས་པའི་ཁ་ཕྱོགས་སུ་འགྲོ་སྲིད། དེ་ལྟའི་ཁེངས་དྲེགས་ཀྱི་བསམ་ཕྱོགས་རྒྱུ་མཚན་དུ་བྱས་ཏེ། ང་ཚོས་དཀའ་ངལ་མང་པོ་ཞིག་བཟོ་སྲིད།

སྐྱབས་སུ་འགྲོ་བའི་སྐབས་ངེས་འབྱུང་གི་གལ་གནད།

བསྐྱར་ཞིབ་ཅིག་བྱས་ན། ང་ཚོའི་མི་ཚེའི་ནང་སྐྱབས་འགྲོའམ་ཉེན་མེད་ཀྱི་ཁ་ཕྱོགས་དེ་བརྟན་པོ་དང་ཆ་སྙོམ་པོ་ཞིག་ཡོང་བར། ང་ཚོར་ངེས་འབྱུང་དང་སྟོང་ཉིད་ཀྱི་དོན་ལ་གོ་རྟོགས་གང་འཚམ་ཞིག་དགོས། ངེས་འབྱུང་ཟེར་བ་དེ་སོ་སོའི་མི་ཚེ་སྤྲོ་བ་དང་དོ་དབྱིངས་ཆེ་བ་ཡོང་ཕྱིར། སོ་སོའི་དྲག་ཤུལ་དང་རྩོད་པའི་སྤྱོད་ཚུལ་ལྟ་བུ་གཞན་རྣམས་ཉར་འདོད་བྱས་ཏེ། སྡུག་བསྔལ་འགའ་ཞིག་དང་དེ་དག་གི་རྒྱུ་རྣམས་སྤོང་ཐབས་དང་དེ་ལས་ཐར་ཐབས་བྱེད་པ་ཙམ་ཞིག་མིན། དེ་ནི་བྱིས་བློའི་ཐབས་ཚུལ་ལྟ་བུ་གཏི་མུག་ཅིག་ཡིན་སྲིད། གཞན་ཞིག་ནི་ང་ཚོར་ཡོད་པའི་འདོད་ཆགས་འགའ་ཞིག་སྤོང་གི་མེད། གང་ཡིན་ཟེར་ན། ང་ཚོ་འཁྲིག་པ་སྤྱོད་རྒྱུ་དང་། སྤྱི་ཚོགས་བརྒྱུད་ལམ། གཟུགས་མཐོང་བརྙན་འཕྲིན་སོགས་ལ་དགའ་པོ་ཡོད།

ཤོད་མི་དགོས་པར་ང་ཚོ་རྨོངས་ཞེན་ཅན་ཞིག་བྱ་རྒྱུ་སྤོང་འདོད་ཡོད་པ་དང་། དེ་ལྟར་བྱ་རྒྱུ་གྲ་སྒྲིག་མེད་པའི་སྐབས། མི་ཚེའི་ནང་དཀའ་ངལ་གྱི་རྒྱུ་བྱེད་པ་ཚང་མ་མཐའ་གཅིག་ཏུ་བློས་གཏོང་བྱེད་ཀྱི་ཡོད། དྲན་དགོས་པ་ཞིག་ལ། ངེས་འབྱུང་ཟེར་བ་དེ་ང་ཚོའི་དགའ་སའི་དངོས་པོ་དེ་དག་གཅིག་ཀྱང་མེད་ཅེས་པའི་དོན་མིན། འོན་ཀྱང་ང་ཚོས་དེ་དག་ལ་འདོད་ཆགས་བློས་གཏོང་དགོས་པ་དང་། དེ་དག་ནི་མཐར་ཐུག་བདེ་བའི་རྒྱུ་ཡིན་པར་ངན་ལང་ཤོར་ནས་བསམ་པའི་སྐོར་ཤོད་ཀྱིན་ཡོད། ང་ཚོས་བསམ་བློ་གཏོང་སྟངས་ནོར་བ་དེ་མེད་པ་བཟོ་འདོད་ཡོད་པ་དང་། དེའི་ཐད་ང་ཚོས་བརྟན་པོའི་སྒོ་ནས་ག་ལེར་ཡར་རྒྱས་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད།
 
ང་ཚོ་ད་ལྟ་ངེས་འབྱུང་ཆ་ཚང་ཞིག་ཡོང་མི་ཐུབ་པ་སྲིད་ཀྱང་། དེ་ནི་ང་ཚོའི་དམིགས་ཡུལ་ལྟར་འཛིན་འདོད་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ངས་ “ཁ་ཕྱོགས་” ཟེར་བའི་ཚིག་དེ་བེད་སྤྱོད་བྱེད་ཀྱི་ཡོད། འདི་ནི་ང་ཚོ་འགྲོ་སའི་ཁ་ཕྱོགས་དེ་རེད། དེ་ཡང་ཚེ་འདིའི་ནང་ཆ་ཚང་འགྲོ་མ་ཐུབ་ནའང་། ཚེ་རབས་ཕྱི་མའི་ནང་འགྲོ་དགོས། ང་ཚོས་དེའི་ཐད་འབད་བརྩོན་བྱེད་བཞིན་ཡོད།

བྱང་ཆུབ་ཀྱི་སེམས་དགོས་གལ།

ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ནང་ནས་གསུམ་པ་ནི། བྱང་ཆུབ་ཀྱི་སེམས་རེད། འདི་ནི་ཐེག་པ་ཆེན་པོའི་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་མི་ཚེའི་ནང་ཁ་ཕྱོགས་འདི་བསྟེན་པའི་སྐབས། སྐྱབས་འགྲོ་དང་འབྲེལ་བ་ཆགས་ཀྱི་ཡོད། སྤྱིར་བཏང་སྐྱབས་འགྲོ་ནི་སྲོལ་རྒྱུན་ལྟར་ཐར་པ་འཐོབ་འདོད་ལ་དམིགས་པའི་སྐབས་དོན་ནང་བཤད་ཡོད། ང་ཚོས་ཐེག་པ་ཆེན་པོ་དང་ཆུང་ངུའི་ལམ་གང་ཞིག་གི་རྗེས་སུ་འབྲངས་ནའང་། དེ་ནི་ཐུན་མོང་དུ་ཉམས་ལེན་བྱེད་ཀྱི་ཡོད། འགོག་པའི་བདེན་པ་དང་ལམ་གྱི་བདེན་པས་སྐྱབས་འགྲོའི་སྐབས་དོན་གྱི་ནང་དབང་མེད་ཀྱི་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་ལས་ཐར་བའི་ཐར་པའི་གོ་འཕང་འཐོབ་པར་འབད་མཁན་རྣམས་ལ་དམིགས་ཀྱི་ཡོད། དགྲ་བཅོམ་པ་ནི་འཁོར་བ་ལས་ཐར་ཟིན་པ་རེད། དགྲ་བཅོམ་པ་འཐོབ་རྒྱུ་ནི་ཐེག་པ་ཆུང་ངུའི་དམིགས་ཡུལ་རེད། འོན་ཀྱང་བྱང་ཆུབ་སེམས་དང་བཅས་ཏེ་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པའི་སྐབས་སུའང་སྐྱབས་སུ་འགྲོ་ཆོག

 བྱང་ཆུབ་ཀྱི་སེམས་ནི་མ་འོངས་པའི་སོ་སོའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པའི་སེམས་ཀྱི་གནས་བབས་དེ་རེད། དེ་ནི་ང་ཚོས་འཐོབ་ཐུབ། གང་ཡིན་ཟེར་ན། ང་ཚོའི་སེམས་ནི་ལྷན་སྐྱེས་ཀྱི་དག་པའི་རང་བཞིན་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་དེས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་འཐོབ་པར་དམིགས་ཀྱི་ཡོད། དེ་དང་མཚུངས་པའི་ང་ཚོས་ད་ལྟ་ཐོབ་མེད་པའམ་མ་འོངས་པའི་ཐར་པའི་གོ་འཕང་ལ་དམིགས་ཆོག་ལ། དེ་ནི་ང་ཚོས་འཐོབ་ཐུབ་པ་ཞིག་ཡིན། དེ་ཡང་ང་ཚོས་འཁོར་བར་སླར་སྐྱེ་བའི་སྡུག་བསྔལ་མཐའ་དག་མེད་པ་བཟོ་བའི་ཆེད་འཐོབ་པར་དམིགས་ཆོག །དེ་འཐོབ་པའི་ཚུལ་ནི་ཐེག་པ་ཆུང་ངུའི་སྟོང་ཉིད་ཀྱི་འགྲེལ་བརྗོད་ལ་གོ་རྟོགས་རྙེད་པ་ཙམ་མིན་པར། བྱམས་པ་དང་སྙིང་རྗེ་ལ་བརྟེན་ནས་ཀྱང་འཐོབ་ཐུབ། ཐེག་པ་ཆུང་ངུའི་ལམ་བརྒྱུད་དེ་ང་ཚོས་གཞན་ལ་ཕན་པ་གང་ཐུབ་བསྒྲུབ་རྒྱུ་རེད། གང་ཡིན་ཞེ་ན། ལམ་དེའི་ནང་དུའང་ང་ཚོས་དགེ་བའི་ནུས་པའམ་ཚོགས་གསོག་དགོས། དེ་ནི་བྱམས་པ་དང་སྙིང་རྗེ་ཉམས་སུ་བླངས་བ་ནས་ལེགས་པར་སྒྲུབ་ཀྱི་ཡོད། དེ་འདྲ་སོང་ཙང་། ང་ཚོས་ཉམས་ལེན་དེའི་རིགས་ཐེག་པ་ཆུང་ངུའི་ལམ་ན་མེད་ཅེས་བསམ་རྒྱུ་མེད། དེ་མེད་པ་མ་རེད།
 
འོན་ཀྱང་ང་ཚོས་ཐེག་པ་ཆེན་པོའི་གོ་དོན་ལྟར་ཁ་ཕྱོགས་འདི་རང་སོ་སོའི་མི་ཚེའི་ནང་བསྟེན་ཆོག །ང་ཚོས་ཐར་པ་ཁོ་ནའི་ཆེད་དུ་དམིགས་ཀྱི་མེད་པར། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དམིགས་ཀྱི་ཡོད། ང་ཚོས་ལམ་འགྲིམ་པའི་སྐབས། བྱམས་པ་དང་སྙིང་རྗེ་གང་ཐུབ་ཅི་ཐུབ་ཉམས་ལེན་བྱ་རྒྱུ་ཡིན་པ་ཙམ་དུ་མ་ཟད། ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐབས། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་སེམས་ཅན་ལ་དངོས་སུ་ཕན་འདོགས་ཀྱི་རེད།
 
བསྐྱར་ཞིབ་བྱས་ན། ངེས་འབྱུང་གིས་ང་ཚོས་གང་ཞིག་སྤོང་དགོས་པ་དང་ཁ་ཕྱོགས་འདིར་བསྟེན་ནས་གང་ལས་ཐར་འདོད་ཡོད་པའི་ཕྱོགས་དེ་ཁ་སྣོན་བྱེད་ཀྱི་ཡོད། ཐར་པའི་གོ་འཕང་འཐོབ་པར་དམིགས་པའམ། ཡང་ན་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དམིགས་པ་གཉིས་ཀས་དམིགས་ཡུལ་བསྒྲུབ་ཀྱི་ཡོད། དམིགས་ཡུལ་དེ་འཐོབ་པར་ང་ཚོས་གང་བྱེད་རྩིས་ཡོད་དམ། ང་ཚོར་གང་གིས་ཕན་པའི་རྣམ་པ་གཅིག་ནི། བྱམས་པ་དང་སྙིང་རྗེ་གང་མང་གོང་འཕེལ་གཏོང་རྒྱུ་དང་། གཞན་དེ་ནི་སྟོང་ཉིད་ཀྱི་དོན་ཡང་དག་པ་རྟོགས་རྒྱུ་དེ་རེད། དེ་དག་གིས་ང་ཚོས་དངོས་ཡོད་དང་མཐུན་པའི་སྒོ་ནས་དམིགས་ཡུལ་དེ་དག་བསྒྲུབ་ཐུབ་པའི་ལམ་དང་། ང་ཚོའི་སྐྱོན་གྱི་ཆ་རྣམས་ལས་ཐར་བར་བྱེད་པའི་ཁྱད་རྣམ་གཙོ་བོ་དེ་གང་ཡིན་པ་གསལ་སྟོན་བྱེད་ཀྱི་ཡོད། ང་ཚོས་སེམས་ཁམས་འཁྲུགས་མེད་ཀྱི་སྒོ་ནས་ཐབས་ལམ་དེ་དག་ཇི་ལྟར་ཉམས་ལེན་བྱེད་དམ། ང་ཚོས་རང་གི་དགེ་བའི་བཤེས་གཉེན་གྱི་ལམ་སྟོན་དང་སེམས་འགུལ་ཐེབ་ནུས་པའི་དཔེ་མཚོན་ལ་བརྟེན་ནས་ཉམས་ལེན་བྱེད་དགོས། སེམས་ནང་བཅང་དགོས་པ་ཞིག་ལ། དགེ་བའི་བཤེས་གཉེན་དེ་ནི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་དགོས།

ངན་སོང་གི་སྡུག་བསྔལ་ལ་འཇིགས་པ་སྐྱེ་བ་དེ་སྐྱབས་སུ་འགྲོ་བའི་སྐུལ་སློང་ཞིག་ཡིན།

ངའི་སེམས་ནང་གནད་དོན་གཞན་ཞིག་བསམ་བློ་འཁོར་སོང་། དེ་ངས་ཁྱེད་རྣམས་ལ་ཞུ་འདོད་ཡོད། ང་ཚོས་སྲོལ་རྒྱུན་ལྟར་རང་གི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་བསྟེན་པའམ་སྐྱབས་འགྲོའི་རྒྱུའི་སྐོར་བལྟ་བའི་སྐབས། དེ་ནི་མ་འོངས་པའི་དུས་སུ་སྔར་ལས་མང་བའི་སྡུག་བསྔལ་ལ་འཇིགས་པ་དང་། རང་གིས་རང་ལ་གནས་སྟངས་ཇེ་སྡུག་ཏུ་བཟོ་བ་དེ་སྤོང་བའི་ལམ་ཞིག་ཡོད་པའི་གདེང་ཚོད་དེ་ཡིན། ང་ཚོས་དེ་སེམས་ཁམས་འཁྲུགས་མེད་ཀྱི་སྒོ་ནས་ཇི་ལྟར་སྐྱེད་ཐུབ་པའི་སྐོར་གོ་བསྡུར་བྱས་ཟིན་པ་རེད། ང་ཚོས་ཐེག་ཆེན་གྱི་ལུགས་ལྟར་བྱེད་པའི་སྐབས། ཁ་ཕྱོགས་དེར་འགྲོ་བའམ་སྐྱབས་སུ་འགྲོ་བའི་རྒྱུ་གསུམ་པ་ཞིག་ཡོད་པ་ནི། གཞན་དོན་དུ་སྙིང་རྗེ་ཟེར་བ་དེ་རེད། ང་ཚོས་གཞན་རྣམས་སྡུག་བསྔལ་ལས་ཐར་བར་ཕན་ཕྱིར་ཉེན་མེད་ཀྱི་ཁ་ཕྱོགས་དེའི་ནང་འགྲོ་འདོད་བྱེད་ཀྱི་ཡོད།
 
ང་རང་སྡོད་སའི་བྷར་ལཱིན་ནང་། ངས་བདུན་རེ་བཞིན་ལམ་རིམ་གྱི་སློབ་ཚན་ཆོས་འཁྲིད་ཀྱི་ཡོད། ཁྱེད་ཀྱིས་དེ་དག་ཐབས་ཅད་ཉན་ཆོག །དེ་དག་ངའི་དྲྭ་ཚིགས་ནང་ཡོད་ལ་པོ་བསྒྲགས་ཏེ། དྲྭ་འབེབ་རྒྱང་སྲིང་བརྒྱུད་རག་ཐུབ། ང་ཚོས་ལས་ཀྱི་རྣམ་གཞག་སྐོར་ཐོག་མར་འགོ་འཛུགས་བྱེད་སྐབས། ངས་མི་རྣམས་ལ་རང་གིས་རང་ལ་དྲང་པོ་དྲང་གཞག་ཐོག་བརྟག་དཔྱད་བྱེད་དགོས་ཞེས་བཤད་ཡིན། དཔེར་ན། ཁྱེད་ཀྱིས་མགོ་སྐོར་ག་རེ་བྱས་ནས་གཏོང་གི་མེད། ཁྱེད་རང་དྲང་བདེན་ག་རེ་བྱས་ནས་རེད། ཁྱེད་རང་དྲང་བདེན་མིན་པ་ག་རེ་བྱས་ནས་མིན། དེ་ནི་ཆོས་ཀྱི་དཔེ་དེབ་ནང་གསུངས་པའི་རྒྱུ་མཚན་གྱི་རེད་དམ། ཁྱེད་རང་དྲང་པོ་མ་བྱས་པའི་རྗེས་འབྲས་ངན་པ་སྟེ། ངན་སོང་དུ་སྐྱེ་བ་དང་འཇིགས་སུ་རུང་བའི་གནས་སྟངས་ལ་ཞེད་སྣང་ཡོད་པའི་རྒྱུ་མཚན་གྱིས་རེད་དམ། ཁྱེད་ཀྱིས་མགོ་སྐོར་མི་གཏོང་བའི་རྒྱུ་མཚན་ངོ་མ་དེ་རེད་དམ་ཞེས་བརྟག་དཔྱད་བྱེད་དགོས། འདིས་ཁོང་ཚོས་མགོ་སྐོར་མི་གཏོང་བ་དང་མ་བྱིན་པར་ལེན་གྱི་མེད་ཤག་བརྩི་གི་ཡོད། ང་ཚོས་རང་ཉིད་ཡར་རྒྱས་ཆེད་འབད་བརྩོན་ཅིའི་ཕྱིར་བྱེད་ཀྱི་ཡོད་པ་དང་འབྲེལ་ནས་དྲི་བ་དེ་ག་རང་རང་གིས་རང་ལ་གཏོང་ཆོག །གལ་ཏེ་རང་ཉིད་ཡར་རྒྱས་མ་བཏང་ན། དེ་ནི་དོན་ངོ་མར་ང་ཚོ་ངན་སོང་གི་སྐྱེ་བ་སོགས་ལེན་པར་ཞེད་སྣང་ཡོད་པའི་རྒྱུ་མཚན་གྱིས་རེད་དམ། སྐར་མ་གཅིག་གཉིས་ཀྱི་རིང་དེའི་ཐད་དྲང་པོ་དྲང་གཞག་ཐོག་ནས་བརྟག་དཔྱད་དགོས།
 
༼ཏོག་ཙམ་རིང་མཚམས་འཇོག༽

 ང་རང་ཐེ་བའི་མི་མང་ཆེ་བས་ག་རེ་བརྗོད་ཀྱི་ཡོད་ཅེ་ན། ང་ཚོ་དྲང་བདེན་ཡིན། མགོ་སྐོར་གཏོང་གི་མེད། གང་ཡིན་ཟེར་ན། དེ་ནི་བྱེད་འོས་པ་ཞིག་རེད། དེ་ནི་འགྲིག་གི་ཡོད་པ་ཚོར་གྱི་འདུག །མགོ་སྐོར་གཏོང་བའམ་རྫུན་ཤོད་པ། དྲང་བདེན་མིན་པའི་ལས་བྱེད་པ་དེ་འགྲིག་པ་དང་ཡང་དག་པ་ཚོར་གྱི་མི་འདུག །དེས་ང་ཚོ་བདེ་པོ་མེད་པ་བཟོ་གི་འདུག །ང་ཚོ་དྲང་བདེན་ཡིན་པ་ལ་བརྟེན་ནས་གདེང་ཚོད་མང་བ་སླེབས་ཀྱི་འདུག །ང་ཚོས་རང་གིས་རང་ལ་ཡར་རྒྱས་གཏོང་ཐབས་ཆེད་འབད་བརྩོན་ག་རེ་བྱས་ནས་བྱེད་དམ། མི་ཚེའི་ནང་དེ་ལས་གཞན་པ་གང་བྱ་རྒྱུ་ཡོད་དམ། དངོས་གནས་དོན་དང་ལྡན་པ་ནི་དེ་ཁོ་ན་ཡིན་པ་འདྲ་འདུག །སླར་ཡང་དེ་ནི་བྱ་འོས་པ་ཞིག་ཏུ་སྣང་། གཞན་གང་བྱས་ཀྱང་དཀའ་ངལ་ཇེ་མང་གི་རྒྱུ་བྱེད་ཀྱི་ཡོད་པར་སྣང་། ངས་སོ་སོའི་མི་ཚེ་ཇི་ལྟར་སྐྱེལ་འདོད་ཡོད་དམ། དེ་ནི་གཟུགས་མཐོང་བརྙན་འཕྲིན་མང་ཙམ་ལྟ་རྒྱུ་དེ་རེད་དམ། ཡང་ན་གང་རེད།

 དེ་ནི་དངོས་གནས་ཧ་ཅང་དོ་སྣང་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད། གལ་ཏེ་ང་ཚོས་ཆོས་ཉམས་ལེན་མ་བྱས་ན། མ་འོངས་པའི་རྗེས་འབྲས་ལ་ཞེད་སྣང་ཡོད་པ་དང་། དེ་ལས་ཐར་བའི་ལམ་ཞིག་ཡོད་པར་གདེང་ཚོད་ཡོད་པ་དང་འབྲེལ་ནས་ང་ཚོར་ཆོས་ཀྱི་གོ་བསྡུར་དེ་འབྲེལ་བ་གང་འདྲ་ཆགས་ཀྱི་ཡོད་དམ། དེ་ནི་ལན་འདེབས་བྱེད་སླ་བའི་གནད་དོན་ཞིག་མིན། ཐ་ན་ང་ཚོས་གནད་དོན་དེ་དག་གི་སྐོར་བསམ་བློ་བཏང་མེད་ནའང་། ཁ་ཕྱོགས་དེའི་ནང་འགྲོ་བ་དེ་བྱ་འོས་པ་ཞིག་ཡིན་པར་སྣང་སྲིད། འོན་ཀྱང་ང་ཚོ་ཁ་ཕྱོགས་དེར་འགྲོ་རྒྱུ་དེ་བརྟན་པོ་ཡོང་བར། འགྲེལ་བརྗོད་བྱས་པའི་ཚད་ལྡན་ཀུན་སློང་གི་འབྲེལ་བ་དང་ལག་ལེན་ལ་ང་ཚོས་བརྟག་དཔྱད་བྱེད་དགོས་སྙམ། དེ་དག་ང་ཚོས་དངོས་གནས་བསམ་པའི་གནད་དོན་རྣམས་རེད་དམ། དེས་ལས་ཀ་ཇི་ལྟར་བྱེད་དམ།
 
དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་འགྲིག་པ་དང་འོས་པ་ཞིག་ཏུ་སྣང་བ་དེས་ཀྱང་འགྲིག་པ་ཡིན། འོན་ཀྱང་དེའི་གཞི་རྟེན་དུ་ང་ཚོས་བཤད་པའི་གནད་དོན་ཚང་མའི་ནང་། མ་མཐའ་ཡང་གདེང་ཚོད་ཅིག་དགོས་སྙམ། ང་ཚོས་གང་བཤད་ཡོད་ཅེ་ན། དམིགས་ཡུལ་ཞིག་ཡོད་པ་དང་། དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་རེད། དེ་ཐོབ་རུང་ཡིན་པ་དང་དེའི་ཆེད་དུ་འབད་བརྩོན་བྱས་ན། དགེ་མཚན་ལྡན་པ་ཞིག་རེད། དེ་ལྟར་བྱེད་པར། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འགོག་རྐྱེན་བྱེད་པའི་ང་ཚོའི་སེམས་ནང་གི་དཀའ་ངལ་བཟོ་མཁན་གྱི་བསམ་ཕྱོགས་དང་ཉོན་མོངས་རྣམས་སྤོང་དགོས། གལ་ཏེ་དེ་དག་ཐམས་ཅད་ལ་ང་ཚོ་གདེང་ཚོད་ཡོད་ན། དེ་ལ་གཞི་བྱས་ཏེ་སྐྱབས་སུ་འགྲོ་བའམ་ཁ་ཕྱོགས་དེར་འགྲོ་བ་དེ་འགྲིག་པར་སྣང་གི་ཡོད། དེས་འགྲིག་གི་རེད་བསམ་གྱི་འདུག །དེ་མིན་ཁ་ཕྱོགས་དེར་འགྲོ་བ་ཙམ་ནི་གཏིང་ཟབ་ཀྱི་གནད་དོན་ཞིག་རེད་བསམ་གྱི་མི་འདུག །གང་ཡིན་ཟེར་ན། དེ་ནི་བྱ་འོས་པ་ཞིག་ཏུ་སྣང་གི་ཡོད།
 
དེ་གསལ་པོར་བཟོ་བར། ངས་གང་ཟེར་གྱིན་ཡོད་ཅེ་ན། དེའི་གཞི་རྟེན་དུ་གོ་རྟོགས་དང་སེམས་ཚོར་ཀྱི་ཀུན་སློང་གང་འཚམ་ཞིག་མེད་པར། སེམས་སྐུལ་ཐེབ་པའི་མོས་གུས་ཀྱི་ཕྱོགས་ཚང་མ་ཕར་ཞོག །དེ་འགྲིག་གི་ཡོད་པ་སྣང་བ་ཙམ་རྒྱུ་མཚན་དུ་བྱས་ནས་ཁ་ཕྱོགས་དེར་འགྲོ་བ་ལ་གཏིང་ཟབ་དང་ནུས་ཤུགས་དེ་མེད། དེ་དག་ནི་ཁ་སྣོན་བྱེད་བཞིན་པའི་ཆ་རྐྱེན་གཞན་དག་ལ་བརྟེན་ནས་ཡོད་སྲིད། འགྲིག་གི་ཡོད་པ་ལྟར་སྣང་བའི་རྒྱུ་མཚན་གྱིས་བྱེད་པ་ཙམ་དེ་ནི། ལས་ཀ་བཟང་པོ་བྱེད་འདོད་དང་མི་བཟང་པོ་ཞིག་བྱེད་འདོད་ཀྱི་ཁ་ཕྱོགས་སུ་འགྲོ་སྲིད། འོན་ཀྱང་ང་ཚོས་གོང་དུ་ཞུས་པ་ལྟར། དེ་ལ་བརྟེན་ནས་སྐྱོན་བྲལ་ཡང་དག་གི་རྨོངས་ཞེན་ཅན་ཆགས་རྒྱུ་ཉེན་ཁའང་ཡོད།
 
གལ་ཏེ་ང་ཚོས་འགྲིག་གི་ཡོད་པ་ཚོར་བ་དེའི་དོན་དག་གང་ཡིན་པའི་ཐད་ཏོག་ཙམ་གཏིང་ཟབ་ཏུ་བརྟག་ན། ང་ཚོས་བྱ་སྤྱོད་དེ་ལྟར་སྤེལ་བ་དེ་སྐྱིད་པ་ཚོར་གྱི་འདུག་ཅེས་བརྗོད་དགོས་ངེས་རེད། གལ་ཏེ་ང་ཚོས་མགོ་སྐོར་བཏང་བ་དང་དྲང་བདེན་མིན་པ་བྱས་པའམ། ཡང་ན་ང་ཚོས་སོ་སོའི་མི་ཚེ་འཕྲོ་བརླག་གཏོང་གིན་ཡོད་པ་དང་། གང་དུའང་མི་འགྲོ་བ་ཚོར་ན། ང་ཚོས་མི་བདེ་བ་དང་མི་སྐྱིད་པ་ཚོར་ངེས་རེད། དེས་ནང་ཆོས་ནང་གི་གཞིའི་རྣམ་གཞག་གཙོ་བོ་ནང་ནས་གཅིག་ལ་ངེས་བརྟན་བཟོ་གི་ཡོད། དེ་ཡང་ང་ཚོ་ཚང་མ་བདེ་སྐྱིད་འདོད་པ་དང་སུ་གཅིག་ཀྱང་སྡུག་བསྔལ་མི་འདོད་པ་དེ་རེད། ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་འདི་ཡོད་པར་བརྟེན་བདེ་སྐྱིད་མང་བ་ཡོང་གི་ཡོད་པ་དང་། ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་མེད་པའམ་ཁ་ཕྱོགས་རྩ་ནས་མེད་པ་དེས་ང་ཚོར་སྡུག་བསྔལ་མང་བ་སྐྲུན་གྱི་ཡོད། ཉེན་མེད་ཀྱི་ཁ་ཕྱོགས་ནང་ཆོས་ཀྱི་རྗེས་སུ་འབྲང་བ་དང་དྲང་བདེན་བྱེད་དགོས་པ་ཚུད་ཡོད།

ད་ང་ཚོས་དགག་པ་རྒྱག་ནས། ནག་ཉེས་ཅན་གྱི་མི་འགའ་ཞིག་གིས་མགོ་སྐོར་གཏོང་བ་དང་ཁྲིམས་འགལ་གྱི་རིགས་ཚང་མ་བྱེད་ཀྱི་ཡོད། ཁོང་ཚོས་སོ་སོའི་མི་ཚེའི་ཁ་ཕྱོགས་ཐད་ཧ་ཅང་ཡག་པོ་ཚོར་གྱི་ཡོད་ཅེས་བརྗོད་ཆོག །ཁོང་ཚོ་ནག་ཉེས་ལས་ཐར་བར་བྱས་ཡོད། འོན་ཀྱང་ཁོང་ཚོའི་འདོད་བློ་ཚིམས་པའི་ཚོར་བ་དེ་དུས་ཡུན་ཇི་ཙམ་གྱི་བར་དུ་གནས་ཀྱི་ཡོད་པ་དང་། དེ་དག་སྤྱོད་ལམ་ཀྱི་རྒྱུ་དང་འབྲས་བུར་གོ་རྟོགས་ཚད་ལྡན་ཞིག་ལ་གཞི་རྟེན་བྱས་ཡོད་མེད་གཏིང་ཟབ་ཏུ་བརྟག་དཔྱད་བྱེད་དགོས་ངེས་རེད།

སྐྱབས་སུ་འགྲོ་མཁན་ཀུན་རྫོབ་ཀྱི་བདག

ང་ཚོས་འདྲི་དགོས་པའི་དྲི་བ་མཐའ་མ་དེ་ནི། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་གྱི་ང་དེ་སུ་རེད་དམ། བྱས་ཙང་། ཁོའམ་མོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་དེ་བསྟེན་དུ་འཇུག་དགོས། དེ་ནི་ཀུན་རྫོབ་ཀྱི་ངའམ་ང་ཙམ་དེ་རེད། ང་ཚོར་སེམས་ཀྱི་རྒྱུན་ཞིག་ཡོད། སེམས་ཀྱི་རྒྱུན་དང་ལྡན་པའི་ང་ལོགས་སུ་གྲུབ་པ་ཞིག་ཡོད་པ་ལྟ་བུ་ངས་མི་ཟེར། དེ་ཡང་ང་ལ་བ་ཕྱུགས་ཤིག་ཡོད། ང་ལ་ལག་པ་ཡོད་ཅེས་པའི་ཚུལ་དུ་རང་ཉིད་ཀྱི་ཆ་ཤས་ཡིན་པ་དང་མིན་པ་གང་རུང་ཞིག་དང་ལྡན་པ་ལའང་མི་ཟེར། དེ་ལས་ལྡོག་སྟེ། གསལ་དུ་བཏང་ན། སྤྱོད་ལམ་གྱི་རྒྱུ་འབྲས་ཏེ་ལས་ཀྱི་རྣམ་གཞག་གཞི་རྩར་བྱས་པའི་རིམ་པ་བསྟར་ཆགས་ཀྱི་མྱོང་བའི་དུས་སྐབས་ཤིག་སྐྱེད་པར་བྱེད་པའི་སོ་སོའི་སེམས་ཀྱི་རྒྱུན་ཞིག་ཡོད་ཅེས་བརྗོད་དགོས། དེའི་རྒྱུ་མཚན་གྱིས་སེམས་ཀྱི་བྱེད་ལས་འདི་ལ་བརྟེན་ནས་གང་ཉམས་སུ་མྱོང་བའི་རྒྱུ་མཚན་རིགས་པའི་གོ་རིམ་ཞིག་ཡོད། སོ་སོ་སྒེར་དང་ཡུལ་ཅན་ཡིན་པའི་ཆ་ནས་སེམས་ཀྱི་རྒྱུན་རེ་རེ་ནས་གང་ཟག་གམ་བདག་ཅེས་བྱ་བའི་མིང་དུ་འདོགས་པའི་གཞི་རྟེན་བྱེད་ཀྱི་ཡོད།
 
ཀུན་རྫོབ་ཀྱི་གང་ཟག་གམ་ང་ནི་གང་ཟག་སྒེར་སོ་སོའི་སེམས་ཀྱི་རྒྱུན་ཞིག་ལ་མིང་དུ་བཏགས་པ་ཞིག་ཡིན། དཔེར་ན། གློག་བརྙན་ལྟ་བུ་ནི་སྒེར་སོ་སོའི་འཁྲབ་སྟོན་གྱི་རྒྱུན་དེ་ལ་མིང་དུ་བཏགས་པ་ལྟ་བུ་རེད། དེ་ནི “སྐད་ཅིག་རེ་རེ་བཞིན་གང་འབྱུང་བཞིན་པ་དེ་ངས་མྱོང་བཞིན་ཡོད་པ་དང་། ངས་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་བསྟེན་གྱི་ཡོད་” ཅེས་པ་ལྟ་བུའི་ནང་། ཀུན་རྫོབ་ཀྱི་སྒོ་ནས་གྲུབ་ཡོད་པ་ལྟར་སྣང་གི་ཡོད། འོན་ཀྱང་ང་ཚོས་ཀུན་རྫོབ་ཀྱི་ང་དེ་ཡོད་པ་ཇི་ལྟར་གྲུབ་བམ། དེ་ནི་གཞི་རྩའི་ཆ་ཤས་གང་དུའང་རྙེད་མི་ཐུབ། ཡིན་ནའང་དེ་ང་ཞེས་བྱ་བའི་བསམ་བློའམ་སྡེ་ཚན་ཞིག་ཏུ་བློས་བཏགས་ནས་ང་ཞེས་པའི་ཚིག་ལ་མིང་དུ་བཏགས་ཡོད། ཚིག་དང་དོན་ནི་ཀུན་རྫོབ་ཀྱི་ང་དེ་ལ་གོ་བ་ཡིན། བྱས་ཙང་། ཀུན་རྫོབ་ཀྱི་ང་དེ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་གང་དུའང་རྙེད་རྒྱུ་མེད་ནའང་། ང་ཚོས་ཚིག་དང་དོན་གྱི་ང་དེ་གང་ལ་གོ་བ་ཙམ་ལ་བརྟེན་ནས་དེ་གྲུབ་པར་གཏན་ལ་དབབ་ཆོག
 
དཀའ་ངལ་གང་ཡོད་ཅེ་ན། ཚིག་དང་དོན་ནི་སོ་སོའི་སྡེ་ཚན་ནང་རན་འཚམས་སུ་ཡོད་པའི་བདེན་གྲུབ་ཀྱི་དངོས་པོ་ཙམ་རེད། ཡིན་ནའང་དེ་ལྟ་བུའི་གྲུབ་ཚུལ་ཞིག་མེད། ང་ཞེས་བྱ་བ་ཚིག་དང་དོན་གྱི་གོ་དོན་དང་མཐུན་པའི་བདེན་པར་གྲུབ་པ་དང་རང་བཞིན་གྱིས་གྲུབ་པ་ཞིག་མེད། དེར་བརྟེན་ང་ཚོས་བློའི་འདོགས་ཚུལ་ཏེ། གོ་དོན་དེ་གང་ལ་གོ་བ་དང་། བློའི་གདོགས་ཚུལ་ལམ་གོ་དོན་དེ་གང་དང་མཐུན་པའི་དབར་ཁྱད་པར་འབྱེད་རྒྱུ་གནད་འགགས་ཆེན་པོ་ཡིན།
 
ངས་འདི་དཔེ་མཚོན་ཞིག་གི་ཐོག་ནས་འགྲེལ་བརྗོད་བྱ་རྒྱུ་ཡིན། སྐད་ཅིག་རེ་རེ་བཞིན་དུ་ང་ཚོས་ཚོར་བའི་རིམ་པ་གང་རུང་ཉམས་སུ་མྱོང་གི་ཡོད། ང་ཚོས་གོ་དོན་ལ་བརྟེན་ནས་དེ་དག་ཐམས་ཅད་བློའི་སྒོ་ནས་བདེ་སྐྱིད་ཀྱི་སྡེ་ཚན་ལ་མིང་དུ་འདོགས་ཆོག་པ་དང་། ཚིག་ལ་བརྟེན་ནས་བདེ་སྐྱིད་ཅེས་མིང་དུ་འདོགས་སྲིད། ང་ཚོས་གང་ཚོར་བ་དེ་སྐད་ཅིག་སྐད་ཅིག་ནང་འགྱུར་བ་འགྲོ་གི་ཡོད་པ་ཤོད་མི་དགོས་ཀྱང་། དེ་དག་ཐམས་ཅད་ནི་སྐྱིད་པོ་ཚོར་བའི་དཔེ་མཚོན་ཡིན། ང་ཚོས་ཚོར་བའི་བདེ་སྐྱིད་ཀྱི་ངར་ཤུགས་དང་སྤུས་ཚད་ནི་སྐད་ཅིག་རེ་རེའི་ནང་ཏོག་ཙམ་མི་འདྲ་བ་ཡོད། ང་ཚོས་ “ང་རང་སྐྱིད་པོ་ཚོར་གྱི་འདུག་” ཅེས་བརྗོད་པའི་སྐབས། དེ་ནི་གནད་དོན་ཞིག་ལ་གོ་གི་ཡོད། ང་ཚོས་དངོས་གནས་གཅིག་ཚོར་གྱི་ཡོད། འོན་ཀྱང་བློའི་འདོགས་ཚུལ་དང་། གོ་དོན། སྡེ་ཚན་ནམ་ཚིག་དང་མཐུན་ཞིང་། རྙེད་དུ་ཡོད་པ་དང་ངས་དེ་ལ་འབྲེལ་བ་བྱེད་པ་དང་ད་གཟོད་ངས་ཚོར་བཞིན་པའི་ཚུགས་ཐུབ་དང་ལོགས་སུ་གྲུབ་པའི་བདེ་སྐྱིད་ཅིག་ནི་མེད།
 
བློའི་འདོགས་ཚུལ་ནི་སྡེ་ཚན་དང་གོ་དོན་དང་འདྲ་ཞིང་། དེ་དག་གི་འགྱུར་བ་མེད་པའི་ཆོས་ཡིན། དཔེར་ན། སེམས་ཀྱི་སྒམ་ལྟ་བུ་གང་གིས་ཀྱང་མ་བྱས་པ་དང་བརྟན་ཚུགས་པའི་གོ་དོན་རྣམས་ཡིན། དེ་དག་གོ་དོན་གསར་པས་ཚབ་བྱེད་ཆོག་ཀྱང་། དེ་དག་རང་བཞིན་གྱིས་སྐྱེ་གི་མེད། ང་ཚོས་བློའི་འདོགས་ཚུལ་དང་མཐུན་པའི་ཆོས་ཀྱི་སྐོར་ཤོད་པ་སྟེ། གོ་དོན་བརྟན་ཚུགས་པ་དང་འགྱུར་བ་མེད་པའི་སྡེ་ཚན་དང་མཐུན་པའི་སྐོར་ཤོད་པའི་སྐབས། བརྟན་ཚུགས་པའི་སེམས་ཀྱི་སྒམ་ནང་ཏག་ཏག་ཤོང་བ་ལྟ་བུའི་བདེན་པར་གྲུབ་པའི་ཆོས་ཡོད་ངེས། དེ་དག་སྒམ་གྱི་ནང་སྡོད་བཞིན་ཡོད་པ་དང་རྙེད་དུ་ཡོད་པ་ལྟ་བུ་སྣང་གི་ཡོད། འོན་ཀྱང་དེ་ནི་དངོས་ཡོད་དང་མཐུན་པ་ཞིག་མིན། དེ་འདྲ་བ་ཞིག་ནམ་ཡང་གྲུབ་མེད། དེ་ག་ནང་བཞིན་ཚིག་མཛོད་ཅིག་ནང་གི་མིང་ཚིག་གི་ཐོ་ལྟ་བུ་ཞིག་གང་ཡང་གྲུབ་མེད། དེ་ནི་ཆོས་རྣམས་ཤུགས་ཀྱིས་སྟོན་པའི་ཆེད་ཀུན་རྫོབ་ཀྱི་ཚིག་རྣམས་རེད།
 
ང་ཚོས་སྟོང་ཉིད་ཀྱི་སྐོར་ཤོད་སྐབས། བློའི་འདོགས་ཚུལ་དང་ཚིག་དེ་དག་གིས་གང་ཞིག་གོ་བརྡ་སྟོན་པ་དང་མཐུན་པའི་ཆོས་གང་རུང་ཞིག་དང་བྲལ་བའི་སྐོར་ཤོད་ཀྱིན་ཡོད། དེ་ཡང་བརྟན་ཚུགས་པའི་སྒམ་ཞིག་གི་ནང་བདེན་པར་གྲུབ་པ་དེ་རེད། ཡིན་ནའང་ཀུན་རྫོབ་ཀྱི་སྒོ་ནས་ང་ཚོས། “ང་རང་སྐྱིད་པོ་ཚོར་གྱི་འདུག་” ཅེས་བརྗོད་ཆོག །དེ་ལྟ་བུའི་ང་ཚོས་ཚོར་བཞིན་པའི་བདེ་སྐྱིད་ནི་གཅིག་ལ་གོ་གི་ཡོད། དེ་ནི་གང་ཡང་མེད་པ་ཙམ་ཞིག་མིན། ཀུན་རྫོབ་ཀྱི་སྒོ་ནས་ང་ཚོས་གཅིག་ཚོར་བ་དང་དེ་ལ་བདེ་སྐྱིད་ཟེར་གྱི་ཡོད། དེ་ལ་མི་མང་ཆེ་བས་མོས་མཐུན་དང་བཅས་ཁོང་ཚོས་ཀྱང་དེ་ལ་བདེ་སྐྱིད་ཅེས་བརྗོད་ཀྱི་ཡོད། དེ་ནི་རང་སོ་སོ་སྒེར་དང་ཡུལ་ཅན་དང་འབྲེལ་བ་ཞིག་ཡིན་ནའང་། ངས་གང་ཚོར་གྱིན་པ་དེ་ཇི་ལྟར་ཤེས་སམ།
 
ཁྱེད་ཀྱིས་དེ་ལ་གང་བརྗོད་ཀྱང་། དེ་ནི་ང་དང་། བདག་གམ་གང་ཟག །མི་སྒེར་པ་ལའང་གཅིག་པ་རེད། དེ་ནི་མི་སྒེར་ཞིག་གི་ཡུལ་ཅན་སེམས་ཀྱི་རྒྱུན་ལ་མིང་དུ་བཏགས་པ་ཞིག་རེད། ང་ཚོས་ཀུན་རྫོབ་ཀྱི་སྒོ་ནས་གྲུབ་པའི་ང་དེ་ང་ཚོར་ཡོད་པའི་གོ་དོན་གྱི་ང་དང་མཉམ་དུ་བློས་འདོགས་ཆོག་པ་དང་། དེ་ལ་ང་ཞེས་པའི་ཚིག་ལ་བརྟེན་ནས་མིང་དུ་འདོགས་ཆོག །དེ་གཉིས་ཀ་གཅིག་ལ་གོ་གི་ཡོད་དེ་ཀུན་རྫོབ་ཀྱི་ང་དེ་རེད། འོན་ཀྱང་གོ་དོན་དང་། སྡེ་ཚན། ཚིག་དེ་དག་གི་ང་དེས་གོ་བརྡ་གང་སྟོན་པ་དང་མཐུན་པ་ཞིག་གང་ཡང་མེད། རང་གི་ངོ་བོ་བརྟན་ཚུགས་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ། ང་ཚོར་ཡོད་པའི་བརྟན་ཚུགས་པའི་སེམས་ཀྱི་སྒམ་ནང་ཏག་ཏག་ཤོང་ཞིང་། རྙེད་དུ་ཡོད་པའི་ང་ཞིག་མེད། ཇི་ལྟར་ཁང་པ་ཞིག་གི་ནང་སྡོད་པ་ནང་བཞིན་ང་ཟེར་བ་དེ་སོ་སོའི་ལུས་དང་སེམས་ཀྱི་ནང་བསྡད་ནས་ང་ཚོས་གང་བྱེད་པ་དང་། བཤད་པ། བསམ་པ་བཅས་ལ་ཞིབ་དཔྱོད་དང་སྟངས་འཛིན་བྱེད་ཀྱི་ཡོད་པ་ལྟ་བུ་སྣང་གི་ཡོད་སྲིད། འོན་ཀྱང་དེ་ནི་མཐའ་གཅིག་ཏུ་སེམས་ཀྱི་སྤྲོས་པ་དེ་རེད། ཀུན་རྫོབ་ཀྱི་ང་དེ་ཡིན་པ་མི་སྲིད་པའི་ཚུལ་དེ་ལྟར་གྲུབ་མེད།
 
དེར་བརྟེན་ཀུན་རྫོབ་ཀྱི་སྒོ་ནས་གང་གྲུབ་པ་རེད་དམ། སེམས་ཀྱི་རྒྱུན་སོ་སོར་ནུས་པ་ཡོད། དེ་ནི་གཞན་དང་འབྲེལ་གཏུག་བྱེད་པའི་ནུས་ཤུགས་དེ་རེད། དཔེར་ན། ལུས་དེ་ནི་གཟུགས་ཀྱི་རྟེན་ཡིན་པ་ལ་སོགས་པ་ལྟ་བུ་རེད། སྒེར་སོ་སོ་སྟེ་ང་ཞེས་བྱ་བ་ནི་དེ་ལྟ་བུའི་རྒྱུན་ལ་གཞི་རྟེན་དུ་མིང་བཏགས་པ་དེ་རེད། དེའི་གཞི་རྟེན་ལྟར་དེ་ནི་མུ་མཐུད་དེ་སྐད་ཅིག་ནས་སྐད་ཅིག་ཏུ་འགྲོ་གི་ཡོད། འོན་ཀྱང་དེ་ནི་དངོས་པོ་འོར་འདྲེན་བྱེད་ཆས་ཤིག་གི་སྒང་ལ་ཚུགས་ཐུབ་དང་འགྱུར་མེད་ཀྱི་སྒོ་ནས་སྐད་ཅིག་ནས་སྐད་ཅིག་ཏུ་སྐྱོད་བཞིན་པ་དེ་འདྲ་མིན།
 
འདི་ང་ཚོའི་སྐྱབས་འགྲོའི་སྐོར་བཤད་པ་དང་མཉམ་དུ་མཐུད་སྦྱོར་བྱས་ན། ང་ཚོས་དེ་ནི་སྐྱབས་སུ་འགྲོ་ཐུབ་པ་སྟེ། རང་གི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བསྟེན་པ་དང་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཀུན་རྫོབ་ཀྱི་ང་དེ་ཡིན་པ་མཐོང་གི་རེད། དེ་ལྟ་བུའི་ཀུན་རྫོབ་ཀྱི་ང་དེ་ནི་སྒེར་ཞིག་ལ་མིང་དུ་བཏགས་པ་དེ་རེད། དེ་ནི་ཐོག་མ་མེད་པ་དང་མཐའ་མ་མེད་པའི་སེམས་ཀྱི་རྒྱུན་དེ་རེད། དེ་ཡང་ད་དུང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལས་འདས་པ་རེད། དེ་ནི་ང་ཞེས་བྱ་བའི་གོ་དོན་དང་ཚིག་ལ་བརྟེན་ནས་བློས་བཏགས་པ་ཞིག་ཡིན་སྲིད་པ་དང་། དེ་ལ་གསལ་པོའི་སྒོ་ནས་གོ་གི་རེད། འོན་ཀྱང་ཀུན་རྫོབ་ཀྱི་ང་དེ་ནི་རྡོག་རྡོག་ཚུགས་ཐུབ་ཀྱིས་ལོགས་སུ་རང་གི་ངོ་བོར་གྲུབ་པ་ཞིག་མེད་པས། སྐྱབས་སུ་ཕྱིན་ཟིན་པ་དེ་ནམ་ཡང་འགྲིག་ཚོད་ཀྱི་ཡག་པོ་མེད་པ་དང་། ད་གཟོད་དེ་ནི་སྐྱོན་བྲལ་ཡང་དག་ཅིག་དགོས་ཀྱི་ཡོད།
 
ངས་སྐྱབས་སུ་ཕྱིན་ཟིན་པ་ཞེས་བརྗོད་པའི་སྐབས། ང་ཚོས་དེ་བྱེད་དགོས་ཤིང་། རང་གིས་རང་ཡར་རྒྱས་གཏོང་དགོས། ངས་ང་ཞེས་བྱ་བ་དེ་ལོགས་སུ་ཡོད་པ་ཞིག་ཏུ་མི་ཚོར་བའི་སྒོ་ནས་བྱེད་དགོས་ཟེར་གྱི་ཡོད། ད་གཟོད་གཉིས་སྣང་གི་སྒོ་ནས་རང་ཉིད་རྟོགས་པར་བྱེད་དགོས་ཏེ། རང་ཉིད་ཡར་རྒྱས་གཏོང་བར། ང་ཞེས་བྱ་བ་གཉིས་ཡོད་པ་ནང་བཞིན་བྱེད་དགོས། ཡང་ན་ང་གསུམ་ཡོད་པ་རེད་དམ། དཔེར་ན། ང་དང་པོ་དེ་འགྲིག་ཚོད་ཀྱི་ཡག་པོ་ཞིག་མེད་པ་དང་། ང་གཉིས་པ་དེ་ནི་ང་དང་པོ་ཡར་རྒྱས་གཏོང་བར་སྒྲིག་བཅུན་མཁན་ནམ་བཀོད་པ་གཏོང་མཁན་ལྟ་བུ་ཡིན་པ། དེ་ནས་ང་གསུམ་པ་ཞིག་ཡོད་པ་དེ་ལ་ང་གཉིས་པ་ནས་བཀོད་པ་དེ་འཐོབ་ཀྱི་ཡོད་པ། འོན་ཀྱང་ང་དེ་ནི་ལེ་ལོ་ཅན་ཡིན་པ་དང་ང་དང་པོ་དེ་ཡར་རྒྱས་གཏོང་བར་འབད་བརྩོན་བྱེད་འདོད་མེད་པ་ལྟ་བུ་ནི་རང་གིས་རང་ལ་ལྟ་སྟངས་རྦད་དེ་རྨོངས་པ་ཞིག་རེད། དེ་ནི་དངོས་གནས་སེམས་འཁྲུགས་པ་རེད།
 
“དེ་བྱོས་ཤིག་” ཅེས་པ་ནི། ཐག་ཆོད་པོའི་རང་བཞིན་དང་། སེམས་ཤུགས། རིག་པ་རྩེ་སྒྲིམ། བརྩོན་འགྲུས་སོགས་ལ་བརྟེན་ནས་ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བསྟེན་དགོས་ཞེས་པའི་དོན་ཡིན། དེ་དག་ཐམས་ཅད་ང་ཚོའི་སེམས་དང་མཉམ་དུ་འགྲོགས་དགོས་པའི་སེམས་བྱུང་རེད། འོན་ཀྱང་སྟངས་འཛིན་བྱེད་ཆས་སྟེང་གི་མཐེབ་ཅུ་གནན་མཁན་གྱི་ང་ལོགས་སུ་མེད་པའི་སྒོ་ནས། “ད་འབད་བརྩོན་ཆེ་བ་བྱེད་དགོས། ངས་སེམས་ཤུགས་དང་རང་ཚོད་ཟིན་པ་ཞེས་པའི་སྒམ་ནས་དངོས་པོ་འདི་བླངས་ནས་དེར་ཡོད་པའི་ལེ་ལོ་ཅན་གྱི་ང་ལ་མཐུད་སྦྱོར་བྱེད་ཀྱི་ཡིན།” ཞེས་ཟེར་བ་དེ་འདྲའི་སྒོ་ནས་ལས་དོན་བསྒྲུབ་ཀྱི་མེད། ང་ཚོས་བྱེད་པའི་སྐབས། ང་ཟེར་བའི་ལས་ཀ་དངོས་སུ་བྱེད་མཁན་ཞིག་ལོགས་སུ་མེད་པའི་སྒོ་ནས་ཉེན་མེད་ཀྱི་ཁ་ཕྱོགས་སུ་འགྲོ་གི་ཡོད། འོན་ཀྱང་ཀུན་རྫོབ་ཀྱི་སྒོ་ནས་ངས་བྱེད་བཞིན་ཡོད་པ་དང་། གཞན་སུས་ཀྱང་བྱེད་ཀྱིན་མེད།
 
བྱས་ཙང་། མཐར་དེ་ནི་བྱེད་དགོས་པ་དང་། མི་ཚེའི་ནང་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ཀྱི་ཉེན་མེད་ཀྱི་ཁ་ཕྱོགས་དེ་བསྟེན་དགོས་ཟེར་བ་དེར་སླེབས་ཀྱི་ཡོད། དེ་ལྟར་བྱེད་པས་ང་ཚོའི་སྐྱབས་འགྲོ་བརྟན་པོ་ཆགས་ཀྱི་ཡོད།

Top