འཚེ་བ་མེད་པ་དང་ཆོས་ཕྱོགས་ཀྱི་རིན་ཐང་།

དེ་རིང་དེང་དུས་འཛམ་གླིང་ནང་འཚེ་བ་མེད་པ་དང་ཆོས་ཕྱོགས་ཀྱི་རིན་ཐང་ཐད་གཏམ་བཤད་བྱེད་རོགས་ཞེས་འབོད་སྐུལ་གནང་སོང་། ངའི་ཤེས་ཚོད་ལྟར་བྱས་ན། ཁྱེད་རང་ཚོ་སྨན་དང་སློབ་ཁྲིད་ཀྱི་ཆེད་ལས་བྱ་རྒྱུའི་འཆར་གཞི་ཡོད་ས་རེད། དེ་ལྟར་ན་བརྗོད་གཞི་འདི་དག་ཁྱེད་རང་ཚོ་ལྟ་བུའི་སློབ་ཕྲུག་རྣམས་ལ་དམིགས་བསལ་འབྲེལ་བ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། ཁྱེད་རང་ཚོའི་གཞན་ལ་ཕན་འདོགས་པའི་ཆ་ཤས་སུ་སོ་སོ་རང་ངོས་ནས་འཚེ་བ་མེད་པའི་སྤྱོད་ཚུལ་གྱི་སྒོ་ནས་ཕན་འདོགས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་ཤོད་ག་ལ་དགོས། ཕན་པའམ་རོགས་བྱེད་པ་ནི་འཚེ་བའི་ཟློག་ཕྱོགས་དེ་ཡིན་པ་གསལ་པོ་རེད། དེའི་སྟེང་རང་ཉིད་ལ་ཆོས་ཕྱོགས་ཀྱི་རིན་ཐང་ཞིག་ཡོད་པ་དེས་ལས་དོན་དེ་བས་དོན་སྙིང་ཆེ་བ་བཟོ་གི་ཡོད། དེ་ཡང་དངུལ་གསོག་སྒྲུབ་ཙམ་མིན་པར། དེ་ལས་ལྡོག་སྟེ། རང་གིས་དངོས་གནས་མི་རྣམས་ལ་དོན་ལྡན་གྱི་ཕན་ཐོགས་པའི་གོ་སྐབས་ཡོད་པ་ལ་རྗེས་སུ་ཡི་རངས་བྱེད་པར་ཕན་ཐུབ་པ་ཡིན།

ཆོས་ལུགས་ཚང་མ་ནས་གསུང་གི་ཡོད་པ་ནང་བཞིན་ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དུའང་འཚེ་བ་མེད་པའི་སྐོར་ལ་ཧ་ཅང་མང་པོ་གསུང་རྒྱུ་ཡོད། དེ་ག་ནང་བཞིན་ཆོས་བརྒྱུད་མི་འདྲ་བ་སོ་སོས་འཚེ་བ་མེད་པའི་དོན་ལ་འགྲེལ་བརྗོད་མི་འདྲ་བ་བྱེད་ཀྱི་ཡོད། ང་ཚོས་ནམ་རྒྱུན་འཚེ་བ་ཟེར་དུས་བྱ་བའི་རིགས་སམ་འཚེ་བའི་བྱ་སྤྱོད་ཅིག་ལ་བསམ་བློ་གཏོང་བ་དང་འཚེ་བ་མེད་པ་ཟེར་དུས་བྱ་སྤྱོད་དེ་སྤོང་བ་ལ་བསམ་གྱི་ཡོད། འོན་ཀྱང་ནང་ཆོས་ནས་དེའི་ཐད་སེམས་དང་ང་ཚོའི་སེམས་ཀྱི་གནས་བབས་ཀྱི་ཕྱོགས་ནས་མང་བ་འཇུག་ཚུལ་ཤོད་ཀྱི་ཡོད། འདིའི་རྒྱུ་མཚན་ནི། ང་ཚོས་འཚེ་བའི་སྤྱོད་ལམ་བརྩམ་གྱི་ཡོད་མེད་གང་ལྟར་ཡང་། དེ་ཐུག་ས་ནི་འཚེ་བའི་སེམས་ཀྱི་གནས་བབས་ཤིག་ལ་ཐུག་ཡོད། མ་རེད་དམ། བྱས་ཙང་། སེམས་ནང་གཞན་ལ་གནོད་འཚེ་བྱ་རྒྱུའི་བསམ་བློ་དྲག་པོ་ཞིག་བཟུང་ནས་གཞན་ལ་གནོད་པ་བྱ་རྒྱུ་སྤོང་བ་ཙམ་གྱིས་གོ་ཆོད་པ་ཞིག་རྩ་ནས་མི་ཡོང་། དེར་བརྟེན་འཚེ་བའི་སེམས་ཀྱི་གནས་བབས་དེ་རྟོགས་རྒྱུ་དང་དེ་ལས་ཐར་བའི་ཐབས་ལ་སྦྱོང་རྒྱུ་གལ་ཆེན་པོ་ཡིན།


Top