ནང་ཆོས་དང་ཁ་ཆེའི་ཆོས་ལུགས་ཀྱི་ནང་བྱམས་པའི་ཉམས་ལེན་བསྡུར་ཞིབ།

ཆོས་ལུགས་ཚང་མས་ཐུན་མོང་གི་དམིགས་ཡུལ་ཞིག་མཉམ་སྤྱོད་བྱེད་ཀྱི་ཡོད།

དེ་ཡང་ཆོས་ལུགས་ཚང་མས་བྱམས་པ་དང་། བཟོད་སྒོམ། བཟོད་གསོལ། དེ་བཞིན་རང་གཅེས་འཛིན་དང་རང་འདོད་དོན་གཉེར་ལས་ཐར་བའི་ཐུན་མོང་གི་བསླབ་བྱ་དང་སློབ་གསོ་མཉམ་སྤྱོད་བྱེད་ཀྱི་ཡོད། འདི་ནི་ཆོས་ལུགས་ཚང་མའི་ནང་ཐུན་མོང་དུ་སློབ་ཁྲིད་བྱེད་པ་དང་ཆོས་ལུགས་ཕན་ཚུན་ནང་ཁུལ་བགྲོ་གླེང་གི་གཞི་རྩ་དེ་ཡིན་པ་རེད། ཁྱད་ཆོས་དེ་དག་སློབ་ཁྲིད་བྱེད་པའི་རྒྱབ་ཀྱི་ལྟ་གྲུབ་དང་ཐབས་ལམ་ཁག་མི་འདྲ་བ་ཡོད་སྲིད་ཀྱང་། དམིགས་ཡུལ་ནི་གཅིག་པ་རེད། འཛམ་གླིང་ནང་གི་ཆོས་ལུགས་ཚང་མས་མི་ཚེའི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་དང་སྒེར་སོ་སོ་དང་སྤྱི་ཚོགས་ཀྱི་ནང་བདེ་སྐྱིད་སྐྲུན་རྒྱུར་དམིགས་ཀྱི་ཡོད། འདི་ནི་ཐུན་མོང་གི་གཞི་རྩ་ལྟ་བུར་བཞག་པ་དང་ལྟ་གྲུབ་ཀྱི་ཁྱད་པར་ཡོད་པ་དེ་ངོས་ལེན་དང་བཅས་དྲི་བ་དེ་གང་རེད་ཅེ་ན། ཆོས་ལུགས་ཞི་མཐུན་གྱི་ཆེད་དུ་སེམས་སྐུལ་དང་གོང་འཕེལ་ཇི་ལྟར་གཏོང་ཚུལ་དེ་རེད། དེ་ནི་དེང་དུས་འཛམ་གླིང་ནང་ཧ་ཅང་དགོས་གལ་ཆེན་པོ་ཞིག་ཆགས་ཡོད། 

ང་ཚོས་ནང་པ་དང་ཁ་ཆེའི་འཛམ་གླིང་ལ་གཞིགས་ནས་བལྟ་བའི་སྐབས། དེ་གཉིས་ལོ་རྒྱུས་དང་ད་ལྟའི་གནས་སྟངས་གཉིས་ཀའི་ཆ་ནས་རྒྱ་གར་དང་། དབུས་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ལྟ་བུ་འཛམ་གླིང་ནང་གི་ཡུལ་གྲུ་མང་པོའི་ནང་ཕན་ཚུན་གཅིག་ལ་གཅིག་འབྲེལ་དང་གཅིག་ལ་གཅིག་འདུས་ཐོག་གནས་ཡོད་པ་དང་། ད་ལྟའི་ཆར་ཁ་ཆེའི་གཞིས་སྤོ་བ་མང་པོ་ཞིག་ཡུ་རོབ་དང་བྱང་ཨ་རིའི་ནང་བསླེབ་བཞིན་ཡོད། ང་ཚོ་སྤྱི་ཚོགས་དང་རིག་གཞུང་དེ་དག་དང་མཉམ་དུ་སྔར་ལས་འབྲེལ་བ་ཉེ་རུ་འགྲོ་བཞིན་ཡོད། ཁོང་ཚོ་འཇིའུ་དང་ཡེ་ཤུའི་རྒྱབ་ལྗོངས་ནས་ཡིན་པའི་མི་ཙམ་དུ་མ་ཟད། ནང་པ་དང་མཉམ་དུའང་ཐུག་འཕྲད་དང་འབྲེལ་གླེང་བྱེད་ཀྱི་ཡོད། དེ་རིང་འདིར་ཁ་ཤས་ནང་པའི་རྒྱབ་ལྗོངས་ཡོད་མཁན་ཡིན་སྲིད་པས། ཆོས་ལུགས་དེ་གཉིས་ཕན་ཚུན་བསྡུར་ཞིབ་ཇི་ལྟར་བྱེད་པའི་སྐོར་ལ་ཤེས་འདོད་དང་དོ་དབྱིངས་བསླེབ་སྲིད་པ་རེད། 

འདི་ནི་ཆོས་ལུགས་ཕན་ཚུན་ཞི་མཐུན་དང་འབྲེལ་བ་ཞིག་ཡིན་ཙང་། ༧གོང་ས་མཆོག་ནས་འདིའི་ཐད་ཧ་ཅང་ཐུགས་འཁུར་འགན་བཞེས་གནང་སའི་བརྗོད་གཞི་ཞིག་ཡིན་པ་རེད། ཁོང་གིས་རྟག་ཏུ་ཞི་མཐུན་གྱི་གཞི་རྩ་ནི་ཤེས་ཡོན་རེད་ཅེས་ནན་བརྗོད་གནང་གི་ཡོད། མི་རྣམས་ལ་ཆོས་ལུགས་གཞན་གྱི་སྐོར་ཤེས་རྟོགས་བྱུང་མེད་པའམ་ཡང་ན་གོ་བ་ལོག་པར་ཤེས་རྟོགས་བྱུང་སྐབས། འཇིགས་སྣང་དང་ཡིད་ཆེས་མེད་པ་ཡོང་གི་ཡོད། མི་རྣམས་ཀྱིས་སྡེ་ཁག་ཧ་ཅང་ཆུང་ངུའམ་ནམ་རྒྱུན་༧གོང་མཆོག་གིས་གསུང་པ་ལྟར། འཚུབ་སྤྱོད་བྱེད་མཁན་ཉུང་ཤས་ལ་བརྟེན་ནས་ཆོས་ལུགས་ཡོངས་སུ་རྫོགས་པ་ངོས་འཛིན་བྱེད་ཀྱི་ཡོད། འདི་ནི་སྤྱི་ཚོགས་ཚང་མ་དང་ཆོས་ལུགས་ཚང་མའི་ནང་ཡོད་པ་རེད། 

འདི་ནི་ཧ་ཅང་སྟབས་ཉེས་པ་ཞིག་ཡིན་པ་སོང་ཙང་། ཆོས་ལུགས་ཞི་མཐུན་གྱི་གཞི་རྩ་ནི་ཤེས་ཡོན་ཡིན་པ་རེད། ཤེས་ཡོན་ལ་གཞི་བཞག་ནས་གལ་ཏེ་ང་ཚོས་ཕན་ཚུན་གྱི་ལྟ་གྲུབ་དང་ང་ཚོས་ཚང་མས་མཉམ་སྤྱོད་བྱེད་པའི་ཁྱད་ཆོས་བཟང་པོ་རྣམས་རང་རྒྱུད་ལ་སྐྱེད་ཚུལ་དང་བཅས་པ་ཤེས་རྟོགས་བྱུང་ན། ཕན་ཚུན་གུས་ཞབས་བསླེབ་ཐུབ། དེ་དག་ནི་བྱམས་པ་དང་། སྙིང་རྗེ། བཟོད་གསོལ་ལ་སོགས་པའི་གོ་ལ་སྤྱིའི་བཟང་པོའི་ཡོན་ཏན་རྣམས་རེད། འདིའི་ཆེད་དུ་ཆོས་ལུགས་དེ་གཉིས་ལ་བརྟག་དཔྱད་བྱ་རྒྱུ་དང་དེ་གཉིས་ཀྱིས་བྱམས་པ་གོང་འཕེལ་གཏོང་བའི་ཐད་ལ་གང་བཤད་ཀྱི་ཡོད་བལྟ་ཞིབ་བྱེད་པར། ཐོག་མར་ཁ་ཆེའི་ཆོས་ལུགས་ནས་འགོ་འཛུགས་བྱ་རྒྱུ་ཡིན། 

ཁ་ཆེའི་ཆོས་ལུགས་ཀྱི་གཞི་རྩའི་ལྟ་བའི་རྣམ་གཞག

བྱེད་པོ་དཀོན་མཆོག་གི་རྗེས་སུ་འབྲང་བར་རྣམ་དག་ལྷན་སྐྱེས་ཀྱི་སྐུལ་རྐྱེན།

ཁ་ཆེའི་ཆོས་ལུགས་ཀྱི་ནང་ཡོད་ཚད་ཀྱི་ལྟེ་བའམ་གཙོ་བོ་ནི་བྱེད་པོ་དཀོན་མཆོག་ཡིན་པ་རེད། དཀོན་མཆོག་གིས་འདོད་ཕྱོགས་སམ་འདུན་པ་ཡང་ན་ལྷན་སྐྱེས་ཀྱི་སྐུལ་རྐྱེན་རྣམ་དག་ཅིག་ལ་བརྟེན་ནས་སྐྱེས་པ་དང་བུད་མེད་རྣམས་བསྐྲུན་པ་དང་། དེ་དག་བསྐྲུན་པའི་རྒྱུ་མཚན་ནི་བྱེད་པོ་དཀོན་མཆོག་ལ་མགོ་འབུལ་ཞུ་ཆེད་དང་བྱེད་པོ་དཀོན་མཆོག་གི་འདོད་པའི་རྗེས་སུ་འབྲང་བའི་ཆེད་དུ་ཡིན་པ་རེད། ང་ཚོས་སོ་སོའི་ལྟ་ཚུལ་གྱི་ཆ་ནས་དེ་ཏོག་ཙམ་ཁྱད་མཚར་ཞིག་མཐོང་སྲིད་ནའང་། གལ་ཏེ་ང་ཚོས་དེའི་སྐོར་ལ་སྐྱེ་དངོས་ཚན་རིག་གི་ལྟ་ཚུལ་ཐོག་ནས་བསམ་བློ་བཏང་ན། ང་ཚོ་ནི་སོ་སོའི་ཕ་མས་བསྐྲུན་པ་དང་ཕྲུ་གུ་བྱིས་པ་དེ་རང་གི་ཨ་མ་དང་འབྲེལ་བ་བྱེད་པའི་ལྷན་སྐྱེས་ཀྱི་སྐུལ་རྐྱེན་ཞིག་ཡོད། དེ་ལ་བརྟེན་ནས་ཁྱེའུ་ཡང་ན་ནུ་གསོའི་སྲོག་ཆགས་ལྟ་བུར་མཚོན་ན། དེས་རང་གི་ཨ་མའི་ཕྱོགས་སུ་རང་ཤུགས་ཀྱིས་ཕྱིན་ཏེ་འོ་མ་འཐུང་བ་དང་དེ་ལས་འཚོ་བཅུད་འབྱུང་གི་ཡོད། ང་ཚོའི་འཇིག་རྟེན་སྐྲུན་པ་པོ་དང་ཉེ་བར་བསླེབ་པའི་སྐུལ་རྐྱེན་ཞིག་ཡོད་པ་རེད། 

དེར་བརྟེན་ང་ཚོས་ཁ་ཆེའི་ཆོས་ཀྱི་ནང་རྙེད་པའི་སྐུལ་རྐྱེན་དེ་ནི་རིམ་པ་མཐོ་པོ་ཞིག་ལ་ཁྱེར་གྱི་ཡོད་ནའང་། དེ་ནི་ལྷན་སྐྱེས་དང་། རྡོ་ཁབ་ལེན་དང་ཕལ་ཆེར་འདྲ་བར་མི་རྣམས་འཇིག་རྟེན་སྐྲུན་པ་པོའི་ཕྱོགས་སུ་འདྲེན་པར་བྱེད་པ་དང་དཀོན་མཆོག་གི་འདོད་པའི་རྗེས་སུ་འབྲང་བ་དང་དེ་ལ་མགོ་འབུལ་ཞུ་བ་ལ་གཞིགས་ན། དེ་ནི་བསམ་བློ་ཁྱད་མཚར་པོ་གང་ཡང་མིན། ཐ་ན་ང་ཚོས་དུད་འགྲོའི་འཛམ་གླིང་ནང་བལྟས་ནའང་། ཕྲུ་གུ་བྱིས་པ་དེས་རང་གི་ཨ་མའི་རྗེས་སུ་འབྲང་གི་རེད། འདི་ནི་གང་འགྲེལ་བརྗོད་བྱས་པའི་ལྷན་སྐྱེས་ཀྱི་བག་ཆགས་དེ་ཡིན་པ་རེད། 

དེ་ལྟར་བྱེད་པོ་དཀོན་མཆོག་གིས་མི་རྣམས་ཀྱང་རང་ཐག་རང་གཅོད་དང་བློ་དང་ལྡན་པ་བསྐྲུན་ཡོད། བློ་གྲོས་དང་རྣམ་དཔྱོད་ཀྱི་ཤུགས་རྐྱེན་འོག་རང་ཐག་རང་གཅོད་ལ་བརྟེན་ནས་རྣམ་ཤེས་ཀྱིས་དཀོན་མཆོག་ལ་བཀའ་བརྩི་དང་ལེན་བྱེད་པའམ་ཡང་ན་དཀོན་མཆོག་གི་འདོད་པ་ལ་བཀའ་བརྩི་དང་ལེན་པ་ལས་བྱུང་བའི་སེམས་ཚོར་ངན་པའི་རིགས་ལ་གདམ་ཀ་བྱེད་ཆོག དེ་ནི་ཧ་ཅང་རང་གཅེས་འཛིན་ཅན་ཆགས་ཀྱི་ཡོད། འདི་ནི་ཕྲུ་གུ་ཡར་རྒྱས་འགྲོ་བའི་རྒྱུད་རིམ་ནང་དུའང་ཡོད། ཕ་མ་ལ་བརྟེན་ནས་རང་ཐག་ཆོད་པ་དང་བཀའ་བརྩི་དང་ལེན་མི་བྱེད་པ་སོགས་ཡོད། 

འདིས་སྤྱོད་ལམ་ངན་པར་ཁྲིད་པར་བྱེད་པ་དང་བྱེད་པོ་དཀོན་མཆོག་གིས་དགག་ཆ་བྱས་ཤིང་། དེའི་འབྲས་བུར་དྲི་མ་ནག་པོ་རིམ་བཞིན་དུ་འཕེལ་བ་དང་དེ་དག་སྙིང་གི་མཐའ་སྐོར་དུ་གསོག་གི་ཡོད། འདིས་སོ་སོ་སྒེར་གྱི་སྙིང་དང་སྟོན་པ་མུཧྨམ་དའི་བསླབ་བྱའི་དབར་སྒྲིབ་བྱེད་ཀྱི་ཡོལ་བ་ཞིག་སྐྲུན་གྱི་ཡོད། དེ་ལྟར་སོ་སོའི་སྙིང་ཁོང་གཏིང་ནས་བྱེད་པོ་དཀོན་མཆོག་གི་བདེན་པ་དེ་མཐོང་གི་མ་རེད། ཡིན་ནའང་། སྙིང་ནས་དྲི་མ་དེ་དག་སེལ་བའི་ཆེད་རྣམ་ཤེས་ཀྱིས་རང་ཐག་རང་གཅོད་ཀྱི་རྣམ་དཔྱོད་ལ་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད། རྣམ་དཔྱོད་ལ་བརྟེན་ནས་བྱེད་པོ་དཀོན་མཆོག་གི་འདོད་པ་གང་ཡིན་པ་དང་གང་མིན་པའི་ཐད་ལ་རྣམ་པར་འབྱེད་པའི་སྒོ་ནས་བལྟ་བ་དང་དེའི་རྗེས་སུ་འབྲང་དགོས་དང་མི་དགོས་ཀྱི་གདམ་ཀ་དེ་སོ་སོར་ཡོད་པ་རེད། 

སྙིང་སྒོ་ཕྱེས་ཏེ་དྲང་བདེན་གུ་ཡངས་ཀྱི་འབད་བརྩོན་འདི་ནི་འཐབ་རྩོད་ཅིག་ཏུ་འགྲེལ་བརྗོད་བྱས་ཡོད། དེ་ནི་ “ཇི་ཧཱད་” ཅེས་པའི་ཚིག་གི་དོན་ཡིན་པ་རེད། ཁ་ཆེའི་ཆོས་སྲོལ་མི་འདྲ་བའི་ནང་ “ཇི་ཧཱད་” ཟེར་བའི་ཚིག་འདི་རིམ་པ་མང་པོའི་ཐོག་ནས་བཀོལ་སྤྱོད་བྱེད་ཆོག་ནའང་། འདིའི་དོན་དག་གཙོ་བོ་ནི་སེམས་ཚོར་ངན་པའི་རིགས་ཏེ། བྱེད་པོ་དཀོན་མཆོག་གི་འདོད་པ་ལ་བཀའ་བརྩི་དང་ལེན་མི་བྱེད་པ་དེ་ལས་ཐར་བ་དང་བཟང་སྤྱོད་དང་ལྡན་པའི་མི་ཚེ་སྐྱེལ་བའི་ཆེད་ནང་གི་འཐབ་རྩོད་ཅིག་ཡིན་པ་རེད། དེ་ཡང་མ་དད་པ་དང་ཆགས་སེམས་དང་ཁོང་ཁྲོའི་དབང་འོག་ཏུ་ཤོར་བ་དེ་རེད། 

ཁ་ཆེའི་ཁྱད་ཆོས་གསུམ། 

དཀོན་མཆོག་གི་འདོད་པའི་རྗེས་སུ་འབྲང་བ་ཞེས་པའི་དོན་གང་རེད་དམ། དེ་ནི་དཀོན་མཆོག་ལ་ལྷག་བསམ་རྣམ་དག་གི་ཐོག་ནས་གསོལ་མཆོད་བྱེད་པའི་དོན་རེད། ཁ་ཆེའི་ནང་འདིའི་ཁོངས་སུ་ཁ་ཆེའི་ཁྱད་ཆོས་གསུམ་ཞེས་སུ་གྲགས་པ་དེ་གཏོགས་ཀྱི་ཡོད། དེ་དག་ནི་དཀོན་མཆོག་གི་འདོད་པ་ལ་མགོ་འབུལ་ཞུ་བ་དང་། དད་པ། དེ་ནས་ཧ་ཅང་གལ་ཆེ་བ་ཞིག་ནི་ “ཐུན་མིན་གྱི་ལེགས་ཆ་” ཞེས་ཁ་ཆེས་བརྗོད་པའི་བསམ་བློ་བཅས་རེད། 

མགོ་འབུལ།

མགོ་འབུལ་ཟེར་བ་ནི་མཐར་ཐུག་གི་བདེན་པ་ངོས་ལེན་བྱེད་པ་སྟེ། དཀོན་མཆོག་ལས་གཞན་པའི་དཀོན་མཆོག་མེད་པ་དང་མུཧྨམ་ད་ནི་དཀོན་མཆོག་གི་ཕོ་ཉ་ཡིན་པར་ཁས་ལེན་པ་དེའོ། །ད་དུང་དཀོན་མཆོག་གི་སྒྲིག་ཁྲིམས་ཏེ་ “ཤ་རི་ཡ་” (Shariah) ཤེས་པ་དང་དེའི་རྗེས་སུ་འབྲང་བའི་དོན་ལའང་གོ་བ་ཡིན། “ཤ་རི་ཡ་” ནི་ཨེ་རབ་ཀྱི་ཚིག་ཅིག་ཡིན་པ་དང་དེའི་དོན་ནི་རང་སོ་སོའི་མི་ཚེ་བཟང་སྤྱོད་དང་ལྡན་པའི་སྒོ་ནས་སྐྱེལ་ཚུལ་དེ་རེད། དཀོན་མཆོག་གི་འདོད་པའི་རྗེས་སུ་འབྲང་བའི་ལྟེ་བའམ་གནད་འགགས་གཙོ་བོ་དེ་ནི་ཇི་ལྟར་ “ཤ་རི་ཡ་” སྒྲིག་ཁྲིམས་ཀྱི་ནང་གསལ་བ་ལྟར་བཟང་སྤྱོད་དང་ལྡན་པའི་མི་ཚེ་སྐྱེལ་རྒྱུ་དེ་རེད། འདིའི་ཁོངས་སུ་ཉིན་གཅིག་ལ་སྨོན་ལམ་ཐེངས་ལྔ་རྒྱག་པ་དང་དེ་ནི་དངོས་གནས་དྲང་གནས་སྤྱི་ཚོགས་ཤིག་གི་ཆིག་སྒྲིལ་གྱི་ནུས་སྟོབས་ཧ་ཅང་ཆེན་པོ་ཞིག་ཡིན་པ་རེད། 

ཁ་ཆེའི་སྤྱི་ཚོགས་ཧ་ཅང་དམ་བསྒྲགས་ཅན་གྱི་ནང་ཉིན་གཅིག་གི་ནང་ལས་དོན་དང་བྱུང་རྐྱེན་སོགས་ཚང་མ་ཐེངས་མ་ལྔ་མཚམས་འཇོག་བྱེད་དགོས་ཀྱི་ཡོད། ཐིག་ནཱ་ཧན་གྱི་པ་ལམ་གྲོང་སྡེའི་ནང་ང་ཚོར་དྲན་པའི་དྲིལ་བུ་ཡོད་པ་དང་དེ་སྐབས་སྐབས་སུ་བརྡུང་ནས་ང་ཚོས་གང་བྱེད་བཞིན་ཡོད་པ་ལ་དྲན་ཤེས་དང་ལྡན་པ་དགོས་པའི་བརྡ་གཏོང་གི་ཡོད། འདི་ནི་རིམ་པ་མང་པོའི་སྒོ་ནས་གོ་བ་ལེན་ཆོག་ནའང་། འདིར་ང་ཚོར་གྲོང་སྡེ་ཆུང་ཆུང་ཞིག་ལོགས་སུ་ཡོད་པ་ཙམ་དུ་མ་ཟད། དཀོན་མཆོག་གི་འདོད་པའི་རྗེས་སུ་འབྲང་དགོས་པ་དང་བཟང་སྤྱོད་ཀྱི་མི་ཚེ་སྐྱེལ་བར་དྲན་གསོ་བའི་ཆེད་སྤྱི་ཚོགས་ཡོངས་སུ་རྫོགས་པ་ཉིན་གཅིག་ལ་མཚམས་འཇོག་ཐེངས་མ་ལྔ་བྱེད་ཀྱི་ཡོད། 

ངོས་ནས་༧གོང་ས་མཆོག་གི་སྐུ་ཚབ་ཏུ་ཨ་ཧྥི་རི་ཀ་དང་ཁ་ཆེའི་ཡུལ་གྲུ་ཁག་གི་ནང་འགྲུལ་བཞུད་གང་འཚམས་ཤིག་བྱས་མྱོང་བ་དང་དེ་ནི་ང་ཚོས་ཁོང་ཚོ་ནས་གང་སྦྱོང་ཐུབ་པའི་སྐོར་འཚོལ་ཞིབ་ཆེད་དུ་རེད། ཛན་ཛི་བྷར་ (Zanzibar) ལ་དོ་སྣང་བྱ་འོས་པའི་གནད་དོན་ནང་གི་གཅིག་ནི་ཁོང་ཚོས་བཟི་སྨན་ངན་ལང་ཤོར་མཁན་རྣམས་ངན་ལང་དེ་ལས་ཐར་བར་རོགས་བྱ་ཕྱིར་ཁ་ཆེའི་ཁྲིམས་དམ་པོ་འདི་བཀོལ་སྤྱོད་བྱས་ཡོད། གལ་ཏེ་མི་ཞིག་ལ་མི་ཚེ་ལང་ཤོར་གྱི་ཚབ་ཏུ་བསྟུན་དགོས་པའི་དུས་ཚོད་རེའུ་མིག་ཧ་ཅང་དམ་པོ་ཞིག་ཡོད་པ་དང་དེ་ནི་བཟང་སྤྱོད་ཀྱི་གཞི་རྟེན་ཞིག་ཡོད་པ་ཞིག་ཡིན་ན། དེས་མི་ཚེ་ལ་སྒྲོམ་གཞི་ཞིག་སྦྱིན་པར་ཧ་ཅང་ཕན་ཐོགས་ཡོང་གི་ཡོད། མི་ཞིག་བཟི་སྨན་རིགས་ལ་ལང་ཤོར་ཅན་ཡིན་པའི་སྐབས། མི་དེའི་མི་ཚེའི་སྒྲོམ་གཞི་ཆ་ཚང་བརླག་གི་ཡོད། འདིས་མི་དེ་ལ་བསམ་བློ་ཧ་ཅང་མང་པོ་སྦྱིན་གྱི་ཡོད། གང་ཡིན་ཞེ་ན། བོད་ནང་དུའང་དེ་དང་འདྲ་བའི་དཀའ་ངལ་ཞིག་ཡོད། གལ་ཏེ་བཟི་སྨན་ལང་ཤོར་ཅན་རྣམས་ལ་འགྲུབ་འབྲས་ཤིག་ཐོན་དགོས་ན། དེའི་ཆེད་དུ་གོ་སྐབས་ལྟ་བུ་ཞིག་སྦྱིན་གྱི་ཡོད་པ་དེ་ལ་བོད་སྐད་ནང་ང་ཚོས་སྔོན་འགྲོ་ཞེས་བརྗོད་པ་དང་། དེའི་ནང་ཕྱག་འཚལ་བ་ལ་སོགས་པ་ཚུད་ཡོད། གལ་ཏེ་དེ་དག་ལ་རྒྱུན་ལྡན་གྱི་བྱེད་སྒོ་སྒྲིག་དམ་པོ་ཞིག་བྱིན་ན། དེ་ནི་ཧ་ཅང་ཕན་ཐོགས་ཅན་ཞིག་ཆགས་སྲིད། 

དེར་བརྟེན་གཤམ་དུ་གསལ་བའི་དཀོན་མཆོག་གི་འདོད་པ་དང་བཟང་སྤྱོད་ཀྱི་མི་ཚེ་སྐྱེལ་བ་ཞེས་པའི་དོན་ནི།

  • ཉིན་གཅིག་ལ་སྨོན་ལམ་ཐེངས་ལྔ་འདེབས་པ།
  • དབུལ་པོའི་ཆེད་དུ་ཁྲལ་སྤྲོད་པ་སྟེ། དེ་ནི་སྤྱི་ཚོགས་ཀྱི་བདེ་དོན་སྤྱིའི་ཆ་ཤས་ལྟར་ཁ་ཆེ་བ་ཚང་མས་བྱེད་ཀྱི་ཡོད།
  • རམ་ཛཱན་ཟླ་བའི་ (Ramadan) སྟེ། ཁ་ཆེའི་བསྙུང་གནས་ཀྱི་དུས་ཡུན་སྲུང་བརྩི་བྱེད་པ། འདིའང་ཇི་ཧཱ་དའི་རྣམ་པ་ཞིག་ཏུ་ལྟ་བ་སྟེ། བཟའ་བཏུང་སོགས་ལ་ཆགས་སེམས་སྐྱེ་བ་ལས་ཐར་བའི་ཆེད་ནང་གི་འཐབ་རྩོད་ཅིག་ཡིན་པ་རེད། དུས་ཡུན་དེའི་རིང་ཟས་དང་སྤྲོ་སྐྱིད་སོགས་ལ་ཡོད་པའི་ཆགས་སེམས་ཀྱི་རྗེས་སུ་མི་འབྲང་བ་ཙམ་དུ་མ་ཟད། བྱེད་པོ་དཀོན་མཆོག་གི་ཟླ་བ་ཞེས་ཧ་ཅང་དྲན་ཤེས་དང་ལྡན་པའི་མི་ཚེ་སྐྱེལ་བའི་སྒྲིག་ཁྲིམས་འདི་ཡོད་པ་རེད། 
  • ད་རུང་ཁ་ཆེའི་གནས་རྩ་ཆེན་དུ་སྐྱོད་པ་དང་སྟོན་པ་མུཧྨ་མ་དའི་སྐུ་ཚེའི་མཛད་རྣམ་འགའ་ཞིག་ལ་བསྐྱར་དུ་གཏན་འབེབས་བྱ་ཕྱིར་གནས་སྐོར་འགྲོ་གི་ཡོད། འདིས་མུཧྨ་མ་དས་ཁུ་རཱན་གསུང་རབ་ནང་གསལ་སྟོན་མཛད་པའི་ཆོས་རྣམས་ལ་དྲན་ཤེས་ལྡན་པ་བཟོ་བ་ནི་ཨ་ཅང་ཅང་། 

དད་པ་དང་ཐུན་མིན་གྱི་ལེགས་ཆ།

ཁྱད་ཆོས་གཉིས་པ་དེ་ནི་དད་པ་རེད། དེ་ནི་ཁ་ཆེའི་གཞི་རྩའི་བདེན་པ་དང་བྱེད་པོ་དཀོན་མཆོག་གི་བཀའ་ཁུ་རཱན་གྱི་མི་བསླུ་བའི་རང་བཞིན་ཁས་ལེན་བྱེད་པའི་དོན་རེད། 

ཁྱད་ཆོས་གསུམ་པ་དེ་ནི་ཐུན་མིན་གྱི་ལེགས་ཆ་སྟེ། འདི་ནི་ང་ཚོས་ད་ལྟ་གོ་བསྡུར་བྱེད་བཞིན་པའི་བྱམས་པ་དང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད། འདི་ནི་ནམ་རྒྱུན་བྱམས་པ་ཞེས་བསྒྱུར་ཡོད་པ་དང་དེའི་དོན་ནི་སྤྱོད་ལམ་དང་བྱེད་པོ་དཀོན་མཆོག་ལ་སྲི་ཞུའི་ལས་དོན་གཉིས་ཀའི་ཆ་ནས་ཐུན་མིན་གྱི་ལེགས་ཆ་དེ་ཡིན་པ་རེད། བྱེད་པོ་དཀོན་མཆོག་གིས་ཁོང་ཉིད་ཀྱི་ཐུན་མིན་གྱི་ལེགས་ཆ་ལ་བརྟེན་ནས་འགྲོ་བ་མི་ཐམས་ཅད་བསྐྲུན་པ་སྟེ། ཁོང་ཉིད་ཀྱི་སྤྱོད་ལམ་གྱི་ཡོན་ཏན་དང་དཀོན་མཆོག་ལ་སྲི་ཞུ་གྲུབ་པའི་ནུས་པ་ལ་བརྟེན་ནས་བསྐྲུན་ཡོད། དཀོན་མཆོག་གིས་འགྲོ་བ་མིའི་རིགས་ལ་བསྐྲུན་པའི་ཐུན་མིན་གྱི་ལེགས་ཆ་ལ་བློ་ཐག་ཉེ་པོ་དང་བྱམས་པའི་ཚོར་བ་ཞིག་ཡོད། ཐུན་མིན་གྱི་ཁྱད་ཆོས་དེ་དག་གི་ཁོངས་སུ་བྱམས་པ་དང་གཞན་དོན་དུ་གཅེས་སྐྱོང་གི་ནུས་པ་དེ་གཏོགས་ཡོད། དཀོན་མཆོག་ལ་སྲི་ཞུའི་བྱེད་སྒོ་ཞེས་པ་ནི་དཀོན་མཆོག་གིས་གང་བསྐྲུན་པ་ཐམས་ཅད་ལ་བྱམས་སྐྱོང་བྱེད་པ་དང་འདིའང་དཀོན་མཆོག་མཉེས་པའི་མཆོད་པའི་རྣམ་པར་བྱེད་པ་དེ་ཡིན། 

དེ་ནི་བྱམས་པ་ལ་ཡོད་པའི་ཧ་ཅང་དོ་སྣང་བྱ་འོས་པའི་བསམ་བློ་དང་ལངས་ཕྱོགས་ཤིག་ཡིན་པ་རེད། བྱེད་པོ་དཀོན་མཆོག་གིས་བསྐྲུན་པ་རྣམས་ལ་བྱམས་བརྩེ་སྟེར་བ་ནི་བྱེད་པོ་དཀོན་མཆོག་ཉིད་ལ་སྲི་ཞུ་སྒྲུབ་ཚུལ་ཞིག་དང་དཀོན་མཆོག་གིས་ང་ཚོ་ཚང་མའི་སེམས་ནང་བསྐྲུན་པའི་ཐུན་མིན་གྱི་ལེགས་ཆའི་དགོས་དོན་སྒྲུབ་ཀྱི་ཡོད། ཨེ་རབ་སྐད་དུ་བྱམས་པ་ལ་ཚིག་ཅིག་ཡོད་པ་དེའི་གོ་དོན་ཁྱད་པར་བ་ཞིག་ནི་ཐུན་མིན་གྱི་ལེགས་ཆ་ལ་ཐག་ཉེ་བའི་ཚོར་བ་དེ་ཡིན་པ་དང་ཚིག་གཞན་ཞིག་ཡོད་པ་དེའི་གོ་དོན་ཁྱད་པར་བ་དེ་ནི་གཞན་གྱི་ཕྱོགས་སུ་རང་སོ་སོའི་བྱ་སྤྱོད་ཀྱི་ནང་བཤད་པའི་ཐག་ཉེ་བའི་ཚོར་བ་དེ་རེད། ཚིག་གི་དོན་དང་ཁུ་རཱན་འབའ་ཞིག་ལ་གཞི་བྱས་ནས་གང་ལ་གང་འཚམས་ལེགས་ཆ་བླང་གི་ཡོད། ང་ཚོས་བྱམས་པའི་ཆེད་དུ་བཀོལ་སྤྱོད་བྱས་པའི་ཚིག་རྣམས་ལ་བལྟ་བ་དང་དེ་དག་ལ་གོ་དོན་ཁྱད་པར་བ་འདི་དག་ཡོད་དེ། ཐུན་མིན་གྱི་ལེགས་ཆ་ལ་ཐག་ཉེ་བ་དང་གཞན་གྱི་ཕྱོགས་སུ་བྱ་སྤྱོད་ཀྱི་ནང་བཤད་པའི་ཐག་ཉེ་བའི་ཚོར་བ་རྣམས་རེད། 

གཞན་ལ་བྱམས་པའི་སྒོ་ནས་བྱ་བ་བརྩམ་པ་ནི་རང་ཐག་རང་ཆོད་ཀྱི་ལས་ཤིག་ཡིན་པ་རེད། མི་ཚོས་འདི་ལྟར་གདམ་ཀ་བྱེད་པའི་སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱེད་ཆོག ཁོང་ཚོས་བྱེད་པོ་དཀོན་མཆོག་དང་བློ་ཐག་ཉེ་པོ་ཡོང་ཕྱིར། སེམས་ནང་གི་འདོད་ཕྱོགས་ཀྱི་རྗེས་སུ་འབྲང་གི་ཡོད། དེ་ནི་ཧ་ཅང་དོ་སྣང་བྱ་འོས་པ་ཞིག་རེད། བྱེད་པོ་དཀོན་མཆོག་གིས་ང་ཚོ་བསྐྲུན་ཡོད་པས། འདི་ལ་ང་ཚོ་འཇིག་རྟེན་བཀོད་པ་པོ་དང་ཐག་ཉེ་བར་འཐེན་པའི་རྡོ་ཁབ་ལེན་ལྟ་བུར་གདམ་ཀ་བྱེད་པའི་རང་ཐག་རང་ཆོད་ཅིག་སྐྲུན་གྱི་ཡོད་དམ། དེ་བཞིན་ཞེ་འདོད་ལ་སོགས་པ་དེ་དག་ཐམས་ཅད་ཡོད། རང་སོ་སོའི་རང་བཞིན་ལྷན་སྐྱེས་ཀྱི་དགོས་དོན་སྒྲུབ་པའི་ཆེད་བྱེད་པོ་དཀོན་མཆོག་དང་ཐག་ཉེ་པོ་ཆགས་ཚུལ་དེ་ནི་བྱམས་པ་དང་གཞན་ལ་ཞབས་འདེགས་སྒྲུབ་པ་དང་ཕན་འདོགས་པ་བརྒྱུད་ནས་ཡིན་པ་རེད། འདི་ནི་མི་དབུལ་པོ་ཚོའི་ཆེད་དུ་ཁྲལ་སྤྲོད་པ་དང་དེ་བཞིན་ཁ་ཆེའི་སྤྱི་ཚོགས་ནང་སྤྱི་ཚོགས་ཞབས་ཞུ་དང་རོགས་རམ་བྱེད་ཚུལ་གཞན་རྣམས་རེད། དེར་མ་ཟད། འདིར་ཧ་ཅང་དོ་སྣང་བྱ་འོས་པ་ཞིག་ནི་འགྲོ་བ་མི་རེ་རེ་ནི་འདྲ་མཉམ་ཐོག་བྱེད་པོ་དཀོན་མཆོག་གིས་བསྐྲུན་པ་ཞིག་ཡིན་པས། ཚང་མ་འདྲ་མཉམ་གྱི་ཚོར་བ་ཞིག་ཡོད་པ་རེད། མི་ཚང་མ་ལ་མི་རེ་རེ་བྱེད་པོ་དཀོན་མཆོག་གི་ཕྱོགས་སུ་འཐེན་ནུས་པའི་ལྷན་སྐྱེས་ཀྱི་འདོད་ཕྱོགས་འདིས་རྒྱས་བཏབ་པའི་སྲོག་དང་སྙིང་ཞིག་ཡོད་པ་རེད། 

བྱེད་པོ་དཀོན་མཆོག་ནི་ཁྲིམས་ཐག་གཅོད་མཁན་དང་། ཉེ་ཆད་གཏོང་མཁན། དེ་བཞིན་བཟོད་བཞེས་གནང་མཁན་སྙིང་རྗེ་ཅན་ཞིག་ཡིན་པ། 

གཞན་ཡང་། ཁ་ཆེའི་ནང་གི་བཟང་སྤྱོད་ཀྱི་རྣམ་གཞག་དང་མཉམ་དུ་བྱེད་པོ་དཀོན་མཆོག་གིས་ཚང་མ་ལ་དྲང་བདེན་དང་བྱམས་བརྩེ་འདྲ་མཉམ་གྱིས་ཁྲིམས་ཐག་གཅོད་ཀྱི་ཡོད། དེ་ནི་བྱེད་པོ་དཀོན་མཆོག་གི་འདོད་པ་ལ་མགོ་འབུལ་ཞུ་མཁན་ཁོ་ན་ལ་ཡིན་པ་དང་། འདིས་བཟང་སྤྱོད་དང་ལྡན་པའི་མི་ཚེ་སྐྱེལ་ཐུབ་པ་ཡོང་གི་ཡོད། དེ་ནི་ཤ་རི་ཡའི་ (Shariah) ལུགས་ལྟར་རེད། སྤྱི་ཚོགས་ཀྱི་བདེ་དོན་སྤྱི་ཡོངས་ལ་ཕན་པའི་ཕྱིར། བྱེད་པོ་དཀོན་མཆོག་གིས་བཀའ་བརྩི་དང་ལེན་མི་བྱེད་མཁན་དང་གནོད་འཚེ་བྱེད་མཁན་རྣམས་ལ་ཉེས་ཆད་གཏོང་གི་ཡོད། དེར་བརྟེན་བྱེད་དཔོ་དཀོན་མཆོག་གི་སྲི་ཞུ་དང་བྱམས་བརྩེའི་རྟགས་སུ་འགྲོ་བ་མི་རྣམས་ཀྱིས་ཤ་རི་ཡའི་ཁྲིམས་ལ་དཔུང་སྣོན་བྱེད་དགོས་ཀྱི་ཡོད། དེ་ལྟ་བས་ན་ཁྲིམས་དང་དྲང་བདེན་གྱིས་ཁ་ཆེའི་སྤྱི་ཚོགས་ཀྱི་ནང་ལས་འགན་ཧ་ཅང་གནད་འགགས་ཆེན་པོ་ཞིག་སྒྲུབ་ཀྱི་ཡོད། 

ང་ཚོ་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁག་གི་ནང་འཇིའུ་དང་ཡེ་ཤུའི་འཛམ་གླིང་ནང་དུའང་ཡེ་ཤུའི་ཞལ་ཆད་རྙིང་པ་ལས་བྱུང་བའི་སྒྲིག་ཁྲིམས་ཤིག་ཡོད་པ་རེད། དཔྱད་ཁྲ་དང་ལེགས་སྐྱེས་ཞེས་བྱ་བ་ཡོད་པ་སྟེ། གལ་ཏེ་ང་ཚོས་སྒྲིག་ཁྲིམས་ལ་བཀའ་བརྩི་དང་ལེན་བྱས་ན། སྤྱི་ཚོགས་ཀྱིས་ང་ཚོར་དགའ་མོས་བྱེད་པ་དང་ང་ཚོ་ལ་གཅེས་སྐྱོང་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་བཀའ་བརྩི་དང་ལེན་མ་བྱས་ན། སྤྱི་ཚོགས་ཀྱིས་ང་ཚོར་ཉེས་ཆད་གཏོང་གི་ཡོད། ནུབ་ཕྱོགས་ཀྱི་ལྟ་ཚུལ་ལྟར་ན། དེ་ནི་རྒྱུས་མེད་ཀྱི་བསམ་བློ་ཁྱད་མཚར་ཞིག་རྩ་ནས་མིན། 

གལ་ཏེ་ང་ཚོས་སོ་སོ་རང་ཉིད་ཀྱི་རང་གཅེས་འཛིན་ཀྱི་ཁ་གཏད་དུ་ཡིན་པའི་ཇི་ཧཱ་ད་འདིའི་ནང་གི་འཐབ་རྩོད་ལ་ཞུགས་ན། དེས་བྱེད་པོ་དཀོན་མཆོག་དང་དེའི་བྱམས་བརྩེ་ལས་རྒྱབ་ཀྱི་ཕྱོགས་པའི་རྒྱུ་བྱེད་ཀྱི་ཡོད། ཡིན་ནའང་། དེ་ལ་ལྷག་བསམ་རྣམ་དག་གི་བློ་འགྱོད་སྐྱེས་ན། དེ་ལ་བྱེད་པོ་དཀོན་མཆོག་གི་བཟོད་གསོལ་ཐོབ་ཀྱི་ཡོད། འདི་ནི་ཁ་ཆེའི་ཆོས་ལུགས་ནང་གི་གནད་དོན་གཙོ་བོ་དེ་རེད། བྱེད་པོ་དཀོན་མཆོག་ནི་སྙིང་རྗེ་ཅན་ཞིག་ཡིན་པ་དང་དེས་རྟག་ཏུ་བཟོད་བཞེས་གནང་གི་ཡོད། དཀོན་མཆོག་ནི་བློ་འགྱོད་སྐྱེ་འདོད་ཡོད་མཁན་གྱི་མི་ངན་སྡིག་པའི་ལས་བྱེད་མཁན་གྱི་སྙིང་ལ་ཞུགས་ནས་དེ་དག་བློ་འགྱོད་སྐྱེ་བར་རོགས་བྱེད་པ་དང་དེ་དག་ལ་བཟོད་བཞེས་གནང་གི་ཡོད། 

ང་ཚོས་འདི་ནི་ནང་ཆོས་དང་བསྡུར་ཞིབ་ཐོག་ནས་མཐོང་ཐུབ་པ་སྟེ། བློ་འགྱོད་ནི་གནོང་འགྱོད་ཀྱི་ཚོར་བ་ཞིག་ཡིན་པ་རེད། ང་ཚོས་གང་བྱས་པ་ལ་འགྱོད་པ་སྐྱེ་བ་དང་དེ་ལ་བློ་འགྱོད་ཀྱིས་རང་ཉིད་ལ་གནོད་འཚེ་བྱེད་མཁན་དེ་དག་གི་ཕྱོགས་སུ་ཡོད་སྲིད་པའི་འཁོན་འཛིན་གྱི་བསམ་བློ་གང་ཡོད་པ་ཐམས་ཅད་འདོར་གྱི་ཡོད། གང་ཡིན་ཞེ་ན། ཁོང་ཚོས་ང་ཚོར་གནོད་པ་བྱས་ཡོད། ང་ཚོས་ནོར་འཁྲུལ་དང་མི་དགེ་བའི་ལས་བྱས་པ་དེ་དག་གི་ཁ་གཏད་དུ་འགྲོ་བ་ཞིག་བྱེད་པའི་སྒོ་ནས་ཉམས་པ་སོར་ཆུད་བྱེད་ཀྱི་ཡོད། དགེ་བའི་ལས་ཤིག་དང་ང་ཚོས་མི་དགེ་བའི་ལས་དེ་ནམ་ཡང་བསྐྱར་དུ་བྱེད་ཀྱི་མིན་ཞེས་ཐག་གཅོད་བྱེད་ཀྱི་ཡོད། འདི་ནི་ཁུ་རཱན་ནས་ཁ་ཞེ་མེད་པར་གང་གསུངས་པ་དང་འདྲ་མཚུངས་རེད། 

ཤ་རི་ཡ་དང་བཟོད་གསོལ།

ཤ་རི་ཡའི་སྒྲིག་ཁྲིམས་ཀྱི་ནང་དུ་བཟོད་གསོལ་དེའང་ཡོད། འདི་ནི་ཤ་རི་ཡའི་ཕུལ་དུ་བྱུང་བའི་རྣམ་པ་ཞིག་ཡིན་པ་དང་དེའི་སྐོར་ང་ཚོས་མང་པོ་གོ་ཐོས་ཡོང་གི་མེད། ང་ཚོས་ཉེས་ཆད་རྣམས་གང་ཡིན་པ་ཙམ་གོ་ཐོས་ཡོང་གི་ཡོད། དེ་དག་ནི་ཏོག་ཙམ་སྙིང་རྗེ་མེད་པ་ཡིན་ནའང་། ནག་ཉེས་ཀྱི་གནོད་པའི་ཡུལ་ལམ་གནོད་མཁན་གྱི་ནང་མི་ལ་གདམ་ཀ་ཞིག་ཡོད་པ་རེད། ཁོང་ཚོས་རྟག་ཏུ་ཉེས་ཆད་དམ་པོ་དང་ཡང་ན་གུན་གསབ་ལྟ་བུ་ཞིག་ཐོབ་པ་གང་རུང་འདེམས་སྒྲུག་བྱེད་ཆོག དེ་ཡང་གནའ་བོའི་དུས་སུ་ར་དང་རྔ་མོང་ལྟ་བུའམ་ཡང་ན་དངུལ་གྱི་གུན་གསབ་དང་དགོངས་སེལ་ཆག་ཡང་ལྟ་བུ་ཡིན་ཆོག གལ་ཏེ་ནང་མིའམ་གནོད་མཁན་དེས་ཁོང་ཚོའི་ཁ་གཏད་དུ་ནག་ཉེས་བྱེད་མཁན་ལ་བཟོད་བཞེས་བྱས་ན། དེ་དག་རང་དབང་ངང་གློད་གཏོང་གི་ཡོད། 

ཁྲིམས་མཐུན་གྱི་སྐབས་དོན་དང་འབྲེལ་བའི་བཟོད་གསོལ་གྱི་ཉམས་ལེན་དེའང་དཀོན་མཆོག་ལ་སྲི་ཞུ་སྒྲུབ་པའི་ལས་ཕུལ་དུ་བྱུང་བ་ཞིག་ཡིན་པ་རེད། འདི་ནི་ཤ་རི་ཡའི་ཁྲིམས་ཀྱི་ཉེས་འགེལ་ལ་གཞིགས་ན་གང་འཚམས་གལ་གནད་ཅིག་དང་དོ་སྣང་བྱ་འོས་པ་ཞིག་རེད། ནུབ་ཕྱོགས་སུ་སྐབས་འགར་མི་རྣམས་ཧ་ཅང་མགོ་རྨོངས་ཀྱི་ཡོད། དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་སྒྲིག་ཁྲིམས་དམ་པོ་ཡོད་པའི་སྐབས་སུ་བཟོད་གསོལ་གྱི་རྣམ་པ་འདི་ནམ་རྒྱུན་འཆར་ཅན་ཤེས་ཀྱི་མེད། སྤྱི་ཚོགས་ཤིག་ལ་དེ་ཅིའི་ཕྱིར་དགོས་ཀྱི་ཡོད་དམ། སོ་མ་ལི་ཡ་ (Somalia) ལྟ་བུའི་ས་ཆའི་ནང་སྤྱི་ཚོགས་ནི་འགོ་པ་དམག་ཤེད་ཅན་དེ་དག་གིས་བཙན་འཛུལ་བྱེད་པ་དང་ཟིང་ཆ་ཆེ་ལ་ཧ་ཅང་ཉེན་ཚབས་ཅན་ཆགས་ཀྱི་ཡོད། དེ་འདྲ་བའི་ས་ཆའི་ནང་ང་ཚོས་ལྟ་དགོས་ཀྱི་ཡོད། མི་རྣམས་ལ་གོ་རིམ་གྱི་འདུ་ཤེས་ཤིག་དགོས་ཀྱི་ཡོད་པ་དེ་རེད་དམ། ཁོང་ཚོའི་རིག་གཞུང་ནས་གང་འབྱུང་གི་ཡོད་པ་ནི་ཤ་རི་ཡ་རེད། གལ་ཏེ་ཁོང་ཚོར་འདི་ཡོད་ན། ཁོང་ཚོས་བདེ་འཇགས་ངང་ཡོད་པར་ཚོར་ཐུབ་ཀྱི་ཡོད། ཁོང་ཚོས་རྐུ་མ་ཞིག་གི་ལག་པ་གཏུབ་རྒྱུ་ཡིན་པ་ཤེས་ཀྱི་ཡོད། འདིས་བཙོན་དུ་བཅུག་པ་ལས་ལྷག་པའི་རྐུ་ཁྱེར་ལ་སེམས་ཤུགས་མང་བ་གཅོག་གི་ཡོད། གོ་རིམ་ལྟ་བུའི་དམ་བཅའ་འདི་ནི་ཧ་ཅང་ཡིད་ལ་འཐད་པ་ཞིག་རེད། 

དེར་མ་ཟད། ཨ་ཧྥི་རི་ཀའི་ས་ཆ་གང་སར་འགྲུལ་བཞུད་བྱེད་པའི་སྐབས། ས་ཁུལ་དེ་དག་གི་ནང་འཕེལ་རྒྱས་འགྲོ་བཞིན་པའི་ཆོས་ལུགས་ཤུགས་ཆེ་ཤོས་ནི་ཁ་ཆེ་ཡིན་པ་ཁྱེད་ཀྱིས་མཐོང་གི་རེད། ང་ཚོས་དེ་ཅིའི་ཕྱིར་རེད་ཅེས་འདྲི་སྲིད། མི་རྣམས་ཀྱིས་དེའི་རྒྱུ་མཚན་དུ་འདྲ་མཉམ་གྱི་ཚོར་བ་ཞིག་དེར་ཡོད་པ་དང་ཚང་མ་འདྲ་མཉམ་ཡིན་པའི་སྤུན་ཟླའི་འདུ་ཤེས་ཤིག་ཡོད་ཅེས་ཤོད་ཀྱི་ཡོད། ཁོང་ཚོས་ནུབ་ཕྱོགས་ལ་བསམ་བློ་གཏོང་བའི་སྐབས། མི་རིགས་དཀར་པོའི་མི་སེར་སྤེལ་ཡུལ་གྱི་ལྟ་བ་འཛིན་མཁན་དང་ཨ་ཧྥི་རི་ཀའི་དབར་ལ་འདྲ་མཉམ་གྱི་འདུ་ཤེས་ཤིག་རྩ་ནས་མེད་པའི་མི་སེར་སྤེལ་ཡུལ་གྱི་ནུས་སྟོབས་ལ་བསམ་བློ་གཏོང་གི་ཡོད། འདི་ནི་ཨ་ཧྥི་རི་ཀའི་རྒྱལ་ཁབ་མང་པོའི་ནང་གི་ཁ་ཆེའི་ཆོས་ལུགས་ཀྱི་ཡིད་དབང་འཕྲོག་པའི་འབྱུང་ཁུངས་དང་འབོད་སྐུལ་ཆེན་པོ་ཞིག་ཡིན་པ་རེད། 

མི་རྣམས་ཀྱིས་རྣམ་པར་དག་པའི་སྒོ་ནས་འཇིག་རྟེན་དང་འགྲོ་བ་མི་རྣམས་ལ་བྱམས་བརྩེ་སྐྱེད་པའི་སྐབས། ཁ་ཆེའི་ཆོས་ལུགས་ཀྱི་ནང་དེ་དག་གི་བྱམས་བརྩེ་ནི་འཇིག་རྟེན་དང་འགྲོ་བ་མི་རང་གི་ཆེད་དུ་མིན། ཁ་ཆེའི་ཆོས་ལུགས་ཀྱི་ནང་། དེ་ནི་བྱེད་པོ་དཀོན་མཆོག་གི་བྱམས་བརྩེ་དང་བྱེད་པོ་དཀོན་མཆོག་གིས་བསྐྲུན་པའི་ཐུན་མིན་གྱི་ལེགས་ཆ་དེ་རེད། འདི་ནི་བྱམས་བརྩེའི་རྒྱབ་ཏུ་ཡོད་པའི་ལྟ་གྲུབ་ཀྱི་བསམ་བློ་དེ་རེད། འདི་ལྟར་མི་ཚང་མ་འདྲ་མཉམ་ལ་གཞི་རྩ་བྱས་ཏེ་བྱམས་བརྩེ་སྐྱེད་པ་ལ་བརྟེན་ནས་བྱམས་བརྩེ་ཧ་ཅང་རྒྱ་ཆེན་པོ་ཞིག་སྐྱེད་དུ་འཇུག་གི་ཡོད། དེ་ནི་མི་གཅིག་ལ་བརྩེ་བ་ཡོད་པ་དང་མི་གཞན་དེ་ལ་བརྩེ་བ་མེད་པ་དེ་འདྲ་མིན། ཇི་སྲིད་མི་རྣམས་ཀྱིས་བཟང་པོ་དང་འདི་ལྟ་བུའི་ཐུན་མིན་གྱི་ལེགས་ཆའི་སླད་དུ་འབད་བཞིན་ཡོད་པ་དེ་སྲིད་དུ་སོ་སོའི་བརྩེ་བ་དེ་ཚང་མའི་ཆེད་དུ་ཡིན་པ་རེད། བྱེད་པོ་དཀོན་མཆོག་གིས་མི་ཚང་མའི་རྒྱུད་ལ་ཕུལ་བྱུང་གི་ཡོན་ཏན་ནམ་ཁྱད་ཆོས་བཟང་པོ་འདི་བསྐྲུན་པ་དང་འདིས་མི་རྣམས་ཀྱིས་ཚང་མར་བྱམས་བརྩེ་སྟེར་འཇུག་གི་ཡོད། གལ་ཏེ་མི་རྣམས་ཀྱིས་ཁོང་ཁྲོ་དང་། འདོད་ཆགས། འཚེ་བ་དང་བཅས་བྱ་བ་བརྩམས་ན། དང་པོ་ཁོང་ཚོ་ལ་བློ་འགྱོད་སྐྱེ་བ་དང་བཟང་སྤྱོད་ཀྱི་མི་ཚེ་ཞིག་གི་ནང་ཚུར་ལོག་པར་སེམས་ཤུགས་སྤར་གྱི་ཡོད། འདི་ནི་ཁ་ཆེའི་ཆོས་ཀྱི་ནང་བྱམས་བརྩེའི་རྨང་གཞིར་གྱུར་བའི་ལྟ་གྲུབ་ཀྱི་གཞི་རྟེན་དེ་ཡིན་པ་རེད། 

ནང་ཆོས་ནང་གི་གཞི་རྩའི་ལྟ་བའི་རྣམ་གཞག

ང་ཚོས་ནང་ཆོས་ལ་ཁ་སྒྱུར་བའི་སྐབས། བྱམས་བརྩེ་དེ་ཇི་ལྟར་སྐྱེད་པའི་ཐད་ལ་རྟོག་པ་སྐྲུན་ཚུལ་གང་འཚམས་ཀྱི་མི་འདྲ་ཞིག་ཡོད། ཡིན་ནའང་། འདིར་དོ་སྣང་བྱ་འོས་པ་ཞིག་ནི་ཆོས་ལུགས་གཉིས་ཀྱི་ནང་འདྲ་བའི་ཆ་ཇི་ཙམ་ཡོད་པར་བལྟ་རྒྱུ་དེ་རེད། 

ཐོག་མ་མེད་པ་དང་བྱེད་པོ་དཀོན་མཆོག་མེད་པའི་སྒོ་ནས་རང་རྒྱུད་ལ་ཡོད་པའི་སངས་རྒྱས་ཀྱི་རིགས་ཀྱི་ལྷན་སྐྱེས་ཀྱི་ཁྱད་ཆོས།

ནང་ཆོས་ཀྱི་ནང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་རིགས་ཡང་དག་པ་ཞིག་ཡོད་པ་རེད། དེ་ལ་བརྟེན་ནས་སེམས་ཅན་རྣམས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་ཀྱི་ཡོད། ཁ་ཆེའི་ཆོས་ལུགས་ལྟར་ན། རང་རྒྱུད་ལ་ཡོད་པའི་ཡང་དག་པའི་ལྷན་སྐྱེས་ཀྱི་རང་བཞིན་དེས་མི་རྣམས་དཀོན་མཆོག་དང་ཐག་ཉེ་རུ་གཏོང་འཇུག་གི་ཡོད། དེ་བཞིན་སུ་ཧྥིའི་ཆོས་བརྒྱུད་འགའ་ཞིག་གི་ནང་དུ་ཐ་ན་བྱེད་པོ་དཀོན་མཆོག་དང་ངོ་བོར་འདྲེས་པར་བྱེད་དུ་འཇུག་གི་ཡོད་ནའང་། དཀོན་མཆོག་ནམ་ཡང་ཆགས་ཀྱི་མེད། ནང་ཆོས་ཀྱི་ནང་ལྷན་སྐྱེས་སུ་ཡོད་པའི་སངས་རྒྱས་ཀྱི་རིགས་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་ཀྱི་ཡོད། དེ་དག་ནི་ཧ་ཅང་འདྲ་མཚུངས་ཡིན་པའི་ཆོས་ཤིག་གི་ཐད་ལ་གྲུབ་མཐའི་ལྟ་ཚུལ་དང་འགྲེལ་ཚུལ་མི་འདྲ་བ་རྣམས་རེད། 

ནང་ཆོས་ཀྱི་ནང་སེམས་ཅན་རྣམས་ཀྱི་རྒྱུད་ལ་སུས་ཀྱང་སངས་རྒྱས་ཀྱི་རིགས་འདི་བསྐྲུན་མེད། དེ་ནི་ཐོག་མ་མེད་པའི་དུས་ནས་རང་བཞིན་ལྷན་སྐྱེས་སུ་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡོད་པ་རེད། ཁ་ཆེའི་ཆོས་ལུགས་ཀྱི་ནང་འདི་ནི་བྱེད་པོ་དཀོན་མཆོག་གིས་བསྐྲུན་པ་ཞིག་རེད། དེ་ནི་ལྟ་ཚུལ་གཞན་ཞིག་ཡིན་ཏེ། གལ་ཏེ་ང་ཚོས་བྱེད་པོ་དཀོན་མཆོག་ལ་ཐོག་མ་ཡོད་དམ་ཞེས་དྲིས་ན། བྱེད་པོ་དཀོན་མཆོག་དེ་ལའང་ཐོག་མ་མེད་པ་རེད། མཐར་ཐུག་གི་ལན་འདེབས་སུ་ཐོག་མ་མེད་པའི་ཐོག་ལ་བབས་ཀྱི་ཡོད། འོན་ཀྱང་། ནང་ཆོས་ཀྱི་ནང་དེ་ལྟ་བུའི་འཇིག་རྟེན་བྱེད་པོ་དཀོན་མཆོག་ཟེར་བ་ཞིག་ཡོད་པ་མི་འདོད།  

ནང་ཆོས་ཀྱི་ལུགས་ལྟར་ན། མི་རྣམས་ལ་ལྷན་སྐྱེས་ཀྱི་རྙིང་རྗེ་དང་གང་གནོད་གཞི་ཅན་དང་གང་ཕན་ཐོགས་ཅན་ཡིན་པར་རྣམ་པར་འབྱེད་ནུས་པའི་རྣམ་དཔྱོད་ལྟ་བུའི་ཡོན་ཏན་མང་པོ་ཡོད། ནང་ཆོས་དང་ཁ་ཆེའི་ཆོས་ལུགས་གཉིས་ཀས་དེའི་ཐད་ལ་མོས་མཐུན་ཡོད་པ་དང་ཚན་རིག་གིས་ཀྱང་འདི་ནི་རང་གིས་རང་ལ་གཅེས་སྐྱོང་བྱེད་པ་དང་སྲོག་ཆགས་གཞན་ལ་གཅེས་སྐྱོང་བྱེད་པའི་ང་ཚོའི་འཚོ་གནས་ཀྱི་ལྷན་སྐྱེས་རིག་པའི་ཆ་ཤས་ཡིན་པར་མོས་མཐུན་བྱེད་ཀྱི་ཡོད། འདི་ནི་འགལ་འདུ་ཞིག་ཆགས་ཀྱི་མེད། ང་ཚོ་ཚང་མར་གང་ཕན་ཐོགས་ཅན་ཡིན་པ་དང་གང་གནོད་གཞི་ཅན་ཡིན་པར་ཤན་འབྱེད་པའི་ནུས་པ་དེ་ཡོད། 

ཚུལ་ཁྲིམས།

ནང་ཆོས་ཀྱི་ནང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ནི་ལས་གང་ཞིག་གིས་སྡུག་བསྔལ་འབྱུང་བར་བྱེད་པ་དང་ལས་གང་ཞིག་གིས་བདེ་སྐྱིད་སྐྲུན་གྱི་ཡོད་པ་རྟོགས་པ་ལ་གཞི་བྱས་ཡོད། སངས་རྒྱས་ཀྱིས་དེ་དག་གསུངས་ཡོད་པ་ལས་ཁ་ཆེའི་ཆོས་ལུགས་ནང་བྱེད་པོ་དཀོན་མཆོག་གིས་བཟང་སྤྱོད་དང་འབྲེལ་བའི་རྒྱུ་དང་འབྲས་བུའི་སྒྲིག་ཁྲིམས་བསྐྲུན་པ་ནང་བཞིན་སངས་རྒྱས་ཀྱིས་བསྐྲུན་མེད། ནང་ཆོས་ཀྱི་ནང་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་རང་གིས་རང་ལ་གང་ལེགས་པ་དང་གང་ཉེས་པའི་སྐོར་ལ་བརྟག་དཔྱད་དང་ཤན་འབྱེད་ཐུབ་ཀྱི་ཡོད། འདི་ནི་བློ་གྲོས་སམ་རྣམ་དཔྱོད་བཀོལ་སྤྱོད་བྱེད་སྟངས་དེ་ཡིན་པ་དང་ཁ་ཆེའི་ཆོས་ལུགས་ཀྱི་ནང་དེ་ནི་མི་འདྲ་བའི་སྒོ་ནས་རྟོག་པས་བསྐྲུན་ཡོད་པ་རེད། ཁོང་ཚོས་རྣམ་དཔྱོད་དེ་ནི་དཀོན་མཆོག་གིས་གང་བསྐྲུན་པ་ཐམས་ཅད་ལ་བྱམས་བརྩེ་སྤྲོད་རྒྱུ་དང་བཟང་སྤྱོད་དང་ལྡན་པའི་མི་ཚེ་སྐྱེལ་བའི་ཕྱིར་དུ་བྱེད་པོ་དཀོན་མཆོག་གི་འདོད་པ་ལ་བཀའ་བརྩི་དང་ལེན་བྱེད་མིན་གྱི་ཐག་གཅོད་བྱེད་པར་བཀོལ་སྤྱོད་བྱས་ཡོད། 

ཁ་ཆེའི་ཆོས་ཀྱི་ནང་བྱེད་པོ་དཀོན་མཆོག་གིས་བཟང་སྤྱོད་ཀྱི་སྒྲིག་ཁྲིམས་བསྐྲུན་ཡོད་པ་དང་དེས་ལེགས་སྐྱེས་དང་ཉེས་ཆད་ལ་བརྟེན་ནས་དཔྱད་ཁྲ་གནང་གི་ཡོད། ནང་ཆོས་ལྟར་ན། མི་དགེ་བའི་སྤྱོད་ལམ་ལ་བརྟེན་ནས་སྡུག་བསྔལ་རང་ཤུགས་ཀྱིས་རྗེས་སུ་འབྱུང་བ་དང་དགེ་བའི་སྤྱོད་ལམ་ལ་བརྟེན་ནས་བདེ་སྐྱིད་རང་ཤུགས་ཀྱིས་འབྱུང་གི་ཡོད། གལ་ཏེ་ང་ཚོས་ཉོན་མོངས་པ་དང་མ་རིག་པའི་དབང་འོག་ཏུ་ལས་བརྩམས་ན། རྒྱུ་དང་འབྲས་བུའི་ཆོས་ཉིད་ལ་བརྟེན་ནས་འདིས་སྡུག་བསྔལ་འབྱུང་བར་བྱེད་ཀྱི་ཡོད། དེ་བཞིན་ཁ་ཆེའི་ཆོས་ཀྱི་ནང་དེ་ལ་ཉེས་ཆད་གཏོང་མཁན་ནི་བྱེད་པོ་དཀོན་མཆོག་ཡིན་པ་རེད། དེ་ནི་འབྲས་བུའི་རིགས་གཅིག་པ་ཡིན་ནའང་། འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་ཙམ་རེད། 

དེ་ག་ནང་བཞིན་ནང་ཆོས་ཀྱི་ནང་། གལ་ཏེ་ང་ཚོས་ཉོན་མོངས་པའི་སེམས་ཚོར་དེ་དག་གི་འོག་ཏུ་ལས་བརྩམ་རྒྱུར་འཛེམས་ནས་སྤངས་ན། དེ་ནི་དགེ་བར་ངོས་འཛིན་གྱི་ཡོད། གལ་ཏེ་མི་ཞིག་གིས་གཞན་ལ་བྱམས་དང་སྙིང་རྗེའི་སྒོ་ནས་ཕན་བཏགས་ན། དེས་བདེ་སྐྱིད་སྐྲུན་གྱི་ཡོད། ཁ་ཆེའི་ལྟ་ཚུལ་ལྟར་ན། དཀོན་མཆོག་གིས་ང་ཚོར་ལེགས་སྐྱེས་སྦྱིན་པ་དང་ང་ཚོ་བྱེད་པོ་དཀོན་མཆོག་དང་སོ་སོའི་ལྷན་སྐྱེས་ཀྱི་དག་པའི་རང་བཞིན་དང་ཐག་ཉེ་རུ་འགྲོ་གི་ཡོད། དེ་ནི་གཅིག་མཚུངས་རེད་དེ་ཡིན་ནའང་རྒྱུ་དང་འབྲས་བུའི་བྱ་བ་ཇི་ལྟར་བྱེད་ཚུལ་གྱི་དྲི་བ་ཞིག་ཆགས་ཀྱི་ཡོད། འདི་ནི་དྲི་བ་ཁག་པོ་ཞིག་ཡིན་པ་དང་དངོས་གནས་ཤེས་རྟོགས་དགོས་པའི་གནད་ཅིག་རེད། ནང་ཆོས་ཀྱི་ནང་དེ་ནི་ཆོས་ཉིད་རེད་ཅེས་བརྗོད་ཀྱི་ཡོད་པ་དང་སངས་རྒྱས་ནི་ཁོང་གིས་གསུངས་པའི་ཆོས་ཀྱི་གནད་དོན་གཞན་དག་ལ་གཞི་རྩ་བྱས་ཏེ། ཁོང་ནི་ཚད་མའི་སྐྱེས་བུ་དང་ཚད་ལྡན་གྱི་གནས་ཚུལ་འབྱུང་ཁུངས་དེ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཁ་ཆེའི་ཆོས་ཀྱི་ནང་བྱེད་པོ་དཀོན་མཆོག་གིས་འདི་བསྐྲུན་པ་དང་དེ་ནི་བསླུ་བ་མེད་པ་དང་རང་བཞིན་ཞིག་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད། 

སངས་རྒྱས་ལ་དད་པ་དང་སྐྱབས་སུ་འགྲོ་བ།

ནང་ཆོས་ནང་གི་དད་པ་ནི་དོན་ངོ་མར་རྒྱུ་མཚན་རིགས་པར་གཞི་བྱས་པ་ཞིག་དང་སངས་རྒྱས་ནི་ཚད་ལྡན་གྱི་གནས་ཚུལ་འབྱུང་ཁུངས་ཤིག་ཡིན་པའི་རང་གིས་རང་ལ་གསལ་སྟོན་བྱེད་ཀྱི་ཡོད། གང་ལྟར་ཡང་། སངས་རྒྱས་ཀྱིས་དྲི་བའི་ལན་གསུངས་པ་དང་ཁོང་གིས་ང་ཚོའི་ཆེད་དུ་གང་གསུངས་པར་བརྟག་དཔྱད་བྱེད་དགོས། ཁ་ཆེའི་ཆོས་ལུགས་ལྟར་ན། རང་ཉིད་མཐའ་གཅིག་ཏུ་མགོ་འབུལ་དང་དད་པ་དགོས་ཞེས་གསུངས་ཡོད། དེ་ནི་གང་འཚམས་ཀྱི་མི་འདྲ་བ་རེད། སངས་རྒྱས་ནི་ཚད་ལྡན་གྱི་གནས་ཚུལ་འབྱུང་ཁུངས་ཡིན་པའི་ཡིད་ཆེས་རྙེད་པ་དང་སྐྱབས་སུ་འགྲོ་གི་ཡོད། སྐྱབས་འགྲོ་ཞེས་པ་ནི་ང་ཚོས་སོ་སོའི་མི་ཚེའི་ནང་བསྟེན་པའི་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་ཡིན་པ་དང་དེས་གཞི་རྩའི་ཆ་ནས་ང་ཚོ་སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་དང་ཐག་ཉེ་རུ་གཏོང་གི་ཡོད། འདིས་ང་ཚོ་གནོད་འཚེ་དང་མགོ་རྨོངས་པ་ལས་སྐྱོབ་ཀྱི་རེད། 

མི་ཚེའི་ནང་ཁ་ཕྱོགས་ཤིག་དགོས་ཀྱི་ཡོད་པ་དེ་ང་ཚོས་དེ་ཁ་ཆེའི་ཆོས་ཀྱི་ལྟ་ཚུལ་ཐོག་ནས་འགྲེལ་བརྗོད་བྱེད་ཆོག ཁ་ཆེ་དང་མི་འདྲ་བར་ནང་ཆོས་ཀྱི་ནང་སྐྱབས་འགྲོ་ཟེར་དུས་ང་ཚོས་སངས་རྒྱས་ལ་གསོལ་མཆོད་པའི་དོན་མིན། ཡིན་ནའང་། མི་མང་པོས་དེ་འདྲ་ཞིག་ཏུ་བལྟ་སྲིད་པ་རེད། གལ་ཏེ་ང་ཚོས་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་གཞིགས་ནས་བལྟས་ན། དེ་ནི་རྨོངས་དད་ཅིག་མིན་ལ། ཡང་ “སངས་རྒྱས་ཁྱེད་མཁྱེན། ཁྱེད་ནི་ཅི་འདྲའི་ཁྱད་པར་དུ་འཕགས་པ་ཞིག་རེད་” ཅེས་བརྗོད་པ་ཙམ་མམ་ཡང་ན་ཇི་ལྟར་ཁ་ཆེའི་ཆོས་ཀྱི་ནང་ཡོད་པ་ལྟར་མགོ་འབུལ་ཞུ་བ་དེ་འདྲ་ཞིག་ཀྱང་མིན། 

གལ་ཏེ་ང་ཚོས་གཏིང་ཟབ་པོར་ལྟ་ཞིབ་དང་སྔོག་བཤེར་བྱས་ན། དེ་ནི་ཧ་ཅང་དོ་སྣང་བྱ་འོས་པ་ཞིག་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། བྱེད་པོ་དཀོན་མཆོག་ལ་མགོ་འབུལ་ཞུ་ཞེས་པའི་དོན་དག་ངོ་མ་གང་རེད་དམ། དེ་ནི་ང་ཚོ་ཚང་མས་ཤེས་ཀྱི་ཡོད། ང་ཚོས་ཡག་ཤོས་གང་ཡིན་ཤེས་ཀྱི་ཡོད་བསམ་པའི་རང་སོ་སོའི་རང་གཅེས་འཛིན་དང་རང་ཐག་རང་གཅོད་ལས་ཐར་བའི་དོན་རེད། ནང་ཆོས་ཀྱི་ནང་དེ་ལ་གང་ཟེར་རམ། དེ་ནི་ང་ཚོ་ཚང་མ་འཇིག་རྟེན་གྱི་ལྟེ་བའམ་འཇིག་རྟེན་ནང་གི་གལ་ཆེ་ཤོས་དེ་ཇི་ལྟར་ཡིན་པའི་རང་མཐོང་ཆེན་པོ་འདི་ལས་ཐར་དགོས་པ་དེ་རེད། 

སླར་ཡང་འདི་ནི་ང་ཚོས་གང་བྱེད་དགོས་པའི་ཁྱད་ཆོས་མི་འདྲ་བ་ཙམ་ཞིག་རེད། ང་ཚོས་མགོ་འབུལ་ཞུ་དགོས་པ་སྟེ། དེ་ནི་བདག་ཅེས་བྱ་བའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པ་འདི་རེད། ནང་ཆོས་ཀྱི་ནང་བདག་ཅེས་བྱ་བ་ལོས་ཡོད། འོན་ཀྱང་། དེ་ནི་རྟག་ཏུ་རང་གི་འདོད་པ་ལྟར་ཡོད་དགོས་པ་དང་། རྟག་ཏུ་འགྲིག་པ། རྟག་ཏུ་ཨང་དང་པོ་ཡིན་དགོས་པ། རྟག་ཏུ་མི་ཚང་མའི་དོ་སྣང་དེ་ལ་གཏད་དགོས་པ་ལ་སོགས་པའི་ཚུགས་ཐུབ་ཏུ་གྲུབ་པ་འདི་ནི་མིན། འདི་ལ་བརྟེན་ནས་ང་ཚོའི་མི་ཚེའི་ནང་དཀའ་ངལ་ཧ་ཅང་མང་པོ་ཡོང་གི་ཡོད། ང་ཚོས་དེ་ངེས་པར་དུ་སྤོང་དགོས་ལ་བློས་གཏོང་བྱེད་དགོས། དེ་དག་ནི་གྲུབ་མཐའི་ཁྱད་ཆོས་དང་རྟོག་པའི་བསྐྲུན་ཚུལ་མི་འདྲ་བ་རྣམས་རེད། ཡིན་ནའང་། དེ་དག་གི་འབྲས་བུ་ནི་གང་ལ་གང་འཚམས་ཀྱི་འདྲ་པོ་ཡོད། 

ཆོས་ལ་སྐྱབས་སུ་འགྲོ་བ་དང་ཚུལ་ཁྲིམས་ཀྱི་གཞི་རྩ།

“དྷརྨའམ་” ཆོས་ཟེར་བ་ནི་སྔོན་འགོག་གི་ཐབས་ལམ་གྱི་དོན་ཡིན་པ་དང་དེས་ང་ཚོ་སྡུག་བསྔལ་ལས་ཐར་བར་བྱེད་པའམ་སྡུག་བསྔལ་དེ་མྱོང་མི་འཇུག་པར་འཛིན་གྱི་ཡོད། དེ་ནི་སངས་རྒྱས་ཀྱི་ཆོས་ཀྱིས་བསྟན་ཡོད། སངས་རྒྱས་ཀྱི་ཆོས་ནི་ང་ཚོས་ཆོས་རྣམས་ཀྱི་བདེན་པ་རྟོགས་པའི་ཆེད་བརྟག་དཔྱད་བྱེད་པ་དེ་རེད། དེ་ནི་ཇི་ལྟར་ཁུ་རཱན་དང་ཤ་རི་ཡའི་གསུང་རབ་ནང་གསུངས་པ་ལྟར་སོམ་ཉི་བྲལ་བའི་དད་པ་ཞིག་མིན། ཆོས་ནི་དེབ་རྩ་ཆེན་པོ་ཞིག་དང་སྒྲིག་ཁྲིམས་ལམ་ལུགས་ཤིག་མིན། རྒྱ་ནག་སྐད་དུ་དྷརྨ་ཞེས་པའི་ཚིག་དེ་ “ཁྲིམས་ལུགས་” ལྟ་བུར་བསྒྱུར་ཡོད་པ་དང་ཁོང་ཚོས་ནང་ཆོས་ལ་རྒྱའི་མིག་ཤེལ་བརྒྱུད་ནས་བལྟ་བ་དང་ཁུང་རྩིའི་ཆོས་ལུགས་ཀྱི་རིག་གཞུང་དང་བསྟུན་ནས་རྟོགས་ཡོད་པ་དེ་ནི་དོ་སྣང་བྱ་འོས་པ་ཞིག་རེད། 

གང་ལྟར་ཡང་། ཇི་ལྟར་ནུབ་ཕྱོགས་སུ་འཇིའུ་དང་ཡེ་ཤུ་ཁ་ཆེའི་སྲོལ་རྒྱུན་ལམ་ལུགས་ཀྱི་ནང་ཁྲིམས་ལུགས་ཀྱིས་གལ་གནད་ནང་བཞིན་རྒྱ་གར་དང་བོད་བརྒྱུད་ནང་བསྟན་གྱི་ནང་དེས་དེ་ལྟ་བུའི་ལས་འགན་ལྟེ་བའམ་གཙོ་བོ་དེ་བྱེད་ཀྱི་མེད། དེ་དག་ནི་ང་ཚོས་རྗེས་སུ་འབྲང་བའི་ཁྲིམས་ལུགས་མིན་ལ། གལ་ཏེ་ང་ཚོས་ཁྲིམས་དེ་ལ་བཀའ་བརྩི་དང་ལེན་བྱས་ན། ང་ཚོ་མི་བཟང་པོ་ཡིན་པའི་བསམ་ཚུལ་དེའང་མིན། ང་ཚོ་ནུབ་ཕྱོགས་སུ་བསམ་ཚུལ་འདི་ཡོད་པ་དང་དེ་ཡང་ཡེ་ཤུའི་གསུང་རབ་བྷཱ་ཡེ་བྷལ་གྱི་རྒྱབ་ལྗོངས་ནས་ཡིན་པ་ཙམ་དུ་མ་ཟད། གནའ་བོའི་གྷི་རིག་གི་སྤྱི་ཚོགས་ནས་ཀྱང་བྱུང་ཡོད། གལ་ཏེ་མི་ཞིག་གིས་ཁྲིམས་ཀྱི་རྗེས་སུ་འབྲངས་ན། མི་དེ་ནི་མི་སེར་བཟང་པོ་ཞིག་ཡིན་པ་རེད། ཁྲིམས་དེ་ཡང་བྱེད་པོ་དཀོན་མཆོག་གིས་བསྐྲུན་པའམ་ཡང་ན་ཁྲིམས་དེ་ཁྲིམས་བཟོ་ལྷན་ཚོགས་ཤིག་གིས་བཟོས་པ་གང་ཡིན་རུང་བཟང་སྤྱོད་ཀྱི་འགན་འདི་ནི་ལྟེ་བའམ་གནད་འགགས་ཅན་ཆགས་ཀྱི་ཡོད་པ་དང་དེ་ནི་ཅི་གསུང་བཀའ་སྒྲུབ་ལ་གཞི་རྩ་བྱས་ཡོད། 

དེ་ལས་ལྡོག་སྟེ། ནང་ཆོས་ཀྱི་ནང་བཟང་སྤྱོད་ཀྱི་རྣམ་གཞག་ནི་ཅི་གསུང་བཀའ་སྒྲུབ་ལ་གཞི་རྩ་བྱས་མེད། དེ་ནི་རང་སོ་སོའི་ཆོས་རྣམ་འབྱེད་ཀྱི་ཡང་དག་པའི་ཤེས་རབ་ལ་གཞི་རྩ་བྱས་ཡོད་པ་དང་། ཤེས་རབ་དེ་ལ་བརྟེན་ནས་གལ་ཏེ་ང་ཚོས་སྡིག་པ་དགེ་བའི་ལས་བྱས་ན། དེས་ང་ཚོའི་སྤྱི་ཚོགས་དང་སོ་སོ་རང་ཉིད་ལའང་དཀའ་ངལ་མང་པོ་ཞིག་སྐྲུན་རྒྱུ་ཡིན་པ་དེ་རྟོགས་པར་བྱེད་ཀྱི་ཡོད། དཔེར་ན། འབུ་སྲིན་གྱི་རིགས་གསོད་པ་ལྟ་བུར་མཚོན་ན། ང་ཚོས་དེ་ལ་དཔྱད་པ་བྱེད་པའི་སྐབས། ང་ཚོའི་རྣ་ལྕོག་ཉེ་འཁྲིས་སུ་ཟིར་སྒྲ་ཞིག་རྒྱག་པའི་སྐབས་དེར་ང་ཚོའི་ལྷན་སྐྱེས་ཀྱི་རིག་པའི་སྐུལ་ཤུགས་དང་པོ་དེ་འབུ་དེ་ལ་ཐལ་ལྕག་གཞུས་ནས་གསོད་རྒྱུ་དེ་ཡིན་ན། ང་ཚོས་ལྷན་སྐྱེས་ཀྱི་རིག་པའི་སྐུལ་ཤུགས་དང་པོ་དེའི་ཐད་ལ་བསམ་བློ་གཏོང་དགོས་ཀྱི་ཡོད། དེ་ནི་ཁྱི་ལྟ་བུ་རེད། གལ་ཏེ་ང་ཚོས་ཁྱི་ཞིག་ལ་ཁོང་ཁྲོ་བསླངས་ན། ཁྱི་དེས་ངར་སྐད་དམ་ཟུག་སྐད་རྒྱག་གི་རེད། ང་ཚོ་མི་དགའ་བ་གང་འདྲ་ཞིག་ཡིན་པ་དེ་ལ་རྡེག་པ་དང་། གནོད་སྐྱེལ་བ། གསོད་པ་བཅས་ནི་ང་ཚོའི་ལྷན་སྐྱེས་ཀྱི་རིག་པའི་སྐུལ་ཤུགས་དང་པོ་དེ་རེད་དམ། ང་ཚོ་ཁྱི་ལྟ་བུ་ཡིན་ནམ། དེ་ནས་འདིའི་རྒྱབ་ཏུ་ཤེས་རབ་ཀྱི་རྣམ་པ་འགའ་ཞིག་ཡོད་པ་དང་དེ་དག་ནི་གནོད་བྱེད་མི་དགེ་བ་ཡིན་པས། དེས་སྡུག་བསྔལ་དང་དཀའ་ངལ་གྱི་རིགས་འབྱུང་བར་བྱེད་ཀྱི་ཡོད་པ་དེ་ང་ཚོས་མཐོང་ཐུབ། ཁྱད་མཚར་བའི་གནད་དོན་གང་ཡིན་རུང་ང་ཚོའི་སེམས་ཧ་ཅང་ཞི་བདེ་ལྷིང་འཇགས་ཤིག་མི་སྐྲུན་པ་ནི་ངེས་པ་ཡིན་ལ། ང་ཚོས་དེ་མ་ཐག་རྡེག་གི་ཡོད། 

གལ་ཏེ་ང་ཚོ་གཉིད་ཉལ་བར་འགྲོ་ཐབས་བྱེད་བཞིན་ཡོད་པ་དང་དུག་སྦྲང་ཞིག་ང་ཚོའི་རྣ་ལྕོག་གཡས་གཡོན་དུ་ཟིར་སྒྲ་རྒྱག་གིན་ཡོད་པའི་དབང་དུ་བཏང་ནས་དེའི་སྐབས་ཀྱི་བློའི་འཁྱེར་སོ་ལ་བསམ་བློ་གཏོང་དགོས་ཏེ། ང་ཚོ་ག་ཚོད་ཀྱིས་བློ་ཕམ་དང་ཁོང་ཁྲོ་ཟ་གི་མ་རེད་དམ། མི་མང་ཆེ་བས་དུག་སྦྲང་དེ་བཟུང་ནས་གསོད་འདོད་བྱེད་ཀྱི་རེད། གནད་དོན་འདི་ལྟ་བུ་ལ་ང་ཚོས་རྣམ་པར་འབྱེད་ཀྱི་ཡོད། དེ་ཡང་། གལ་ཏེ་ང་ཚོས་དུག་སྦྲང་བསད་ན། དེ་ནི་ཁྲིམས་དང་འགལ་གྱི་ཡོད་པ་དང་། གལ་ཏེ་ང་ཚོས་དུག་སྦྲང་དེ་མ་བསད་ན། ང་ཚོ་ནི་མི་སེར་ཡག་པོ་ཞིག་དང་། ཁ་ཆེའི་རྗེས་འབྲང་པ་བཟང་པོ་ཞིག་གམ་ཡེ་ཤུའི་རྗེས་འབྲང་པ་བཟང་པོ་ཞིག་ཡིན་པའི་རྒྱུ་མཚན་གྱིས་མིན། 

དེ་ནི་བསམ་བློའི་འཁྱེར་སོ་མི་འདྲ་བ་ཞིག་ཡིན་པ་དང་བཟང་སྤྱོད་ཀྱི་རྣམ་གཞག་འདིའི་ཐབས་ཚུལ་གྱིས་ང་ཚོར་བསམ་ཞིབ་བྱེད་དགོས་པའི་གནད་དོན་མང་པོ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། ང་ཚོའི་ཚུལ་མཐུན་སྤྱོད་ལམ་གྱི་རྒྱབ་ཏུ་གང་ཡོད་དམ། སླར་ཡང་ཞོར་དུ་ཞུ་རྒྱུ་ཞིག་ལ། ངོས་ནས་ང་རང་སྡོད་ས་བྷར་ལཱིན་ལ་ནང་པའི་བཟང་སྤྱོད་ཀྱི་སྐོར་སློབ་ཁྲིད་བྱེད་བཞིན་པའི་སྐབས་ཤིག་ལ། ངས་སློབ་ཕྲུག་ཚོ་ལ་ཁོང་ཚོས་རྐུ་མ་མི་རྒྱག་པའི་རྒྱུ་མཚན་གང་རེད་ཅེས་དྲིས་པ་ཡིན། འགའ་ཞིག་གིས་དེ་ནི་ངན་སོང་གི་གནས་སུ་སྐྱེ་བར་འཇིགས་ནས་རེད་ཅེས་སོགས་ལན་འདེབས་ཀྱི་འདུག ཀུན་སློང་ངོ་མ་དེ་ཡིན་ན་ཞེས་དྲིས་པ་ཡིན། མི་སུས་ཀྱང་དེ་ལ་ཡིད་ཆེས་བྱེད་ཀྱི་མེད། དེ་ཟུར་དུ་བཞག་ནས་ངས་ “ཁྱེད་ཀྱིས་རྐུ་མ་མི་རྒྱག་པའི་རྒྱུ་མཚན་གང་རེད་དམ་” ཞེས་དྲིས་ཡིན། དེའི་ལན་དུ་རྐུ་མ་རྐུ་བ་ནི་ཡང་དག་པ་ཞིག་ཏུ་ཚོར་གྱི་མི་འདུག་ཅེས་ཟེར། རྒྱུ་མཚན་དེ་རེད། 

ནང་ཆོས་ཀྱི་ནང་དེ་ག་རང་གསུང་གི་ཡོད་དེ། ཚུལ་མཐུན་སྤྱོད་ལམ་གྱི་རྒྱབ་ཏུ་རང་མཐོང་དང་ཆེ་མཐོང་གི་འདུ་ཤེས་ཤིག་ཡོད། དེ་ནི་རང་གིས་རང་ལ་གུས་ཞབས་འདང་ངེས་ཤིག་ཡོད་པ་སོང་ཙང་། ང་ཚོས་དེ་ལྟ་བུའི་ལས་བྱེད་ངེས་མིན། དེས་སོ་སོ་རང་ཉིད་དང་། རང་གི་ནང་མི་ཁྱིམ་ཚང་། སོ་སོའི་རིན་ཐང་སོགས་ཚང་མའི་ཐོག་ལ་མིང་ཤས་ཆགས་ཀྱི་ཡོད། འདི་ནི་ནང་ཆོས་ཀྱི་ནང་ཚུལ་མཐུན་སྤྱོད་ལམ་གྱི་གཞི་རྩར་གསུང་གི་ཡོད། དེ་རྨང་གཞིར་བཟུང་ནས་ང་ཚོ་འགྲོ་བ་མིའི་རྣམ་དཔྱོད་ཀྱི་ནུས་པ་ཁྱད་པར་དུ་འཕགས་པ་ལ་བརྟེན་ནས་ང་ཚོས་གང་ཞིག་ཕན་ཐོགས་ཅན་དང་གང་ཞིག་གནོད་གཞི་ཅན་ཡིན་ངེས་པའི་ཐད་ལ་རྣམ་པར་འབྱེད་པའི་སྒོ་ནས་གདམ་ཀ་བྱེད་ཀྱི་ཡོད། ང་ཚོས་གང་གནོད་གཞི་ཅན་ཡིན་པ་དེ་བྱ་འདོད་མེད། གང་ཡིན་ཞེ་ན། ལས་དེ་བརྩམ་པར་སོ་སོ་རང་ཉིད་ལ་གུས་ཞབས་ཧ་ཅང་ཆེན་པོ་ཡོད་པ་རེད། འདི་ནི་ནང་ཆོས་ཀྱི་ནང་གསུངས་པའི་ཐབས་ལམ་ཁྱད་པར་ཅན་ཞིག་ཡིན་པ་རེད། དེ་ནི་ཅི་གསུང་བཀའ་སྒྲུབ་ཀྱི་གནད་དོན་ཞིག་མིན། མཐར་ཐུག་ང་ཚོར་ཚུལ་མཐུན་གྱི་སྤྱོད་ལམ་ངེས་པར་དུ་ཡོད་ནའང་། ང་ཚོས་དེ་ལ་ཇི་ལྟར་འཇུག་པའི་ཚུལ་དེ་ནི་དྲི་བ་ཆགས་ཀྱི་ཡོད། བྱས་ཙང་། ང་ཚོར་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་བའི་ཚུལ་དེ་ཡོད་པ་རེད། 

དགེ་འདུན་ལ་སྐྱབས་སུ་འགྲོ་བ། དེ་ཁ་ཆེའི་སྤུན་ཟླ་མིང་སྲིང་གི་བསམ་བློ་དང་སྡུར་ཞིབ།

དགེ་འདུན་ནི་ལམ་དུ་འགྲིམ་བཞིན་པའི་དགེ་འདུན་གྱི་སྡེ་ཡིན་པ་དང་དེ་ནི་རབ་བྱུང་གི་སྡེ་ལ་བརྟེན་ནས་འཇིག་རྟེན་ཀུན་རྫོབ་ཀྱི་མཚོན་དོན་ཙམ་མིན་པར། རྟོགས་པ་དང་ལྡན་པའི་འཕགས་པའི་དགེ་འདུན་རྣམས་ལའང་གོ་བ་ཡིན། དེ་དང་འདྲ་མཚུངས་ཤིག་ཁ་ཆེའི་ཆོས་ཀྱི་ནང་དུ་ཡོད་དམ། ཕལ་ཆེར་ཁ་ཆེ་ཡོངས་སུ་རྫོགས་པའི་སྤུན་ཟླ་མིང་སྲིང་གི་འདུ་ཤེས་དེས་སྤྱི་ཚོགས་མི་སྡེའི་རྒྱབ་རྟེན་ལྟ་བུའི་བྱ་བ་བྱེད་ཀྱི་ཡོད་སྲིད། དགེ་འདུན་གྱི་བྱེད་ལས་གཙོ་བོ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་དེར་བགྲོད་པའི་ལམ་དུ་གཞན་དག་ཀྱང་ཡོད་པའི་བདེན་དོན་ལ་སེམས་ཞུགས་སྤར་རྒྱུ་དེ་ཡིན་པ་རེད། སངས་རྒྱས་ལ་མངའ་བའི་ཡོན་ཏན་ཡོངས་སུ་རྫོགས་པ་དང་མཉམ་དུ་སངས་རྒྱས་འབྲེལ་གཏུག་བྱ་རྒྱུ་དེ་ཧ་ཅང་ཁག་པོ་ཡིན་ནའང་། ང་ཚོ་གཅིག་པུར་མིན་པར། དེའི་ཕྱོགས་སུ་འབད་བརྩོན་བྱེད་མཁན་གྱི་མི་མང་པོ་ཡོད་པ་དང་དེ་དག་གིས་ཡར་རྒྱས་གང་འཚམས་ཤིག་ཀྱང་བཏང་ཡོད། འདིས་ང་ཚོ་སྤྱི་ཚོགས་མི་སྡེ་ཞིག་ཡིན་པའི་ཆ་ནས་རྒྱབ་སྐྱོར་ཞིག་བྱེད་ཀྱི་ཡོད། 

ཁ་ཆེའི་ཆོས་ཀྱི་ནང་ཁ་ཆེ་ཡོངས་སུ་རྫོགས་པ་སྤུན་ཟླ་མིང་སྲིང་གི་འདུ་ཤེས་ཤིག་ཡོད། ཁྱེད་རང་ག་ཚོད་ཀྱི་ཕྱུག་པོའམ་སྐྱོ་པོ་ཡིན་རུང་། དཔེར་ན། གནས་སྐོར་ལྟ་བུར་འགྲོ་བའི་སྐབས་སུ་ཚང་མས་གྱོན་ཆས་གཅིག་པ་གྱོན་གྱི་ཡོད།  དེ་ལྟ་བུའི་འདྲ་མཉམ་གྱི་འདུ་ཤེས་ཤིག་ཡོད་པ་རེད། ནང་ཆོས་ཀྱི་ནང་དོ་སྣང་བྱ་འོས་པ་དེ་ནི་ཆོས་ཀྱི་ལམ་དུ་མི་འགྲོ་མཁན་རྣམས་ལ་བཟང་སྤྱོད་ཀྱི་དཔྱད་ཁྲ་མེད་པས། དེ་དག་ལ་བཟོད་གསོལ་བྱེད་པའམ་ཡང་ན་དེ་དག་གི་བློ་སྣ་སྒྱུར་ཐབས་བྱེད་དགོས་ངེས་ཤིག་མིན། ཁ་ཆེའི་ཆོས་ཀྱི་ནང་འདི་ནི་ཏོག་ཙམ་མི་འདྲ་བ་ཡོད། 

མི་མངོན་པའི་སངས་རྒྱས་ཀྱི་རིགས། སྙིང་འགེབ་བྱེད་ཀྱི་གདོང་ཡོལ་དང་སྡུར་ཞིབ།

ནང་ཆོས་ནས་རང་རྒྱུད་ཀྱི་རྒྱུ་བདེ་བར་གཤེགས་པའི་སྙིང་པོའམ་སངས་རྒྱས་ཀྱི་རིགས་ལ་མ་ལྟོས་པར། ང་ཚོའི་སེམས་ནི་དངོས་པོའི་གནས་ལུགས་ལ་རྨོངས་པའི་མ་རིག་པས་བསྒྲིབས་ནས་ཡོད་ཅེས་གསུང་གི་ཡོད། ང་ཚོར་སྒྲིབ་པ་དེ་དག་ཡོད་པ་དང་སངས་རྒྱས་ཀྱི་རིགས་ནི་མ་རིག་པའི་སྤྲིན་གྱིས་བསྒྲིབས་ནས་ཡོད། འདི་ནི་ཁ་ཆེའི་ཆོས་ནས་གང་གསུང་པ་དང་ཧ་ཅང་འདྲ་པ་ཡོད་དེ། དེས་ཀྱང་ཉོན་མོངས་པའི་སེམས་ཚོར་དང་སྙིང་དེ་གདོང་ཡོལ་གྱི་བཀབ་ནས་ཡོད་པ། སྙིང་འགེབ་བྱེད་ཀྱི་གདོང་ཡོལ་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད། ཁ་ཆེའི་ཆོས་ཀྱི་ནང་གསེས་སྡེ་ཚན་སུ་ཧྥིའི་ཆོས་ལུགས་ཀྱི་ནང་། གདོང་ཡོལ་དེ་དག་སེལ་བའམ་ཁ་ཕྱེ་བའི་སྐོར་ཤོད་ཀྱི་ཡོད། འདི་ནི་དཔེ་མཚོན་འདྲ་པོ་ཞིག་ཡིན་པ་རེད། མ་རིག་པས་རང་གཅེས་འཛིན་དང་། མི་དགེ་བའི་སེམས་ཚོར། གནོད་བྱེད་ཀྱི་སྤྱོད་ལམ་སྐྱེད་པར་བྱེད་ཀྱི་ཡོད། 

ནང་ཆོས་ཀྱི་ནང་ང་ཚོས་དངོས་པོའི་གནས་ལུགས་དང་། བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས་རྟོགས་པའི་སྒོ་ནས་སྒྲིབ་པ་དང་གདོང་ཡོལ་དེ་དག་སེལ་ཐུབ་ཀྱི་ཡོད། བྱང་ཆུབ་ཀྱི་སེམས་ནི་སོ་སོ་རང་ཉིད་ཀྱི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པའི་སེམས་འདི་ཡིན་པ་དང་དེ་ནི་ད་ལྟ་ཐོབ་མེད་ནའང་། སངས་རྒྱས་ཀྱི་རིགས་ལ་གཞི་བྱས་ནས་ཐོབ་ཐུབ་པ་ཞིག་རེད། འདི་ནི་བྱེད་པོ་དཀོན་མཆོག་ལ་དམིགས་པ་དང་མི་འདྲ་བ་ཞིག་མིན། བྱེད་པོ་དཀོན་མཆོག་དང་སངས་རྒྱས་གཉིས་གང་འཚམས་ཀྱི་མི་འདྲ་བ་ཡིན་པ་ཤོད་མི་དགོས་ཀྱང་། རང་རྒྱུད་ཀྱི་ལྷན་སྐྱེས་སུ་ཡོད་པའི་དག་པའི་རང་བཞིན་གྱི་དམིགས་ཡུལ་ལ་སེམས་གཏད་པའི་བསམ་བློ་འདི་ནི་ཧ་ཅང་ཉེ་པོར་དམིགས་པ་དང་ལས་དོན་སྒྲུབ་པ་ནི་ནང་པ་དང་ཁ་ཆེ་གཉིས་ཀའི་ཆེད་དུ་སྐུལ་ཤུགས་ཧ་ཅང་ཆེན་པོ་ཞིག་ཡིན་པ་རེད། 

ནང་ཆོའི་བྱམས་པའི་མཚན་ཉིད་དང་སྡུར་ཞིབ།

ནང་ཆོས་ཀྱི་ནང་བྱམས་པ་ཞེས་བྱ་བ་ནི་གཞན་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཤོག་ཅེས་པའི་ཡིད་སྨོན་དེ་ཡིན་པར་འགྲེལ་བརྗོད་བྱས་ཡོད། དེ་ནི་སེམས་ཅན་ཐམས་ཅད་ཕན་ཚུན་འདྲ་མཉམ་ཡིན་པ་དང་སོ་སོ་རང་ཉིད་ལ་ཆ་བཞག་ནའང་ཚང་མས་བདེ་བ་འདོད་པ་དང་སུ་ལའང་སྡུག་བསྔལ་མི་འདོད་པའི་གོ་རྟོགས་ལ་གཞི་རྩ་བྱས་ཡོད། བདེ་སྐྱིད་ཀྱི་རྗེས་སུ་སྙེག་རྒྱུ་དེ་ནི་མི་ཚེའི་དམིགས་ཡུལ་ཡིན་པ་རེད། རྩི་ཤིང་ལྟ་བུར་མཚོན་ན་དེ་དག་བདེ་སྐྱིད་ཀྱི་རྗེས་སུ་སྙེག་པའི་ཆེད་དེ་དག་སྐྱེད་པར་ཉི་མའི་འོད་དགོས་ཀྱི་ཡོད། མི་ཚེའི་ནང་སྤྱིར་བཏང་བདེ་སྐྱིད་ཀྱི་རྗེས་སྙེག་དེ་གང་ཡིན་པའི་ཐད་སྙན་ངག་གི་ལམ་ནས་འགྲེལ་བརྗོད་ཀྱི་ཐོག་ལ་གང་འཚམས་གཏིང་ཟབ་པོར་འགྲོ་ཆོག 

བྱམས་པ་སྐྱེད་ཚུལ།

ནང་ཆོས་ཀྱི་ནང་གཞན་བདེ་སྐྱིད་དང་ལྡན་པའི་ཡིད་སྨོན་དེ་ནི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པའི་ནུས་པ་དེ་ཡོད་པའི་གོ་རྟོགས་ལ་གཞི་བྱས་ཡོད། དེ་གང་ཡིན་ཞེ་ན། ང་ཚོ་ཚང་མའི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཡོད་པ་རེད། དེར་མ་ཟད། ང་ཚོ་ཚང་མར་བདེ་སྐྱིད་དང་ལྡན་པའི་ཐོབ་ཐང་འདྲ་མཉམ་ཡོད། སླར་ཡང་ཁ་ཆེའི་ཆོས་ཀྱི་ནང་དེ་དང་འདྲ་མཚུངས་ཤིག་ཡོད། དེའང་ཚང་མ་ཕན་ཚུན་རྟེན་ཅིང་འབྲེལ་ནས་ཡོད་པ་དང་གཞན་ཐམས་ཅད་ནས་ཐོབ་པའི་བཀའ་དྲིན་གྱི་ངོས་འཛིན་དང་ཡི་རང་ལ་གཞི་རྩ་བྱས་ཡོད། ཁ་ཆེའི་ཆོས་ཀྱི་ནང་གཞན་ནས་ཐོབ་པའི་བཀའ་དྲིན་གྱི་ཐད་ལ་དེ་ཙམ་ནན་བརྗོད་མི་བྱེད་པར། ང་ཚོ་ཚང་མ་སྐྲུན་པ་པོ་དཀོན་མཆོག་ནས་ཐོབ་པའི་བཀའ་དྲིན་ལ་ནན་བརྗོད་བྱེད་ཀྱི་ཡོད། དེར་བརྟེན་སེམས་ཅན་ཐམས་ཅད་ལ་ལྟ་ཚུལ་ཅུང་ཟད་མི་འདྲ་བའི་སྒོ་ནས་འདྲ་མཉམ་དུ་ལྟ་གི་ཡོད། 

བྱམས་པ་ནི་ནང་ཆོས་ཀྱི་ཉམས་ལེན་སྐབས་སུ་གཞན་གྱི་བདེ་སྐྱིད་ལ་བསམ་ཞིབ་བྱེད་པ་བརྒྱུད་སྐྱེད་ཀྱི་ཡོད། ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྒོ་ནས་སེམས་ཅན་དེ་དག་ལ་རྟག་ཏུ་གང་ཐུབ་ཅི་ཐུབ་ཀྱིས་ཕན་འདོགས་པར་འབད་བརྩོན་བྱེད་ཀྱི་ཡོད། བྱམས་བརྩེ་སྟེར་བ་དང་གཞན་ལ་ཞབས་འདེགས་སྒྲུབ་པ་ནི་སངས་རྒྱས་ལ་གསོལ་མཆོད་བྱེད་པའི་ལས་ཤིག་མིན། འོན་ཀྱང་། ཁ་ཆེའི་ཆོས་ཀྱི་ནང་གཞན་ལ་བྱམས་བརྩེ་སྟེར་བ་དང་སྲི་ཞུ་སྒྲུབ་པ་ནི་བྱེད་པོ་དཀོན་མཆོག་ལ་གསོལ་མཆོད་བྱེད་པའི་ལས་ཤིག་ཡིན་པ་རེད། ད་དུང་ཡང་ང་ཚོས་གཞན་ལ་ཕན་འདོགས་ཀྱི་ཡོད་པ་དང་དེའི་འབྲས་བུ་ནི་གཅིག་མཚུངས་རེད། 

གཞན་ལ་བྱམས་བརྩེ་སྟེར་བའི་སྐབས་སུ་ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་གསོག་གི་ཡོད། གནད་དོན་འདིའི་ཐོག་ནས་ང་ཚོ་སངས་རྒྱས་ཀྱི་གོ་འཕང་དང་ཐག་ཉེ་རུ་འགྲོ་གི་ཡོད་ནའང་། ཁ་ཆེའི་ཆོས་ནས་བཤད་པ་ནང་བཞིན་སངས་རྒྱས་ཉིད་དང་ཐག་ཉེ་རུ་འགྲོ་ཚུལ་དེ་མིན། སངས་རྒྱས་ཀྱི་གོ་འཕང་དང་རང་ཉིད་སངས་རྒྱས་ཆགས་པ་དང་དེ་དང་ཐག་ཉེ་རུ་འགྲོ་བའི་དབར་ལ་ཁྱད་པར་གང་འཚམས་ཤིག་ཡོད། ནང་ཆོས་ཀྱི་ནང་ང་ཚོས་སངས་རྒྱས་ལ་ཁོང་སངས་མ་རྒྱས་གོང་གི་གང་ཟག་སྒེར་པ་ཞིག་ཏུ་དམིགས་ཀྱི་མེད། སངས་རྒྱས་ནི་སྟོན་པའམ་ལམ་སྟོན་གནང་མཁན་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ནའང་། ང་ཚོས་གསོལ་མཆོད་བྱ་ཡུལ་གྱི་འཇིག་རྟེན་བཀོད་པ་པོ་ཞིག་མིན། 

རྒྱུ་འབྲས་ཀྱི་རང་བཞིན་དེ་བྱེད་པོ་དཀོན་མཆོག་གི་ཉེས་ཆད་དང་སྡུར་ཞིབ།

གཞན་ལ་བརྩེ་བ་སྟེར་བར་ང་ཚོ་རང་གཅེས་འཛིན་ལས་ཐར་དགོས། འདི་ནི་ཁ་ཆེའི་ཆོས་ཀྱི་ནང་གཅིག་མཚུངས་ཡིན་པ་རེད། དེ་ཡང་ནང་གི་ཇི་ཧཱ་ད་ལ་བརྟེན་ནས་རང་གཅེས་འཛིན་དང་བྱེད་པོ་དཀོན་མཆོག་གི་འདོད་པའི་ཅི་གསུང་བཀའ་སྒྲུབ་མི་བྱེད་པའི་ཁ་གཏད་དུ་འཐབ་རྩོད་ཆགས་ཀྱི་ཡོད། འོན་ཀྱང་། ནང་ཆོས་ཀྱི་ནང་སོ་སོས་བྱས་པའི་སྡིག་པ་དང་མི་དགེ་བའི་ལས་དེ་བཞིན་མ་རིག་པའི་དབང་གིས་ལས་བརྩམས་པ་ལ་བཟོད་བཞེས་གནང་རོགས་ཞེས་སངས་རྒྱས་ལ་ཞུ་དགོས་ཀྱི་མེད། ང་ཚོས་གཞན་གྱིས་མི་དགེ་བའི་ལས་བྱེད་པ་མཐོང་བའི་སྐབས། དེ་ནི་ཁོང་ཚོ་སྡུག་ཅག་དང་ཅི་གསུང་བཀའ་སྒྲུབ་མི་བྱེད་མཁན་ཡིན་པའི་རྒྱུ་མཚན་གྱིས་མིན་པར། དེ་དག་མ་རིག་པའི་དབང་གིས་མགོ་རྨོངས་པ་དང་ཁོང་ཚོས་གང་བྱེད་ཀྱིན་ཡོད་པ་དང་དེའི་རྗེས་འབྲས་གང་ཡོང་རྒྱུ་ཡིན་པའི་ཐད་ལ་ཤེས་རྟོགས་མེད་པས་རེད། ང་ཚོས་འདི་ནི་སྙིང་རྗེའི་གཞི་རྩ་ལྟ་བུར་བེད་སྤྱོད་བྱེད་ཀྱི་ཡོད། དེ་ནི་ང་ཚོས་ཁོང་ཚོ་ལ་བཟོད་ཡངས་གཏོང་བའི་དོན་མིན་པར། ང་ཚོས་ཁོང་ཚོ་ལ་བསམ་ཤེས་བྱེད་ཀྱི་ཡོད་པ་དང་ཐབས་ཚུལ་དེའི་སྒོ་ནས་བྱམས་པ་དང་སྙིང་རྗེ་སྐྱེད་ཀྱི་ཡོད། 

དེར་བརྟེན་གནོད་བྱེད་མི་དགེ་བའི་ལས་ལ་བརྟེན་ནས་སྡུག་བསྔལ་འབྱུང་བའི་སྐབས། དེ་ནི་ཉེས་ཆད་ལྟ་བུ་ཞིག་མིན་པར་རྒྱུ་དང་འབྲས་བུའི་ཆོས་ཉིད་ཀྱི་རྗེས་འབྲས་ཤིག་ཡིན་པ་རེད། ང་ཚོས་བྱེད་པོ་དཀོན་མཆོག་གི་ཁྲིམས་གཏན་འབེབས་བྱེད་པར། གཞན་ལ་ཉེས་ཆད་བཏང་ནས་དེ་སོ་སོའི་སྟེང་དུ་ལེན་གྱི་མེད། བོད་དང་རྒྱ་གར་ཐ་ན་ནང་པའི་སྤྱི་ཚོགས་དེ་དག་གི་ནང་དུ་ཁྲིམས་མཐུན་གྱི་ལམ་ལུགས་ཤིག་ཡོད་ངེས་པ་རེད། ཡིན་ནའང་། དེ་ནི་བྱེད་པོ་དཀོན་མཆོག་གིས་བསྐྲུན་པའི་ཁྲིམས་རྩ་ཆེན་ལ་གཞི་རྩ་བྱས་མེད་ལ། ང་ཚོས་བྱེད་པོ་དཀོན་མཆོག་གི་འདོད་པ་ལ་དཔུང་སྣོན་བྱེད་པའི་སྒོ་ནས་བྱེད་པོ་དཀོན་མཆོག་གི་མཛད་པ་དེ་འཛམ་གླིང་ནང་མཐར་འཁྱོལ་བ་བྱེད་བཞིན་ཡོད་པ་དེ་འདྲ་མ་རེད། འདི་ནི་ཧ་ཅང་མི་འདྲ་བ་རེད། 

འགྱོད་པ་དང་འབྲེལ་བའི་ནང་ཆོས་དང་ཁ་ཆེའི་ཆོས་ཀྱི་ནང་མཐུན་པའི་ཆ།

ཁ་ཆེའི་ཆོས་ཀྱི་ནང་ཡོད་པ་ནང་བཞིན་ནང་ཆོས་ཀྱི་ནང་དུ་གནོང་འགྱོད་ཀྱི་སྐོར་དེ་ཡོད་པས། དེ་གཉིས་དབར་གྱི་མཐུན་པའི་ཆ་རྣམས་ལ་ལྟ་ཞིབ་བྱ་རྒྱུ་དེ་དོ་སྣང་བྱ་འོས་ཤིག་ཏུ་མཐོང་སོང་། དེ་ཡང་།

  • གཉིས་ཀའི་ནང་། ང་ཚོས་ཐོག་མར་ནོར་འཁྲུལ་དེ་ངོས་ལེན་བྱེད་དགོས་ཀྱི་ཡོད། ནང་ཆོས་ལྟར་ན། མ་རིག་པའི་དབང་གིས་བྱས་པའི་ནོར་འཁྲུལ་གྱི་རིགས་ཡིན་པ་ལས། ཁ་ཆེའི་ཆོས་ནང་བཞིན་ཅི་གསུང་བཀའ་སྒྲུབ་དང་འགལ་བའི་ནོར་འཁྲུལ་དེའི་རིགས་མིན། 
  • ང་ཚོས་ཁ་ཆེའི་ཆོས་ལུགས་དང་གཅིག་མཚུངས་སུ་འགྱོད་པ་སྐྱེ་ཡི་ཡོད།
  • ང་ཚོས་སོ་སོས་བྱས་པའི་ཉེས་པ་དང་མི་དགེ་བའི་ལས་སླར་ཡང་མི་བྱ་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད། དེ་ནི་ཁ་ཆེའི་ཆོས་དང་གཅིག་མཚུངས་རེད།
  • ང་ཚོས་མི་ཚེའི་ནང་སྐྱོད་བཞིན་པའི་བཟང་ཕྱོགས་ཀྱི་ཁ་ཕྱོགས་ལ་ངེས་བརྟན་བཟོ་ཡི་ཡོད། དེ་ནི་བྱེད་པོ་དཀོན་མཆོག་ལ་བཟོད་བཞེས་གནང་རོགས་ཞེས་འབོད་སྐུལ་ཞུ་བ་དང་གཅིག་པ་མིན། ཡིན་ནའང་། དེས་བཟང་ཕྱོགས་ཀྱི་གནད་དོན་ཞིག་ངེས་བརྟན་བཟོ་ཡི་ཡོད། བྱེད་པོ་དཀོན་མཆོག་གི་བཟོད་བཞེས་གནང་རོགས་ཞུ་བའི་སྒོ་ནས་ང་ཚོ་བཟང་ཕྱོགས་ཀྱི་ཁ་ཕྱོགས་དེའི་ཕྱོགས་སུ་ཁ་སྒྱུར་གྱི་ཡོད། 
  • མཐར་ང་ཚོས་ནོར་འཁྲུལ་གྱི་ཁ་གཏད་དུ་བཟང་ཕྱོགས་དགེ་བའི་ལས་བརྩམ་གྱི་ཡོད། འདི་ནི་ཁ་ཆེའི་ཆོས་དང་གཅིག་མཚུངས་རེད། 

ནང་ཆོས་ཀྱི་ནང་དུ་ཁ་ཆེའི་ཆོས་དང་འདྲ་བའི་ཆ་མང་པོ་ཡོད་པ་དང་མི་འདྲ་བའི་ཆའང་མང་པོ་ཡོད་པ་གསལ་པོ་རེད། མཐར་ཐུག་ཆོས་ལུགས་གཉིས་ཀས་བྱམས་པ་དང་། སྙིང་རྗེ། བཟོད་པ། བཟོད་གསོལ་ལ་སོགས་པ་བསླབ་ཀྱི་ཡོད། ང་ཚོས་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་གཉིས་ཀྱིས་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་འདྲ་བའི་ཆ་དེ་དག་ངོས་འཛིན་པ་དང་དེ་དག་ལ་རྗེས་སུ་ཡི་རང་བྱེད་ཐུབ་པའི་སྐབས། ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་པ་ལ་མ་ལྟོས་པར་ཕན་ཚུན་གྲོས་མོལ་དང་། ཆོས་ལུགས་ཀྱི་ཞི་མཐུན། གཅིག་གིས་གཞན་ལས་ལེགས་ཆ་བླང་བའི་གཞི་རྩ་ཞིག་ང་ཚོར་ཡོད་པ་རེད། 

དྲི་བ་དྲིས་ལན།

ཕན་ཚུན་གཅིག་གིས་གཞན་ནས་ལེགས་ཆ་བླང་བ།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་གཞན་དང་མཉམ་དུ་གྲོས་མོལ་དང་འབྲེལ་བའི་སྐོར་བཀའ་སློབ་གནང་བའི་སྐབས། ཁོང་གིས་ཡང་སེ་ང་ཚོས་ཆོས་ལུགས་བརྗེ་སྒྱུར་བྱེད་ཐབས་མི་བྱེད་པར། དེ་དག་སོ་སོའི་དད་པའི་ལམ་ལུགས་ལ་བརྟེན་ནས་བློ་སྤོབས་སྤེལ་དགོས་ཞེས་ལམ་སྟོན་གནང་གི་ཡོད་པ་དེ་ངས་ད་ལྟ་དྲན་གྱི་འདུག ཆོས་ལུགས་དེ་དག་གི་དད་པའི་ལམ་ལུགས་དེ་ཐབས་ལམ་གཞན་ཞིག་གི་ཆ་ནས་བལྟ་བའི་ཕྱིར་དུ་ང་ཚོས་ཆོས་རྣམ་འབྱེད་ཀྱི་ཤེས་རབ་བཀོལ་སྤྱོད་བྱ་རྒྱུ་དེ་ཕལ་ཆེར་ཡག་ག་ཡོད། ཁྱེད་རང་གྲོས་མོལ་ལ་ཇི་ལྟར་འཇུག་གི་ཡོད་དམ། 

ངས་གོང་དུ་ཞུས་པ་ལྟར། ༧གོང་ས་མཆོག་གིས་ཀྱང་དེ་ལྟར་གསུངས་ཡོད། ཆོས་ལུགས་སོ་སོ་ཕན་ཚུན་ལེགས་པའི་ཆ་ལེན་རེས་བྱེད་ཐུབ་པའི་གནད་དོན་ཧ་ཅང་མང་པོ་ཡོད། དཔེར་ན། ནང་ཆོས་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། བྱམས་པ། སྙིང་རྗེ་སོགས་སྐྱེད་པའི་ཐབས་ལམ་ཧ་ཅང་ཕྱུག་པ་ཞིག་ཡིན། དེ་ཡང་སྒོམ་པའི་རིམ་པའི་ཐོག་ནས་ཁོང་ཚོས་ནང་ཆོས་ནས་གང་ལ་གང་འཚམས་ཀྱི་ལེགས་པའི་ཆ་སྦྱོང་ཆོག་པ་ཤེས་རྟོགས་ཡོང་གི་ཡོད། ང་ཚོས་འདི་དམིགས་བསལ་ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་དགོན་པ་ཁག་ནས་སྒོམ་གྱི་སྐོར་སློབ་སྦྱོང་ཆེད་ཡོང་བ་དང་དེ་དག་སོ་སོའི་ཆོས་ལུགས་ཀྱི་ནང་བེད་སྤྱོད་བྱེད་ཆོག 

༧གོང་ས་མཆོག་གིས་རྟག་ཏུ་དམིགས་བསལ་ཡེ་ཤུའི་ཆོས་ལུགས་དང་འབྲེལ་བའི་ཐོག་ལ་བོད་ཀྱི་ནང་པ་ཚོས་དམིགས་བསལ་དགོན་སྡེ་ཁག་གིས་ཉམས་ལེན་བྱེད་པའི་སྤྱི་ཚོགས་ཞབས་འདེགས་ལས་ལེགས་ཆ་མང་པོ་སྦྱོང་ཆོག་ཅེས་གསུང་གི་ཡོད། འདི་ནི་དགོན་སྡེའི་སློབ་གྲྭ་དང་། དྭ་ཕྲུག་གསོ་སྐྱོང་ཁང་མཁོ་སྤྲོད། རྒས་གསོ་ཁང་། སྨན་ཁང་ལ་སོགས་པར་གཞིགས་ན། ས་བབས་གནས་སྟངས་ཀྱི་རྒྱུ་མཚན་སྣ་ཚོགས་པའི་རྐྱེན་གྱིས་བོད་ནང་དེ་ཙམ་ནམ་ཡང་འཕེལ་རྒྱས་བྱུང་མེད། དེ་དག་ནི་ཨ་མ་ཊེ་རེ་སའི་མཛད་འཕྲིན་ལས་དངོས་གནས་ལེགས་ཆ་མང་དག་ཅིག་ལན་ཆོག་པ་ང་ཚོས་ཤེས་ཀྱི་ཡོད། 

དེ་ལྟ་བུའི་ཕན་ཚུན་ནང་ཁུལ་གྱི་བརྗེ་ལེན་དེ་ཡོད། ངས་གོང་དུ་ཞུས་པ་ལྟར། ཛན་ཛི་བྷར་ལ་ངས་དངོས་མཐོང་བྱུང་བའི་བདེན་དོན་དེ་ལ་བརྗོད་པ་ཡིན། དེ་ནི་ཁ་ཆེའི་ཆོས་ཀྱིས་བཟི་སྨན་ལ་ངན་པ་ལང་ཤོར་ཕྱིན་པ་རྣམས་དྲག་སྐྱེད་ལ་ཕན་པའི་ཐབས་སུ་ཆོས་ཉམས་ལེན་གྱི་འཆར་གསལ་དུས་ཚོད་རེའུ་མིག་བཀོལ་སྤྱོད་བྱེད་ཀྱི་ཡོད། འདི་ནི་ཧ་ཅང་ཕན་ཐོགས་ཅན་ཞིག་རེད། འདི་ལྟར་ཆོས་ལུགས་ཕན་ཚུན་གཅིག་གིས་གཅིག་བརྗེ་སྒྱུར་བྱེད་ཐབས་མི་བྱེད་པར་ལེགས་ཆ་དང་བསམ་ཚུལ་བརྗེ་རེས་ཕན་ཐོགས་ཅན་མང་པོ་ཡོད་པ་རེད། 

ལྷག་པར་དུ་༧གོང་ས་མཆོག་ཐུགས་སྣང་མཛད་ས་ཞིག་ནི་ཆོས་ལུགས་རེ་རེའི་ཕྱོགས་ནས་ཧ་ཅང་དོ་གལ་ཆེ་བའི་སྒོམ་གྱི་རིམ་པའི་ཐད་ལ་སྒེར་གྱི་ཐག་ཉེ་པོའི་ཚོགས་འདུ་གོ་སྒྲིག་བྱས་ཏེ། རང་སོ་སོའི་ཉམས་མྱོང་གི་བརྗེད་ཐོ་ཁག་ལ་སྡུར་ཞིབ་བྱ་རྒྱུ་དེ་ཡིན་པ་རེད། དེ་འདྲ་ཞིག་གོ་སྒྲིག་བྱེད་ཐུབ་ན། དེ་ནི་དཔེ་མི་སྲིད་པའི་ཡག་པོ་ཡོང་ངེས་རེད། 

གོ་ལ་སྤྱི་ཡོངས་ཀྱི་རིན་ཐང་།

ཁ་ཆེའི་ཆོས་ལུགས་དང་མཉམ་དུ་སྡུར་ཞིབ་རྒྱས་པོ་འདིའི་ནང་། ཁྱེད་ཀྱིས་ཕལ་ཆེར་ང་ཚོ་སོ་སོ་རང་ཉིད་ལ་དེ་ཙམ་འདོད་བློ་ཁེངས་ནས་ནང་ཆོས་ནི་ཡག་ཤོས་རེད་ཅེས་བསམ་རྒྱུ་མེད་ཅེས་བརྗོད་ཀྱི་ཡོད་པ་ལྟར་སྣང་། དེ་ལྟར་ན་དེ་ནི་ཧ་ཅང་བཟང་ཕྱོགས་ཀྱི་གནད་དོན་ཞིག་ཏུ་ཆགས་སྲིད་པ་རེད། གང་ཡིན་ཞེ་ན། དད་པའི་ལམ་ལུགས་གང་འདྲ་ཞིག་ཡིན་རུང་རང་ཁ་རང་གསོ་ཆགས་འདོད་ཡོད། ཁ་ཆེའི་ཆོས་ལ་འཇུག་པའི་སྒོ་དེ་ཕྱེ་བ་ནི་གནད་དོན་གཞན་དག་གི་སྒོ་མོ་འབྱེད་ཚུལ་ཞིག་ཡིན་པ་རེད། 

རེད། ངོས་ནས་དེ་ལ་མཐའ་གཅིག་ཏུ་མོས་མཐུན་ཡོད། ༧གོང་ས་མཆོག་གིས། ཇི་ལྟར་མི་ཚང་མར་ཟས་དགའ་ཤོས་དང་ཞིམ་ཤོས་གཅིག་རང་མེད་པ་ནང་བཞིན་མི་ཚང་མ་ལ་ཆོས་ལུགས་ཡག་ཤོས་དང་རན་ཤོས་ཤིག་མེད། འོན་ཀྱང་། སོ་སོ་རང་ཉིད་ལ་རན་འཚམས་ཀྱི་ཆོས་ལུགས་དེ་གང་ཡིན་པ་དང་ཡང་དག་པའི་ལམ་དེ་གང་ཡིན་སོ་སོའི་ངོས་ནས་ཐག་གཅོད་བྱེད་ཆོག་པ་ཡིན། ང་ཚོས་དེ་གཞན་གྱི་སྟེང་ལ་བཙན་འགེལ་བྱེད་མི་ཐུབ། གོ་ལ་སྤྱི་ཡོངས་ཀྱི་རིན་ཐང་དེ་དག་ནི་ཆོས་ལུགས་ཚང་མའི་ནང་ཡོད་པ་དང་ཚང་མ་ལ་ཚད་ལྡན་ཆགས་ཀྱི་ཡོད། ཐ་ན་ཆོས་ལུགས་གང་གི་རྗེས་སུ་མི་འབྲང་མཁན་རྣམས་ལའང་ཚད་ལྡན་ཆགས་ཀྱི་ཡོད། འདི་ནི་གནད་འགགས་ཆེན་པོ་རེད། ༧གོང་ས་མཆོག་ཧ་ཅང་ཐུགས་འཁུར་གནང་ས་ཁག་ནི། བྱམས་པ་དང་། སྙིང་རྗེ། བཟོད་པ། བཟོད་གསོལ་ལ་སོགས་པའི་གོ་ལ་སྤྱི་ཡོངས་ཀྱི་རིན་ཐང་དེ་དག་ཇི་ལྟར་རིམ་གྱིས་སྤེལ་དགོས་པ་དང་། གྲོས་མོལ་འདི་མུ་མཐུད་ནས་རྒྱུན་ཇི་ལྟར་གོང་འཕེལ་གཏོང་དགོས་པ། དེ་བཞིན་གོ་ལ་སྤྱི་ཡོངས་ཀྱི་རིན་ཐང་དེ་དག་ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་ཇི་ལྟར་ངོ་སྤྲོད་བྱེད་དགོས་པའི་སྐོར་བཅས་ཡིན་པ་རེད། དེ་དག་འཛམ་གླིང་ནང་དངོས་སུ་ལག་བསྟར་བྱེད་པའི་ཐབས་ལམ་ནི་གཞི་རྩའི་རིན་ཐང་དེ་དག་སློབ་གྲྭ་ཁག་གི་ནང་ཡོད་པའི་ན་གཞོན་གྱི་སློབ་ཕྲུག་རྣམས་ལ་བསླབ་པའི་སྒོ་ནས་འགོ་འཛུགས་བྱ་རྒྱུ་དེ་རེད། དཔེར་ན། དེ་ནི་ཧ་ཅང་ལས་སླ་པོ་ཞིག་ཡིན་སྲིད་དེ། གལ་ཏེ་ང་ཚོ་ཁོང་ཁྲོ་ཟ་བ་དང་བསུན་པོ་ཆགས་འགོ་བཙུགས་ན། དབུགས་ཐེངས་མ་གསུམ་གྱི་རིང་བཏང་ནས་དབུགས་ལ་དམིགས་པ་གཏད་དགོས་པའམ། ཡང་ན་གྲངས་ཀ་བཅུའི་བར་དུ་བརྩི་དགོས། ཡང་མིན་ན་སྐད་ཆ་བཤད་པ་དང་གྲོས་བསྡུར་གྱི་ལམ་ནས་དཀའ་ངལ་སེལ་དགོས་པ་ལས་འཐབ་འཛིང་འཁྲུད་རྩོད་བྱ་མི་རུང་བ་ལྟ་བུ་རེད། 

རྒྱ་གར་དང་ཨ་རིའི་ནང་གི་ཤེས་ཡོན་པ་འགའ་ཞིག་གིས་གུས་བརྩི་ལྡན་པའམ་ཇི་ལྟར་༧གོང་ས་མཆོག་གིས་གསུངས་པ་ལྟར་ཆོས་ལུགས་ལ་མ་ལྟོས་པའི་སྒོ་ནས་ཤེས་ཡོན་གྱི་ལམ་ལུགས་ཁག་གི་ནང་རིན་ཐང་དེ་དག་རིམ་པས་ངོ་སྤྲོད་བྱ་ཕྱིར་གཏན་འབེབས་སློབ་ཚན་འགའ་ཞིག་གོ་སྒྲིག་བྱེད་བཞིན་འདུག དེ་ནི་ཆོས་ལུགས་ཚང་མར་གུས་ཞབས་ཡོད་པའི་སྒོ་ནས་ཡིན་པ་ལས། ཆོས་ལུགས་བྱེ་བྲག་གཅིག་གམ་གཞན་ཙམ་ཞིག་ལ་མིན། 

ཁ་ཆེའི་ཆོས་ཀྱི་ནང་སངས་རྒྱས་ཀྱི་གོ་འཕང་ཟེར་བའི་བསམ་བློ་དེ་ཡོད་དམ། 

ཁྱེད་ཀྱིས་ཁ་ཆེའི་ཆོས་ཀྱི་ནང་བྱེད་པོ་དཀོན་མཆོག་དང་ཐག་ཉེ་རུ་འགྲོ་བའམ་དེ་དང་མཉམ་དུ་ངོ་བོ་གཅིག་ཏུ་སྒྲིལ་ཐབས་བྱེད་པའི་གོ་རྟོགས་སམ་ཉམས་ལེན་གྱི་སྐོར་བཤད་སྐབས། ཁ་ཆེའི་ཆོས་ཀྱི་ནང་སངས་རྒྱས་ཀྱི་གོ་འཕང་ཟེར་བའི་གོ་རྟོགས་ཤིག་ཡོད་དམ། གལ་ཏེ་ཡོད་ན། དེ་ཇི་ལྟར་རྟོགས་ཡོད་དམ།

བྱེད་པོ་དཀོན་མཆོག་དང་ཐག་ཉེ་རུ་འགྲོ་བ་ཞེས་པ་ནི་སྤྱི་ཡོངས་ཀྱི་ཆ་ནས་ཁ་ཆེའི་ཆོས་ཀྱི་ནང་གསལ་ཡོད་པ་དང་བྱེད་པོ་དཀོན་མཆོག་དང་མཉམ་དུ་ངོ་བོ་གཅིག་ཏུ་སྒྲིལ་བ་ཞེས་པ་ནི་ཁ་ཆེའི་ཆོས་ཀྱི་ནང་གསེས་སྡེ་ཁག་སུ་ཧྥིའི་ཆོས་བརྒྱུད་འགའ་ཞིག་གི་ནང་ཁོ་ནར་ཡོད་པའི་དད་པའི་ལམ་ལུགས་ཤིག་རེད། སངས་རྒྱས་ཀྱི་གོ་འཕང་ནི་དེ་ཇི་ལྟར་འགྲེལ་བརྗོད་བྱས་པ་ལ་རག་ལུས་ཡོད། གལ་ཏེ་ང་ཚོས་དེ་ནང་པའི་ལུགས་ལྟར་འགྲེལ་བརྗོད་བྱས་ན། ང་ཚོས་ཆོས་ལུགས་གཞན་དག་གིས་དོན་ངོ་མར་དེ་ལ་དམིགས་ཀྱི་ཡོད་ཅེས་བརྗོད་མི་ཐུབ། དེ་ནི་ང་ཚོས་ཡེ་ཤུའི་ལྷ་ཡུལ་དུ་འགྲོ་བར་སྨོན་ལམ་བཏབ་ན། ང་ཚོ་ནང་པའི་ལྷ་ཡུལ་གྱི་ནང་བསླེབ་ཀྱི་མ་རེད། གལ་ཏེ་ང་ཚོས་ནང་པའི་ལྷ་ཡུལ་དུ་སྐྱེ་བར་སྨོན་ལམ་བཏབ་ན། ཡེ་ཤུའི་ལྷ་ཡུལ་དུ་ང་ཚོ་སྐྱེ་ཡི་མ་རེད་ཅེས་གསུངས་པ་ལྟ་བུ་རེད་ཅེས་ངའི་དགེ་བའི་བཤེས་གཉེན་ཞིག་གིས་ཡིད་ལ་འཐད་པའི་འགྲེལ་བརྗོད་གནང་བ་ལྟ་བུ་རེད། 

ཆོས་ལུགས་རེ་རེའི་ནང་སོ་སོའི་ངོས་ནས་ཐོབ་ཐབས་བྱེད་པའི་དམིགས་ཡུལ་ཞིག་ཡོད་པ་དང་། གང་ཟག་ཡག་ཤོས་ཆགས་ཐབས་བྱེད་པ་སྟེ། དེ་ནི་བཟང་སྤྱོད་དང་བྱམས་བརྩེ་ལྡན་པའི་གང་ཟག་ཅིག་ཡིན་པའམ་དེ་ལས་ཀྱང་ལེགས་པ་གང་ཡིན་རུང་དེ་ཐོབ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་། ང་ཚོས་ལམ་འདིའི་རྗེས་སུ་འབྲངས་ན། ང་ཚོ་དམིགས་སུ་བཀར་ནས་ཆོས་ལུགས་གཞན་ཞིག་གི་ནང་དམིགས་བསལ་སྙིང་བསྡུས་བྱས་པའི་དམིགས་ཡུལ་དེར་བསླེབ་ཀྱི་རེད་ཅེས་བརྗོད་མི་ཐུབ། 

ཁོང་ཚོའི་ལྷ་ཡུལ་གྱི་བསམ་བློ་དེའི་ནང་སངས་རྒྱས་ཀྱི་གོ་འཕང་ཡོད་པའི་དོན་རེད་དམ།

ང་ཚོ་འཚོ་བཞིན་པའི་སྐབས་སུ་མི་བཟང་ཤོས་དེ་ཡིན་པ་དང་དེ་ནས་གང་འབྱུང་གི་ཡོད་པའི་འདུ་ཤེས་ཀྱི་ནང་གི་མཐའ་མའི་དཔྱད་ཁྲའི་སྔ་རོལ་ཏུ་ཕལ་ཆེར་བར་གྱི་དུས་ཡུན་དང་འདྲ་བ་ཞིག་ཡོད་པ་དང་། དེ་ནས་མཐའ་མའི་དཔྱད་ཁྲ་དང་བཅས་ལྷ་ཡུལ་ཡོད་པ་རེད། དེ་ནི་ཁ་ཆེའི་ཆོས་ཀྱི་ནང་གི་དམིགས་ཡུལ་མཐོ་ཤོས་དེ་རེད། 

ང་ཚོས་ནང་པའི་དུས་འཁོར་གྱི་ལུགས་ལྟར་བྱས་ན། ཨིས྄་ལཱམ་ཟེར་བ་དེ་གསལ་ཡོད་པ་དང་འབྲེལ་གླེང་བྱུང་ཟིན་པ་རེད། དེའི་སྐབས་ཀྱི་དུས་འཁོར་གྱི་གཞུང་ཡོད་དོ་ཅོག་གི་ནང་གནད་དོན་གཉིས་ཁོ་ན་གསུངས་ཡོད་པ་དེ་ནི་ཁྱད་མཚར་ཞིག་ཡོད། གནད་དོན་གཅིག་ནི་ལྷ་ཡུལ་དང་དམྱལ་བ་ནི་རྟག་པ་ཡིན་པ་དང་མི་རྟག་པའི་བསམ་བློ་དེ་མེད་པ་རེད། ནང་པའི་ལྟ་ཚུལ་ལྟར་ན། ལྷ་ཡུལ་དུ་སྐྱེ་བ་ལེན་པ་དེ་དུས་ཡུན་ཧ་ཅང་རིང་པོ་གནས་ཀྱི་ཡོད་ནའང་། དེ་མཇུག་རྫོགས་ནས་སྐྱེ་གནས་གཞན་ཞིག་གི་ནང་དུ་སྐྱེ་འགྲོ་བ་ཡིན། ཡང་གནད་དོན་གཞན་ཞིག་ཁྱད་མཚར་པོ་ཞིག་ཡོད་པ་ནི། ཁ་ཆེ་ཚོས་ཤའི་ཆེད་དུ་ཧ་ལཱལ་ཐབས་ཚུལ་སྤྱད་ནས་དུད་འགྲོ་སྲོག་ཆགས་དམར་གསོད་གཏོང་ཚུལ་དེ་ནི་བྱེད་པོ་དཀོན་མཆོག་ལ་དམར་མཆོད་ཀྱི་རྣམ་པ་ཞིག་ཏུ་བསམ་གྱི་ཡོད་པ་དེ་རེད། གང་ཡིན་ཞེ་ན། དུད་འགྲོ་དམར་གསོད་གཏོང་བའི་སྐབས། ཁོང་ཚོས་ “བྷིས྄་མི་ལ་” ཞེས་ཨལ་ལཱའི་ཆེད་དུ་ཡིན་ཞེས་བརྗོད་ཀྱི་ཡོད། ནང་པ་ཚོས་དེ་ནི་ཨལ་ལཱར་ཁྲག་གི་མཆོད་པ་འབུལ་བར་འགྲེལ་བརྗོད་བྱས་ནས་དེ་ནི་མི་འགྲིག་ཅེས་བསམས་ཡོད། དེ་ནི་ཁ་ཆེའི་ནང་ཁུལ་དུ་ཟས་ཐུན་གྱི་སྒྲིག་ཁྲིམས་ལ་གོ་བ་ལོག་སྒྲུབ་ཡོད་པ་ཞིག་ཡིན་པ་གསལ་པོ་རེད། དེ་ལས་གཞན་དགག་པ་རྒྱག་དགོས་པ་གང་ཡང་མེད། འཇིག་རྟེན་བཀོད་པ་པོའི་སྐོར་ལ་གང་ཡང་གསུངས་མེད། དོན་ངོ་མར་དེས་གནད་དོན་མང་པོ་ཞིག་བརྗོད་ཀྱི་ཡོད། 

ཚང་མ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་བམ།

གཞུང་ལུགས་ཧ་ཅང་མང་པོའི་ནང་གསུང་སྟངས་མི་འདྲ་བ་གསུངས་ཡོད། མདོ་གཅིག་གི་ནང་སངས་རྒྱས་ཀྱི་རིགས་མེད་མཁན་གྱི་མི་ཡོད་ཅེས་གསུངས་འདུག གནད་དོན་མང་པོ་ཞིག་འགྱུར་བ་འགྲོ་གི་ཡོད་ནའང་། གལ་ཏེ་མི་ཞིག་ལ་སངས་རྒྱས་ཀྱི་རིགས་མེད་ན། མི་དེ་འགྱུར་བ་འགྲོ་མི་ཐུབ་པ་ཡིན། ང་ཚོར་ཕན་ཚུན་འགལ་ཟླའི་བསམ་བློ་དེའི་རིགས་ཡོད་པའི་དུས་སྐབས་ཤིག་བྱུང་ཡོད། 

དེ་འགྲེལ་བརྗོད་བྱས་པ་ངོས་ནས་ཐོས་པ་ལྟར་ན། དེ་དག་ལ་སངས་རྒྱས་ཀྱི་རིགས་མེད་ཅེས་པའི་དོན་མིན། ཐོག་མར་ང་ཚོས་སངས་རྒྱས་ཀྱི་རིགས་ཟེར་བ་དེ་གང་ཡིན་པ་ལ་ལྟ་ཞིབ་བྱེད་དགོས་ཀྱི་ཡོད། དེ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་འཇུག་མཁན་གྱི་ཆ་རྐྱེན་དེ་དག་ཡིན་པ་དང་དེ་དག་ཀྱང་སངས་རྒྱས་ཀྱི་ཡོན་ཏན་སྣ་ཚོགས་པའི་རྣམ་པར་སྒྱུར་གྱི་ཡོད། འདི་ནི་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་དང་དེ་བཞིན་ཡེ་ཤེས་ཀྱི་ཚོགས་ཡིན་པ་རེད། དགེ་བའི་ལས་བརྩམས་པ་ལས་བྱུང་བའི་དགེ་བའི་ནུས་པ་འདི་ང་ཚོ་ཚང་མར་ཡོད་པ་དང་དེ་ཡང་རྟོགས་པ་སོགས་ལ་བརྟེན་ནས་སྙིང་རྗེ་དང་སེམས་ཀྱི་བྱ་བ་བྱེད་ཚུལ་ལ་གཞི་བྱས་ཡོད། 

བསོད་ནམས་སམ་དགེ་བའི་ནུས་པ་འདིའི་འགལ་ཟླར་གྱུར་བ་ལ་ང་ཚོས་མི་དགེ་བའི་ནུས་པ་ཞེས་བརྗོད་ཆོག དེ་ནི་སྡིག་པ་མི་དགེ་བའི་ལས་ལ་བརྟེན་ནས་འབྱུང་གི་ཡོད། ང་ཚོས་མི་དགེ་བའི་ནུས་པ་ཡོངས་སུ་རྫོགས་པ་སྤོང་ཐུབ་ཀྱང་། དྲི་བ་ངོ་མ་དེ་གང་རེད་ཅེ་ན། ང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་པའི་ཆེད་དགེ་བའི་ནུས་པ་ཐམས་ཅད་མེད་པ་བཟོ་ཐུབ་དང་མི་ཐུབ་ཅེས་པ་དེ་རེད། ང་ཚོ་དགེ་བའི་ནུས་པ་མང་པོ་ཞིག་སྤོང་ཐུབ་དང་མི་ཐུབ་ཀྱི་ཐད་ལ་རྩོད་པ་ཆགས་ཀྱི་ཡོད། འོན་ཀྱང་། རྟག་ཏུ་སོ་སོའི་རྒྱུད་ལ་གཅིག་ཡོད་ཡོད་པ་རེད། རྩོད་གླེང་བྱེད་ས་ཚང་མ་དེ་ཡིན་པ་རེད། 

ཡང་རྩོད་གླེང་བྱེད་ས་གཞན་ཞིག་ཡོད་པ་ནི། གལ་ཏེ་ང་ཚོ་དགྲ་བཅོམ་པ་ལྟ་བུ་ཐར་པ་ཐོབ་ན། དེ་ནི་ལམ་གྱི་ཕུ་མཐའ་དེ་རེད་དམ་ཡང་ན་ང་ཚོ་མུ་མཐུད་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་བམ། ཁོང་ཚོས་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་ཅེས་བརྗོད་པའི་སྐབས། དེ་ནི་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དེ་ནི་ལམ་གྱི་ཕུ་མཐའ་ཡིན་པར་བསམ་པའི་སྐབས་དེ་རེད། 

དེའི་དོན་དག་དངོས་གང་ཡིན་པའི་ཐད་ལ་འགྲེལ་བ་དང་རྣམ་བཤད་ཀྱི་རིགས་གང་མང་བཀླག་རྒྱུ་གལ་ཆེན་པོ་རེད། མི་ཞིག་རྟག་ཏུ་ཐར་པ་ཐོབ་པ་ལས་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་པར་སྐྱོན་འཛུགས་ཀྱི་འདུག་ཅེས་བརྗོད་ཆོག དེ་ནི་ལྷ་ཡུལ་དུ་ཐབས་སྐྱོ་བའི་དགྲ་བཅོམ་པ་དེ་དག་ཡོད་པ་དང་དེ་དག་ལ་སྙིང་རྗེ་སྐྱེ་བ་ལྟ་བུ་རེད། དེ་ནི་ཅི་འདྲའི་ཉོབ་ཏོ་ཞིག་རེད། འོན་ཀྱང་། སངས་རྒྱས་ཀྱིས་མི་རྣམས་མི་འདྲ་བ་ཡིན་པ་དེ་ཧ་ཅང་གསལ་པོའི་སྒོ་ནས་གཟིགས་ཡོད། ང་ཚོས་སངས་རྒྱས་ཀྱི་སྐུ་ཚེའི་མཛད་རྣམ་ལ་བལྟ་བའི་སྐབས། ཁོང་ཉིད་དགེ་འདུན་གྱི་སྡེ་དང་མཉམ་དུ་མི་རྣམས་ཀྱི་ཁྱིམ་དུ་ཕེབས་ཡོད། ཁོང་གུང་ཚིགས་ལ་གདན་འདྲེན་ཞུས་པ་དང་མི་རྣམས་ཀྱིས་སངས་རྒྱས་དང་ཁོང་གི་དགེ་འདུན་རྣམས་ལ་གུང་ཚིགས་སུ་འབྲས་ཕུལ་ཞིང་། གསོལ་ཚིགས་རྗེས་སུ་སངས་རྒྱས་ལ་ཆོས་གསུང་རོགས་ཞེས་ཞུས་ཡོད། དེ་ལྟར་སངས་རྒྱས་ཀྱིས་ཆོས་གསུངས་པ་དང་ཁོང་གདན་འདྲེན་ཞུ་མཁན་གྱི་མི་རྣམས་ཀྱི་བློའི་འཁྱེར་སོ་མཁྱེན་ནས་དེ་དང་མཐུན་ཞིང་དེ་དག་གི་ཤེས་རྟོགས་ཐུབ་པའི་ཆོས་གསུངས་པ་ལྟ་བུ་རེད། 

དེ་ལྟར་ང་ཚོས་མདོ་དེ་དག་གི་མཚན་ལ་བལྟས་ན། མདོ་མང་པོ་ཞིག་ལ་སངས་རྒྱས་ཀྱིས་མདོ་དེ་གསུང་སའི་སློབ་མ་དེའི་མཚན་དེ་མདོའི་མཚན་གྱི་ཆ་ཤས་སུ་བཞག་ཡོད། མི་ཚང་མའི་གནས་ཚད་དང་། རྒྱབ་ལྗོངས་ཀྱི་ལོ་རྒྱུས། གོ་རྟོགས་གཅིག་མཚུངས་མིན་པ་སོང་ཙང་། འགྲེལ་བ་ཧ་ཅང་མང་པོ་ཡོད་པ་རེད། འདི་ནི་ཧ་ཅང་རྣམ་དཔྱོད་དང་ལྡན་པ་ཞིག་རེད། 

ཁ་ཆེའི་ཆོས་ནས་ནང་ཆོས་སུ་སྒྱུར་མཁན་མི་མང་པོ་མེད།

ཡེ་ཤུ་དང་འཇིའུའི་ཆོས་ལུགས་ནས་ནང་ཆོས་ལ་འཇུག་མཁན་མང་པོ་ཡོད་ནའང་། ཁ་ཆེའི་ཆོས་ལུགས་ནས་ནང་ཆོས་སུ་འཇུག་མཁན་མང་པོ་དེ་ཙམ་མེད་པ་ལྟར་སྣང་། དེའི་ཐད་ཁྱེད་ལ་དགོངས་ཚུལ་གང་ཡོད་དམ། 

ཐོག་མར་ཁ་ཆེའི་སྤྱི་ཚོགས་མང་པོའི་ནང་། གལ་ཏེ་མི་ཞིག་གིས་ཁ་ཆེའི་ཆོས་སྤངས་ན། དེ་ནི་སྡུག་ཤོས་དང་ཚབས་ཆེ་ཤོས་སུ་བརྩི་བ་ཡིན། སྤྱི་ཚོགས་འགའ་ཞིག་གི་ནང་མི་དེ་ལ་ཉེས་ཆད་ཧ་ཅང་ཚབས་ཆེན་པོ་འགེལ་སྲིད་པ་རེད། ༧གོང་ས་མཆོག་གིས་གནས་ཚུལ་ལོག་པ་མིན་པར་ཡང་དག་པའི་གནས་ཚུལ་གྱི་གལ་གནད་སྐོར་ནན་བརྗོད་གནང་སྟེ། ཆོས་ལུགས་ནང་ཁུལ་ཕན་ཚུན་ཞི་མཐུན་གྱི་བརྡ་འཕྲིན་ཁྱབ་སྤེལ་གཏོང་བར་རོགས་བྱེད་དགོས་ཞེས་ང་རང་ལ་སེམས་སྐུལ་གནང་སོང་། ངས་ཤུགས་ཆེ་བ་ནང་པ་དང་ཁ་ཆེའི་དབར་ཞི་མཐུན་གྱི་སྐོར་ལ་དམིགས་ནས་ཁ་ཆེའི་འཛམ་གླིང་གི་ས་ཁུལ་མི་འདྲ་བ་འགའ་ཞིག་གི་ནང་གཏམ་བཤད་བྱས་ཡིན། ཐེངས་ཤིག་ངས་ཨི་ཇིཔ་ཊའི་ཁ་ཡི་རོ་ (Cairo) ནང་གཏམ་བཤད་བྱེད་སྐབས། དེར་ཡོད་སློབ་ཕྲུག་སུམ་བརྒྱ་ཙམ་དྭང་བླངས་ཀྱིས་ནང་ཆོས་ཀྱི་གཏམ་བཤད་ཆེད་དུ་བསླེབས་སོང་། ཁོང་ཚོས་གནས་ཚུལ་གྱིས་ཕོངས་ནས་ཡོད་པ་དང་སྦྱོང་འདོད་ཆེན་པོ་ཡོད་སྐོར་བཤད་སོང་། 

༧གོང་ས་མཆོག་ནས་ཁ་ཆེའི་སྐད་ཡིག་ཆེ་ཁག་གི་ནང་གཞི་རིམ་གྱི་ནང་ཆོས་འགའ་ཞིག་མཁོ་སྤྲོད་ཐུབ་པ་དགོས་ཀྱི་འདུག་ཅེས་ངོས་ལ་ཧ་ཅང་སེམས་སྐུལ་གནང་སོང་། ང་ཚོས་དེ་དག་ད་ཆ་ཁ་ཆེའི་སྐད་ཡིག་ཕལ་ཆེར་དྲུག་ཙམ་གྱི་ནང་གྲ་སྒྲིག་བྱས་ཟིན་པ་དང་མི་མང་པོས་བཀླགས་ཡོད། ང་ཚོས་དྲྭ་ཚིགས་ནང་སྐད་ཡིག་མི་འདྲ་བ་ཁག་ལ་དཔྱད་ཞིབ་དང་བཅས་རྩོམ་བྲིས་གྲགས་ཆེ་ཤོས་གང་དག་ཡིན་པ་བལྟ་ཡི་ཡོད། དཔེར་ན། ཨེ་རབ་ཀྱི་སྐད་ཡིག་ལྟ་བུར་ཆ་བཞག་ན། རྩོམ་བྲིས་གྲགས་ཆེ་ཤོས་ནི་ “ཁོང་ཁྲོ་ལ་གདོང་ལེན་ཇི་ལྟར་བྱེད་ཚུལ་” ལྟ་བུ་རེད། འདི་ལས་ཁེ་ཕན་ལེན་པར་རང་ཉིད་ནང་པ་ཞིག་ཆགས་མི་དགོས། ནང་ཆོས་ཀྱི་ནང་ཁོང་ཁྲོ་ལས་ཐར་ཚུལ་དང་འཇིགས་སྣང་ལ་གདོང་ལེན་བྱེད་ཚུལ་ལ་སོགས་པའི་ཐབས་ཚུལ་ཕན་ཐོགས་ཅན་ཧ་ཅང་མང་པོ་ཡོད། ཨི་རཱན་གྱི་པར་སིག་ནང་ཆ་བཞག་ན། རྩོམ་བྲིས་གྲགས་ཆེ་ཤོས་དེ་ནི་སྒོམ་བརྒྱབ་སྟངས་ལྟ་བུ་རེད། དེ་ལ་ཁོང་ཚོས་ཧ་ཅང་དོ་སྣང་ཆེན་པོ་འདུག ཨིན་ཌོ་ནེ་ཤི་ཡར་མཚོན་ན། ཁ་ཆེའི་མི་འབོར་དང་མཉམ་དུ་རྒྱ་ནག་གི་མི་འབོར་ཧ་ཅང་མང་པོ་ཡོད་པ་སོང་ཙང་། ཁོང་ཚོ་ཆོས་ལུགས་གཉིས་ཕན་ཚུན་གྱི་འབྲེལ་གླེང་སྐོར་གྱི་རྩོམ་བྲིས་ལ་ཧ་ཅང་དོ་སྣང་ཆེན་པོ་འདུག

དོ་སྣང་འདི་ཡོད་པ་གསལ་པོ་རེད། གཞན་ཡང་པཱ་ཀིསྟཱན་ལ་ཆ་བཞག་ན། གཞོན་སྐྱེས་ཧ་ཅང་མང་པོ་ཞིག་ནི་དྲག་སྤྱོད་དང་འཚེ་བ་དེ་བཞིན་འཇིགས་སྐུལ་ལ་ཞེན་པ་ལོག་ནས་ད་འགྲིག་སོང་བསམ་མཁན་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་། ཁོང་ཚོས་སེམས་ཀྱི་ཞི་བདེ་འདྲ་པོ་ཞིག་སྦྱིན་མཁན་འཚོལ་བཞིན་འདུག ང་ཚོའི་ངོས་ནས་ནང་པའི་ཐབས་ཚུལ་ཁག་ཆོས་ལུགས་བརྗེ་སྒྱུར་བྱེད་ཐབས་མིན་པའི་ཐོག་ནས་ངོ་སྤྲོད་བྱེད་པ་དེ་ངོས་ལེན་བྱ་རུང་བ་ཞིག་རེད། སུས་ཀྱང་ཁ་ཆེ་དང་ཡེ་ཤུའི་ཆོས་ལུགས་སྤོང་མི་དགོས་པར། ནང་ཆོས་ནས་འཛམ་གླིང་འབུལ་རྒྱུའི་ལེགས་སྐྱེས་མང་དག་ཅིག་ཡོད་པས། ང་ཚོས་དེ་ལྟར་ཐབས་ཤེས་བྱེད་ཀྱི་ཡོད། འདི་ནི་༧གོང་ས་མཆོག་གིས་ཀྱང་མི་སུ་འདྲ་ཞིག་ལ་ཕན་པའི་གོ་ལ་སྤྱི་ཡོངས་ཀྱི་རིན་ཐང་རྣམས་ཁྱབ་སྤེལ་གཏོང་ཐབས་གནང་གི་ཡོད། 

ང་ཚོས་ཇི་སྲིད་ནང་ཆོས་དེ་གོ་ལ་སྤྱི་ཡོངས་ཀྱི་རིན་ཐང་དེ་དག་ཙམ་གྱི་ནང་ཆུང་དུ་མི་གཏོང་བ་དེ་སྲིད་དུ་འདི་ནི་འགྲིག་གི་ཡོད། དེ་མིན་ནང་ཆོས་ལ་དྲང་བདེན་མིན་པ་ཆགས་ཀྱི་ཡོད། སངས་རྒྱས་ཀྱི་ལེགས་བཤད་དང་བོད་ཀྱི་ལེགས་བཤད་ནི་འཛམ་བུ་གླིང་གི་གཅེས་ནོར་གྱི་ཆ་ཤས་ཡིན་པ་དང་དེ་ནི་ཚང་མ་རག་ཐུབ་པ་དང་རྒྱུན་སྲིང་ཐུབ་པ་ཞིག་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་རང་ཚུད་པའི་མི་མང་པོ་ཞིག་གིས་དེའི་ཆེད་དུ་འབད་བརྩོལ་བྱེད་མུས་རེད། 

སྟོང་པ་ཉིད་དང་ཀུན་རྫོབ་ཀྱི་བདག

ལེགས་བཤད་དེ་དག་ལ་ཐུགས་རྗེ་ཆེ་ཞུ། ང་དང་ངའི་ལས་རོགས་ཕྱག་ཚོད་བརྒྱད་ཀྱི་རིང་འགྲུལ་བཞུད་བྱས་ཏེ་ཆོས་འདི་དག་ཉན་དུ་བཅར་བ་ཡིན། ཁྱེད་ཀྱིས་བདག་ཡོད་ཅེས་གསུངས་སོང་། ནམ་རྒྱུན་ང་ཚོས་རང་བཞིན་གྱིས་གྲུབ་པས་སྟོང་པ་དང་ངོ་བོ་ཉིད་མེད་པའི་བདག་སོགས་ཀྱི་སྐོར་ཐོས་ཀྱི་འདུག དེ་དག་གི་དབར་ཁྱད་པར་གང་ཡོད་པའི་སྐོར་གསུང་རོགས་གནང་། 

ནང་པའི་ལྟ་ཚུལ་ལྟར་ན། བདག་ཡོད་པ་རེད། བདག་མེད་ཅེས་བརྗོད་ཀྱི་མེད། ཡིན་ནའང་། བདག་དེ་ནི་ལུས་པོ་དང་། སེམས། སེམས་ཚོར་སོགས་ལ་བརྟེན་ནས་ཡོད། དེ་དག་ཐམས་ཅད་དུས་རྟག་ཏུ་འགྱུར་བ་འགྲོ་གི་ཡོད། ང་ཚོས་བདག་དེ་ལུས་པོ་ཁོ་ན་དང་། སེམས་ཁོ་ན། སེམས་ཚོར་ཁོ་ན། ཡང་ན་རྣམ་དཔྱོད་ཁོ་ན་སོགས་རེད་ཅེས་བརྗོད་མི་ཐུབ། འོན་ཀྱང་། དེ་དག་ལ་གཞི་བྱས་ཏེ་ང་ཚོས་བདག་གམ་ང་ཟེར་བ་ཞིག་ཡོད་ཅེས་བརྗོད་ཆོག བདག་ཅེས་པ་དེའི་རྟེན་མི་འདྲ་བ་སྣ་ཚོགས་དེ་དག་ཐམས་ཅད་རྒྱུན་ཆད་མེད་པར་འགྱུར་བ་འགྲོ་བཞིན་ཡོད། ང་ཚོའི་སེམས་ཚོར་གྱི་གནས་བབས་འགྱུར་བ་འགྲོ་བ་དང་ལུས་པོ་རྟག་ཏུ་འཚར་ལོངས་བྱེད་བཞིན་ཡོད། གལ་ཏེ་ང་ཚོས་ལུས་པོ་ལ་བལྟས་ན། ལུས་པོའི་ནང་གི་ཕྲ་ཕུང་རེ་རེ་ནི་མི་འདྲ་བ་རེད། ཚང་མ་འགྱུར་བ་འགྲོ་ཡི་ཡོད། ང་ཚོ་ཕྲུ་གུ་མ་འབྱར་ཡིན་པའི་སྐབས་ནས་བཟུང་སྟེ་ཕྲ་ཕུང་གཅིག་མེད། བདག་ཡོད་ནའང་དེ་ནི་ལུས་དང་སེམས་ལ་ལྟོས་ནས་སྐད་ཅིག་སྐད་ཅིག་གི་ནང་འགྱུར་བ་འགྲོ་བཞིན་ཡོད། འོན་ཀྱང་། ལུས་པོ་དང་། སེམས། སེམས་ཚོར་སོགས་ལ་ལྟོས་མེད་ཀྱི་རང་དབང་བའི་བདག་དང་སྐད་ཅིག་སྐད་ཅིག་གི་ནང་ལུས་སེམས་ལ་སོགས་པ་ནང་བཞིན་འགྱུར་བ་མི་འགྲོ་བའི་བདག་ཟེར་བ་ཞིག་ནི་མེད།

དེ་ནི་རྟག་པ་མེད་ཅེས་པའི་དོན་རེད་དམ།

ཐོག་མ་དང་མཐའ་མ་མེད་པས། དེ་ལ་གཞིགས་ན་སྒེར་པ་རེ་རེའི་བདག་དེ་རྟག་པ་རེད། ཡིན་ནའང་། དེ་ནི་འགྱུར་བ་མི་འགྲོ་བ་དེ་འདྲ་མིན། དཀའ་ངལ་དེ་གང་རེད་ཅེ་ན། བོད་སྐད་ནང་གི་ “རྟག་པ་” ཟེར་བའི་ཚིག་འདི་ཨིན་སྐད་དུ་ (permanent) ཞེས་བསྒྱུར་ཡོད་པས། དེ་ལ་དོན་དག་གཉིས་ཡོད་དེ། གཅིག་ནི་གཏན་དུ་ཡོད་པའམ་རྒྱུན་མི་ཆད་པ་དེ་རེད། དེ་ནི་ནང་ཆོས་ནས་ཁས་ལེན་གྱི་ཡོད། ཐ་ན་སངས་རྒྱས་ཡིན་ནའང་ཐོག་མ་དང་མཐའ་མ་མེད། དོན་དག་གཞན་དེ་ནི་འགྱུར་བ་ནམ་ཡང་མི་འགྲོ་བའི་དོན་རེད། ཡིན་ནའང་། བདག་ནི་སྐད་ཅིག་སྐད་ཅིག་གི་ནང་འགྱུར་བ་འགྲོ་བཞིན་ཡོད། ཁྱེད་རང་ཕྲུ་གུ་མ་འབྱར་སྐབས་དང་དེ་ནས་མི་དར་མ་ཆགས་པའི་སྐབས་སུ་དེ་ནི་ཁྱེད་རང་ཡིན་པ་ལས། ང་ཚོས་ཁྱེད་རང་དར་མའི་སྐབས་དེ་ཕྲུ་གུ་མ་འབྱར་སྐབས་དང་གཅིག་པ་གཅིག་རྐྱང་རེད་ཅེས་བརྗོད་མི་ཐུབ། ཁྱེད་རང་འགྱུར་བ་ཕྱིན་ཡོད། དེ་ལྟ་བས་ན་བདག་ནི་སྐད་ཅིག་སྐད་ཅིག་གི་ནང་འགྱུར་བ་འགྲོ་བཞིན་ཡོད་ནའང་། ད་དུང་དེ་ནི་རྟག་པ་རེད། གང་ཡིན་ཞེ་ན། དེ་རྒྱུན་མི་ཆད་པར་འགྲོ་གི་ཡོད། ལེགས་སྦྱར་གྱི་སྐད་ལས་བྱུང་བའི་ཚིག་བོད་སྐད་ནང་ཡོད་པ་དེ་ལ་དོན་དག་གཉིས་ཡོད་པ་སོང་ཙང་། འདི་ལ་མགོ་རྨོངས་ཀྱི་ཡོད། 

སུ་ཧྥིའི་ཆོས་ལུགས་ལ་ཧིནྡུ་དང་ནང་པའི་ཤུགས་རྐྱེན། 

ཁྱེད་ཀྱིས་སུ་ཧྥིའི་ཆོས་ལུགས་ཀྱི་སྐོར་གསུངས་སོང་། ངའི་ཚོད་དཔག་ལྟར་བྱས་ན། ནང་ཆོས་དང་མཉམ་དུ་མཐུན་པའི་ཆ་མང་བ་འདུག་སྙམ། སུ་ཧྥི་དེ་ཁ་ཆེའི་ཆོས་དང་ཐག་ཉེ་བ་ཡོད་ནའང་། གྲགས་ཆེ་བའི་ཁ་ཆེའི་ཆོས་ལུགས་དང་མཉམ་དུ་སྟབས་མི་བདེ་བའི་འབྲེལ་བ་ཞིག་འདུག མི་འགའ་ཞིག་ལ་སྐྱེ་བ་སྔ་ཕྱིའི་བསམ་བློ་དེ་འདུག ང་ལ་དབུས་ཨེ་ཤི་ཡའི་བྱང་ཤར་པར་སིག་ནས་ཡིན་པའི་སུ་ཧྥིའི་སློབ་དཔོན་ཞིག་ཡོད་པའི་རྒྱུ་མཚན་གྱིས་ལོ་རྒྱུས་དང་ལྡན་པའི་འབྲེལ་བ་ཞིག་ཡོད་རེད་དགོངས་ཀྱི་འདུག་གམ། ས་ཁུལ་དེར་བསླེབ་དུས་ཁ་ཆེའི་ཆོས་ནི་གང་འཚམས་ཀྱི་ཤུགས་ཆེན་པོ་འདུག ཁྱེད་ཀྱིས་ཉམས་ཞིབ་ནང་ལོ་རྒྱུས་ལྡན་པའི་འབྲེལ་བའི་སྐོར་རྙེད་སོན་བྱུང་ངམ། 

སུ་ཧྥིའི་ཆོས་ལུགས་ཀྱི་ནང་ཧིནྡུ་ནས་ཤུགས་རྐྱེན་ཐེབས་པ་དེ་ཏོག་ཙམ་གསལ་ཁ་ཆེ་བ་ཡོད་ཚོད་འདུག དམིགས་བསལ་ཨཧྥ་གན་དང་། པཱ་ཀིསྟཱན། རྒྱ་གར། ཀཥ་མཱིར་གྱི་ས་ཁུལ་ཁག་ཏུ་ཤུགས་རྐྱེན་བྱུང་ཡོད་པ་ལྟར་སྣང་། དཔེར་ན། ལུས་སྦྱོང་ངམ་རྣལ་འབྱོར་ (ཡོ་ག་) སྒོམ་ཚུལ་ལ་སོགས་པའི་ཤུགས་རྐྱེན་བྱུང་འདུག ཚིག་གི་བརྗོད་པ་དང་མཚན་ལ་སོགས་པ་བཟླས་བརྗོད་དང་དབྱངས་འཐེན་སྲོལ་ཡོད་པས། དེ་ལ་གཟུངས་སྔགས་བཟླས་བརྗོད་དང་འདྲ་པོ་འདུག་ཅེས་བརྗོད་ཆོག དེ་ནི་ཧིནུའི་ཆོས་ཀྱི་ནང་དུའང་ཡོད་པ་རེད། གནད་དོན་དེ་གང་རེད་ཅེ་ན། ཤུགས་རྐྱེན་དེ་གང་ནས་བྱུང་བ་རེད་དམ། ཧིནྡུ་ནས་བྱུང་བ་རེད་དམ་ཡང་ན་ནང་ཆོས་ནང་བྱུང་བ་ཞིག་རེད། དེའི་བདེན་དཔང་གི་ཆ་ནས་བཤད་ན། དེ་ནི་ཧིནྡུ་ཆོས་ལུགས་ནས་བྱུང་ཡོད་ལས་ཆེ། འོན་ཀྱང་། གནད་དོན་འགའ་ཞིག་ནི་ནང་ཆོས་དང་འདྲ་པོ་ཡོད་ཀྱང་། དེ་ནི་སུ་ཧྥིའི་བླ་མ་དང་སློབ་དཔོན་རྣམས་ཀྱི་མཆོད་གཤོམ་ལ་གཞིགས་ནས་རེད། མི་ཁ་ཤས་ཀྱིས་འདི་ནི་མཆོད་རྟེན་གྱི་རིགས་ཤིག་རེད་ཅེས་བརྗོད་ཀྱི་ཡོད། སྒོམ་གྱི་ཐབས་ལམ་ཁག་ཀྱང་ཧིནྡུའི་ཆོས་ནས་མང་བ་འབྱུང་བཞིན་ཡོད་པ་ལྟར་སྣང་། 

སུ་ཧྥིའི་ཆོས་ལུགས་ཀྱི་ནང་གནད་དོན་མང་དག་ཅིག་ནི་ཧ་ཅང་དོ་སྣང་བྱ་འོས་པ་ཡོད། ང་ཚོས་བྱམས་བརྩེའི་སྐོར་བཤད་སྐབས། ཁོང་ཚོས་བྱམས་བརྩེ་ལ་ཚིག་གཞན་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་ཁུ་རཱན་གྱི་ནང་གསལ་གྱི་མེད། ཚིག་དེ་ལ་ “མཛེས་སྡུག་” གི་གོ་དོན་ཁྱད་པར་ཅན་ཞིག་ཡོད། བྱེད་པོ་དཀོན་མཆོག་དང་དེའི་མཛེས་སྡུག་དང་མཉམ་དུ་ངོ་བོ་གཅིག་ཏུ་འདྲེས་པའི་ཕྱོགས་སུ་ཕྱིར་ལོག་བྱེད་པའི་རང་བཞིན་གྱི་དོན་གཉེར་དང་འདོད་འདུན་ཞིག་ཡོད། མཛེས་སྡུག་གི་བྱམས་བརྩེ་འདི་རོལ་དབྱངས་ཀྱི་ལམ་ནས་གསལ་སྟོན་བྱེད་ཀྱི་ཡོད། དེས་སུ་ཧྥིའི་ཆོས་ལུགས་ཀྱི་ནང་ལས་འགན་ལྟེ་བ་ཞིག་སྒྲུབ་ཀྱི་ཡོད་པ་དང་ནང་ཆོས་ཀྱི་ནང་འདི་འདྲ་ཞིག་མེད། ཁ་འདོན་དང་རྟ་དབྱངས་འཐེན་པ་སོགས་ཡོད་ནའང་། དེ་ནི་སངས་རྒྱས་དང་ཐག་ཉེ་རུ་འགྲོ་བའི་ཐེག་པའམ་ལམ་ལྟ་བུ་ཞིག་ནི་མིན། 

ང་ཚོས་འདྲ་བའི་ཆ་ཡིན་སྲིད་པའི་སུ་ཧྥིའི་ཆོས་ལུགས་ནང་གི་རྣམ་པ་མི་འདྲ་བ་ཁག་ལ་ལྟ་ཞིབ་བྱེད་དགོས། སྒོམ་དང་སྔགས་ལྟ་བུའི་བཟླས་བརྗོད་ཡོད་པ་དང་དགེ་བའི་བཤེས་གཉེན་ཞིག་དང་མཉམ་དུ་ཆོས་ཀྱི་སྡེར་གནས་སྡོད་བྱེད་ཀྱི་ཡོད་ནའང་། དེ་དག་ཐམས་ཅད་ཧིནྡུའི་ཆོས་ཀྱི་ནང་དུའང་ཡོད། སྤྱིར་བཏང་བརྗོད་དཀའ་ནའང་། དབུས་ཨེ་ཤི་ཡ་ནི་ནང་ཆོས་དང་། ཧིནྡུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས་བཅས་རིག་གཞུང་དེ་གསུམ་ཕན་ཚུན་འབྲེལ་གླེང་གྱི་འདྲེས་སའི་གནས་ལྟ་བུ་ཆགས་ཡོད་ངེས་རེད། 

འཆི་བའི་རྒྱུད་རིམ་ལ་སྡུར་ཞིབ།

ཁྱེད་ཀྱིས་ཁུ་རཱན་ནང་གསུངས་པའི་འཆི་བ་ལ་གྲ་སྒྲིག་ཇི་ལྟར་བྱེད་དགོས་པའི་སྐོར་མདོར་བསྡུས་ཤིག་གསུང་རོགས། མི་དེས་འོད་ལ་བལྟ་དགོས་སམ། 

ང་རང་དེ་དག་གི་སྐོར་ལ་རྒྱུས་མངའ་མེད་ལ། ཁུ་རཱན་ལ་མཁས་པའི་མི་ཞིག་ཀྱང་རྩ་ནས་མིན། དེ་ནི་བྱེད་པོ་དཀོན་མཆོག་རྗེས་སུ་དྲན་པ་ཙམ་ཡིན་པ་དེ་བསམ་བློར་འཁོར་ཐུབ་ཀྱི་འདུག དོན་ངོ་མར་འཆི་བའི་རྒྱུད་རིམ་གྱི་ནང་གང་འབྱུང་གི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་པ་དེ་ང་ཚོ་ནང་ཆོས་ཀྱི་ནང་སྔགས་ཀྱི་ལུགས་སུ་དམིགས་བསལ་རྒྱས་པོ་བཤད་པ་ནང་བཞིན་ངས་མི་ཤེས། དེ་འདྲ་རྒྱས་པོ་ཞིག་མེད་ཅེས་པའི་དོན་མིན་ནའང་། ངས་ཤེས་ཀྱི་མེད། དེ་ནི་ངས་དེ་སྔ་དེ་དག་གི་སྐོར་ལ་མཇལ་མྱོང་མེད་པའི་དོན་ཙམ་རེད། 

ངས་དྲི་བ་འདི་ཞུས་དགོས་པའི་རྒྱུ་མཚན་ནི། ང་རང་ཌུ་བྷ་ཡེ་ལ་སློབ་མ་མང་པོ་དང་མཉམ་དུ་གནས་སྡོད་བྱས་ཤིང་། དེ་ནི་ཁ་ཆེའི་རིག་གཞུང་ཧ་ཅང་ཤུགས་ཆེན་པོ་ཡོད་པ་དང་གང་འཚམས་ཀྱི་ཐག་ཉེ་པོ་རེད། ངས་བུད་མེད་རྣམས་ཀྱིས་ཨ་ཕ་ལ་མོས་གུས་མཐའ་གཅིག་ཏུ་ཡོད་པ་དང་འགན་ཡོངས་སུ་རྫོགས་པ་རང་གི་ཁྱོ་ག་ལ་སྤྲོད་རྒྱུའི་གྲ་སྒྲིག་ཨང་བསར་ཡོད་པ་ལས་གཞན་གང་ཡང་མཐོང་མ་སོང་། དེ་ནས་བཟུང་སྟེ་ཐ་ན་ད་ལྟའི་དུས་སུའང་དེ་ལས་མང་བ་སློབ་ཕྲུག་དང་དགེ་རྒན་གཞན་རྣམས་དངོས་གནས་དེ་དང་འདྲ་བའི་མོས་གུས་དང་ལྡན་པ་འདུག ཡིན་ནའང་། འཆི་བའི་གནད་དོན་ལ་བསླེབས་དུས་དེའི་སྐོར་གླེང་སློང་བྱེད་ཀྱི་མི་འདུག དེ་ནི་མི་ཚེའི་ནང་གང་ཡག་ཡག་དང་བཟང་བཟང་་དེ་བྱེད་དགོས་པ་དང་དེ་ནས་ང་རང་ལྷ་ཡུལ་དུ་འགྲོ་གི་རེད་ཅེས་ཟེར་བ་དང་འདྲ་པོ་རེད་འདུག ཐ་ན་ལྷ་ཡུལ་ལ་བསླེབ་པར། དེ་ནི་གནད་དོན་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་འཆི་བ་ལ་གྲ་སྒྲིག་ཇི་ལྟར་བྱེད་དམ། ང་རང་ལ་མཚོན་ན་ཡེ་ཤུའི་ནང་མི་ཞིག་གི་ནང་གསོ་སྐྱོང་དང་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་འཆི་བར་གྲ་སྒྲིག་ལ་ཐུག་པའི་སྐབས་སུ་ནང་ཆོས་ནས་གང་མཁོ་སྤྲོད་བྱེད་ཐུབ་པ་ནང་བཞིན་དེ་དང་མཐུན་པའི་ཆ་མེད་པ་ལྟ་བུ་སྣང་གི་འདུག 

འཆི་བར་གྲ་སྒྲིག་བྱེད་པའི་སྐབས། ནང་ཆོས་ནང་གང་གསུང་གི་ཡོད་ཅེ་ན། རང་གི་སེམས་ནང་བསམ་བློ་ཡག་ཤོས་འཁོར་དགོས་པ་ནི་སྐྱབས་འགྲོ་སྟེ། ང་ཚོ་ཁ་ཕྱོགས་གང་དུ་འགྲོ་འདོད་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་ཏེ། སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པ། དེ་བཞིན་དམ་པའི་ཆོས་དང་བླ་མ་དགེ་བའི་བཤེས་གཉེན་སོགས་དང་མུ་མཐུད་ནས་མཇལ་ནས་ཆོས་ཀྱི་ལམ་དུ་མུ་མཐུད་ནས་འགྲིམ་ཐུབ་པའི་ཡིད་སྨོན་བྱེད་དགོས་པ་བཅས་རེད། ང་ཚོས་སངས་རྒྱས་དང་སོ་སོའི་དགེ་བའི་བཤེས་གཉེན་ལ་བསམ་བློ་གཏོང་བཞིན་དུ་འཆི་དགོས། དེ་དང་མཚུངས་པར་ཁ་ཆེའི་ཆོས་ཀྱི་ནང་འཆི་བའི་གནས་སྐབས་སུ་བྱེད་པོ་དཀོན་མཆོག་དེ་གཙོ་བོར་སེམས་ལ་འཁོར་བར་བྱེད་ཀྱི་ཡོད་པ་དེ་གང་འཚམས་ཀྱི་མཐུན་པ་ཞིག་ཆགས་ཀྱི་ཡོད། 

ཁ་ཆེའི་ཆོས་ཀྱི་ནང་ང་ཚོ་འཆི་བའི་རྗེས་སུ་གང་འབྱུང་གི་ཡོད་པ་དང་དམིགས་བཀར་གྱི་འབྲེལ་བ་ཡོད་པའི་ཆོས་ཚུལ་ཡོད་པ་རེད། དགེ་བ་དང་མི་དགེ་བའི་ལས་ཀྱི་ཐོ་འགོད་ཡིག་ཆ་ཞིག་ཡོད་པ་དང་ང་ཚོ་ཤི་བའི་རྗེས་སུ་འདི་ལ་བལྟ་དགོས་ཀྱི་ཡོད། དེ་ནས་མཐའ་མའི་དཔྱད་ཁྲའི་ཉིན་མོ་མ་བསླེབ་བར་དུ་ང་ཚོ་མ་འོངས་པར་གནས་ཚུལ་ཞེད་སྣང་ཅན་ཞིག་གམ་གནས་ཚུལ་བཟང་པོ་གང་ཞིག་འབྱུང་རྒྱུ་ཡིན་པ་དང་འདྲ་བའི་གནས་སྐབས་ཀྱི་སྒུག་མཚམས་ལྟ་བུ་ཞིག་ཏུ་འགྲོ་གི་ཡོད། དེ་ལྟར་མི་ཚང་མ་བྱེད་པོ་དཀོན་མཆོག་གི་མདུན་དུ་དུར་ཁྲོད་ནས་སླར་ཡར་ཡོང་བ་དང་དེ་ནས་མཐའ་མའི་དཔྱད་ཁྲ་དངོས་དེ་བསླེབ་ཀྱི་ཡོད། དེ་ནི་རྟག་པའི་ལྷ་ཡུལ་ཡང་ན་རྟག་པའི་དམྱལ་བ་གང་རུང་ཡིན་པ་རེད། 

ཁ་ཆེའི་ཆོས་ཀྱི་ནང་ལྟ་ཚུལ་དེ་འདྲའི་སྒོ་ནས་བསམ་བློ་གཏོང་ངེས་རེད། གལ་ཏེ་མི་ཞིག་ཁ་ཆེ་ཡག་པོ་ཞིག་ཡིན་ན། རང་གིས་བྱས་པའི་སྡིག་པའི་ལས་གང་འདྲ་ཞིག་ཡིན་ནའང་དེ་ལ་འགྱོད་པ་སྐྱེ་བ་དང་བྱེད་པོ་དཀོན་མཆོག་ལ་བཟོད་གསོལ་ཞུ་རྒྱུ་བཅས་ལ་ནན་བརྗོད་ཆེན་པོ་བྱེད་ངེས་རེད། འདི་ནང་ཆོས་ཀྱི་ནང་དུའང་བྱེད་ཀྱི་ཡོད། དཔེར་ན། གལ་ཏེ་མི་ཞིག་གིས་བྱང་སེམས་ཀྱི་སྡོམ་པའམ་ཡང་ན་གསང་སྔགས་ཀྱི་སྡོམ་པ་དང་འགལ་བའི་ལས་སོགས་བྱས་ན། རང་ཉིད་སྡོམ་པ་གསར་པ་དང་གཙང་མ་དང་ལྡན་པའི་སྒོ་ནས་ཤི་བའི་ཆེད་སོ་སོ་མ་ཤི་སྔོན་ལ་སྡོམ་པ་དེ་དག་བསྐྱར་གསོ་བྱེད་འདོད་ཡོད་པ་ལྟ་བུ་རེད། དེ་འདྲའི་སྲོལ་ཞིག་ནི་ཡོད་ངེས་རེད། ང་ཚོ་མ་ཤི་སྔོན་ལ་འགྱོད་པ་སྐྱེ་བ་དང་རང་གི་སྐྱོན་རྣམས་གཙང་མ་བཟོ་བའི་བསམ་བློ་འདྲ་མཚུངས་ཤིག་ཡོད་པ་རེད། གལ་ཏེ་ཆོས་ལ་ཉམས་ལེན་པ་ལྷག་བསམ་ཟོལ་མེད་ཅིག་ཡིན་ན། དེ་ནི་ནང་ཆོས་དང་ཁ་ཆེའི་ཆོས་ལུགས་གཉིས་ཀའི་ནང་གང་འཚམས་ཀྱི་མཐུན་གྱི་ཡོད་པ་ཤེས་ཐུབ་སྙམ། མི་མང་ཆེ་བ་ནི་དེ་འདྲ་མིན་པ་གསལ་པོ་རེད། ཡིན་ནའང་། གལ་ཏེ་མི་ཞིག་དེ་འདྲ་ཡིན་ན། འདི་ནི་ང་ཚོས་གང་བྱེད་ངེས་ཡིན་པ་དེ་རེད། 

ང་ཚོས་སོ་སོ་ལ་གང་ཡོད་པ་དེ་བློས་གཏོང་བྱེད་འདོད་མེད་པར། དེ་ལས་ལྡོག་སྟེ་རྗེས་མ་གང་འབྱུང་རྒྱུ་ཡིན་པའི་ཐོག་ལ་རེ་སྒུག་བྱེད་ཀྱི་ཡོད། དེ་ལ་བློས་གཏོང་གི་དཔའ་རྟགས་ཡོད་ངེས་རེད་ལ། དེ་ནི་ད་དུང་གནད་དོན་གཞན་ཞིག་རེད། 

ཁོང་ཁྲོར་ཚོད་འཛིན་དང་ལར་ཞེན་གྱི་རྩོད་རྙོག

ང་རང་ཨོས྄་ལོ་ (Oslo) ལ་སློབ་གྲྭ་གཅིག་གི་ནང་དགེ་རྒན་གྱི་ལས་ཀ་བྱེད་ཀྱི་ཡོད། དེའི་ནང་ཕལ་ཆེར་བརྒྱ་ཆ་དྲུག་ཅུ་ཙམ་ཁ་ཆེའི་སློབ་ཕྲུག་རེད། ཁྱེད་ཀྱིས་སྤྱོད་ལམ་དང་འབྲེལ་བའི་ཁོང་ཁྲོའི་སྐོར་དང་དམིགས་བསལ་སློབ་གྲྭ་འདིའི་ནང་གི་བུའི་སྤྱོད་ལམ་གྱི་སྐོར་ལ་མདོ་ཙམ་ཞིག་གསུང་ཨེ་ཐུབ། ཁ་ཆེའི་འཛམ་གླིང་ནང་དམག་འཁྲུག་མང་པོ་འགྲོ་བཞིན་ཡོད་པ་དང་དེ་ལ་བརྟེན་ནས་ཁོང་ཁྲོའང་མང་པོ་ཞིག་འབྱུང་བཞིན་ཡོད། ངའི་བུ་མོ་གྲོགས་མོ་གཞན་དང་མཉམ་དུ་ཁ་ཆེའི་ལྷ་ཁང་དུ་ཕྱིན་སོང་། ངག་འཁྱལ་གྱི་གཏམ་ཞེད་སྣང་ཅན་དང་སྤྱོད་ངན་བྱེད་མཁན་བྱུང་འདུག དེ་དག་ནི་སོ་སོའི་ཕ་ཡུལ་དུ་མི་སྡོད་མཁན་གྱི་མི་རྣམས་དང་པཱ་ཀིསྟཱན་དང་། ཨཧྥ་གྷ་ནིསྟཱན། ད་དུང་དེ་སང་སི་རི་ཡ་ (Syria) ནས་ཡིན་པའི་མི་རབས་གཉིས་པའི་སློབ་ཕྲུག་རྣམས་ཡིན་པ་རེད། ངས་བུ་མོ་ལ་གང་བརྗོད་དགོས་སམ། དེ་ནི་དངོས་གནས་ཧུར་བརྩོན་ཆེན་པོ་རེད་འདུག ཁྱེད་ཀྱིས་དྲག་ཤུལ་དང་ཁོང་ཁྲོ་འདི་ལ་དགོངས་ཚུལ་གང་ཡོད་དམ། 

མི་སུ་འདྲ་ཞིག་ཡིན་རུང་འཛམ་གླིང་ཡུལ་གྲུ་དེ་དག་ནས་ཡིན་ན། དེ་ནི་ཧ་ཅང་བསུན་གཙེར་ཅན་ཞིག་ཡིན་པ་གསལ་པོ་རེད། ཐ་ན་དེ་དག་མི་རབས་གཉིས་པ་ཡིན་ནའང་འདྲ་སྟེ། སྡུག་བསྔལ་དང་མི་གསོད་ཁྲག་སྦྱོར་ག་ཚོད་འབྱུང་བཞིན་ཡོད་པ་དེ་བསུན་སྣང་སྐྱེ་དགོས་པ་ཞིག་རེད། དེས་གཞོན་སྐྱེས་ཚོ་དངོས་གནས་བློ་ཕམ་སྐྱེ་རུ་འཇུག་པ་དང་ཁོང་ཚོས་སོ་སོའི་སེམས་ཚོར་ལ་ཡང་དག་པའི་སྒོ་ནས་སྟངས་འཛིན་བྱེད་པའི་ནུས་པ་མེད། དེ་ནི་ཐད་ཀར་ཁོང་ཁྲོ་ཕྱིར་འདོན་བྱེད་པ་ལས་འབྱུང་གི་ཡོད། ཁ་ཆེ་དང་གནས་སྤོ་མཁན་གཞན་སུ་ཡིན་རུང་གྲངས་ཉུང་མི་རིགས་དང་འབྲེལ་བའི་སེམས་ཁམས་རིག་པའི་དཀའ་ངལ་ནང་གི་གཅིག་ནི་ལར་ཞེན་གྱི་གནད་དོན་འདི་ཆགས་ཀྱི་ཡོད། ཕྱོགས་གཅིག་ནས་མགྲོན་བདག་རྒྱལ་ཁབ་དེས་སོ་སོའི་རྒྱལ་ཁབ་ཀྱི་རིན་ཐང་གི་ཆེད་དུ་ལར་ཞེན་དང་ལ་རྒྱ་དགོས་ཞེས་བརྗོད་ཀྱི་ཡོད་ནའང་། ད་དུང་ཡང་ཁོང་ཚོ་ལ་རང་སོ་སོའི་རིག་གཞུང་དང་ཆོས་ལུགས་ཡོད་པས། དེ་དག་ལའང་ཁོང་ཚོས་ལར་ཞེན་དགོས་པ་ཚོར་གྱི་ཡོད། 

དེ་ནི་བཟའ་ཟླ་ཁ་བྲལ་གྱི་བུ་ཕྲུག་གི་ཁ་གྱེས་པའི་ལར་ཞེན་གྱི་གནད་དོན་དང་ཧ་ཅང་འདྲ་པོ་ཡོད། གལ་ཏེ་ཁོང་ཚོ་ཨ་མ་ལ་ལར་ཞེན་ཡོད་ནའང་ཨ་ཕ་ལ་ལར་ཞེན་མེད་པ་བཅས་དེ་ལྟར་གོ་རིམ་ལྡོག་ནས་རིགས་གྲེ་གཏོང་ཆོག དྲི་བ་དེ་གང་རེད་ཅེ་ན། ཕ་མ་གཉིས་ཀར་ལར་ཞེན་བྱེད་དུ་འཇུག་པའི་ཞི་མཐུན་དེ་ཇི་ལྟར་རྙེད་དམ་ཞེས་པ་དེ་རེད། དཔེར་ན། གལ་ཏེ་ང་ཚོས་རྒྱལ་ཁབ་ཁོ་ནར་ལར་ཞེན་དགོས་པ་ལས་རིག་གཞུང་དང་ཆོས་ལུགས་ངོ་མ་ལ་ལར་ཞེན་མི་དགོས་ཞེས་བརྗོད་ན། དེ་ནས་དྲན་ཤེས་མེད་པའི་སྒོ་ནས་ལར་ཞེན་ཅན་དགོས་པའི་སྐུལ་ཤུགས་འདིའི་རྐྱེན་གྱིས་རང་གི་རིག་གཞུང་ངོ་མའི་སྐྱོན་ཕྱོགས་ཀྱི་རྣམ་པ་ལ་ལར་ཞེན་ཅན་ཆགས་ཀྱི་ཡོད། འདི་ནི་དྲག་ཤུལ་སོགས་དང་བསྟུན་ནས་འབྱུང་གི་ཡོད། 

གསོ་དཔྱད་ཀྱི་ལྟ་ཚུལ་ལྟར་ན། རང་སོ་སོའི་རིག་གཞུང་གི་རྒྱབ་ལྗོངས་ལ་ལར་ཞེན་ཅན་ཆགས་ཐུབ་པ་དང་དེས་ཟུང་འབྲེལ་གྱི་ལར་ཞེན་ཞིག་རྩོད་མེད་འགལ་མེད་ཐོག་ཡོང་བའི་ཕྱིར་དུ་བཟང་ཕྱོགས་ཀྱི་རྣམ་པ་ལ་ངོས་ལེན་བྱེད་ཐུབ་པར་ཕན་ཐོགས་ཅན་ཞིག་ཡིན། དེ་ནི་གཅིག་གམ་གཞན་དེ་ཡིན་མི་དགོས། འདི་ནི་སྤྱི་ཚོགས་ནང་དངོས་གནས་དྲང་གནས་འཚོལ་ཞིབ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད། ཡུ་རོབ་ཀྱི་སྤྱི་ཚོགས་འགའ་ཞིག་གི་ནང་། བུད་མེད་ཚོས་གདོང་ཡོལ་གྱོན་མི་ཆོག་པ་སོགས་ཤོད་ཀྱི་ཡོད། འདི་ནི་ཁོང་ཚོའི་ལྟ་ཚུལ་ལྟར་ན། འཇིགས་སུ་རུང་བ་ཞིག་ཡིན་པ་དང་དེ་དག་གིས་ཁོང་ཁྲོ་སྐྱེ་རུ་འཇུག་གི་ཡོད། 

གདོང་ཡོལ་གྱི་དཀའ་ངལ་ཆེན་པོ་དེ་གང་རེད་དམ། དཔེར་ན། ཨ་རིའི་ནང་གལ་ཏེ་ཁོང་ཚོའི་གདོང་པ་དེ་ཆ་ཚང་བཀབ་ནས་ཁྲིམས་ཁང་ལྟ་བུ་ཞིག་ཏུ་ཁྲིམས་སའི་ཞིབ་དཔྱོད་བྱེད་ཀྱི་ཡོད་ན། དུས་སྐབས་དེ་ཁོ་ནའི་རིང་ཁོང་ཚོས་གདོང་ཡོལ་དེ་སེལ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། དེ་ག་ནང་བཞིན་མོ་ཊ་གཏོང་བའི་སྐབས་སུ་ལོས་ཡིན། 

ང་ཚོས་མི་རྣམས་ལ་ཡོད་པའི་རང་སོ་སོའི་རྒྱབ་ལྗོངས་ཀྱི་རིག་གཞུང་ནས་བྱུང་བའི་རིན་ཐང་གང་དང་གང་ཞིག་སྤྱི་ཚོགས་ཀྱི་ནང་དུ་ཞི་མཐུན་ངང་རན་འཚམས་ཆགས་ཀྱི་ཡོད་པ་དང་དེ་ནི་དཀའ་ངལ་དང་རྩོད་རྙོག་ཅིག་མིན་པ་དེ་ངེས་པར་དུ་བལྟ་དགོས། འདིས་དྲག་ཤུལ་གྱི་དཀའ་ངལ་སེལ་བར་ཕན་གྱི་རེད། ཕྲུ་གུ་ཞིག་ཡིན་པའི་ཆ་ནས་འདི་གོ་ཚོད་རྒྱུ་དཀའ་ལས་ཁག་པོ་ཡོད་ངེས་རེད། ཁྱེད་ཀྱིས་ཕལ་ཆེར་རང་གི་བུ་མོ་ལ་སྐད་ཆ་འདྲི་ཆོག དཔེར་ན། ཁོ་མོར་དུས་ཚོད་ཁག་པོའི་ནང་ཡོད་པའི་སྐབས། ཁོ་མོ་བསུན་སྣང་སྐྱེ་བ་དང་ཁོང་ཁྲོ་ཟ་བ་སོགས་ཡོང་གི་མི་འདུག་གམ། ཁྱེད་ཀྱིས་མི་རྣམས་ལ་དངོས་སུ་བསམ་བཞིན་དུ་བརྗོད་འདོད་མེད་ནའང་གཞན་ལ་གནོད་པའི་ཚིག་རྩུབ་རིགས་བརྗོད་ཀྱི་མེད་དམ། ཁོང་ཚོས་ཁྱེད་ལ་ཕོག་ཐུག་ཡོང་ཕྱིར་བརྗོད་པ་མིན་པ་དང་མི་རྣམས་ཀྱིས་ནམ་རྒྱུན་ཁོང་ཁྲོའི་ནང་དེ་ལྟར་བརྗོད་ཀྱི་ཡོད་ཅེས་ཁྱེད་ཀྱིས་ཁོ་མོར་གསལ་བཤད་དང་བཅས་རོགས་པ་བྱེད་ཆོག དེས་སྐབས་རེར་ཕན་སྲིད་ནའང་། དེ་ནི་ཕྲུ་གུ་དེ་ལོ་ཚད་ཇི་ཙམ་ཡིན་པར་རག་ལུས་ཡོད། 

ཚང་མ་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམས་དང་ལྷན་དུ་འདིའི་སྐོར་གོ་བསྡུར་བྱ་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་། གཏམ་བཤད་འདི་བརྒྱུད་ནས་ངས་ཁྱེད་རྣམས་ལ་བསམ་བློ་གཏོང་གཞི་ཞིག་དང་དཔྱད་གཞི་ཞིག་མཁོ་སྤྲོད་ཐུབ་ཡོད་པའི་རེ་བ་ཡོད།། 

Top